Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྱབ་བདག་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོ་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་གཏམ་འཆི་མེད་བདུད་རྩིའི་སྣང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྱབ་བདག་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོ་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་གཏམ་འཆི་མེད་བདུད་རྩིའི་སྣང་བ།next

ཁྱབ་བདག་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོ་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་གཏམ་འཆི་མེད་བདུད་རྩིའི་སྣང་བ།


JKT020_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཁྱབ་བདག་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོ་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་གཏམ་འཆི་མེད་བདུད་རྩིའི་སྣང་བ་ཞེས་བྱ་བ། ཨོཾ་སྭསྟི་སིདྡྷཾ། འཆི་མེད་སོ་སོར་རྟོགས་པའི་ཡེ་ཤེས་མཚན་དཔེའི་སྐུར་སྣང་ཚེ་མཐའ་༧ ཡས། །འཆི་མེད་འོད་གསལ་གཉུག་མའི་རང་གཟུགས་རྒྱལ་ཀུན་སྐྱེད་ཡུམ་རྣམ་རྒྱལ་མ། །འཆི་མེད་ཚེ་དང་བློ་གྲོས་མཆོག་སྩོལ་རྗེ་བཙུན་ཡིད་བཞིན་འཁོར་ལོ་སོགས། །འཆི་མེད་གྲུབ་པའི་སྲས་བཅས་རྒྱལ་བས་དེང་འདིར་ཤིས་པའི་མེ་ཏོག་སྩོལ། །ཅེས་དགེ་ལེགས་སུ་བྱ་བའི་ཚིག་གིས་མདུན་བསུས་ཏེ། དེང་གི་ཆར་ཡང་གནས་ཕུན་སུམ་ཚོགས་པ་འཛམ་གླིང་ལས་ཀྱི་ས་པའི་བྱེ་བྲག་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་ལྗོངས་ལས། གཡས་རུ་གཙང་གི་ནོར་འཛིན་གྱི་ཐིག་ལེ་མཁས་དང་གྲུབ་པའི་སྐྱེས་བུ་དུ་མས་བྱིན་གྱིས་བརླབས་པའི་བར་འདིར་དམིགས་བསལ་གྱི་མཚན་འཛུགས། ཆོས་གྲྭ་ཆེན་པོ་འདི་ཉིད་དུ། སྟོན་པ་ཕུན་སུམ་ཚོགས་ཚུ པ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག །ཡོངས་རྫོགས་བསྟན་པ་རྒྱ་མཚོའི་ཉི་མ། ཁམས་གསུམ་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་


JKT020_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས། འཁོར་ཕུན་སུམ་ཚོགས་པ་རིག་པ་དང་གྲོལ་བའི་ཡོན་ཏན་རྨད་དུ་བྱུང་བའི་འཕགས་སྐྱེས་འདུས་པ་རྒྱ་མཚོའི་ཚོགས་ལ། ཆོས་ཕུན་སུམ་ཚོགས་པ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དུས་ཀྱི་འཁོར་ལོ་སོགས་དམིགས་བསལ་ཁ་བསྒྱུར་ཤེས་པར་བྱ། ཟབ་རྒྱས་གདམས་པའི་བདུད་རྩིས་སྐལ་བཟང་ཡིད་ཀྱི་པདྨོ་ཅིར་ཡང་རྒྱས་པར་མཛད་པའི་དུས་ཕུན་སུམ་ཚོགས་པའི་སྐབས་འདིར་ངོས་ཅག་འདུས་པ་ཀུན་གྱིས་སྒོ་གསུམ་གུས་པ་ཆེན་པོས་རྩེ་གཅིག་ཏུ་གསོལ་བ་འདེབས་རྒྱུའི་སྙིང་པོར། མགོན་པོ་གང་ཉིད་ཐོག་མ་མ་མཆིས་པའི་དུས་ནས་གནས་སྐབས་བཞིའི་བག་ཆགས་ཐམས་ཅད་ཨེ་ཝཾ་མཱ་ཡའི་ཕྱག་རྒྱར་བསྡོམས་པའི་དཔལ་དམ་པ་དང་པོའི་སངས་རྒྱས་ཀྱི་གོ་འཕང་མངོན་སུམ་དུ་བརྙེས་སུ་ཟིན་ནའང་། མཐའ་ཀླས་པའི་ཡིད་ཅན་རྒྱ་མཚོ་སྨིན་གྲོལ་ལ་འགོད་པའི་སླད་དུ། སྲས་བཅས་རྒྱལ་བ་ཡོངས་ཀྱི་སྙིང་རྗེ་ཆེན་པོའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས། འཕགས་མཆོག་ཕྱག་ན་པདྨོ་སོགས་སློབ་པ་དང་། མི་སློབ་པ་དང་། སོ་སོ་སྐྱེ་བོའི་དགེ་བའི་བཤེས་གཉེན་གྱིས་མཚོན་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྣམ་རོལ་མཁའ་ཁྱབ་ཏུ་འཆར་བ་ལས། དེང་འདིར་སུམ་ལྡན་རྡོ་རྗེ་འཛིན་པ་མཆོག་གི་སྐུར་བཞེངས་པའི་མཚན་དཔེའི་དཀྱིལ་འཁོར་རྡོ་རྗེ་ནོར་བུའི་སྙིང་པོ་


JKT020_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འཚོ་ཞིང་གཞེས་པ་དང་། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་མཐའ་ཀླས་པར་བསྐོར་བའི་བཀའ་དྲིན་ནི་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བར་དཀའ་བ་ཐོབ་ཅིང་། འབྱུང་འགྱུར་གྱི་ཆར་ཡང་། ཇི་སྐད་དུ། ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེའི་རྒྱལ་མཚན་བརྟན་གྱུར་ཅིག །ཅེས་གསུངས་པ་ལྟར་སྤྱིར་ལྷ་དང་བཅས་པའི་༧ འགྲོ་བའི་བདེ་སྐྱིད་ནི་སངས་རྒྱས་ཀྱི་བསྟན་པ་ལ་རགས་ལས་ཤིང་། བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པ་ནི་བསྟན་འཛིན་གྱི་སྐྱེས་བུ་ཁོ་ནར་རགས་ལས་པར་མ་ཟད། བྱེ་བྲག་ཏུ་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་དབང་གཉིས་པ་བུ་སྟོན་ལོ་ཙཱ་བ་རིན་ཆེན་གྲུབ་ཅེས་མཚན་གྱི་སྙན་པས་འཇིག་རྟེན་གསུམ་གྱི་བླ་ན་མངོན་པར་མཐོ་བ་གང་གི་བཤད་སྒྲུབ་ཀྱི་བསྟན་པ་དྲི་མ་མེད་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་ནི་སྐྱབས་མཆོག་འཁོར་ལོའི་མགོན་པོ་གང་ཉིད་ཀྱི་ཞབས་པད་རིན་པོ་ཆེ་བརྟན་པ་ཁོ་ནའི་བཀའ་དྲིན་ལས་གཞན་དུ་མ་མཆིས་ཤིང་། དེ་ཡང་ཇི་སྐད་དུ། རྒྱུད་བླ་མ་ལས། འཕགས་པས་རྒ་དང་ན་བ་དང་། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པ་ལྟར། དོན་དམ་པར་མི་སློབ་པའི་གོ་འཕང་མངོན་སུམ་དུ་བརྙེས་པའི་ཕྱིར་སྐྱེ་འགགས་


JKT020_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྲོས་པ་གཞར་ཡང་མ་དམིགས་ཀྱང་། ཀུན་རྫོབ་ཚུ་རོལ་མཐོང་བའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ངོར་ཡང་འཕོ་འགྱུར་གྱི་སྣང་ཚུལ་མི་བཞེས་པར། ཕྱག་རྒྱའི་དེ་ཁོ་ན་ཉིད་དང་། ནཱ་དའི་དེ་ཁོ་ན་ཉིད་དང་། འོད་གསལ་གྱི་དེ་ཁོ་ན་ཉིད་ཀྱི་ངང་དུ་ཀུན་ཏུ་འཕོ་བའི་མཚན་མ་མཐའ་དག་ཉེ་བར་ཞི་བའི་འཆི་མེད་རྟག་པ་དམ་པའི་ཡེ་ཤེས་ཀྱི་སྐུ་དང་དབྱེར་མེད་པར་ཇི་སྲིད་བྱམས་བསྟན་མ་ཤར་གྱི་བར་དུ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པར་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་འདེབས་པའི་སླད། བདག་གཞན་ཡིད་ཅན་རྒྱ་མཚོས་སྒོ་གསུམ་གྱིས་བསགས་ཤིང་། དུས་གསུམ་དང་འབྲེལ་བའི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་རྒྱུར་བྱས་པ་ལས་བྱུང་བའི་རི་རབ་གླིང་བཞི་ཉི་ཟླ་ཟུང་གཅིག་ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་བློས་བླངས་ཏེ་ཕུལ་བ་དང་ཆབ་གཅིག །ལྷག་བསམ་དག་པའི་ཆུ་གཏེར་ལས་སྐྱེས་པའི་དངོས་འབྱོར་གྱི་མེ་ཏོག་ཕྲ་མོ་འདི་དག་ཀྱང་འབུལ་ལམ་ཞུ་བ་ལགས་ན་བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པ་དམ་པས་ཡུད་ཙམ་བདག་གིར་མཛད་ནས། ཞབས་པད་རིན་པོ་ཆེ་འཇིགས་མེད་སེང་གེའི་ཁྲི་འཕང་མཐོན་པོར་བསྐལ་པ་རྒྱ་མཚོར་བརྟན་ཅིང་། ཟབ་རྒྱས་གདམས་པའི་ཆོས་ཆར་ལྷུག་པར་འབེབས་པའི་སྐལ་པ་བཟང་པོའི་བཀའ་དྲིན་གྱིས་དུས་རྟག་ཏུ་རྗེས་སུ་བཟུང་བར་


JKT020_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱིས་བཞེས་པར་གསོལ་བ་ལན་བརྒྱར་འདེབས་པ་ལགས་ན་ཅི་གནང་། ཞེས་མཚམས་སྦྱར་ནས་མཎྜལ་འབུལ་བ་སོགས་ལ་འཇུག་གོ། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཆེ། འཚོ་གཞེས་གསོལ་འདེབས་ཉུང་ངུ་འདི་སྦྱར་བའི། །ལེགས་བྱས་དེས་ཀྱང་དཔལ་ལྡན་བླ་མ་མཆོག །བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་གྱུར་ཅིག །ཅེས་པའང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་ལ་མཁྱེན་རབ་ཀྱི་སྣང་བ་རྒྱས་པ་བླ་ཆེན་བློ་གསལ་མི་ཕམ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་བསྐུལ་བའི་ངོར། རྗེ་བཙུན་རྡོ་རྗེ་འཆང་བློ་གསལ་ཞབས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་རྒྱལ་ཁམས་ཀྱི་ད་རི་དྭ་མཁྱེན་བརྩེའི་དབང་པོས་དཔལ་ཞྭ་ལུ་རི་ཕུག་གི་ཆོས་གྲྭར་འཕྲལ་དུ་བྲིས་པ་དགེ། །།


previousཁྱབ་བདག་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོ་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་གཏམ་འཆི་མེད་བདུད་རྩིའི་སྣང་བ།next