Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོན་སར་ཆོས་རྗེ་མཆོག་སྤྲུལ་རིན་པོ་ཆེའི་འཕྲིན་ལན་བདུད་རྩིའི་དོ་ཤལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགོན་སར་ཆོས་རྗེ་མཆོག་སྤྲུལ་རིན་པོ་ཆེའི་འཕྲིན་ལན་བདུད་རྩིའི་དོ་ཤལ།next

དགོན་སར་ཆོས་རྗེ་མཆོག་སྤྲུལ་རིན་པོ་ཆེའི་འཕྲིན་ལན་བདུད་རྩིའི་དོ་ཤལ།


JKT020_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༈ དགོན་སར་ཆོས་རྗེ་མཆོག་སྤྲུལ་རིན་པོ་ཆེའི་འཕྲིན་ལན་བདུད་རྩིའི་དོ་ཤལ་ཅེས་བྱ་བའོ། །ཕུཔཉྩཛོལཙྪིཥྛ པིཝིཡཱིཙྪརིཐོནཱཀི ཙྪརྗོབཱཏྟཾནཱམེ། །༥ཨཙུཧིཏྟོགྲོད ཕྱི་སྒྱུཙིནྡྲིཙྩམཱུལེ། སྤྲོས་པའི་ཆུ་གཏེར་ལས་བརྒལ་ཡང་། །སྙིང་རྗེའི་ཤིང་རྟ་ལ་ཆགས་པས། །གཞན་ཕན་བདུད་རྩིའི་མཆོག་སྦྱིན་པའི། །རྣམ་འདྲེན་ཤར་གྱི་ཐིག་ལེའི་དྲུང་། །སྤྲིན་བྲལ་ཉི་མ་གཞོན་ནུའི་རྡུལ་ཕྲེང་གིས། །ཡིད་འོང་ཨུཏྤལ་དམར་པོ་བྱེ་བ་བཞིན། །གང་གི་ཐུགས་རྗེས་བསྐུལ་བའི་གཞན་དབང་ལས། །དོན་ལྡན་སྙན་པར་སྨྲ་བའི་མཆིད་འདི་གསོལ། །གཟོད་མ་ཉིད་ནས་རྣམ་པར་གྲོལ་ཡང་ཐབས་མཁས་སྤྱོད་པའི་ཨུཏྤལ། །རྨད་བྱུང་ཡོན་ཏན་དུ་མའི་ཚོན་རིས་རྣམ་པར་གཡོ་བའི་དོག་པ་ནི། །ཡིད་ཅན་སྒེག་མོའི་རྣ་བར་དཔྱངས་པས་སྲིད་དང་ཞི་བའི་ཕ་མཐའ་ལས། །རིང་དུ་གྱུར་པའི་སྤྲིང་ཡིག་གསར་པས་ཕྱོགས་ཀྱི་ཁོར་ཡུག་དཀྲིགས་པར་བྱས། ༣ །དེ་ཚེ་ཕྱི་ནང་རིག་པའི་གཞུང་ལུགས་དང་། །བསླབ་གསུམ་དོན་ལ་མཛའ་བའི་བརྟུལ་ཞུགས་ཀྱིས། །འཇམ་མགོན་བླ་མའི་ཆོས་ཀྱི་རྒྱལ་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཆེར། །ལྷར་བཅས་བསྔགས་པའི་རོལ་མོས་ཤིས་པ་བསྒྲུབས། ༤ །ཟབ་མོ་དབུ་མའི་གཞུང་ལུགས་ཟླ་གཞོན་གྱིས། །ཁྱོད་མཁྱེན་ཀུ་མུཏ་འཛུམ་དཀར་གྲོལ་བའི་མོད། །རྒྱལ་བ་གཉིས་པ་དཔལ་ལྡན་ཀླུ་ཡི་ཞབས། །གངས་ཅན་རི་བོའི་ཁོངས་སུ་རྒྱུ་བ་བཞིན། ༥ །གསང་རྒྱུད་རྒྱ་མཚོའི་མཐར་ཐུག་འདུས་པ་ཡི། །སྨིན་གྲོལ་ལང་ཚོ་རྒྱགས་པའི་མེ་ནཱ་ཀར། །བློ་མཆོག་ཟུར་མིག་གཡོ་བས་འཁྱུད་བཞིན་དུ། །བརྟན་མཁས་ཡོན་ཏན་རྫོགས་འདི་རིགས་སམ་ཅི། ༦ །དེ་སོགས་བསྔགས་འོས་རྣམ་ཐར་བྱེ་བ་ཡིས། །མངོན་པར་མཛེས་པའི་གསང་བ་གསུམ་གྱི་དངོས། །འཚོ་གཞེས་ཆོ་ག་མ་ཉམས་གསལ་བ་ལ། །གཅིག་ཏུ་གུས་པ་བཞིན་རས་ཅིར་ཡང་ངོམ། ༧ །ཁྱད་པར་ངེས་དོན་མཛེས་མའི་འགྲམ་པ་ནས། །འཕོས་པའི་ལེགས་བཤད་བདུད་རྩིའི་ཁ་ཆང་གིས། །བདག་ཉིད་མཆོག་ཏུ་དྭངས་པའི་བ་ཀུ་ལ། །དད་གསུམ་འདའ་བརྒྱ་གྲོལ་བའི་མཚར་སྡུག་གཡོས། ༨ །འདི་ན་གྱི་ནའི་སྤྱོད་ཚུལ་སྟུག་པོ་ཡིས། །དམ་ལ་བཞག་པའི་འདུ་ཤེས་གསུམ་པ་ཡང་། །ཐོས་བསམ་རི་མོར་བྲིས་པའི་མར་མེ་དང་། །མཚུངས་བཞིན་ལང་ཚོ་ཉེ་ཞོའི་ཕྱོགས་ཀྱིས་བཏང་། ༩ །སླད་མའི་ཆར་ཡང་སྲིད་པའི་ཟག་པ་རྒྱུ་དང་བཅས་པའི་འཆིང་བ་ཀུན། །འོད་གསལ་བདེ་ཆེན་དྭངས་མའི་ཐིག་ལེར་འཕོ་འགྱུར་མེད་པར་རྒྱས་བཏབ་པས། །སྐུ་


JKT020_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མི་ཕྱེད་གྲུབ་པའི་རྡོ་རྗེ་རྣམ་པ་ཀུན་གྱི་མཆོག་ལྡན་ཞལ། །འཆི་མེད་རྟག་པའི་གོ་འཕང་ཆེན་པོར་གཡོ་བ་མེད་པར་འཚོ་གཞེས་ཤིང་། ༡༠ །བདག་ཀྱང་འདི་ནས་གཏན་དུ་བདེ་བའི་ལམ། །མངོན་དུ་རྙེད་མིན་དེ་སྲིད་མགོན་ཁྱོད་ཀྱི། །དགེ་བའི་བཤེས་སུ་ཡང་དག་མཛད་ནས་ཀྱང་། །རྣམ་གྲོལ་ཆོས་ཀྱི་ཆར་ཆེན་འབེབས་པ་དང་། ༡༡ །རིང་དུ་གནས་ནའང་ལེགས་པར་བཤད་པའི་གཏམ། །འཆད་མེད་སྩོལ་བའི་བཀའ་དྲིན་མི་འགོག་པས། །ཉི་མས་པདྨོར་ཇི་བཞིན་ཕན་བདེའི་དབྱིག །སྦྱིན་པའི་བྱེད་པོ་ཉིད་དུ་མཛོད་ཅེས་སྨྲེངས། ༡༢ །དེ་སྐད་ཞུ་བའི་མཆིད་ཚིག་མདོངས་མཐའ་མོ། །རྟེན་དངོས་གློག་གི་དོ་ཤལ་གཡོ་བ་དང་། །གུས་སྤྲོའི་སྒྲོ་གཤོག་ཟླུམ་པོའི་གར་བསྒྱུར་བཞིན། །ཁྱོད་ཞབས་དག་པའི་ཚལ་དུ་རྩེན་ལ་དེངས། ༡༣ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousདགོན་སར་ཆོས་རྗེ་མཆོག་སྤྲུལ་རིན་པོ་ཆེའི་འཕྲིན་ལན་བདུད་རྩིའི་དོ་ཤལ།next