Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ས་སྐྱོང་སྡེ་ན་ཤུ་བྷ་ནས་འཇིག་རྟེན་དབང་ཕྱུག་ཀརྨ་ཀར་ལེགས་འབུལ་སྟོབ་པའི་ཡི་གེ་བདུད་རྩིའི་རྒྱུད་མང་།
   
   
   
   
   
   
   
   
   
   
   
   
   
   


 
previousས་སྐྱོང་སྡེ་ན་ཤུ་བྷ་ནས་འཇིག་རྟེན་དབང་ཕྱུག་ཀརྨ་ཀར་ལེགས་འབུལ་སྟོབ་པའི་ཡི་གེ་བདུད་རྩིའི་རྒྱུད་མང་།next

ས་སྐྱོང་སྡེ་ན་ཤུ་བྷ་ནས་འཇིག་རྟེན་དབང་ཕྱུག་ཀརྨ་ཀར་ལེགས་འབུལ་སྟོབ་པའི་ཡི་གེ་བདུད་རྩིའི་རྒྱུད་མང་།


JKT020_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་སྐྱོང་སྡེ་ན་ཤུ་བྷ་ནས་འཇིག་རྟེན་དབང་ཕྱུག་ཀརྨ་ཀར་ལེགས་འབུལ་སྟོབ་པའི་ཡི་གེ་བདུད་རྩིའི་རྒྱུད་མང་ངོ་། །ཤྲཱི་བི་ཛ་ཡནྟུ། སྲས་བཅས་རྣམ་འདྲེན་ཡོངས་ཀྱིས་རབ་བསྔགས་ནོར་བུའི་མེ་ལོང་ཕྱིས་པའི་ངོགས། །མཐའ་ཀླས་ཡོན་ཏན་དུ་མས་ཉེར་བཟུང་མཚན་


JKT020_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རི་མོ་སྣང་བའི་དཔྱིད། །གང་གིས་ཐོབ་ན་ཐམས་ཅད་མཁྱེན་པའི་གོ་འཕང་དམ་པར་ལེགས་སྦྱོར་བའི། །རིགས་དང་དཀྱིལ་འཁོར་ཀུན་གྱི་ཅོད་པན་རྒྱལ་བ་མཆོག་གི་ཞབས་པདྨོར། ༡ །ཁྱོད་ཚུལ་གསང་གསུམ་ངོ་མཚར་རྨད་བྱུང་སྤྲིན་གྱི་བུ་མོའི་ཏམྦུ་ར། །ཤིན་ཏུ་གུས་པའི་གཟུ་བོའི་བློ་ཅན་མདོངས་མཐའི་རྣ་བར་ལྷུར་ཙམ་ནས། །ཕྱིར་ཞིང་མི་ཕྱེད་དད་གསུམ་རྒྱས་པའི་ཟློས་གར་ཉིན་བཞིན་བསྒྱུར་བ་ཡིས། །ལྷ་དང་བཅས་པའི་ཡིད་ཅན་ཀུན་ཀྱང་བརྟན་པ་བསྙིལ་བའི་བྱེད་པོར་གྱུར། ༢ །གཟོད་ནས་སྤྲོས་པའི་མཐའ་ལས་རྣམ་གྲོལ་ཕྱག་ན་པདྨོའི་ཡེ་ཤེས་ནི། །སེམས་ཅན་ཁམས་དང་མཐུན་པར་འཇུག་པའི་སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་ཕྱིར། །ཚུར་མཐོང་བྱིས་བློའི་དགའ་བ་བསྒྲུབ་ལ་ངུར་སྨྲིག་གསར་པའི་ལང་ཚོ་ཅན། །གངས་ཅན་རི་བོའི་བསོད་ནམས་མགྲོན་དུ་ཉིན་ཕྱེད་འཆར་ཀའི་ཟོལ་གྱིས་འོངས། ༣ །དེ་ཚེ་རབ་ཞིའི་ཆུ་གཏེར་འཕྱུར་བའི་རླབས། །ཡིད་འཕྲོག་སྙིང་རྗེའི་ཟླ་བ་གསར་པ་ཅན། །མཚན་དཔེའི་དུམ་བུ་རྫོགས་པའི་མཚར་སྡུག་གིས། །ཕུན་ཚོགས་ཕན་བདེའི་ཀུ་མུད་མཆོག་ཏུ་རྒྱས། ༤ །བཅུ་ཚུ ཕྲག་དྲུག་གི་སྤྲིང་ཡིག་ནཱ་དའི་དབྱངས། །མི་ཕྱེད་ལུང་དང་རྟོགས་པའི་ཉམས་འགྱུར་རྒྱུན། །ཡིད་ཅན་གང་གིས་ཐོས་པའི་དེ་འདྲོག་ཏུ། །ཞི་བསིལ་བདེ་བའི་དཔལ་ནི་ལག་རྩེར་སྦྱིན། ༥ །གཅིག་དང་དུ་མ་


JKT020_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་ཡེ་ཤེས་ནི། །སྤྲོས་པའི་ཕ་མཐར་གཞར་ཡང་མི་གནས་ཀྱང་། །གཟུངས་དང་སྤོབས་པ་ཏིང་འཛིན་བྱེ་བའི་སྒོ། །འབྱེད་ལ་སྲས་བཅས་རྒྱལ་དང་རྗེས་སུ་མཚུངས། ༦ །མི་ཟད་ཡོན་ཏན་ཕུང་པོའི་མཆིལ་པ་ཡིས། །གང་ལ་ཐེབས་པ་ཙམ་ནས་དོན་གཉིས་ཀྱི། །དགའ་སྟོན་ལྷུག་པར་སྦྱིན་ལ་གདེངས་ཅན་དབང་། །གཙུག་ན་མངོན་མཐོའི་ནོར་བུས་མཚོན་མ་ཡིན། ༧ །ཐབས་མཁས་ཕྲིན་ལས་མཛེས་མའི་འགྲམ་ཆང་གིས། །གདུལ་དཀའི་འགྲོ་ཁམས་བ་ཀུ་ལ་ཡི་ཤིང་། །བྲན་པའི་མོད་ནས་ཐར་དང་རྣམ་མཁྱེན་གྱི། །མེ་ཏོག་གཅིག་ཅར་གྲོལ་བའི་གྲགས་སྙན་མཐོ། ༨ །མཚན་བཟང་ཟ་མ་ཏོག་ཏུ་རྒྱས་བཏབ་པའི། །བྲལ་སྨིན་རིན་ཆེན་རྡུལ་མང་གཡོ་བའི་ལྕིད། །མ་བཟོད་འོད་སྲུང་བྱིན་གྱི་བུ་མོ་ཡང་། །རྣམ་པ་དྲུག་ཏུ་འདར་བའི་ཚུལ་སྟོན་བཞིན། ༩ །ཁྱད་པར་འདི་ན་སྐྱེ་བར་གོམས་པའི་སྐལ་བ་བཟང་པོའི་པད་མཚོ་རུ། །གང་གི་ཞབས་སེན་ཉི་གཞོན་འཆར་ཀའི་རྡུལ་ཕྲེང་དམར་པོས་བཏབ་པའི་ཚེ། །འདི་དང་གཏན་གྱི་བདེ་བ་མཐར་སོན་ཕུན་ཚོགས་མཚར་སྡུག་རྫོགས་པ་ལ། །ཡིད་སྲུབས་དཔུང་བཅས་ངོ་ཚའི་མཐར་གྱུར་ལུས་མེད་ཟོལ་གྱིས་ཡིབས་པ་བཞིན། ༡༠ །སླར་ལ་མཉན་པར་འོས་པའི་ལེགས་གསུང་དང་། །ལྷན་ཅིག་དངོས་པོའི་བདོག་པ་གྱ་ནོམ་བཅས། །རྫོགས་ལྡན་གསར་པའི་དགའ་སྟོན་སྒྲུབ་པ་ཡི། །


JKT020_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞིའི་དགེ་མཚན་སྣང་བ་འབྱམས་སུ་ཀླས། ༡༡ །དེ་ཚེ་མཆོག་ཏུ་དྭངས་པའི་ཆུ་གཏེར་ལས། །ཚོགས་གཉིས་ཉི་ཟླའི་སྣང་བ་སྤྲོས་པའི་མོད། །རང་གཞན་བསོད་ནམས་འདུ་འགོད་གསར་རྩོམ་པའི། །གྲགས་དཀར་རི་བོའི་ཁོངས་སུ་རྒྱུ་བ་ན། །མཐའ་ཀླས་ཡིད་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱང་། །འཇིག་རྟེན་གསུམ་གྱི་མགོན་པོ་ཀརྨ་ཀའི། །གསང་གསུམ་ཡེ་ཤེས་ཕུང་པོ་བསྙེན་ཙམ་ནས། །རྣམ་གྲོལ་ཐར་པའི་ངལ་འཚོ་ཅིར་ཡང་རྒྱས། ༡༢ །མདོར་ན་འཇུག་དང་ལྡང་བའི་མཚན་མ་ཟབ་ཞི་སྤྲོས་བྲལ་དབྱིངས་སིམ་བཞིན། །བརྩེ་ཆེན་ཡེ་ཤེས་གཟིགས་པའི་ཕྲིན་ལས་ཕྱོགས་འདི་ཁོ་ནར་རྗེས་དགོངས་པར། །བཀའ་དྲིན་ཕ་མཐས་མཚོན་ནུས་མིན་ཀྱང་ཤིས་པའི་ཚིག་གིས་མདུན་བདར་ནས། །དངོས་འབྱོར་མཆོད་སྤྲིན་ཅུང་ཟད་སྟོབས་འདིར་ཐུགས་རྗེའི་སྤྱན་གྱིས་བཙའ་བར་གསོལ། ༡༣ །སླར་སྨྲས་པ། བྱང་ཆུབ་སྤྱོད་པའི་རིན་ཆེན་འབྱུང་གནས་གཏིང་མེད་སྡིག་བྲལ་མི་ཟད་པ། །བསྲུབས་སྐྱེས་དཔལ་དང་བདུད་རྩིའི་གཏེར་གྱུར་ཟླ་བ་གསར་པའི་རེ་ཁཱ་ནི། །བློ་ལྡན་རྣམས་ཀྱིས་བསྙེན་པར་འོས་ཞེས་གྲགས་དཀར་སྲིད་ན་མཚུངས་མེད་པར། །སྒོ་གསུམ་གུས་པའི་བློ་དང་ལྷན་ཅིག་ཐལ་མོའི་ཆུ་སྐྱེས་སྙིང་གར་ཟུམ། །གང་ཞིག་བླ་ན་ཡོད་དང་མེད་པའི་མཆོད་པའི་སྤྲིན་ཕུང་འབྱམས་ཀླས་པ། །ཕ་མཐའ་བཟུང་ལ་ནམ་


JKT020_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཛའ་མིན་འཆི་མེད་ལམ་གྱི་སྤུན་ཟླ་ཅན། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་རྒྱས་པར་དཀྲིགས་པའི་ངོ་མཚར་གྱིས། །ཡེ་ཤེས་གཟིགས་པའི་འབབ་སྟེགས་དམ་པ་དུས་གསུམ་ཀུན་ཏུ་མཛེས་པར་བགྱི། ༢ །ཡང་སྲིད་མང་པོར་གོམས་པ་བརྟས་པའི་སྡིག་ལྟུང་མིག་སྨན་ཚོན་རིས་ཀྱིས། །བསོད་ནམས་ལམ་དང་མྱ་ངན་འདས་པའི་ལང་ཚོའི་མཛེས་པ་རྨ་དབབས་པས། །འཕགས་རྣམས་དགྱེས་པའི་གོ་སྐབས་བྲལ་བའང་སྟོབས་བཞིའི་གངྒའི་རྒྱུན་བཟང་པོས། །སོ་སོར་སྦྱངས་ཤིང་སླར་ལ་སྡོམ་པས་ཞི་བའི་མཚར་སྡུག་ཅིར་ཡང་འབར། ༣ །ཚད་མར་གྱུར་པས་འགྲོ་ལ་ཕན་བཞེད་སྟོན་པ་བདེ་བར་གཤེགས་།。 པ་ཡི། །གསུང་གི་རྗེས་སུ་བསླབ་ལ་བརྩོན་པའི་འཕགས་དང་སོ་སྐྱེའི་ཚོགས་རྣམས་དང་། །དུས་གསུམ་རྣམ་འདྲེན་ཡོངས་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པ་ཀརྨ་ཀའི། །རྣམ་པར་ཐར་པ་དྲན་པའི་མོད་ནས་རྗེས་སུ་ཡི་རང་དགའ་བས་བརླན། ༤ །ཐོག་མཐའ་བར་གསུམ་རྣམ་པར་དགེ་བའི་ལམ་བདེན་སྤྲིན་གྱི་རྔ་གསང་ནི། །སྤྲོས་པའི་མཚན་མ་ཉེ་བར་ཞི་བ་འགོག་བདེན་བདུད་རྩིའི་སྙིང་པོ་ཅན། །འགྲོ་རྣམས་མ་རིག་གཉིད་ལས་སློང་ཕྱིར་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་ཏུ། །ཕྱག་ན་པདྨོ་དགྱེས་པའི་ཞལ་ལས་རྟག་པ་རྒྱུན་དུ་སྒྲོག་མཛད་གསོལ། ༥ །ཀུན་བརྟགས་འཁྲུལ་པའི་རྒྱུ་བ་ཇི་སྙེད་འོད་གསལ་དབུ་མའི་


JKT020_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་སིམ། །གཞན་དབང་སྐུ་དང་ཡེ་ཤེས་ཕྲིན་ལས་པྲ་ཕབ་བརྒྱད་ཀྱི་སྣང་བརྙན་ཅན། །ཡོངས་གྲུབ་གཙང་རྟག་བདེ་བའི་བདག་ཉིད་འགྱུར་བ་མེད་པའི་དེ་ཁོ་ནར། །འཚོ་ཞིང་གཞེས་པའི་དགེ་མཚན་སྣང་བ་བསྐལ་པ་རྒྱ་མཚོར་འབར་གྱུར་ཅིག ༦ །དེ་ལྟའི་དགེ་ཚོགས་སྐལ་ལྡན་ཤིང་རྟ་མཚན་འཛིན་དྲི་མས་དབེན་བཞིན་དུ། །ཐར་པ་དམ་པའི་ཤུལ་ལམ་ལ་ཞུགས་བྱང་ཆེན་རྒྱ་མཚོར་རོ་གཅིག་པས། །གནས་སྐབས་མཐར་ཐུག་བསམ་པའི་དོན་ཀུན་ཡིད་བཞིན་ཉིད་དུ་འཇོ་བ་དང་། །བསྟན་འགྲོར་ཤིས་པའི་སྣང་བ་གསར་པས་འཇིག་རྟེན་གསུམ་ན་ཁྱབ་གྱུར་ཅིག ༧ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།ཞེས་པའང་བྷུ་མི་པཱ་ལ་སེ་ནཱ་ཤུ་བྷའི་རྒྱལ་ཐབས་ཀྱི་ཡི་གེ་པ་གཅེན་པྲཛྙཱ་སིང་ཧས་བསྐུལ་ངོར་ཚངས་སྲས་དགྱེས་པའི་བློ་ལྡན་གྱིས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་བྲིས་པ་དགེ། །།


previousས་སྐྱོང་སྡེ་ན་ཤུ་བྷ་ནས་འཇིག་རྟེན་དབང་ཕྱུག་ཀརྨ་ཀར་ལེགས་འབུལ་སྟོབ་པའི་ཡི་གེ་བདུད་རྩིའི་རྒྱུད་མང་།next