Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཆོག་སྤྲུལ་རིན་པོ་ཆེ་ངེས་དོན་དཔལ་བཟང་པོའི་ཞབས་པད་དུ་ཕུལ་པའི་འཕྲིན་ལན་བདུད་རྩིའི་ཐིག་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཆོག་སྤྲུལ་རིན་པོ་ཆེ་ངེས་དོན་དཔལ་བཟང་པོའི་ཞབས་པད་དུ་ཕུལ་པའི་འཕྲིན་ལན་བདུད་རྩིའི་ཐིག་པ།next

མཆོག་སྤྲུལ་རིན་པོ་ཆེ་ངེས་དོན་དཔལ་བཟང་པོའི་ཞབས་པད་དུ་ཕུལ་པའི་འཕྲིན་ལན་བདུད་རྩིའི་ཐིག་པ།


JKT020_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཆོག་སྤྲུལ་རིན་པོ་ཆེ་ངེས་དོན་དཔལ་བཟང་པོའི་ཞབས་པད་དུ་ཕུལ་པའི་འཕྲིན་ལན་བདུད་རྩིའི་ཐིག་པའོ། །མཐོང་དང་མ་མཐོང་ཡོན་ཏན་གྱི། །ནོར་བུའི་ཆུ་གཏེར་མི་ཟད་པས། །འཇིག་རྟེན་གསུམ་གྱི་གདུང་སེལ་བའི། །ཞབས་ཀྱི་པདྨོའི་ཉེ་དྲུང་དུ། །རྒྱུའོ་ཁོར་ཡུག་རི་བོའི་ཁོངས། །ཟླ་ཤེལ་བདུད་རྩིའི་སྣང་བས་ཏེ། །བདག་གི་གུས་མཆིད་འབབ་སྟེགས་སུ། །གང་གི་རྗེས་བརྩེའི་འཛུམ་དཀར་གཡོ། །དེ་སླད་ཚིག་སྙན་དོན་བཟང་གི། །མཚར་སྡུག་ཆ་ཙམ་མ་མཆིས་བཞིན། །དད་སྤྲོའི་དཔྱིད་ཀྱིས་བཟུང་བ་ལས། །ཞུ་གསོལ་ལོ་འདབ་དུད་པར་གྱུར། །གཟོད་ནས་དག་པའི་བྱང་ཆུབ་སེམས། །རྒྱུ་འབྲས་གཉིས་སུ་མི་ཕྱེད་པས། །རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱང་། །ངུར་སྨྲིག་ཟོལ་གྱིས་རྒྱུ་བ་ན། །རིག་པའི་ལང་ཚོ་རྒྱས་པ་དང་། །བརྩེ་བའི་ཟུར་མིག་གཡོ་བ་དང་། །དེས་ཀྱང་བསྟན་འགྲོར་སྨན་པ་སྟེ། །སྐུ གསུམ་པོ་འདི་ནི་མཉམ་དུ་བྱུང་། །ལྷག་པར་བདག་ལ་མ་འདྲིས་བཞིན། །བཀའ་དྲིན་ཆེན་པོས་ཁྱབ་པའི་ཕུལ། །ཉིན་མོར་བྱེད་པས་པདྨའི་རྫིང་། །སྐྱོང་བའི་ཚུལ་གྱིས་མཚོན་ནུས་ཅི། །ཤིན་ཏུ་ཉེ་བའི་དུས་


JKT020_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡང་། །དྲི་མེད་གསུང་གི་ཅོད་པན་ནི། །རྟེན་གྱི་སྤ་བ་སྤྱི་བོའི་གཙུག །སོན་པའི་མོད་ནས་རབ་དགའ་བའི། །དངོས་པོ་གཟུགས་ཅན་ཉིད་གྱུར་ན། །འཆི་མེད་ལམ་གྱི་ཕ་མཐའ་ཡས། །རིང་དུ་འགོངས་པའི་ངོ་མཚར་གྱི། །ངལ་འཚོའི་དུས་སྟོན་མཆོག་ཏུ་དར། །འདི་ན་རྨོངས་དང་མ་རིག་པའི། །དམ་ལ་བཞག་པའི་དགེ་སྦྱོང་ཟོལ། །ཁྱད་པར་འགའ་ཡང་མེད་བཞིན་དུ། །བསམ་གཏན་ཁང་བུར་བདེ་བར་མཆིས། །མཚམས་ཞུས། བརྟན་པར་གྱུར་ཅིག་གཟོད་མ་ནས། །འཕོ་བའི་ཚུ་རོལ་རིང་བཅད་ཕྱིར། །འཆི་མེད་གྲུབ་པའི་མཐར་སོན་པ། །བྱིས་བློའི་ངོར་ཡང་མི་སྦེད་བཞིན། །རྣམ་དཀར་ཕྲིན་ལས་རྒྱས་པ་དང་། །འདིར་ཡང་རྗེས་སུ་བརྩེ་བ་ཡི། །ནོར་བུའི་རྔ་ཡབ་གཡོབས་པ་ཡིས། །ཡང་ཡང་དབུགས་འབྱིན་སྔར་བཞིན་སྩོལ། །ཅེས་དཀྱུས་གཅིག་ཏུ་གང་ཤར་གྱི་རྟོག་པ་ལྷུག་པར་བྲིས་ཏེ་ཞུ་མཚོན་དང་བཅས་རྒྱལ་ཟླའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་ལ་གུས་པས་ཕུལ་བའི་ཞུ་ཡིག་གོ། །།


previousམཆོག་སྤྲུལ་རིན་པོ་ཆེ་ངེས་དོན་དཔལ་བཟང་པོའི་ཞབས་པད་དུ་ཕུལ་པའི་འཕྲིན་ལན་བདུད་རྩིའི་ཐིག་པ།next