Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤྲཱི་ན་ལེནྡྲའི་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་དཔལ་བཟང་པོར་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་འབུལ་ཞབས་བརྟན་དང་འབྲེལ་བ་པུཎྜ་རཱི་ཀའི་ཆུན་འཕྱང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤྲཱི་ན་ལེནྡྲའི་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་དཔལ་བཟང་པོར་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་འབུལ་ཞབས་བརྟན་དང་འབྲེལ་བ་པུཎྜ་རཱི་ཀའི་ཆུན་འཕྱང་།next

ཤྲཱི་ན་ལེནྡྲའི་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་དཔལ་བཟང་པོར་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་འབུལ་ཞབས་བརྟན་དང་འབྲེལ་བ་པུཎྜ་རཱི་ཀའི་ཆུན་འཕྱང་།


JKT020_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤྲཱི་ན་ལེནྡྲའི་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་དཔལ་བཟང་པོར་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་འབུལ་ཞབས་བརྟན་དང་འབྲེལ་བ་པུཎྜ་རཱི་ཀའི་ཆུན་འཕྱང་ཞེས་བྱ་བ། མཉྫགྷོཥཀྲྀབྱསཱརླབྷཱབཱི པཎྜིཏཱཀྲིཧེསྶམིཏྲཀཱཡེ༔ ཙྪནྟམཡཱརསཱརིཎིཔྲསྟར། པཱནྡྷབྷསརསཱཏཱིཏུཏྟེནྟི རོཙིཏཱཏྟིལོཀདཱིཔཀེབྷི། འཇམ་དབྱངས་སྙིང་རྗེའི་ཉི་མ་སྲིད་པ་ན། །མཁས་ཀུན་དགའ་བའི་བཤེས་གཉེན་མཆོག་གི་སྐུར། །ཡོངས་ཤར་མཚོ་བྱུང་དགྱེས་པའི་བློ་གྲོས་ཀྱི། །སྣང་བས་འཇིག་རྟེན་གསུམ་ན་མཛེས་གྱུར་ཅིག ༡ །


JKT020_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རིག་དང་བརྩེ་བའི་ཆུ་གཏེར་ཡིད་འོང་བ། །ལེགས་བྱས་བྱེ་བས་བསྲུབས་པའི་སྙིང་པོའི་ཕུལ། །མཚན་བཟང་ཟླ་བ་བདུད་རྩིའི་སྙེམས་འཆང་བའི། །ཞབས་པད་རྡོ་རྗེའི་ཁམས་སུ་འཚོ་གཞེས་གསོལ། ༢ ། ཕྱི་ནང་གཙུག་ལག་རྒྱ་མཚོར་མི་ཕྱེད་པའི། །ཡན་ལག་དྲུག་ཅུའི་དབྱངས་ཀྱིས་ཡིད་ཅན་ཀུན། །ཕན་དང་བདེ་བའི་ངལ་འཚོ་ལ་སྦྱར་བའི། །གྲགས་སྙན་སྲིད་ཞིའི་ཁམས་ཀུན་ཁྱབ་གྱུར་ཅིག ༣ །སྤྲོས་པའི་འདུ་འགོད་ཞི་བའི་ཆོས་ཉིད་ཅན། །ཤེས་དང་ཤེས་བྱ་རོ་གཅིག་ཡེ་ཤེས་ཀྱི། །གཟིགས་པས་གངས་ཀྱི་རི་བོའི་སྨན་ལྗོངས་འདིར། །ལྷག་པར་དགྱེས་པའི་ངང་ཚུལ་སྟོན་མཛད་གསོལ། ༤ །བྲལ་སྨིན་ཡོན་ཏན་རྫོགས་ལྡན་སྤྲིན་ཆེན་ལས། །ཕྲིན་ལས་རྟག་པ་དམ་པའི་ནོར་བུའི་ཆར། །གདུལ་བྱའི་བསམ་པ་ཇི་བཞིན་འབེབས་མཁས་པས། །དོན་གཉིས་དགའ་སྟོན་མཆོག་ཏུ་རྒྱས་གྱུར་ཅིག ༥ །ཁྱད་པར་ཡོངས་རྫོགས་ཐུབ་བསྟན་རིན་པོ་ཆེ། །བཤད་དང་སྒྲུབ་པའི་དཔལ་གྱིས་མཛེས་སྟེར་བའི། །བྱེད་པོ་ཁྱོད་ལས་གཞན་དུ་མ་དམིགས་ཕྱིར། །འཆད་རྩོད་རྩོམ་པའི་རྒྱལ་རྔ་སྲིད་རྩེར་བརྡུངས། ༦ །མདོར་ན་འཆི་མེད་གྲུབ་པའི་དགེ་མཚན་དང་། །ལྷན་ཅིག་བྱང་ཆུབ་སྤྱོད་པའི་མཐར་སོན་པས། །རྩོད་དུས་ཀུན་མཁྱེན་གཉིས་པའི་ངོ་མཚར་གྱི། །བཀྲ་ཤིས་སྣང་བ་རྟག་ཏུ་འབར་གྱུར་ཅིག ༧ །ཅེས་ཡོངས་རྫོགས་བསྟན་པའི་


JKT020_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་མཆོག་སྤྲུལ་རིན་པོ་ཆེ་ཤེས་བྱ་ཀུན་གཟིགས་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་ཡན་ལག་དང་བཅས་པའི་གསན་བཞེས་གྲུབ་པར་འཇམ་དབྱངས་དགའ་བའི་བཤེས་གཉེན་མཚོ་བྱུང་དགྱེས་པའི་བློ་གྲོས་ཞེས་མཚན་འབུལ་ཞབས་བརྟན་དང་འབྲེལ་བ་འདིའང་། ཟེ་ཆེན་མ་ཧཱ་པཎྜི་ཏ་འཇམ་དབྱངས་དགྱེས་པའི་བློ་གྲོས་དང་། ངེས་པར་ཐམས་ཅད་མཁྱེན་དངོས་གུ་ཎ་སཱ་ག་རའི་བཀའ་དྲིན་ལས་རིག་ལམ་འདིའི་མིང་རྐྱང་ཙམ་ཐོས་པ་ཚངས་སྲས་དགྱེས་པའི་བློ་ལྡན་གདོང་དྲུག་དགའ་བའི་ལང་ཚོའམ། གཙུག་ལག་སྨྲ་བའི་ཉི་མ་ཞེས་ཀྱང་བགྱི་བའི་རྒྱལ་ཁམས་ཀྱི་ད་རི་དྭས་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།


previousཤྲཱི་ན་ལེནྡྲའི་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་དཔལ་བཟང་པོར་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་འབུལ་ཞབས་བརྟན་དང་འབྲེལ་བ་པུཎྜ་རཱི་ཀའི་ཆུན་འཕྱང་།next