Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲིད་སྐྱོང་རྭ་བསྒྲེང་ནོ་མི་ཧན་ཆེན་པོར་ལེགས་འབུལ་གྱི་ཡི་གེ་སྙན་པའི་རྒྱུད་མང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྲིད་སྐྱོང་རྭ་བསྒྲེང་ནོ་མི་ཧན་ཆེན་པོར་ལེགས་འབུལ་གྱི་ཡི་གེ་སྙན་པའི་རྒྱུད་མང་།next

སྲིད་སྐྱོང་རྭ་བསྒྲེང་ནོ་མི་ཧན་ཆེན་པོར་ལེགས་འབུལ་གྱི་ཡི་གེ་སྙན་པའི་རྒྱུད་མང་།


JKT020_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྲིད་སྐྱོང་རྭ་བསྒྲེང་ནོ་མི་ཧན་ཆེན་པོར་ལེགས་འབུལ་གྱི་ཡི་གེ་སྙན་པའི་རྒྱུད་མང་ཞེས་བྱ་བ། ལུསེསཱགརཱིཏི༔ ཛྷནཀལྤམཉྫརཱིཙསཱཧེ །བཱརདཧིཏཾསུཁཏྲིལོཀེ། པཱདཔདྨཀཝམདྡྷིཛིབྷཱུཏྲ། །བསོད་ནམས་དམ་པའི་ཆུ་གཏེར་རྨད་བྱུང་བ། །ཡེ་ཤེས་དཔག་བསམ་སྙེ་མ་དང་འགྲོགས་པས། །འཇིག་རྟེན་གསུམ་ན་ཕན་བདེའི་མཆོག་སྦྱིན་པའི། །ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། ༡ །མི་ཕྱེད་གུས་པའི་ཕྱག་དང་བཅས་ཏེ་གསོལ་བ། ཨེ་མ་འོད་གསལ་རྣམ་པ་ཀུན་ལྡན་ལས། །ཟུང་འཇུག་རྡོ་རྗེའི་སྣང་བརྙན་སྲིད་པ་ན། །རྒྱལ་བའི་མྱུ་གུ་གཞོན་ནུའི་ངང་ཚུལ་གྱིས། །ཡིད་ཅན་ཕན་བདེ་སྒྲུབ་པའི་སླད་དུ་འཆར། ༢ །དེ་ཚེ་རིག་དང་བརྩེ་སོགས་བསྔགས་འོས་ཀྱི། །ཡོན་ཏན་མཐའ་དག་རྫོགས་པའི་ག་བུར་འཛིན། །གྲགས་སྙན་བདུད་རྩིའི་རླབས་ཀྱིས་འཁྱུད་པའི་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མོད། །ཁོར་ཡུག་རི་བོའི་ལྗོངས་ཀུན་དཀར་པོར་གྱུར། ༣ །མཁས་པའི་ཚོགས་རབ་བྱེ་བས་ཕྱག་བྱས་ཤིང་། །གྲུབ་པའི་ཁྱུ་མཆོག་རྣམས་ཀྱི་བསྟེན་བཞིན་དུ། །སྲས་བཅས་རྒྱལ་བ་དགྱེས་པའི་ཤིས་བརྗོད་ཀྱིས། །ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་དབང་བསྐུར། ༤ །ལྷག་པར་རྒྱལ་མཆོག་ཕྱག་ན་པདྨོ་ཡི། །ཆོས་སྲིད་ཕྲིན་ལས་གདུགས་དཀར་སྲིད་པའི་རྩེར། །བསྒྲེངས་པས་ཡོངས་རྫོགས་བསྟན་དང་འགྲོ་བ་ལ། །ཀུན་དགའི་ངལ་འཚོ་གསར་པ་ཅིར་ཡང་བྱིན། ༥ །དེ་ལྟའི་རྟོགས་པ་བརྗོད་པའི་ཟིལ་དངར་ནི། །ཡང་ཡང་དད་གསུམ་པདྨོས་བཏུང་བ་ལས། །མི་ཕྱེད་གུས་སྤྲོའི་མཚར་སྡུག་རྫོགས་པའི་མོད། །གསོལ་འདེབས་སྦྲང་རྩིའི་བསུང་ཞིམ་འཐུལ་དང་བཅས། ༦ །རྡུལ་སྙེད་ལུས་ཀྱི་འཁྲི་ཤིང་རབ་གཡོ་བར། །ཐལ་མོའི་མེ་ཏོག་ཟུམ་པའི་འཇོ་སྒེག་གིས། །ནོར་བུའི་རྡུལ་མང་བརྩེགས་པའི་ཞབས་བསྟེན་ལ། །སྒོ་གསུམ་གུས་པའི་དད་ཕྱག་ཉིན་བཞིན་སྟོབ། ༧ །དངོས་འབྱོར་བདོག་པ་ཉུང་ངུས་ཐོག་དྲངས་ཏེ། །སྲིད་ཞིའི་ཁམས་ཀུན་རྒྱས་པར་འགེངས་བཟོད་པའི། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་སྣང་བ་ཡིས། །ཡེ་ཤེས་གཟིགས་པའི་གཡར་ལམ་མཛེས་པར་བྱ། ༨།སྡིག་དང་ལྟུང་བའི་ཚོན་རིས་རྣམ་མང་པོས། །སེམས་ཀྱི་ཟླ་ཤེས་ཁ་དོག་བསྒྱུར་བའི་དྲི། །སྟོབས་བཞིའི་གངྒའི་རྒྱུན་གྱིས་དག་བྱས་པས། །


JKT020_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་རྣམས་དགྱེས་པའི་སྤྱན་ཟུར་ཕྱོགས་དེར་ལྷུང་། ༩ །འཇིག་རྟེན་འཇིག་རྟེན་འདས་པའི་ལེགས་སྤྱད་ཀྱི། །བསོད་ནམས་ཡེ་ཤེས་དམ་པའི་ཉིན་མོར་བྱེད། །ལན་གཅིག་དྲན་པའི་འདུན་སར་འཆར་བ་ན། །རྗེས་སུ་ཡི་རང་ཨུཏྤལ་འཛུམ་རྒྱ་གྲོལ། ༡༠ །རྒྱལ་ཀུན་གསུང་གི་རྡོ་རྗེ་མགྲིན་པའི་མཚོར། །རྟག་པར་རྩེན་པའི་སྨྲ་དབང་ཟླ་གཞོན་གྱིས། །ཐེག་གསུམ་བདུད་རྩིའི་ཆར་གྱིས་ཡིད་ཅན་རྣམས། །ཐར་པ་དམ་པའི་ལང་ཚོ་བསྐྱེད་བསྲིངས་མཛོད། ༡༡ །གང་དུ་མཚན་གྱི་སྤྲིང་ཡིག་གསལ་ཙམ་ནས། །ཐུབ་བསྟན་བཤད་སྒྲུབ་སྣང་བ་དར་བབས་པ། །སྲིད་ན་མཚུངས་ཟླས་དབེན་པའི་སྐྱབས་ཀྱི་མཆོག ། གསང་གསུམ་རྡོ་རྗེའི་ངོ་བོར་བརྟན་གྱུར་ཅིག ༡༢ །དེ་ལྟར་བསོད་ནམས་ཕུང་པོ་འདུ་བགྱིས་ཀུན། །འཇམ་དཔལ་གཞོན་ནུའི་མཁྱེན་པའི་ཡོངས་བསྔོ་དང་། །མི་ཕྱེད་སྨོན་པའི་འབྲས་བུས་འཇིག་རྟེན་ན། །དོན་གཉིས་དགའ་སྟོན་རྟག་ཏུ་རྒྱས་པར་ཤོག ༡༣ །ཅེས་ཚིགས་སུ་བཅད་པའི་མེ་ཏོག་ཉུང་ངུས་མདུན་བདར་ཏེ་སོགས། སླར་ཡང་གསོལ་བ། ཕུན་ཚོགས་བསོད་ནམས་བྱེ་བའི་གཟི་འབར་ཞིང་། །མཚན་དཔེའི་ཉམས་བརྒྱས་རོལ་པའི་རྡོ་རྗེའི་སྐུ། །ངེས་པར་གངས་ཅན་རི་བོའི་སྐྱབས་གཅིག་པུར། །འཚོ་གཞེས་རྟག་པའི་དགེ་མཚན་བརྙེས་གྱུར་ཅིག ༡ །རིག་པའི་ལམ་དང་མཛའ་བ་མི་ཕྱེད་ཅིང་། །ཟབ་མོའི་དོན་


JKT020_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇིགས་མེད་སེང་གེའི་སྒྲ། །ཆོས་ཕུང་རྒྱ་མཚོའི་གདང་དུ་འཆར་བའི་གསུང་། །སྐལ་བཟང་རྣ་བར་རྟག་ཏུ་སྒྲོགས་མཛད་གསོལ། ༢ །གང་དུ་ཆོས་དང་སྲིད་ཀྱི་གཙུག་ལག་གི། །ཉམས་འགྱུར་མཐའ་དག་གཅིག་ཅར་འཆང་བཟོད་པ། །ཡེ་ཤེས་ནོར་བུའི་མེ་ལོང་དྭངས་པའི་ཐུགས། །ཕྱོགས་འདིར་ལྷག་པར་དགྱེས་པའི་ངང་ཚུལ་སྟོན། ༣ །མདོར་ན་བསམ་གྱིས་མི་ཁྱབ་ཡོན་ཏན་དང་། །ཕྲིན་ལས་ས་གསུམ་འགྲོ་བའི་གདུང་སེལ་དུ། །ནམ་ཡང་ནུབ་པ་མེད་པའི་ངོ་མཚར་གྱིས། །རྫོགས་ལྡན་དུས་སྟོན་འབྱོར་པས་རབ་མཛེས་ཤིང་། ༤ །བདག་ཅག་རྣམས་ཀྱང་བྱང་ཆུབ་སྙིང་པོའི་བར། །མཁྱེན་བརྩེའི་གདུགས་དཀར་གྲིབ་མར་ངལ་འཚོ་ལས། །འདི་དང་གཏན་དུ་བདེ་བའི་ཕུན་ཚོགས་ཀྱི། །བཀྲ་ཤིས་རྟག་པ་དམ་པ་ཉིད་གྱུར་ཅིག །སརྦ་དཱ་ཤེ་ཡོ་བྷ་བ་ཏུ།། །།


previousསྲིད་སྐྱོང་རྭ་བསྒྲེང་ནོ་མི་ཧན་ཆེན་པོར་ལེགས་འབུལ་གྱི་ཡི་གེ་སྙན་པའི་རྒྱུད་མང་།next