Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་མགོན་ས་སྐྱའི་གདུང་སྲས་རིན་པོ་ཆེ་མཆེད་ཞལ་ཆོས་ཁྲིར་མངའ་གསོལ་བའི་ལེགས་འབུལ་གྱི་ཤིས་བརྗོད་མེ་ཏོག་དཀར་པོའི་དོ་ཤལ།
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་མགོན་ས་སྐྱའི་གདུང་སྲས་རིན་པོ་ཆེ་མཆེད་ཞལ་ཆོས་ཁྲིར་མངའ་གསོལ་བའི་ལེགས་འབུལ་གྱི་ཤིས་བརྗོད་མེ་ཏོག་དཀར་པོའི་དོ་ཤལ།next

འཇམ་མགོན་ས་སྐྱའི་གདུང་སྲས་རིན་པོ་ཆེ་མཆེད་ཞལ་ཆོས་ཁྲིར་མངའ་གསོལ་བའི་ལེགས་འབུལ་གྱི་ཤིས་བརྗོད་མེ་ཏོག་དཀར་པོའི་དོ་ཤལ།


JKT020_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཇམ་མགོན་ས་སྐྱའི་གདུང་སྲས་རིན་པོ་ཆེ་མཆེད་ཞལ་ཆོས་ཁྲིར་མངའ་གསོལ་བའི་ལེགས་འབུལ་གྱི་ཤིས་བརྗོད་མེ་ཏོག་དཀར་པོའི་དོ་ཤལ་ཅེས་བྱ་བ་བཞུགས་སོ། ༈ །སྡེབ་སྦྱོར་མཉམ་པའི་བྲིཏྟ་ཡི་གེ་བཅོ་བརྒྱད་པ་བསྟན་འཛིན་གྱི་བྱེ་བྲག ༣༣༡༥༧ གྱི་མཚམས་ནས་ཟིན་པ་མེ་ཏོག་གཡོ་བའི་འཁྲི་ཤིང་ཞེས་བྱ་བའི་པྲསཱརའོ། ཨཀཱཡརིག་ཆཛལཛྷིནྡྷོ་ལིཀྲྀནུཔོསྤྱི་བོདྲུགམཱནཾབྷབནསརསོདྷརྨཙསཱིཏབཱཀྱེ། ༼འདིའི་ནང་རི་མོ་ཡོད།༽


JKT020_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གཉྫིརཤཱནྟཾསུབིདlཔུལཾཙིཏྟབིཀྵཤབྷཱཁཾ མངྒལྱཤཱསྟིསཔརམསྲྀདུཤྲཱིཀུམཱརེཎཀུམཱཏུ། །ཤིས་པར་བརྗོད་པའི་སྒོ་དང་པོ་སྟོན་པ་དང་འཇམ་དཔལ་གྱི་གསང་གསུམ་ལ་བསྔགས་པའོ། །རྨད་བྱུང་ཚོགས་གཉིས་ཆུ་གཏེར་ལས་འོང་མཚན་དཔེའི་སྐུ། །ལུང་དང་རྟོགས་པའི་ཆོས་ཕུང་རྒྱ་མཚོ་སྤྲོ་བའི་གསུང་། །ཟབ་ཞི་སྤྲོས་བྲལ་ཡེ་ཤེས་ཆེན་པོའི་ཐུགས་མངའ་བའི། །སྟོན་མཆོག་འཇམ་དཔལ་གཞོན་ནུར་བཅས་པས་ཤིས་པར་མཛོད། ༡ །བཀྲ་ཤིས་སྲིད་དང་ཞི་བའི་དགེ་མཚན་བདུད་རྩིའི་ཕུང་པོ་དལ་འབབས་པའི། །བཀྲ་ཤིས་མཚན་གྱི་སྟེང་འཐུང་དཀར་པོ་ཆེས་ཆེར་རྒྱས་པའི་མཚར་སྡུག་ཅན། །བཀྲ་ཤིས་སྣང་བ་དམ་པའི་དཔལ་སྟེར་ཟས་གཙང་སྲས་དང་འཇམ་མགོན་གྱི། །བཀྲ་ཤིས་གཟུགས་སྐུའི་ཟླ་བ་གསར་པས་ཕན་བདེའི་ངལ་འཚོ་སྦྱིན་གྱུར་ཅིག ༢ །ངོ་མཚར་ཐོག་མཐའ་བར་གསུམ་དགེ་བའི་ཞི་བསིལ་ཆོས་ཕུང་རྒྱ་མཚོའི་ཚུལ། །ངོ་མཚར་དབྱངས་ཀྱི་ཡན་ལག་དྲུག་ཅུའི་ནོར་བུའི་རྒྱུད་མང་ལ་ཆགས་པས། །ངོ་མཚར་ལྷར་བཅས་འཇིག་རྟེན་གསུམ་ན་ཀུན་དགའི་མཆོག་སྦྱིན་ཉི་མའི་གཉེན། །ངོ་མཚར་རྒྱལ་སྲས་ཐུ་བོར་བཅས་པས་འགྲོ་བའི་དམ་པའི་ལམ་དུ་སྲུངས། ༣ །རྣམ་པར་བཅས་པའི་འཇུག་ལྡང་མ་ལུས་ཞི་བའི་དབྱིངས་སུ་སིམ་གྱུར་པའི། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་གར། །རྣམ་འདྲེན་རྨད་བྱུང་ཤཱཀྱའི་


JKT020_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་དང་རྡོ་རྗེ་རྣོན་པོའི་ཐུགས་རྗེ་ཡིས། །རྣམ་ཀུན་ཕུན་སུམ་ཚོགས་པའི་གཞི་གྱུར་དགེ་ལེགས་མེ་ཏོག་ཆར་དུ་བསྙིལ། ༤ །རྨཙྩམཱརསིདྡྷཀུལསྱསུབྲྀཀྵབེསྡེབ་སྦྱོར་ཡི་གེ་བཅུ་པ་ཕྲེང་ལྡན་མའི་བྱེ་བྲག་དག་པའི་སྣང་བའོ། །སཱནྡྷནཾཤུབྷཔུལླབརྙནཱ པུརྦབྷུཤྩཙིམནྡརེཤྭརཿ ཤིས་བརྗོད་ཀྱི་སྒོ་གཉིས་པ་ས་སྐྱའི་གདུང་རབས་སྤྱི་དང་། འཇམ་མགོན་ས་པཎ་ལ་ཁྱད་པར་དུ་བསྔགས་པ། འཇམ་དཔལ་མཁྱེན་པའི་སྣང་བ་གསར་པ་ནི། །འཆི་མེད་གྲུབ་པའི་རིགས་ཀྱི་ལྗོན་བཟང་དང་། །འགྲོགས་པའི་དགེ་མཚན་མེ་ཏོག་དར་བབས་པ། །སྔོན་མེད་དཔག་བསམ་དབང་པོ་ས་སྐྱ་པ། ༡ །གང་དེའི་ཕྲིན་ལས་ནོར་བུའི་ཆུ་གཏེར་སྲིད་པའི་རྩེ་མོར་རབ་གཡོ་བར། །གང་གིས་རེག་པའི་དེ་མ་ཐག་ནས་ཕན་བདེའི་འདོད་དགུ་སྦྱིན་ནོ་ཞེས། །གང་དག་ས་གསུམ་འགྲོ་བའི་རྣ་ལུང་ཡང་ཡང་མཛེས་བྱས་ངོ་མཚར་ཅན། །གང་ཞིག་འཁོན་གདུང་བརྒྱུད་པར་བཅས་ལ་གུས་པས་བསྔགས་པར་མི་བགྱིད་སུ། ༢ །ཁྱད་པར་བཟོ་གསོ་པདྨོ་དགོད་པར་སྒྲ་དང་ཚད་མའི་བདུད་རྩི་ཡིས། །རབ་ཏུ་ལྕི་བའི་སྙིང་པོ་ཡིད་འོང་སྡེ་སྣོད་རྒྱུད་སྡེའི་འབྲས་བུས་གཏམས། །ཚིག་རྒྱན་སྡེབ་སྦྱོར་མངོན་བརྗོད་ཟློས་གར་སྐར་རྩིས་རིག་པའི་གྲིབ་བསིལ་གྱིས། །རྒྱལ་བ་དགྱེས་པའི་ལམ་བཟང་གསལ་མཛད་འཇམ་དཔལ་མགོན་དངོས་པཎྜི་ཏ། ༣ །མཁས་པས་མཁས་པའི་ལེགས་བཤད་གཏམ་གྱིས་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་ལྡན་བྱེ་བའི་བརྟན་པ་འཕྲོག །གྲུབ་པས་གྲུབ་པའི་ངོ་མཚར་མཐའ་ཀླས་སྐལ་བཟང་ཀུན་དགའི་རྒྱལ་མཚན་འཛིན། །ཡོན་ཏན་ཡོན་ཏན་དུ་མའི་གཞི་གྱུར་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི། །ཤིས་པས་ཤིས་པའི་བདུད་རྩིའི་བརླན་གྱིས་ཕན་བདེའི་ཨུཏྤལ་དབྱེ་མཛོད་ཀྱེ། ༤ །མཉྫནཱཐབྷམིཤུཀླཔཊ དྷརྨཙཀྲཡོབསནྟབནྟི སྡེབ་སྦྱོར་རྨ་བྱའི་འགྲོས་སོ། །མཎྜམཱསནཾམནོམདཱིདཾཤཱནབྷབཡོཤུབྷསྤུཊབཱ། ཤིས་བརྗོད་སྒོ་གསུམ་པ་མཚན་གསུམ་དང་ལྡན་པའི་ཆོས་ཁྲི་རིན་པོ་ཆེ་དང་དམ་པའི་ཚུལ་དགུ་སྦྱར་བ། འཇམ་མགོན་ས་སྐྱ་པཎྜི་ཏའི། །ཆོས་ཀྱི་འཁོར་ལོས་བསྒྱུར་བའི་དཔྱིད། །ནོར་བུའི་ཁྲི་འཕང་མཐོན་པོ་འདིར། །སྲིད་ཞིའི་དགེ་མཚན་ཅིར་ཡང་དར། ༡ །རབ་འབྱམས་གཞུང་ལུགས་མང་དུ་ཐོས་དང་དེ་དོན་བསམ་པའི་འོད་རིས་ཅན། །རབ་འབྱམས་སྒོམ་སྤངས་གནས་ལུགས་མངོན་གྱུར་འཁོན་གདུང་ཉིན་མོར་བྱེད་པའི་ཕྲེང་། །རབ་འབྱམས་ལྷར་བཅས་སྐྱེ་རྒུའི་དབུས་ན་ཆོས་ཀྱི་ཁྲི་འདིར་ཞབས་བཀོད་པས། །རབ་འབྱམས་མཁས་པའི་རྒྱུ་སྐར་ཚོགས་ཀུན་ཟིལ་གྱིས་གནོན་པའི་གྲགས་པས་མཛེས། ༢ །སྙན་སྙན་ལེགས་བཤད་འཆད་པའི་འཁོར་ལོས་སྐལ་བཟང་རྣ་བར་བདུད་རྩིར་བྱེད། །གསལ་གསལ་འགལ་འབྲེལ་རྩོད་པའི་འཁོར་ལོས་ཕས་རྒོལ་སྙིང་ལ་གདུང་བ་སྦྱིན། །མཁས་མཁས་སྡེབ་ལེགས་རྩོམ་པའི་འཁོར་ལོས་རྒྱལ་


JKT020_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཡུན་རིང་རྒྱས་མཛད་པའི། །མང་མང་དམ་པའི་བགྱི་བ་གསུམ་ལྡན་དགེ་མཚན་རྒྱུན་མི་འཆད་པར་སྒྲོགས། ༣ །ཕུལ་བྱུང་མཁྱེན་པའི་ཡེ་ཤེས་སྒྲིབ་མེད་ཟླ་བ་ནོར་བུའི་ཐང་ཡངས་པར། །ཕུལ་བྱུང་ཟབ་མོ་སྟོང་པ་ཉིད་དང་བརྩེ་བའི་སྙིང་རྗེ་ཆེ་ལྡན་པའི། །ཕུལ་བྱུང་མཐུ་སྟོབས་ནུས་པའི་མངའ་བདག་མཚན་མཆོག་གསུམ་ལྡན་གདུང་རབས་ཀྱིས། །ཕུལ་བྱུང་དགེ་མཚན་ཕྲག་བརྒྱས་མཛེས་བྱས་རྡོ་རྗེའི་གདན་འདིར་དགེ་ལེགས་སྩོལ། ༤ །ཅེས་རབ་ཡིད་མཛེས་བྱེད་ལོར་འཇམ་མགོན་ས་སྐྱ་པའི་གདུང་སྲས་རིན་པོ་ཆེ་མཆེད་ཞལ་ཆོས་ཁྲི་ཆེན་མོར་མངའ་གསོལ་བའི་ལེགས་འབུལ་གྱི་སྔོན་འགྲོའི་ཤིས་བརྗོད་མེ་ཏོག་དཀར་པོའི་དོ་ཤལ་ཅེས་བྱ་བ་འདིའང་། བདག་ཆེན་འཇམ་པའི་དབྱངས་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱི་ཞལ་སྔ་ནས་ཚུལ་འདི་ལྟ་བུ་ཞིག་སྦྱོར་ཞིག་ཅེས་ཟིན་ཐོ་དང་བཅས་བཀའ་སྩལ་བ་ལྟར། རྒྱལ་ཁམས་ཉུལ་བའི་ད་རི་དྲྭ་མཁྱེན་བརྩེའི་མིང་གིས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོའི་ཕུན་ཚོགས་ཞབས་བརྟན་ལྷ་ཁང་དུ་བྲིས་པ་སརྦ་པྲ་ཛབྷུསྶཐེཡནྟུ།། །།


previousའཇམ་མགོན་ས་སྐྱའི་གདུང་སྲས་རིན་པོ་ཆེ་མཆེད་ཞལ་ཆོས་ཁྲིར་མངའ་གསོལ་བའི་ལེགས་འབུལ་གྱི་ཤིས་བརྗོད་མེ་ཏོག་དཀར་པོའི་དོ་ཤལ།next