Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
མཆོག་སྤྲུལ་བསྟན་འཛིན་སྙན་གྲགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཆོག་སྤྲུལ་བསྟན་འཛིན་སྙན་གྲགས།next

མཆོག་སྤྲུལ་བསྟན་འཛིན་སྙན་གྲགས།


JKT020_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཆོག་སྤྲུལ་ཐམས་ཅད་མཁྱེན་གཟིགས་ངག་དབང་བསྟན་འཛིན་སྙན་གྲགས་དཔལ་བཟང་པོར་ཕུལ་བའི་ཞུ་ཡིག །གང་ཞིག་མཚན་གྱི་ཨུཏྤལ་རྣ་བ་ལ། །རེག་པས་སྲིད་ཞིའི་གདུང་བ་རིང་བཅད་པ། །རྣམ་འདྲེན་ཡོངས་ཀྱི་ཡེ་ཤེས་འདུས་པའི་ཞལ། །འཆི་མེད་གྲུབ་པའི་རྒྱལ་རྔ་བརྡུང་གྱུར་ཅིག ༡ །ཨེ་མ་ཡིད་ཀྱི་ནོར་བུའི་མེ་ལོང་ནི། །དད་པའི་སྦྱོར་བས་ཡང་ཡང་གསལ་བྱས་པར། །ཁྱོད་ཞབས་དྲན་པའི་གཟུགས་མང་འདུ་བགྱིས་ཏེ། །མོས་གུས་བདུད་རྩིའི་ཚིག་གི་པདྨོ་དགོད། ༢ །རྣམ་བཅས་རྣམ་མེད་དབུ་མའི་དམིགས་པ་དང་། །མཛའ་བ་མ་ཡིན་རྣམ་པ་ཀུན་ལྡན་གྱི། །འོད་གསལ་དྭངས་པའི་ཆུ་གཏེར་ཉམས་དགའ་བར། །ཟུང་འཇུག་ཟླ་བའི་ལང་ཚོ་མཆོག་ཏུ་སྣང་། ༣ །དེ་ཚེ་ཚུ་རོལ་མཐོང་བའི་བློ་གྲོས་དང་། །སྙོམས་པར་འཇུག་པའི་སྒྱུ་འཕྲུལ་དྲྭ་བ་ཡང་། །རྟག་པ་དམ་པའི་ཚུལ་དང་ཕྲིན་ལས་ཀྱི། །སྤྱོད་ཡུལ་ས་གསུམ་ཕ་མཐར་སོང་བའི་ཚུལ། ༤ །མངོན་སུམ་ཟིལ་དངར་བཅས་པའི་ཆར་སྤྲིན་གྱིས། །ཟབ་མོའི་སྒྲ་དབྱངས་བསྒྲགས་པས་མདོངས་མཐའ་ཅན། །གཉིས་པ་གཞན་ཞིག་དད་གསུམ་ཟློས་གར་དང་། །


JKT020_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དཀའི་མངལ་ཁུར་བཟུང་བས་ལྕི་བར་གྱུར། ༥ །འདི་ན་འཕགས་དང་མཁས་པའི་ཞལ་གྱི་ལུང་། །རྣམ་མང་ནོར་བུའི་དོ་ཤལ་བསྟན་བཞིན་དུ། །ཁྱོད་ཞབས་རིན་ཆེན་སྤྲེལ་བའི་གདུགས་དཀར་པོས། །ཉེར་འཚེའི་གདུང་བར་དབུགས་འབྱིན་ཆེན་པོ་ཐོབ། ༦ །སླད་ནས་ཉིན་མོར་བྱེད་དང་ཟླ་བའི་རྒྱུན། །དྷ་ཏིའི་ཕྱག་རྒྱར་བཅིངས་པའི་འཇོ་སྒེག་གིས། །ཚེ་མཐའ་ཡས་པའི་རྣམ་ཐར་བཟུང་བཞིན་དུ། །བདག་ཀྱང་བྱང་ཆུབ་བར་དུ་སྐྱོངས་ཤིག་ཀྱེ། ༧ །སརྦ་ཤུ་བྷྲཱུྃ་སིདྡྷནཱ།། །།


previousམཆོག་སྤྲུལ་བསྟན་འཛིན་སྙན་གྲགས།next