Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ས་སྐྱོང་ཆོས་རྒྱལ་ཆེན་པོ་སེ་ནཱ་ཤུ་བྷར་ལེགས་འབུལ་གྱི་ཡི་གེ་པུཎཱརཱི་ཀའི་དོ་ཤལ།
   
   
   
   
   
   
   
   
   
   
   


 
previousས་སྐྱོང་ཆོས་རྒྱལ་ཆེན་པོ་སེ་ནཱ་ཤུ་བྷར་ལེགས་འབུལ་གྱི་ཡི་གེ་པུཎཱརཱི་ཀའི་དོ་ཤལ།next

ས་སྐྱོང་ཆོས་རྒྱལ་ཆེན་པོ་སེ་ནཱ་ཤུ་བྷར་ལེགས་འབུལ་གྱི་ཡི་གེ་པུཎཱརཱི་ཀའི་དོ་ཤལ།


JKT020_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་སྐྱོང་ཆོས་རྒྱལ་ཆེན་པོ་སེ་ནཱ་ཤུ་བྷར་ལེགས་འབུལ་གྱི་ཡི་གེ་པུཎཱརཱི་ཀའི་དོ་ཤལ་ཅེས་བྱ་བ། ཀལྱཱཎཾནཱམཾསུངལནམྲྀཏཾཀཎྞཀིཤཱིཥབཱནེ ཀལྱཱཎཾཧིཏུཾསུཁབྲྀཡབནཾཔུཎཾབུཎཱརཱིཀཔྲབནྟཾ། མེ་ཏོག་གཡོ་བའི་འཁྲི་ཤིང་ཞེས་བྱ་བའི་ཕྲ་སྣ་རའོ། །ཀལྱཱཎཾཤཱཏྟིབྷབཡཤསིབྷཱàསུདཱནཊིརཏྟཱི ཀལཱཎཾ ཤེཡོབཔབརཡོཐཔུཏྠཾབྲྀཐཔྲཡཙྪ། བཀྲ་ཤིས་མཚན་གྱི་བདུད་རྩིའི་བཅུད་ལེན་ཐོས་འཛིན་དཔྱིད་དུ་བཏུང་ཙམ་གྱིས། བཀྲ་ཤིས་ཕན་བདེའི་པུཎྜ་རཱི་ཀའི་དགའ་ཚལ་རབ་ཏུ་རྒྱས་མཛད་ཅིང་། བཀྲ་ཤིས་སྲིད་དང་ཞི་བའི་དཔལ་སྟེར་དཀོན་ཅོག་གསུམ་ཞེས་གྲགས་འབར་བས། བཀྲ་ཤིས་ས་ཡི་ཚངས་པ་མཆོག་ལ་དགེ་ལེགས་མེ་ཏོག་ཆར་དུ་བསྙིལ། ༡ །ནོམྲྀཏུསིདྡྷབྷིཙརཱདྷཱབཱནཾ ནོམྲྀཏྟནིཏཱམྲྀཏནབྱཀཱནྟཾ། བློཀ་གཉིས་སྡེབ་སྦྱོར་དབང་པོ་རྡོ་རྗེའོ། །


JKT020_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ནོམྲྀཏྟཱནཱཐེནྡྲཀརུཙྪཛཱིཔཾ ནོམྲྀཏུཙཛཱནསཏགྲདེཉི། །འཆི་མེད་གྲུབ་པའི་ཆུ་གཏེར་གཡོ་བ་ལས་བྱུང་བའི། །འཆི་མེད་རྟག་པའི་བདུད་རྩི་སར་པས་མཛེས་བྱས་པ། །འཆི་མེད་མགོན་པོའི་ཐུགས་རྗེའི་ཤར་གྱི་ཐིག་ལེ་ཡིས། །འཆི་མེད་ཚེ་དང་ཡེ་ཤེས་དམ་པའི་མཆོག་སྩོལ་ཅིག ༢ །ལཀྵིམཙཏུ ཙསུབྷཱུཏིསེནཱལཀིདཤིཤོབྷནདཱིཔཱཤུཀྐི༔ ལཀྵིཏཱིདྷམཱུབྲིཡབཱརཱདཱནཾ ལཀྵིམཎིརཱསནཙིཏཱམཱུལཾ། །ཕུན་ཚོགས་སྡེ་བཞིའི་དཔལ་གྱི་འབྱོར་པ་དང་། །ཕུན་ཚོགས་དགེ་བཅུའི་སྣང་བ་དཀར་པོ་ཡིས། །ཕུན་ཚོགས་ས་གསུམ་ཀུན་དགའི་མཆོག་སྦྱིན་པའི། །ཕུན་ཚོགས་ཞབས་སྟེགས་ནོར་བུས་བཀྲ་བའི་དྲུང་། ༣ །ཁྱོད་ཚུལ་ཤིན་ཏུ་བསྔགས་པར་འོས་པ་དཔྱིད་དཔལ་ཇི་བཞིན་དར་བབས་པས། །ཀུན་ཏུ་དགའ་བའི་ཡིད་ཀྱི་རྟོག་པ་པདྨོ་ལྟ་བུར་རྒྱས་པའི་རླབས། །རྨད་བྱུང་བསྔགས་པའི་སྦྲང་རྩིའི་ཐིག་པ་འགོགས་པ་མེད་པར་འཇོ་བ་ཡིས། །ས་སྤྱོད་སྤྱན་གྱི་འབབ་སྟེགས་གསར་པ་གཅིག་ཏུ་མཛེས་པའི་གོ་སྐབས་སྒྲུབས། ༤ །བསོད་ནམས་དཔག་ཡས་ཆུ་གཏེར་གཡོ་བ་སྙིང་རྗེའི་སྲུབས་ཐག་གིས་བསྐུལ་བས། །སྡེ་བཞིའི་འཆར་ཀའི་དམར་བས་ཉེར་དྲངས་དགེ་ལེགས་བདུད་རྩིའི་དོ་ཤལ་ཅན། །ཆོས་སྲིད་རྒྱལ་ཐབས་ཡན་ལག་བདུན་ལྡན་ཆེ་དགུའི་རལ་པའི་རི་དབང་སྤོར། །ཞབས་ཀྱི་རྡུལ་ཕྲེང་མཛེས་པ་འབར་བས་སྔོན་མེད་ཟླ་ཤེལ་གཞོན་ནུར་


JKT020_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ༥ །དེ་ཚེ་རང་སྡེ་བྱམས་པས་སྐྱོང་ཡང་མི་སྲུན་སྙིང་ལ་གདུང་བ་སྟེར། །ལྷར་བཅས་ཀུན་དགའི་དཔལ་དུ་གྱུར་ཀྱང་ཡིད་སྲུབས་སྡེར་བཅས་བརྟན་པ་འཕྲོག །གྲགས་དང་ཤེས་རབ་འབྱོར་པ་འཕེལ་ཡང་ཚུལ་མིན་རྒུད་པ་རིང་བཅད་པའི། །རྣམ་ཐར་ཡི་གེ་ལི་ཁྲིའི་ཚོན་རིས་ཕྱོགས་ཀྱི་བུ་མོའི་མཁུར་ཚོས་བྱིན། ༦ །ཨེ་མ་ཤར་རིའི་ཕྲག་པས་བསྟེན་བྱས་ཉིན་མོར་བྱེད་པའི་གཟི་བྱིན་གྱིས། །ལུགས་གཉིས་ཨུཏྤལ་ནགས་ཀླུང་ཉམས་དགའ་གཅིག་ཏུ་དབྱེ་བའི་སྐབས་སྲིད་ན། །བསྐལ་མང་ཚོགས་ཟུང་བྱེད་པོས་ལེགས་བསྐྲུན་མཐོང་ན་མི་མཐུན་མེད་པ་ཡི། །ཁྱོད་ཞལ་དག་པའི་དཔེ་ཟླར་འོས་ཞེས་གཟུར་གནས་ངག་གི་གླིང་བུ་འཁྲོལ། ༧ །ཚུལ་དང་ཚུལ་མིན་རྣམ་པར་འབྱེད་མཁས་ཚངས་པའི་བློ་ཡི་སྤུན་ཟླ་ཅན། །སྐལ་བཟང་རྣ་བར་ཀུན་དགའི་སིམ་སྟེར་བདེ་འཐུང་རྦ་རླབས་གསར་པའི་རོ། །དྲེགས་ལྡན་ཡིད་ཀྱི་བརྟན་པ་འཇིལ་ལ་འཕྲོག་བྱེད་ངག་གིས་མཚོན་མིན་པའི། །གང་གསུངས་དབྱངས་བདུན་ཡོངས་སུ་རྫོགས་འདིས་སྙན་པ་གཞན་གྱི་ཁེངས་པ་ཟུམ། ༨ །དཔྱོད་ལྡན་ཕལ་གྱིས་རྟོགས་པར་དཀའ་བའི་ཨུ ཆོས་སྲིད་ཤེས་བྱའི་རི་མོ་འབུམ། །གཅིག་ཅར་འཆར་བའི་ནོར་བུའི་མེ་ལོང་ཁྱོད་ཐུགས་ཉིད་ལ་རྫོགས་གྱུར་པས། །འཇམ་དཔལ་དཔའ་བོའི་བྱིན་རླབས་འོད་རྡུལ་ཡང་ནས་ཡང་དུ་བཏབ་པ་ཡིས། །བློ་མཆོག་


JKT020_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པུཎྜ་རཱི་ཀའི་འཁྲི་ཤིང་ཆེས་ཆེར་དར་བར་བྱས་པ་བཞིན། ༩ །བསོད་ནམས་བྱེ་བའི་གདེངས་ཅན་གྱིས་བཟུང་ཡོན་ཏན་ནོར་བུའི་སྤྲིན་ཆེན་ལས། །འདོད་དགུའི་གྲུ་ཆར་ལྷུག་པར་འབེབས་པས་བསྟན་དང་འགྲོ་ལ་ཕན་བདེའི་དཔལ། །ཅི་དགར་སྦྱིན་པའི་ངལ་འཚོ་སྟེར་སླད་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞེས། །གྲགས་པའི་བ་དན་རྣམ་པར་དཀར་བས་འཛམ་གླིང་ཐ་གྲུར་ཡོངས་སུ་ཁྱབ། ༡༠ །སྙིགས་མར་སྤྱོད་པའི་དུས་ཀྱི་ཚ་གདུང་ལྷག་མ་མེད་པར་འཇིལ་བ་དང་། །རྫོགས་ལྡན་གཞོན་ནུའི་དཔྱིད་དཔལ་ཡིད་འོང་མགྲོན་དུ་འབོད་པའི་བྱེད་པོ་རུ། །གང་འདུལ་ཕྲིན་ལས་བདུད་རྩིའི་བརླན་གྱིས་ས་གསུམ་ཀུན་དགར་བྱས་པའི་ཕྱིར། །སྔོན་བྱོན་ཆོས་རྒྱལ་མེས་དབོན་ཚོགས་རྣམས་སླར་ཡང་ཕྱོགས་འདིར་འོངས་པ་བཞིན། ༡༡ །དེ་སོགས་བསྔགས་འོས་སྲིད་ན་མངོན་མཐོ་གང་གི་གསང་གསུམ་སུ་མེ་རུ། །དམ་པའི་ཡོན་ཏན་ཉི་ཟླའི་རྣ་ཆས་ལྷག་པར་མཛེས་དང་ཆབ་གཅིག་པར། །མིག་གི་བདུད་རྩིར་བཏུང་བ་ཙམ་ནས་དགེ་མཚན་དུས་སྟོན་རྒྱས་གྱུར་པའི། །བཀའ་དྲིན་ཕ་མཐས་མཚོན་ནུས་མིན་ཕྱིར་དངོས་པོས་གཞལ་བྱ་མ་ཡིན་ཡང་། ༡༢ །ལྷག་བསམ་དག་པའི་ཆུ་གཏེར་ལས། །བྱུང་བའི་ལེགས་སྐྱེས་མནྡར། །ཅུང་ཟད་ཙམ་གྱིས་བསྙེན་བཀུར་ན། །རྗེས་བརྩེའི་གཟིགས་པ་ལྷུར་མཛད་གསོལ། ༡༣ །སླར་ཡང་སྡེ་བཞིའི་


JKT020_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་བྱེ་བ་ཡིས། །ཆོས་སྲིད་རྒྱལ་ཐབས་མཆོག་ལ་དབང་བསྐུར་བ། །ས་སྤྱོད་བཞེད་པའི་དོན་ཀུན་བདེ་བླག་ཏུ། །འགྲུབ་སླད་བདེན་ཚིག་མེ་ཏོག་འདི་སྐད་འཐོར། །བཱི་ཤྲཱི་ཤྲཱི་བི་ཛ་ཡནྟུ། གང་ཞིག་སྐྱབས་སུ་སོང་བ་ཙམ་ནས་ཐུགས་རྗེའི་གདུགས་དཀར་སྣུམ་པོའི་གྲིབ། །རྨད་བྱུང་དོན་གཉིས་ངལ་འཚོ་སྦྱིན་མཁས་བསླུ་བ་སྤངས་པའི་སྐྱབས་རྣམས་ཀུན། །དེང་འདིར་ས་ཡི་ཚངས་པ་ཆེན་པོ་མཆེད་ཞལ་བློན་འབངས་བཅས་པ་ཡི། །བཞེད་དོན་ཡིད་བཞིན་འདོད་པ་འཇོ་བའི་དགེ་མཚན་སྣང་བ་རྒྱས་ཕྱིར་སྤྱོན། ༡ །སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ་ཅན་དཔལ་ལྡན་བླ་མའི་བྱིན་རླབས་ནི། །ཉིན་མོར་བྱེད་པ་འཆར་ཀའི་གཟི་ལྟར་ཡིད་དུ་འོང་བའི་འཛུམ་འོད་ཀྱིས། །ས་བདག་ཐུགས་ཀྱི་པདྨོར་རེག་ལས་སྤངས་རྟོགས་ཡོན་ཏན་འདབ་མའི་རྒྱུ། །གཅིག་ཅར་འབྱེད་པའི་མཚར་སྡུག་རབ་གཡོ་མཆོག་དངོས་གྲུབ་པས་མཛེས་གྱུར་ཅིག ༢ །གང་ཞིག་མཚན་གྱི་སྤྲིང་ཡིག་གསར་པ་རྣ་ལུང་དཔྱངས་པའི་དེ་མ་ཐག །དུས་མིན་ཉི་བུའི་དཔུང་པ་ཡོངས་བཅིལ་རིང་འཚོའི་དཔལ་ཀུན་སྟེར་མཁས་པ། །ཚེ་དཔག་མེད་དང་རྣམ་པར་རྒྱལ་མ་ཡིད་བཞིན་འཁོར་ལོས་ཐུགས་རྗེས་གཟིགས། །འཆི་མེད་རྟག་པའི་བཅུད་ལེན་གྲུབ་པས་བསྐལ་པ་རྒྱ་མཚོར་འཚོ་གཞེས་ཤོག ༣ །རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཉིད་ཕྱིར་སྒྱུ་འཕྲུལ་དྲྭ་བའི་སྤྲིན་


JKT020_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པས། །ཤིན་ཏུ་ཞི་བ་ཆོས་སྐུའི་དབྱིངས་ལས་ཁ་སྦྱོར་ཡན་ལག་བདུན་གྱི་གར། །ཡི་དམ་ལྷ་ཚོགས་ཕྲིན་ལས་འཇུག་པ་ལེགས་བྲིས་ཟིལ་དངར་བཏུང་བ་ཡིས། །གྲུབ་གཉིས་བནྡྷ་ཛཱི་བའི་འཁྲི་ཤིང་ཀུན་ནས་ཀུན་ཏུ་རྒྱས་གྱུར་ཅིག ༤ །རྗེས་ཆགས་དབང་གི་མཆིལ་པ་རྣོན་པོས་ལན་གཅིག་ཙམ་ཞིག་རེག་པས་ཀྱང་། །ལྷར་བཅས་དྲེགས་ལྡན་ཡོངས་ཀྱི་ཐོར་ཚུགས་འཛིན་མའི་ཕངས་པར་བསྙིལ་མཁས་པའི། །རིག་བྱེད་དགའ་མའི་ཐུགས་རྗེའི་སྣང་བ་ཨུཏྤལ་ནགས་སུ་རྣམ་འཕྲུལ་པས། །སྡེ་བཞིའི་དགེ་ལེགས་བུང་བའི་ཚོགས་ཀུན་རང་དབང་ཉིད་དུ་འགུགས་པར་ཤོག ༥ །རྡོ་རྗེ་ཡེ་ཤེས་འབར་བའི་མེ་བུས་ཡིད་སྲུབས་བུད་ཤིང་ཀུན་བསྲེགས་ཀྱང་། །འདོད་དགུའི་གྲུ་ཆར་ལྷུག་པར་འབེབས་ལ་དཔག་བསམ་དབང་པོའི་རྗེས་འགྲོ་བ། །མཐུ་ལྡན་ཆོས་སྲུང་ནོར་ལྷའི་ཚོགས་ཀྱིས་རྣམ་བཞིའི་ཕྲིན་ལས་ཀུན་བསྒྲུབས་པས། །ཕྱོགས་ལས་རྣམ་པར་རྒྱལ་བའི་བ་དན་སྲིད་པའི་རྩེ་མོར་བསྒྲེངས་གྱུར་ཅིག ༦ །དེ་ལྟར་མི་བདག་མཆོག་གི་བཞེད་དོན་ཟླ་ཤེལ་གསར་པའི་འཛུམ་རླབས་ནི། །ཆེས་ཆེར་དར་བའི་མཚར་སྡུག་ལ་བརྟེན་རིས་མེད་བསྟན་པའི་སྟེང་འཐུང་དཀར། །བཤད་སྒྲུབ་ཟུང་གི་འདབ་རྒྱ་གྲོལ་བས་ཐུབ་བསྟན་དབྱར་གྱི་ལང་ཚོ་ཡིས། །ཡིད་སྲུབས་དཔུང་བཅས་མཛེས་པ་ཕམ་བྱས་རྒྱལ་བ་དགྱེས་པའི་དཔལ་ཐོབ་ཤོག ༧ །


JKT020_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་རྒྱལ་ཁམས་འདི་ཉིད་ཀྱིས་མཚོན་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས། །སྐྱེ་རྒུ་ཀུན་ཀྱང་བརྒྱད་གཉིས་འཇིགས་བྲལ་དགེ་བཅུའི་ལས་ལ་རྟག་སྤྱོད་མཐུས། །ཆར་ཆུ་དུས་བབས་འབྲུ་ནོར་དཔལ་འཕེལ་མཐོ་རིས་ཡོན་ཏན་བདུན་ལྡན་པའི། །ཆབ་སྲིད་རྫོགས་ལྡན་གཞོན་ནུའི་དགའ་སྟོན་ནུབ་མེད་སྲིད་མཐར་རྒྱས་གྱུར་ཅིག ༨ །མདོར་ན་ཡིད་མཁར་ཤར་བའི་མོད་ནས་ཚུལ་མིན་རྒུད་པ་རིང་བཅད་ཕྱིར། །བསླུ་བ་སྤངས་པའི་ཡི་གེས་རབ་བརྗིད་བླ་མ་མཆོག་གི་ཐུགས་རྗེའི་མཐུས། །གནས་སྐབས་མཐར་ཐུག་འདོད་པའི་དོན་ཀུན་འབད་མེད་ལྷུག་པར་འཇོ་བ་ཡི། །ཕུན་ཚོགས་བཀྲ་ཤིས་སྣང་བ་གསར་པས་སྲིད་ཞིའི་ཁམས་ཀུན་མཛེས་པར་ཤོག ༩ །ཛ་ཡ་ཛ་ཡ་སུ་ཛ་ཡ། །ཞེས་པའང་མཛེས་བྱེད་ལོར་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོའི་ཞལ་སྔ་ནས་བོད་ཆེན་པོའི་ལྗོངས་སུ་ཐོག་མར་ཕེབས་པའི་ཚེ། ཆོས་རྒྱལ་བྱང་ཆུབ་སེམས་ལ དཔའ་མཆོག་གི་ཞབས་པད་དུ་ལེགས་སྐྱེས་ཕུལ་བའི་བརྗོད་པ་འདི་ལྟ་བུ་ཞིག་སྦྱོར་བར་འོས་སོ་ཞེས་བཀའི་ཅོད་པན་གཙུག་ཏུ་བཀོད་ནས། རིག་པར་སྨྲ་བ་མཁྱེན་བརྩེའི་དབང་པོས་དབྱར་གྱི་སྨན་ལྗོངས་ཉམས་དགའ་བའི་བསྟི་གནས་སུ་བྲིས་པའོ།། ༈ །།བགྲང་ཡས་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི། །སྤྲོ་བསྡུའི་བྱེད་པོ་ངུར་སྨྲིག་འཛིན་པའི་ཚུལ། །མཁན་ཆེན་ཐམས་ཅད་མཁྱེན་པའི་ཞབས་པདྨོ། །འཇིགས་མེད་སེང་གེས་བཏེགས་པའི་ཉེ་དྲུང་དུ། །མི་ཕྱེད་གུས་པ་ཆེན་


JKT020_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཞུ་གསོལ་འདེབས། །གང་ཚེ་བསོད་ནམས་ཡེ་ཤེས་མཐར་ཕྱིན་པའི། །རྣམ་འཕྲུལ་ཞི་བ་མཆོག་གི་གཟུགས་ཀྱི་ཟླ། །གདུལ་བྱའི་ཁམས་དང་མཐུན་པར་འཆར་བའི་སྐུ། །ལྷ་དབང་གཙུག་གི་ནོར་བུ་ལྟར་དྭངས་ཤིང་། །རླབས་ཆེན་ཕན་དང་བདེ་བའི་ཕྲིན་ལས་འོད། །ཕྱོགས་དུས་ཀུན་ནས་རྒྱས་པར་འགེངས་བཞིན་ཏུ། །བོད་ཆེན་བསྟན་འགྲོའི་ཉེར་འཚོར་ཞབས་བཀོད་པའི། །ངོ་མཚར་བཀའ་དྲིན་ཚངས་པའི་བློ་ལས་བརྒལ། །འཕགས་རྣམས་དམན་ལ་བརྩེ་བ་ཆོས་ཉིད་ཕྱིར། །འདིར་ཡང་སྒྲིབ་བྲལ་ཡེ་ཤེས་གཟིགས་པ་ཡིས། །བཀའ་གླེགས་གནང་སྐྱེས་དང་བཅས་སྤྱི་བོ་རུ། །སོན་པས་གུས་སྤྲོའི་སྐལ་བཟང་མཆོག་ཏུ་ཐོབ། །འདིར་ཡང་སྐྱབས་རྣམས་ཐུགས་རྗེ་ཡི། །གདུགས་དཀར་གྲིབ་མར་ངལ་བསོས་བས། །ཉེར་འཚེའི་གདུང་བ་དང་བྲལ་ཞིང་། །གསོལ་འདེབས་རོལ་མོ་འཁྲོལ་བཞིན་མཆིས། །མཚམས་ཞུས། སླད་མའི་ཆར་ཡང་སྲིད་པའི་དབུགས་འབྱིན་ཞིང་། །ཞི་བ་ཕྱོགས་གཅིག་འགོག་པའི་མཐའ་བསལ་སླད། །ཟབ་རྒྱས་དམ་ཆོས་རྒྱལ་རྔ་བརྡུང་བཞིན་དུ། །བསྐལ་པ་རྒྱ་མཚོར་འཚོ་གཞེས་བརྟན་གྱུར་ཅིག ། དེ་སྲིད་ཀུན་དང་བྱང་ཆུབ་བར། །བརྟན་ཀྱང་ཐུགས་རྗེའི་ཕྱག་རིང་གིས། །རྣམ་པ་ཀུན་ཏུ་རྗེས་བཟུང་བས། །ཕན་བདེའི་དགའ་སྟོན་རྒྱས་མཛད་གསོལ། །ཞེས་པའི་ཞུ་གསོལ་ངང་མོ་དཀར། །རིམ་


JKT020_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རྐང་གདུབ་འགྲོས་བཞིན་དུ། །ཁྱོད་ཞབས་པད་རྫིང་རྗེས་དྲན་བློས། །དབོ་ཟླའི་༢གྲལ་ཚེས་༡༨དགེ་བར་སོང་།། ༈ །།ཡེ་ཤེས་གཟིགས་པ་རབ་འབྱམས་ཀྱི། །དངོས་ཀུན་དེ་ཉིད་ཐུགས་ཆུད་ནས། །ཆོས་ཀྱི་རྒྱལ་མཚན་སྒྲེང་མཛད་པའི། །རྣམ་འདྲེན་མཆོག་གི་ཞབས་པདྨོར། །རྫིང་ན་གནས་པའི་ཀུ་མུ་དཱ། །ཟླ་ཟེར་བདུད་རྩིས་ཕྱེ་བ་བཞིན། །གང་ཚུལ་བསྔགས་འོས་རྣམ་ཐར་ལ། །ཡིད་རབ་ཕྱོགས་པས་འདི་སྐད་གསོལ། །གཟོད་ནས་བྱང་ཆུབ་སྙིང་པོ་རུ། །སྐུ་བཞིའི་གོ་འཕང་མངོན་མཛད་ཀྱང་། །ཐུན་མོང་འགྲོ་བ་སྒྲོལ་བའི་སླད། །སྤྲུལ་པའི་རྣམ་འཕྲུལ་ཅིར་ཡང་སྣང་། །སཱ་ལའི་ཤིང་ལྟར་མཐོ་བའི་རིགས། །མཚན་དཔེའི་མེ་ཏོག་རྒྱས་པ་ན། །འཕགས་དང་མཁས་པ་རབ་དགྱེས་པའི། །བསྔགས་འོས་མཚར་སྡུག་ཅིར་ཡང་དར། །བསླབ་གཞིས་ལེགས་པར་རྒྱུད་བསྡམས་ཏེ། །གསན་བསམ་སྒོམ་པའི་ཆ་རྫོགས་པས། །རྡོ་རྗེ་འཛིན་པའི་རྒྱལ་ཐབས་ཉིད། །མ་བྱིན་པར་ཡང་བདག་གིར་བླངས། །ཁྱད་པར་སྙིགས་དུས་འགྱུར་བ་ཡིས། །ཉམས་པར་བྱས་པའི་བསྟན་དང་འགྲོར། །ཕན་བདེའི་སྲོག་ཟུངས་སྩལ་བ་ཡི། །དགེ་མཚན་ནམ་མཁའི་མཐའ་ཡིས་མཚོན། །དེ་སླད་འཚོ་གཞེས་བརྟན་པ་ནས། །ཡེ་ཤེས་གཟིགས་པའི་སྤྱན་རས་ཀྱིས། །འདིར་ཡང་བཀའ་གླེགས་ནོར་བུའི་སྒྲོམ། །ཐོབ་པས་གུས་སྤྲོའི་པདྨོ་དགོད། །


JKT020_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་སྐྱབས་རྣམས་ཐུགས་རྗེའི་སྤྲིན། །གུས་པའི་ཡིད་མཁར་དཀྲིགས་པ་ལས། །ཉེར་འཚེའི་གདུང་བས་མ་སྨད་བཞིན། །འདུ་ཤེས་གསུམ་གྱི་མལ་དུ་བདེ། །མཚམས་ཞུས། སླད་མའི་ཆར་ཡང་འཇིག་རྟེན་ན། །ཕན་བདེའི་དངོས་ཀུན་སྩོལ་བའི་ཕུལ། །གསང་གསུམ་བསྐལ་བརྒྱར་འཚོ་གཞེས་ཤིང་། །བདག་ཀྱང་རྣམ་ཀུན་རྗེས་བཟུང་གསོལ། །ཞེས་པའི་ཞུ་མཚོན་ལྷའི་རེག་བྱ། ཚེ་རྫས། རིན་གཉིས་སྲང་འཁོར་བཅས་ཟླ་ཚེས་ལ་ཕུལ།། །།


previousས་སྐྱོང་ཆོས་རྒྱལ་ཆེན་པོ་སེ་ནཱ་ཤུ་བྷར་ལེགས་འབུལ་གྱི་ཡི་གེ་པུཎཱརཱི་ཀའི་དོ་ཤལ།next