Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེ་ནཱ་ཤུ་བྷའི་གཉེན་སྟོན་སྐབས་མཁན་ཆེན་རྡོ་རྗེ་འཆང་ནས་ལེགས་འབུལ་གནང་བའི་ཡི་གེ་དཔྱིད་ཀྱི་སྣང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེ་ནཱ་ཤུ་བྷའི་གཉེན་སྟོན་སྐབས་མཁན་ཆེན་རྡོ་རྗེ་འཆང་ནས་ལེགས་འབུལ་གནང་བའི་ཡི་གེ་དཔྱིད་ཀྱི་སྣང་བ།next

སེ་ནཱ་ཤུ་བྷའི་གཉེན་སྟོན་སྐབས་མཁན་ཆེན་རྡོ་རྗེ་འཆང་ནས་ལེགས་འབུལ་གནང་བའི་ཡི་གེ་དཔྱིད་ཀྱི་སྣང་བ།


JKT020_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

༈ མེ་རྟ་ལོར་སེ་ནཱ་ཤུ་བྷའི་གཉེན་སྟོན་སྐབས་མཁན་ཆེན་རྡོ་རྗེ་འཆང་ནས་ལེགས་འབུལ་གནང་བའི་ཡི་གེ་དཔྱིད་ཀྱི་སྣང་བའོ། །ཨིནམྦྷསུཝིཏྟཾ ལཀྵིཤཱནྟབྷབྷབདཱཔཏུཾ། ཤུདྡྷསྱཱདཱིཔཱནཱམཔྲསཱརེ། ཏྲེརཏྟཾརུཙིཀཱནྟིནཱམཔ བུམངྒལསུཔུཉྫབཱརཱདཱ། གང་མཚན་ཐོས་པའི་ལེགས་བྱས་རྨད་བྱུང་གིས། །སྲིད་ཞིའི་ཕུན་ཚོགས་མཐའ་དག་སྦྱིན་མཁས་པ། །རིན་ཆེན་གསུམ་ཞེས་གྲགས་པའི་སྣང་བ་ཡིས། །རྣམ་ཀུན་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། ༡ །འཆི་མེད་གྲུབ་པའི་དཔྱིད་ཀྱིས་འཇིག་རྟེན་ན། །ངལ་འཚོའི་སྤྲིང་ཡིག་གསར་པས་མཛེས་གྱུར་པ། །ཚེ་དཔག་མེད་མགོན་ཐུགས་རྗེའི་ཟླ་རིས་ཀྱིས། །མི་བདག་འཁོར་བཅས་འཚོ་གཞེས་བསྐལ་བརྒྱར་བསྲིངས། ༢ །རབ་དམར་དབང་གི་མཆིལ་པ་རྣོན་པོ་དང་། །འགྲོགས་པའི་ཡེ་ཤེས་སྣང་བ་སྤྲོས་ཙམ་གྱིས། །ཁམས་གསུམ་སྡུད་མཛད་རིག་བྱེད་དགའ་བ་ཡིས། །བརྟན་གཡོའི་ཕུན་ཚོགས་ཇི་སྙེད་བདག་གིར་མཛོད། ༣ །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རོལ་གར། །རྡོ་རྗེའི་ཆོས་སྲུང་རྒྱ་མཚོའི་ཕྲིན་ལས་ཀྱིས། །ཉེ་བར་འཚེ་བའི་ཚོགས་རྣམས་མཐར་བྱས་ནས། །བཞེད་དགུའི་དོན་ཀུན་འབད་པ་མེད་པར་སྒྲུབས། ༤ །བསོད་ནམས་སྤྲིན་གྱི་འཛུམ་དཀར་གཡོ་བ་ལས། །དགོས་འདོད་ནོར་བུའི་གྲུ་ཆར་འབེབས་མཁས་པ། །གནོད་གནས་དབང་པོའི་འབྱོར་པའི་དཔག་བསམ་གྱིས། །རྫོགས་ལྡན་དང་པོའི་དགའ་སྟོན་གསར་དུ་དཀྲིགས། ༥ ། ཞེས་ཤིས་པར་བྱ་བའི་ཚིག་གི་མེ་ཏོག་ཅུང་ཟད་སྔོན་དུ་གཏོར་ནས། དེང་གི་ཆར་ཡང་དུས་ཕུན་སུམ་ཚོགས་པའི་སྐབས་འདིར། ཡོངས་རྫོགས་བསྟན་པ་རྒྱ་མཚོའི་སྦྱིན་བདག །རིས་བྲལ་འགྲོ་བ་ཀུན་གྱི་གཉེན་གཅིག །བསོད་ནམས་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་མི་བདག་སའི་ཚངས་པ་ཆེན་པོ་གང་གི་ཞལ་སྔ་ནས། འགྲོ་བའི་བདེ་སྐྱིད་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་རགས་ལས་ཤིང་། དེ་ཡང་ཆོས་ལྡན་༧ གྱི་རྒྱལ་པོའི་བདག་རྐྱེན་ལ་བལྟོས་པས་ན། དེ་ཉིད་མི་ཉམས་ཤིང་ཡུན་དུ་བརྟན་པ་ནི་སྤྲུལ་པའི་གདུང་རབས་ཟམ་མ་ཆད་བར་ཕེབས་པ་ཁོ་ན་ལས་གཞན་དུ་མ་དམིགས་པའི་ཕྱིར། ལྷག་པའི་ཐུགས་བསྐྱེད་རྣམ་པར་དག་པས་མདུན་བདར་ཏེ། རྒྱལ་སྲིད་དཔག་བསམ་གྱི་ལྗོན་པའི་རྩ་བ་གཡོ་མེད་དུ་བརླིང་པའི་སླད་རིགས་གཟུགས་འབྱོར་པའི་ཡོན་ཏན་འབུམ་གྱིས་མངོན་པར་མཐོ་བའི་བཙུན་མོ་རིན་པོ་ཆེ་གང་ཉིད།


JKT020_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བཞི་དང་རྒྱལ་ཐབས་ཀྱི་ཡན་ལག་བདུན་གྱིས་སྒེག་པའི་དཔལ་གྱི་འབྱོར་པ་ཆེས་རྨད་དུ་བྱུང་བའི་སྒོ་ནས་ཁབ་ཏུ་བཞེས་པར། ཁོ་བོ་ཅག་བྲང་ཏིའི་རིགས་སྐྱེས་ཨེ་ཝཾ་ཐར་རྩེ་མཁན་མིང་པའང་གནའ་ནས་ད་བར་མཆོད་ཡོན་ཆོས་དམ་གྱི་འབྲེལ་ཟབ་ཐུན་མིན་དུ་གྱུར་པས་དགའ་བ་དང་སྤྲོ་བ་ཕན་ཚུན་འགྲན་བཞིན་དུ་འཕེལ་བ་དང་ཆབ་གཅིག །རྣམ་པ་ཀུན་ཏུ་དགེ་ལེགས་ཤིས་པའི་རྟེན་འབྱུང་གི་སྒོ་འཕར་བརྒྱ་ཕྲག་ཏུ་དབྱེ་བའི་ལེགས་གསོལ་དངོས་འབུལ་གྱི་བདོག་འབྱོར་ཟེག་མ་ཙམ་བསྟར་བར། ཐོག་མར་བཀྲ་ཤིས་པའི་ལྷ་གོས་རབ་དཀར་གངས་རིའི་མདོག་ཅན་སྲིད་དུ་རིང་བོ་སོགས། མཐའ་རྟེན་རས་དཀར་ཡུག་བློ བཅས་རྣམ་གྲངས་བཅུ་ཕྲག་གསུམ་ལ་ཉག་མ་བདུན་གྱིས་ལྷག་པ་འབུལ་ལམ་ཞུ་ན་དགྱེས་པའི་སྤྱན་རས་ཀྱིས་ཡུད་ཙམ་རོལ་པ་དང་། འབྱུང་འགྱུར་གྱི་ཆར་ཡང་། སྡེ་བཞི་དགེ་བཅུའི་རྒྱལ་ཐབས་རྨད་བྱུང་གི། །ཆོས་སྲིད་རིགས་བརྒྱུད་འབྱོར་པའི་རྫོགས་ལྡན་སྤྲིན། །ལྷག་པར་འཕེལ་བའི་དགེ་མཚན་གཏམ་གྱི་རྔ། །སྲིད་པ་གསུམ་ན་ཀུན་ཏུ་སྙནུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousསེ་ནཱ་ཤུ་བྷའི་གཉེན་སྟོན་སྐབས་མཁན་ཆེན་རྡོ་རྗེ་འཆང་ནས་ལེགས་འབུལ་གནང་བའི་ཡི་གེ་དཔྱིད་ཀྱི་སྣང་བ།next