Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ངོར་ཐར་རྩེ་བླ་བྲང་དུ་ལེགས་འབུལ་གྱི་ཡི་གེ་སྙན་པའི་ཏམྦུ་ར།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངོར་ཐར་རྩེ་བླ་བྲང་དུ་ལེགས་འབུལ་གྱི་ཡི་གེ་སྙན་པའི་ཏམྦུ་ར།next

ངོར་ཐར་རྩེ་བླ་བྲང་དུ་ལེགས་འབུལ་གྱི་ཡི་གེ་སྙན་པའི་ཏམྦུ་ར།


JKT020_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

༈ ངོར་ཐར་རྩེ་བླ་བྲང་དུ་ལེགས་འབུལ་གྱི་ཡི་གེ་སྙན་པའི་ཏམྦུ་ར་ཞེས་བྱ་བ། སཱིནཱཛིན་པའི་བོནུ་པི སཱཀཱལདཱིགར་ྱབྷཱུཏགེ །ཤཱནྟཾབྷཱབཀགནྟབོདྷནཱ། མཱརཾསཱདབྷབེཏྟིགུཧུཀཾ། ཤིན་ཏུ་དག་པ་གཟོད་མའི་ཡེ་ཤེས་ནི། །སྒྲིབ་གཉིས་ཆ་དང་བཅས་པ་སྤང་གྱུར་བས། །སྲིད་དང་ཞི་བའི་སྙིང་པོར་བྱང་ཆུབ་པའི། །གསང་གསུམ་འཆི་མེད་རྟག་པ་ཉིད་གྱུར་ཅིག ༡ །གང་དུ་སྣང་བས་ཀུན་དགའི་དཔལ་སྟེར་བ། །བདུད་རྩིའི་འབྱུང་གནས་ཟླ་བ་གཞན་ཡིན་ཏེ། །རྣམ་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་ཏུ་ཕན་བདེའི་ཟིལ་དངར་གྱིས། །ཉེར་འཚོ་བྱང་ཆུབ་སེམས་འདྲ་གཉིས་པ་མེད། ༢ །དེ་སླད་དཔྱིད་ཀྱིས་བཟུང་བའི་དགའ་ཚལ་ནི། །ཉིན་རེ་བཞིན་ཡང་འཕེལ་བའི་སྐབས་མཐོང་ལྟར། །དེ་བཞིན་ཐབས་དང་དེ་ལས་བྱུང་བ་ཡི། །ཚོགས་ཟུང་བྱེ་བའི་འདུ་འགོད་འཆར་བ་ན། ༣ །སྒྲིབ་པའི་ཚང་ཚིང་མ་ལུས་བསྲེགས་བྱས་ཏེ། །རིག་དང་བརྩེ་བ་རྒྱ་མཚོའི་མཐར་སོན་པས། །སྲས་བཅས་རྒྱལ་བའི་རྣམ་པར་ཐར་པ་དང་། །མི་ཕྱེད་གྲུབ་པའི་དགེ་མཚན་བརྙེས་བཞིན་དུ། ༤ །མཁའ་ཁྱབ་སྐུ་དང་ཡེ་ཤེས་སྒྱུ་མའི་འཕྲུལ། །དམ་པའི་རིགས་ཀྱི་ས་བོན་དང་འགྲོགས་ནས། །འཕགས་དང་མཁས་མང་བྱེ་བས་ཕྱག་བྱས་པའི། །མཚན་དཔེའི་སྣང་བརྙན་སྲིད་ཞིའི་བླ་ན་གསལ། ༥ །དེ་ཚེ་ཐུབ་བསྟན་བཤད་དང་སྒྲུབ་པ་ཡི། །སྣང་བ་དམ་པས་འཇིག་རྟེན་མཛེས་པའི་ཕུལ། །ཡིད་ཅན་དོན་གཉིས་ངལ་འཚོའི་སླད་རྒྱུ་བའི། །ཡོན་ཏན་གཟུགས་ཅན་བཞིན་དུ་འདི་ན་སྣང་། ༦ །མདོར་ན་བསྔགས་འོས་ཕ་མཐའ་ཡས་པའི་གཏམ། །ལན་གཅིག་དད་པའི་ཡི་གར་སིམ་པ་ལས། །རྡུལ་སྙེད་ལུས་ཀྱི་འཁྲི་ཤིང་དུད་དང་བཅས། །ཐལ་མོའི་ཨུཏྤལ་ཟུམ་པའི་དད་ཕྱག་སྟོབ། ༧ །དངོས་འབྱོར་བདོག་པ་ཕྲ་མོས་ཐོག་དྲངས་ཏེ། །བདག་པོས་བཟུང་དང་ཡོངས་སུ་མ་བཟུང་བའི། །རྣམ་མང་མཆོད་པའི་སྤྲིན་གྱི་ཆར་ཆེན་པོས། །ཡེ་ཤེས་གཟིགས་


JKT020_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདུན་སར་མཛེས་པ་དབྱེ། ༨ །མུན་པར་འཕྱན་ལ་སྣང་བ་དམ་པ་བཞིན། །སྒྲིབ་གཉིས་གཞན་དབང་གྱུར་པའི་སྡིག་ལྟུང་ཀུན། །སྟོབས་བཞིའི་ནོར་བུའི་རྔ་ཡབ་འཛུམ་པ་ལས། །ཚངས་པའི་འབྲས་བུས་འབྱོར་པའི་ངལ་འཚོ་བཟུང་། ༩ །མཐོང་དང་མ་མཐོང་ལེགས་སྤྱད་ཇི་སྙེད་པ། །ཟླ་ཤེལ་བདུད་རྩིའི་ཕུང་པོར་འབབས་པའི་དཔྱིད། །དྭང་བའི་ཡིད་མཁར་འཆར་ལ་ཡི་རང་བའི། །ཀུ་མུད་གསར་པའི་དགའ་ཚལ་ཉིན་བཞིན་གྲོལ། ༡༠ །ཤིན་ཏུ་ཟབ་གསང་རྡོ་རྗེ་ནཱ་དའི་དབྱངས། །ལམ་བདེན་བེཟླུར་རྒྱུད་མང་ལ་སྦྱར་བས། །རིགས་ཅན་གསུམ་གྱི་མཐའ་གཉིས་དབུ་མའི་དབྱིངས། །སྤྲོས་པ་བརྟུལ་བའི་གོ་སྐབས་རྟག་ཏུ་སྟོན། ༡༡ །གང་དུ་གཟོད་ནས་ཞི་བའི་མཆོག་བརྙེས་ན། །འཇུག་དང་ལྡང་སོགས་སྣང་ཚུལ་ལས་འདས་ཀྱང་། །བྱིས་བློའི་ངོར་ཡང་སྐྱེ་འགགས་མ་དམིགས་པའི། །འཚོ་གཞེས་དགེ་མཚན་ནུབ་པ་མེད་པར་མཛོད། ༡༢ །དེ་ལྟར་བསགས་དང་དུས་གསུམ་ལེགས་སྤྱད་ཀུན། །འཇམ་དཔལ་གཞོན་ནུའི་མཁྱེན་པའི་ཡོངས་བསྔོ་དང་། །འཇུག་པ་གཅིག་པའི་འདུན་པས་མཚམས་སྦྱར་བས། །བྱང་ཆུབ་སྙིང་པོའི་ཕ་མཐར་སོན་གྱུར་ཅིག ༡༣ །སླད་མའི་ཆར་ཡང་མངོན་པར་འདོད་པའི་དངོས་པོ་ཚིགས་སུ་བཅད་དེ་གསོལ་པ། ཨོཾ་སྭསྟི་ཀུནྡནྟུ། རྣམ་པ་ཀུན་ལྡན་ཡེ་ཤེས་གཅིག་པུ་ཡིས། །གཞན་


JKT020_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མཚན་མའི་ཆོས་ཁམས་དབང་བྱས་པས། །སྣ་ཚོགས་གཟུགས་ཅན་འཆང་བའི་རྫུ་འཕྲུལ་ཅན། །འཆི་མེད་རྡོ་རྗེའི་སྐུ་རུ་འཚོ་གཞེས་གསོལ། ༡ །སྲིད་པའི་འཕོ་བ་མཐའ་དག་དྷ་ཏིའི་དབྱིངས། །བདག་བྱིན་བརླབས་པའི་ཆོ་གས་ཐིམ་གྱུར་པ། །རྡོ་རྗེ་མི་ཤིགས་ནཱ་དའི་དབྱངས་སྙན་པོས། །སྡེ་སྣོད་རྒྱ་མཚོའི་ཆར་ཆེན་འབེབས་པར་མཛོད། ༢ །གཟུང་དང་འཛིན་པའི་སྣང་ཚུལ་ཇི་སྙེད་པ། །འཁོར་འདས་དབྱེར་མི་ཕྱེད་པའི་ཡེ་ཤེས་དང་། །མི་ཕྱེད་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་དབྱིངས། །རྟག་པ་དམ་པའི་དགེ་མཚན་རྫོགས་གྱུར་ཅིག ༣ །མདོར་ན་ཡོན་ཏན་དཔག་བསམ་ལྗོན་བཟང་ནི། །ཕྲིན་ལས་འདོད་དགུར་འཇོ་བའི་གྲགས་དཀར་བཅས། །སྲིད་ན་ནུབ་པ་མེད་པའི་ངོ་མཚར་གཏམ། །ཁོར་ཡུག་རི་བོའི་ཁོངས་སུ་སྙན་པ་དང་། ༤ །མཐའ་ཀླས་བསྟན་དང་འགྲོ་ལ་ཕན་བདེའི་རྒྱུན། །རྫོགས་ལྡན་སྤྲིན་གྱི་འཛུམ་དཀར་ལས་འོངས་པའི། །དགེ་ལེགས་ནོར་བུའི་གྲུ་ཆར་རབ་གཡོ་བས། །ས་གསུམ་བཀྲ་ཤིས་སྣང་བ་འབར་གྱུར་ཅིག ༥ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།ཞེས་པའི་ལེགས་འབུལ་གྱི་ཡི་གེ་ལེ་ཚན་འདི་རྣམས་ཀྱང་ཕུར་བུ་ཞེས་པ་ས་སྤྲེལ་ལོར་མཁན་ཆེན་རྡོ་རྗེ་འཆང་མཉྫ་ཤྲཱི་བྷ་དྲ་ཡུལ་དབུས་འགྱུར་འཆང་དུ་ཆིབས་བསྐྱོད་གནང་སྐབས་བཀའ་ཡི་ཅོད་པན་སྤྱི་བོར་བཅིངས་པ་ལ་བརྟེན་ནས་རིག་པར་སྨྲ་བ་མཉྫགྷོ་ཥའི་བློ་མཚོ་ལས་ཕྱུང་བའོ།། །།


previousངོར་ཐར་རྩེ་བླ་བྲང་དུ་ལེགས་འབུལ་གྱི་ཡི་གེ་སྙན་པའི་ཏམྦུ་ར།next