Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་དབང་ཕྱག་ན་པདྨོ་མཁས་གྲུབ་རྒྱ་མཚོའི་མདུན་ཐར་རྩེ་མཁན་རིན་པོ་ཆེ་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་ནས་ལེགས་འབུལ་ཕུལ་བའི་སྐབས་ཀྱི་ཡི་གེ་སྙན་པའི་ངང་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་དབང་ཕྱག་ན་པདྨོ་མཁས་གྲུབ་རྒྱ་མཚོའི་མདུན་ཐར་རྩེ་མཁན་རིན་པོ་ཆེ་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་ནས་ལེགས་འབུལ་ཕུལ་བའི་སྐབས་ཀྱི་ཡི་གེ་སྙན་པའི་ངང་མོ།next

རྒྱལ་དབང་ཕྱག་ན་པདྨོ་མཁས་གྲུབ་རྒྱ་མཚོའི་མདུན་ཐར་རྩེ་མཁན་རིན་པོ་ཆེ་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་ནས་ལེགས་འབུལ་ཕུལ་བའི་སྐབས་ཀྱི་ཡི་གེ་སྙན་པའི་ངང་མོ།


JKT020_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་སྤྲེལ་ལོར་རྒྱལ་དབང་ཕྱག་ན་པདྨོ་མཁས་གྲུབ་རྒྱ་མཚོའི་མདུན་ཐར་རྩེ་མཁན་རིན་པོ་ཆེ་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་ནས་ལེགས་འབུལ་ཕུལ་བའི་སྐབས་ཀྱི་ཡི་གེ་སྙན་པའི་ངང་མོ་ཞེས་བྱ་བ་བཞུགས། །༅། །ཡེཥཱད། །


JKT020_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཡྻཀྲྀཔཱཙཤུནྱཏཱཉྩ བྷེདཛཱནསུམཱཡམེགྷཡོ༔ དག་པའི་སྣང་བའོ། །སུཤེཡོམཎིཔྲཋདཱཔé ཏྲེལོཀྱེཥསདཱབིཛཱིཡཏྭཾ། །གང་དུ་སྟོང་དང་སྙིང་རྗེ་དབྱེར་མེད་པའི། །ཟུང་འཇུག་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་སྤྲིན། །དགེ་ལེགས་ནོར་བུའི་གྲུ་ཆར་འབེབས་མཁས་པ། །འཇིག་རྟེན་གསུམ་ན་རྟག་ཏུ་རྒྱལ་གྱུར་ཅིག ༡ །གུས་པ་ཆེན་པོའི་ལྷ་ཕྱག་གྲངས་མེད་པ་བཙལ་ཏེ་ཞུ་གསོལ། སྨན་མཛད་གྲུ་འཛིན་རི་བོའི་དགའ་ཚལ་ན། །དགྱེས་བཞིན་རོལ་པའི་འཕགས་མཆོག་མིག་མི་འཛུམ། །སྙིང་རྗེའི་དགའ་བ་རྒྱས་པའི་སྤྱན་རས་ཀྱིས། །གངས་ཅན་རི་བོའི་ལྗོངས་འདིར་རྟག་ཏུ་གཟིགས། ༢ །དེ་ཚེ་ཡེ་ཤེས་དམ་པའི་སྙེ་མ་ནི། །བསིལ་ལྡན་བསོད་ནམས་ས་གཞིར་བསྐྱེད་བསྲིངས་པས། །མཐའ་ཀླས་སྲས་བཅས་རྒྱལ་བས་ཕྱག་བྱས་པའི། །ཡོན་ཏན་ལྗོན་པ་མཆོག་གཅིག་འཁྲུངས་པའི་མོད། ༣ །ཡིད་ཅན་རྫོགས་ལྡན་དུས་སྟོན་ཚུགས་པ་དང་། །ཐུབ་བསྟན་བཤད་སྒྲུབ་ལང་ཚོ་དར་བ་དང་། །དེས་ཀྱང་མི་མཐུན་རྒུད་པ་ཀུན་བསྲུང་བའི། །དགེ་མཚན་གསུམ་པོ་འདི་ནི་ལྷན་ཅིག་དར། ༤ །རིགས་དང་བརྩེ་སོགས་འཕགས་བཞིའི་ངོ་མཚར་གཏམ། །མ་ཚང་མེད་པར་གཟོད་ནས་བརྙེས་བཞིན་དུ། །ཐབས་ལ་མཁས་པའི་རྣམ་ཐར་དཔག་ཡས་ཀྱིས། །ལྷར་བཅས་འཇིག་རྟེན་བསྔགས་པའི་དབྱངས་ཀྱིས་བཀང་། ༥ །མཚན་གྱི་ནོར་བུའི་


JKT020_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་ཡབ་ཆ་རེས་ཀྱང་། །འདི་གཏན་ཕོངས་པའི་གདུང་བ་ཀུན་སེལ་ན། །གང་དུ་བསྙེན་པ་ཙམ་ནས་བྱང་ཆུབ་ཀྱི། །གོ་འཕང་དམ་པའང་སྩོལ་ལ་སོམ་ཉི་ཅི། ༦ །དེ་བས་ཚད་བཟུང་བྲལ་བའི་ཡོན་ཏན་ལ། །མཆོག་ཏུ་དད་པའི་པདྨོ་འཛུམ་པ་དང་། །ཐལ་མོའི་ཨུཏྤལ་ཟུམ་པའི་བསྟི་སྟང་གིས། །ཞབས་མཐིལ་འཁོར་ལོའི་རེ་ཁཱར་གུས་ཕྱག་འཚལ། ༧ །དངོས་འབྱོར་མེ་ཏོག་ཕྲ་མོས་མདུན་བདར་ཏེ། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བའི། །བདག་པོས་བཟུང་དང་མ་བཟུང་མཆོད་སྤྲིན་གྱིས། །སྲིད་པ་མཐར་བྱས་བར་དུ་བསྙེན་བཀུར་བགྱི། ༨ །རང་བཞིན་ཉིད་དང་བཅས་པའི་སྡིག་ལྟུང་གིས། །སེམས་ཀྱི་ཡིད་བཞིན་རྙོག་མར་བྱས་པ་ཀུན། །སྟོབས་བཞིའི་སྦྱོང་བ་མཁས་པའི་བརྟུལ་ཞུགས་ཀྱིས། །བྲལ་སྨིན་ཡོན་ཏན་གཟུགས་བརྒྱ་སླར་ལ་རྔམས། ༩ །འཕགས་དང་སོ་སྐྱེའི་རྣམ་ཐར་ཇི་སྙེད་དང་། །ཁྱད་པར་མགོན་ཁྱོད་ཕྲིན་ལས་བདུད་རྩིའི་འོད། །དྭང་བའི་ཡིད་མཁར་སིམ་པའི་དེ་མ་ཐག །ཡི་རངས་པུཎྜ་རཱི་ཀའི་འཛུམ་རླབས་དགོད། ༡༠ །འགོགས་བདེན་ཞི་བ་དམ་པའི་ནཱ་དའི་སྒྲ། །ཆོས་ཕུང་རྒྱ་མཚོའི་དཔྱིད་དུ་འབབས་པ་ཡིས། །འགྲོ་མང་མ་རིག་གཉིད་ལ་གཡུར་བ་རྣམས། །ཐར་པ་དམ་པའི་ངལ་འཚོར་དབུགས་འབྱིན་མཛོད། ༡༡ །མདོར་ན་སྲིད་དང་ཞི་བའི་ཕུན་ཚོགས་ཀུན། །གང་ལས་འབྱུང་བའི་


JKT020_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེའི་དཔག་བསམ་དབང་། །ངེས་པར་ཞིང་ཁམས་འདི་ལས་ཡོལ་མེད་བཞིན། །ཕན་བདེའི་འདོད་དགུ་ལྷུག་པར་སྦྱིན་མཛད་གསོལ། ༡༢ །དེ་ལྟར་བསགས་དང་དུས་གསུམ་དགེ་བའི་རྒྱུན། །བྱང་ཆུབ་སྙིང་པོའི་རྒྱ་མཚོར་རོ་གཅིག་པས། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་པ། །དབང་འབྱོར་དོན་གཉིས་ཡིད་བཞིན་འགྲུབ་གྱུར་ཅིག ༡༣ །ཅེས་ཡན་ལག་བདུན་གྱི་ཚིགས་སུ་བཅད་པའི་མེ་ཏོག་ཅུང་ཟད་འཐོར་བས་ལམ་ཡངས་པར་བྱས་ཏེ། དེང་འདིར་འགྲོ་བ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། རིས་སུ་མ་ཆད་པའི་ཐུབ་བསྟན་རྒྱ་མཚོ་གསལ་བར་བྱེད་པའི་ཉི་མ། ཁམས་གསུམ་གྱི་གཙོ་བོས་ཕྱག་བྱས་པའི་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་གང་གི་ཐུགས་རྗེའི་གདུགས་དཀར་སྲིད་ཞིའི་བླ་ན་མཐོ་བའི་གྲིབ་བསིལ་དུ་དབུགས་འབྱིན་ཐོབ་པའི་གུས་པ་ངོར་ཨེ་ཝཾ་ཐར་རྩེ་མཁན་མིང་པའང་། རང་རིགས་བླ་མ་གོང་མའི་དུས་ནས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་གྱིས་ཐུགས་རྗེས་གཟིགས་བསྐྱངས་ལེགས་པར་མ་ཟད། གུས་ཕྲན་པ་མདོ་ཁམས་སྡེ་དགེའི་བླ་མཆོད་དུ་བགྲོད་སྐབས་མར་ལན་ཀྱང་ཞབས་པད་རིན་པོ་ཆེ་ཕྱག་གིས་བཏུད་ཅིང་བྱིན་རླབས་ཚད་མེད་པས་རྗེས་སུ་བཟུང་བའི་བཀའ་དྲིན་གྱིས་ཁམས་སུ་སྡོད་རིང་དང་། ལམ་བར་ཀུན་ཏུ་ཉེར་འཚེས་མ་གོས་པར། ད་ལན་


JKT020_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བས་དོན་ལྡན་མཚན་དཔེའི་མཛེས་སྐུ་མངོན་སུམ་པར་མཇལ་ཞིང་། ཚད་མེད་པའི་ཐུགས་རྗེ་ཆེན་པོས་ལྷག་པར་ཁྱབ་པའི་བཀའ་དྲིན་ལ་བསམ་ན་སྟོང་གསུམ་ནོར་བུས་བཀང་ཡང་གཞལ་བྱ་མ་ཡིན་མོད། འོན་ཀྱང་ཡོ་བྱད་ཀྱི་ལག་སྣེ་ཕྲ་བས། ཡིད་སྤྲུལ་གྱི་མཎྜལ་རྒྱ་ཆེར་སྤྲུལ་ཏེ་ཕུལ་བའི་མཚོན་བྱེད་དུ་དངོས་བཤམས་ཟེག་མ་ཙམ་བསྟར་བར། ཐོག་མར་བཀྲ་ཤིས་པའི་ལྷ་གོས་རབ་དཀར་སོགས། མཐའ་རྟེན་རས་དཀར་ཡུག་བཅས་གུས་པ་ཆེན་པོས་འབུལ་ལམ་ཞུ་ན་དགྱེས་པའི་སྤྱན་རས་ཀྱིས་ཡུད་ཙམ་རོལ་པ་དང་། སླད་མའི་ཆར་ཡང་སྨོན་པའི་གནས་ཚིགས་སུ་བཅད་དེ་གསོལ་བ། དྲན་པའི་མདུན་སར་བཀོད་པའི་དེ་མ་ཐག །ཕུན་ཚོགས་འཆི་མེད་བདུད་རྩིའི་མཆོག་སྦྱིན་པ། །བཅོམ་ལྡན་ཚེ་མཐའ་ཡས་པའི་རྣམ་རོལ་ཏུ། །མཚན་དཔེའི་མཛེས་སྐུ་རྟག་བར་འཚོ་གཞེས་གསོལ། ༡ །གསུང་གི་གསང་བ་རྣམ་པ་ཀུན་ལྡན་པ། །ཡན་ལག་དྲུག་ཅུའི་རྒྱུད་མང་དང་འགྲོགས་པས། །ཟབ་རྒྱས་གདམས་པའི་དབྱངས་ཀྱི་རིགས་ཅན་གསུམ། །དོན་གཉིས་ངལ་འཚོར་མཛོད་ཅིག་མཁྱེན་པའི་གཏེར། ༢ །ཤེས་དང་ཤེས་བྱ་རོ་གཅིག་འོད་གསལ་ཐུགས། །གཟུང་འཛིན་སྤྲོས་པའི་མཚན་མ་ལས་འདས་བཞིན། །བརྟན་གཡོ་ཀུན་ལ་སྙོམས་འཇུག་སྒྱུ་མའི་འཕུལ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེར་བརྟན་གྱུར་ཅིག ༣ །


JKT020_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་སྨིན་ཡོན་ཏན་བྱེ་བ་ཕྲག་བརྒྱ་དང་། །ཕྲིན་ལས་རྟག་པ་དམ་པའི་དགེ་མཚན་གྱིས། །ལྷར་བཅས་འཇིག་རྟེན་ཀུན་དགའི་དཔལ་སྟེར་བའི། །གསང་གསུམ་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ། ༤ །སྐྱབས་འོག་རྣམས་ཀྱང་འདི་ནས་བྱང་ཆུབ་བར། །ཡེ་ཤེས་གཟིགས་པའི་ཕྱག་གིས་རྗེས་བཟུང་ནས། །གནས་སྐབས་མཐར་ཐུག་ཕན་བདེའི་དགེ་མཚན་དང་། །རྣམ་ཀུན་ཤིས་པའི་སྣང་བ་འབར་གྱུར་ཅིག ༥ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousརྒྱལ་དབང་ཕྱག་ན་པདྨོ་མཁས་གྲུབ་རྒྱ་མཚོའི་མདུན་ཐར་རྩེ་མཁན་རིན་པོ་ཆེ་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་ནས་ལེགས་འབུལ་ཕུལ་བའི་སྐབས་ཀྱི་ཡི་གེ་སྙན་པའི་ངང་མོ།next