Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀཿཐོག་སི་ཏུ་རིན་པོ་ཆེ་སོགས་ཀྱི་མདུན།
   
   
   
   
   
   
   
   
   
   


 
previousཀཿཐོག་སི་ཏུ་རིན་པོ་ཆེ་སོགས་ཀྱི་མདུན།next

ཀཿཐོག་སི་ཏུ་རིན་པོ་ཆེ་སོགས་ཀྱི་མདུན།


JKT020_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཀཿཐོག་སི་ཏུ་རིན་པོ་ཆེའི་མདུན། ཨོཾ་སྭསྟི་སིདྡྷཾ། རྟག་བརྟན་ཡོངས་གྲུབ་འགྱུར་མེད་ཚེ་མཐའ་ཡས། །བསྟན་པ་རྒྱ་མཚོའི་མགོན་དུ་ལེགས་བཞེངས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྡོ་རྗེའི་སྐུ། །ངེས་པ་ལྔ་ལྡན་ཆེན་པོར་འཚོ་གཞེས་གསོལ། །ཨོ་རྒྱན་བླ་མའི་ཟབ་རྒྱས་བཀའ་བརྒྱུད་ཀྱི། །བསྟན་འཛིན་བྱེ་བའི་གཙུག་གི་ནོར་བུ་མཆོག །འཆད་རྩོད་རྩོམ་ལ་ཟླ་མེད་སྨྲ་བའི་གསུང་། །གདུལ་བྱའི་རྣ་བར་རྟག་ཏུ་སྙན་གྱུར་ཅིག །ཤེས་དང་ཤེས་བྱ་ཀུན་གྱི་དེ་ཁོ་ན། །མཁྱེན་པའི་ཡེ་ཤེས་ཆོས་ཀྱི་བློ་གྲོས་ཆེ། །སྲས་བཅས་རྒྱལ་བའི་ཐུགས་དང་རོ་གཅིག་པའི། །གཟིགས་པས་གངས་ཅན་འགྲོ་འདིར་ལྷག་པར་དགོངས། །ཡོན་ཏན་མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན། །མོས་ལྡན་ཡིད་མཁར་ཀུན་ཏུ་དཀྲིགས་པ་ལས། །ཕྲིན་ལས་འདོད་དགུར་འཇོ་བའི་ཕྲིན་ལས་ཀྱིས། །


JKT020_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་དུས་རྒུད་པ་མཐའ་དག་འཇིལ་གྱུར་ཅིག །མདོར་ན་མཁས་པའི་ཚོགས་ཀྱིས་ཕྱག་བྱས་ཤིང་། །གྲུབ་རིགས་ཡོངས་ཀྱི་དཔལ་དུ་མངོན་མཐོ་བ། །བསྐལ་བརྒྱར་འཚོ་གཞེས་ཆོས་འཁོར་བསྐོར་བ་ཡི། །བཀྲ་ཤིས་སྣང་བས་ས་གསུམ་ཁྱབ་པར་ཤོག །ཅེས་གསོལ་བ་འདེབས་རྟེན་བཀྲ་ཤིས་པའི་ལྷ་རེག །འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་བྲིས་སྐུ་སྒྲོས་ལེགས། དཔལ་ཀརྨ་ཀ་བཅུ་གསུམ་བདུད་ཚོགས་འདུལ་བའི་རྡོ་རྗེའི་གསུང་རབ་གླེགས་བམ་ཟུང་། རྗེ་བཙུན་ཡིད་བཞིན་འཁོར་ལོའི་རིག་པའི་ཙཀྲ། བཟང་སྤོས་དྲི་ཞིམ་བམ་པོ་གསུམ་བཅས་ས་འབྲུག་ཟླ་༥ཚེས༡༦དགེ་བར་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གུས་པ་ཆེན་པོས་ཕུལ་བ་སིདྡྷི་རསྟུ།། །།ཨོཾ་སྭསྟི་སིདྡྷི་རསྟུ། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝའི། །རིང་ལུགས་གཙོར་གྱུར་དམ་ཆོས་རབ་འབྱམས་ཀྱི། །འོད་ཟེར་སྣང་བས་འཇིག་རྟེན་དགེ་མཛད་པ། །འཇམ་དབྱངས་སྨྲ་བའི་ཉི་མ་འཚོ་གཞེས་གསོལ། །ཟབ་ཅིང་རྒྱ་ཆེའི་ལེགས་གསུང་བྱེ་སྙེད་ཀུན། །གདུལ་བྱའི་ཁམས་དབང་བསམ་པ་ཇི་བཞིན་ཏུ། །འཆད་རྩོད་རྩོམ་པའི་རྒྱལ་རྔ་རབ་བརྡུང་བས། །ཐུབ་བསྟན་དྲི་མེད་ཕྱོགས་བཅུར་རྒྱས་མཛད་གསོལ། །བདག་ཅག་རྣམས་ཀྱང་བྱང་ཆུབ་སྙིང་པོའི་བར། །ཡེ་ཤེས་གཟིགས་པས་རྟག་ཏུ་རྗེས་བཟུང་ནས། །སྲིད་དང་ཞི་བའི་ལེགས་བྱས་བདུད་རྩི་ཡིས། །


JKT020_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པའི་པདྨོ་ལྷག་པར་རྒྱས་མཛོད་ཀྱེ། །ཞེས་ལྷག་བསམ་དག་པས་རྩེ་གཅིག་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས་རབ་དཀར། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། རིན་པོ་ཆེའི་བུམ་བཟང་བཅུད་ཀྱིས་གང་བ། མདུན་ལྕོག །དམ་ཚིག་གི་ཕྲེང་བ་རྒྱན་ལྡན་བཅས་གུས་པས་ཕུལ་བ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཤེ་ཡོ་བྷ་བ་ཏུ། ༈ །ཨོཾ་སྭསྟི་བི་ཛ་ཡནྟུ། ཕན་བདེའི་དགེ་མཚན་རྟག་པ་དམ་པའི་དཔྱིད། །ཚེ་མཐའ་ཡས་པའི་ཕྱག་གི་བུམ་བཟང་ནས། །འཆི་མེད་བདུད་རྩི་ཁྱོད་ལ་དབང་བསྐུར་བས། །ཐར་པའི་རྒྱལ་མཚན་བསྐལ་བརྒྱར་བརྟན་གྱུར་ཅིག །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕན་བདེའི་དབྱིངས། །གཙུག་ཏོར་ཆེན་པོས་མིག་གི་མཆོག་སྦྱིན་པས། །ཀློག་དང་འཆད་པའི་སྨྲ་བ་བཟང་པོ་ཡིས། །རྟག་ཏུ་རིམ་དགུའི་ལེགས་ཚོགས་རྒྱས་གྱུར་ཅིག །ཡིད་བཞིན་འདོད་པ་འཇོ་བའི་འཁོར་ལོ་བྱིན། །ཕན་དང་བདེ་བའི་རྗེས་སོང་གང་ཐུགས་དང་། །དབྱེར་མེད་འདྲེས་པའི་སྐལ་པ་བཟང་པོ་ཡིས། །དོན་གཉིས་འགྲུབ་པའི་དགའ་སྟོན་འཕེལ་གྱུར་ཅིག །ཅེས་བཀྲ་ཤིས་པའི་ལྷ་རྫས་དང་། །འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། དཔལ་ལྡན་འཆི་མེད་ཚེ་རྫ་ས་བཅས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཆེད་དུ་བརྗོད་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་


JKT020_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ༈ །ཨོཾ་སྭསྟི་སིདྡྷཾ། ཐུབ་དབང་མི་ཡི་སེང་གེ་སྲས་བཅས་ཀྱིས། །ཡེ་ཤེས་གཟིགས་པའི་བྱིན་རླབས་མཚན་དཔེའི་ཕུལ། །གང་གིས་མཐོང་བས་ཐར་བདེའི་དོན་ལྡན་པའི། །ཕྲིན་ལས་འཇིག་རྟེན་གསུམ་ན་སྣང་གྱུར་ཅིག །ཅེས་པའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ། ༈ །བསོད་ནམས་རྒྱུ་ལས་འབྲས་བུའི་ཡེ་ཤེས་བརྙེས། །སྒྲིབ་པ་ཀུན་བསལ་རྟོགས་པའི་ཕུལ་ཕྱིན་ཀྱང་། །སྙིང་རྗེའི་ཕྱི་བཞིན་འགྲོ་བའི་སེམས་དཔའ་ཆེ། །རིག་འཛིན་སྤྲུལ་པའི་གར་མཁན་ག་ལ་བར། །གང་ཚེ་འདས་པའི་དུས་ན་སྔོན། །སྟོང་གསུམ་འཇིག་རྟེན་ཤར་གྱི་ཕྱོགས། །འོད་མ་རྒྱ་འབྱམས་ཞིང་ཁམས་སུ། །སྟོན་པ་ཤེས་རབ་རྒྱས་བྱེད་བྱུང་། །དེ་ནས་གཡུང་དྲུང་སེམས་དཔའ་ནི། །ཁྲི་དང་དྲུག་སྟོང་འདུས་པའི་ཕུལ། །རྒྱལ་སྲས་འ་ཞ་དོན་ལྡན་པ། །རིགས་མཆོག་ཡོངས་སུ་སད་པ་ཡོད། །དེར་ནི་གཤེན་རྒྱལ་མི་བོ་ཆེ། །རྫུ་འཕྲུལ་འོད་ཀྱི་རླབས་སྤྲོས་པས། །པདྨའི་དྲི་ལ་བུང་བ་བཞིན། །སྨོན་ལམ་མཐུ་ཡིས་མདུན་ལྷགས་ཚེ། །སྟོན་པས་སྔོན་དང་ཕྱི་མའི་མཐའ། །རྒྱས་པར་སྩལ་བས་དབུགས་དབྱུང་སྟེ། །གསང་བའི་དོན་རྣམས་མདོར་སྡུད་ཕྱིར། །མཚན་གྱི་ཡི་གེ་བརྗིད་པ་བྱིན། །སྤྲོ་བའི་རླན་གྱིས་བསྐྱེད་བསྲིངས་པའི། །བསམ་


JKT020_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་སཱ་ལའི་ལྗོན་པ་ནི། །སེང་གེ་རྒྱབ་བསྣོལ་བྲག་ཕུག་ཏུ། །འཁྲུངས་པས་རབ་ཞིའི་འབྲས་བཟང་མངར། །མ་འོངས་གདུལ་དཀའི་ཞིང་འདི་རུ། །རྣམ་འདྲེན་དོན་ལ་འགྱུར་མེད་མཆོག །ལྷ་དང་མི་ཡི་མགོན་གཅིག་པུར། །ལུང་བསྟན་ནོར་བུའི་ཅོད་པན་འབར། །ཨེ་མ་དེ་ལྟའི་ངོ་མཚར་ཅན། །ཟག་མེད་ཞི་བ་འོད་ཀྱི་ལུས། །འདི་ན་ངུར་སྨྲིག་འཛིན་པའི་ཟོལ། །ཁྱོད་ལས་གཞན་དུ་མ་དམིགས་ཕྱིར། །སྐྱེ་བས་ཐོབ་པའི་སྤངས་རྟོགས་དང་། །སྦྱོར་བྱུང་བསྔགས་འོས་ཡོན་ཏན་དང་། །དེས་ཀྱང་གཞན་ཕན་ཕྲིན་ལས་ཏེ། །གསུམ་པོ་འདི་ནི་ལྷན་ཅིག་རྒྱས། །དེ་ཕྱིར་བརྩེ་བས་དྲངས་པའི་ཚིག །དབྱངས་ཅན་ངག་གི་ཏམྦུ་ར། །འདི་ན་ཐོབ་པའི་རབ་དགའི་ཡིད། །བསམ་གཏན་བདེ་ལ་རེག་སྙམ་བགྱིད། །འདི་ན་འབྱུང་བ་འདུས་པའི་ལུས། །རྣམ་འགྱུར་གདུང་བས་འཁྱུད་བྱས་ཀྱང་། །ཡིད་ནི་བྱང་ཆུབ་སྤྱོད་པ་དང་། །རྗེས་སུ་འདུས་པ་འབྲལ་མི་བཟོད། །མཚམས་ཞུས། །སླད་མའི་ཆར་ཡང་། ནོར་ནི་རྨོངས་པའི་ཁྱད་ཆོས་ཏེ། །ས་ཡི་དབང་ཕྱུག་ལས་ཀྱིས་འཕང་། །འཇིག་རྟེན་འདི་ན་དཀོན་པའི་ཕུལ། །དམ་པའི་སྐྱེས་བུ་འདྲ་བ་སུ། །དམ་པ་དམ་པར་བགྲང་བ་ལ། །ཡོན་ཏན་མཐའ་དག་རྫོགས་དགོས་ཕྱིར། །བསམ་ཡས་ཡོན་ཏན་ཀུན་གྱི་མཛོད། །ཁྱོད་ནི་ཨུ་དུམ་ཝཱ་ར་བཞིན། །དེ་ཕྱིར་ཡིད་ཅན་གདུང་སེལ་ཞིང་། །གཤེན་


JKT020_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་མཛེས་པའི་རྒྱན་གཅིག་པུར། །བསྐལ་པ་རྒྱ་མཚོར་ཛཱི་བནྟུའི། །ཤིས་བརྗོད་རོལ་མོ་རྟག་ཏུ་འཁྲོལ། །ཅེས་པའི་ཞུ་མཚོན་ཨུན་ཆེན་མདངས་ལྡན་ལྷ་ཡི་རེག་བྱ་བཅས་རྒྱལ་བའི་མྱུ་གུ་ཞི་བའི་བློ་གྲོས་ཀྱིས་སྨྲས་ཤིང་བྲིས་ཏེ་ཕུལ་བ་ཤུབྷྲཱུྃ།། ༈ །།ཨོཾ་སྭསྟི་སིདྡྷཾ། གང་གི་མཚན་གྱི་རྒྱལ་རྔ་བརྡུང་ཙམ་གྱིས། །སྲིད་དང་ཞི་བའི་རྒུད་པ་དྲུངས་ཕྱུངས་ནས། །འཆི་མེད་དངོས་གྲུབ་སྟེར་མཛད་ལྷག་པའི་ལྷས། །རྣམ་ཀུན་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། །བསོད་ནམས་བྱེ་བའི་ཆུ་གཏེར་བསྲུབས་པའི་ཕུལ། །ལུགས་གཉིས་ཆ་ཤས་ཡོངས་སུ་གང་བའི་ཟླ། །ལྟོས་བཅས་གདུང་བ་སེལ་བའི་དཔྱིད་གཅིག་པུ། །བསྐལ་པ་རྒྱ་མཚོར་འཚོ་གཞེས་བརྟན་གྱུར་ཅིག །གྲགས་པའི་རྔ་ཡབ་ནོར་བུའི་ཡུ་བ་ཅན། །ཕྱོགས་དང་ཕྱོགས་བྲལ་རྣམས་སུ་འགྲོ་བ་ན། །ཕན་བདེའི་དངོས་ཀུན་ཆར་དུ་བསྙིལ་བཟོད་པའི། །རྒྱལ་བའི་མྱུ་གུའི་ལེགས་མཛད་རྒྱས་པར་ཤོག །ཆོས་དང་སྲིད་ཀྱི་གཞུང་ལུགས་མཐའ་དག་ལ། །སྒྲིབ་པ་མེད་པར་འདུས་ཏེ་རེག་པའི་སྤྱན། །འཇམ་དཔལ་གཞོན་ནུའི་རྗེས་སུ་འགྲོ་བ་ཡི། །ལྷར་བཅས་འཇིག་རྟེན་བསྔགས་འོས་ཉིད་གྱུར་ཅིག །ཤིན་ཏུ་བྱམས་པའི་བདུད་རྩིའི་རླན་ཆགས་པའི། །གདུང་སེལ་ཟླ་བ་གཞོན་ནུའི་འཛུམ་འོད་ཅན། །ཕྱག་ན་པདྨོའི་རྣམ་ཐར་མྱུར་མཛད་པས། །ས་གསུམ་ཀུན་ཏུ་དགའ་བའི་དཔལ་སྟེར་


JKT020_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཕས་རྒོལ་མི་སྲུན་རི་བོའི་རྒྱུན་ལུགས་ཀུན། །གཅོད་བྱེད་བརྒྱ་བྱིན་རྡོ་རྗེའི་ཤུགས་འཆང་བ། །གསང་བ་འཛིན་པའི་ནུས་པ་མ་སྨད་པས། །ཡིད་སྲུབས་དཔུང་བཅས་ཁེངས་པ་འཇོམས་གྱུར་ཅིག ། ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ། །མཚུངས་ཟླ་བྲལ་བ་རིག་འཛིན་རྒྱལ་པོའི་སྲས། །མེས་དབོན་གསུམ་གྱི་རྣམ་ཐར་དང་མཚུངས་པའི། །སྐལ་པ་བཟང་པོའི་དུས་སྟོན་དར་བབས་ཤོག ། ཅེས་ཤིས་པར་བརྗོད་པའི་བདེན་ཚིག་གི་མེ་ཏོག་མངོན་པར་འཐོར་བའི་མཚོན་བྱེད་དུ་དགེ་ལེགས་ཀྱི་རེ་ཁཱས་མངོན་པར་བཀྲ་བའི་ལྷ་རྫས་དང་། ཤྲཱི་ཧེ་རུ་ཀ་འཆི་མེད་རྟག་པའི་རྡོ་རྗེ་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་དུ་བསྒྲུབས་པའི་མྱང་གྲོལ་བདུད་རྩིའི་ཕུར་མ་བཅས་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཕུལ་བ་དགེ། ༈ །།ཨོཾ་ཤྲཱི་མ་ཧཱ་བྷ་མེ་ཤྭ་ར་ཀཱ་ཡ་ཛཱི་བ་ཏིཥྛནྟུ། ཚེ་མཐའ་ཡས་པའི་ཕྱག་གི་བདུད་རྩིའི་རྒྱུན། །གང་སྐུའི་གསོས་སུ་རྟག་པར་ཕབ་པ་ལས། །བསྐལ་བརྒྱར་མི་ཤིགས་སྲོག་གི་མདུད་པ་ནི། །རྡོ་རྗེའི་ཟུངས་སུ་མཛོད་ཅིག་འཆི་མེད་ལྷ། །ཡིད་བཞིན་འཁོར་ལོའི་སྒྲ་དབྱངས་བརྗོད་པའི་བྱིན། །གང་གསུང་ནོར་བུའི་རྒྱུད་མང་ལ་རེག་པས། །སྲིད་ཞིའི་སྙན་འགྱུར་རྫོགས་པའི་འཆི་མེད་དབྱངས། །ས་གསུམ་ཁྱབ་པར་མཛོད་ཅིག་འཕགས་མ་ཀྱེ། །གཙུག་ཏོར་ཆེན་མོའི་ཡེ་ཤེས་སྣང་བ་དང་། །


JKT020_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཐུགས་རྣམ་པ་ཀུན་ཏུ་མི་ཕྱེད་པ། །མཁྱེན་གཉིས་ཡོན་ཏན་ཕྲིན་ལས་མཐའ་ཡས་པའི། །སྐལ་བཟང་མངོན་སུམ་སྩོལ་ཅིག་རྣམ་པར་རྒྱལ། །ཞེས་བདེན་ཚིག་ཏུ་གསོལ་བའི་རྟེན་འབྱུང་བཀྲ་ཤིས་པའི་ལྷ་རེག །ཡུན་རིང་དུ་བསྒྲུབས་པའི་རིག་པའི་འཁོར་ལོ། ཚེ་རྫས་ཟུང་བཅས་མཉྫགྷོ་ཥས་ཕུལ་བ་དོན་དང་ལྡན་པར་གྱུར་ཅིག། ༈ །ཨོཾ་སྭསྟི་བིཛ་ཡནྟ། དགེ་ལེགས་དཔྱིད་ཀྱི་དཔལ་མོས་ཡོངས་བཟུང་བ། །རིན་ཆེན་གསུམ་ཞེས་གྲགས་པའི་པདྨ་དཀར། །རྟག་ཏུ་ཁྱེད་ཀྱི་གཙུག་ན་མཛེས་འབར་བས། །ཕན་བདེའི་ངལ་འཚོ་ལྷག་པར་རྒྱས་གྱུར་ཅིག །ངེས་པར་འབྱུང་བའི་ཚུལ་ཁྲིམས་ཕུང་པོ་དང་། །བྱང་ཆུབ་སེམས་གཉིས་ལང་ཚོའི་གཟི་བརྗིད་ཀྱིས། །སྲིད་ན་ཆེར་རློམ་གཞན་དག་ཟིལ་མནན་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཞབས་སྟེགས་སུ། །གང་ཚུལ་རྒྱལ་སྲས་སྤྱོད་ལ་རིང་དད་པ། །ཉེ་བར་མཆིད་འོས་བདུད་རྩིའི་རླན་ཆགས་པས། །གུས་སྤྲོའི་ཨུཏྤལ་རྒྱས་པའི་འཛུམ་སྒྲོས་ལས། །ཞུ་མཆིད་སྦྲང་རྩིའི་དྲི་བསུང་ཅུང་ཟད་འཐུལ། །སྔོན་བསགས་བསོད་ནམས་དམ་པའི་རང་གཟུགས་ནི། །མཐོ་རིས་ཡོན་ཏན་བདུན་གྱིས་རབ་མཛེས་ཀྱང་། །དེ་ལ་ཁེལ་པའི་བརྟུལ་ཞུགས་རིང་བཏབ་ནས། །གཅིག་ཏུ་ཞི་བ་དམ་པར་མངོན་དུ་ཕྱོགས། །དེ་ཚེ་ཚུལ་གནས་ཁྲིམས་ཀྱིས་གཞི་བཟུང་སྟེ། །གསན་བསམ་སྒོམ་པའི་འབྱོར་པ་བརྒྱ་


JKT020_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བཅས། །འཕགས་དང་མཁས་པ་དགྱེས་པའི་རྣམ་ཐར་ཅན། །འཚོ་གཞེས་ནོར་བུའི་གཟི་འོད་འབར་བ་ནས། །བཀའ་མཆིད་དབྱངས་ཀྱི་རྒྱལ་མོའི་འགྱུར་ཁུགས་ཅན། །གནང་སྐྱེས་མནྡཱ་ར་ཡི་སྒེག་འཆང་བ། །ཡར་ཚེས་༡༤དགེ་བའི་སྔ་ཆར་འདིར་སོན་པས། །གུས་སྤྲོའི་བཀའ་དྲིན་གཟུགས་ཅན་བཞིན་དུ་གྱུར། །འདི་ན་འཁོད་པའི་དགེ་སྦྱོང་རྒན་པོ་ཡང་། །འདུ་ཕུང་རྣལ་དུ་གནས་པའི་སྐབས་བྲལ་མོད། །བསམ་གཏན་ཁང་བུར་རྣམ་དཀར་བཟླས་བརྗོད་ལ། །ཅི་ནུས་ཙམ་ཞིག་གཡར་དམ་སྙིང་པོར་བཟུང་། །མཚམས་ཞུས། སླད་མའི་ཆར་ཡང་། གང་སྐུ་བསོད་ནམས་བྱེ་བའི་ཕུང་པོ་ལ། །འཆི་མེད་པདྨ་ཀཱ་རས་བྱིན་བརླབས་པས། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ནས། །སྐུ་ཚེའི་རྒྱལ་མཚན་བསྐལ་བརྒྱར་བརྟན་གྱུར་ཅིག །ཁྱེད་གསུང་ལེགས་བཤད་བྱེ་བའི་འབྱུང་གནས་ཆེར། །འཇམ་དཔལ་གཞོན་ནུའི་མཁྱེན་པས་དགེ་མཛད་མཐུར། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་མཐའ་ཡས་པས། །ཕན་བདེའི་དཔྱིད་དུ་རྟག་པར་འཇོ་གྱུར་ཅིག །གང་ཐུགས་རིང་ནས་དག་པའི་བེཟླུརྨ། །ལྷ་གཅིག་དཱི་པཾ་ཀ་རའི་ཡེ་ཤེས་དང་། །མི་ཕྱེད་བྱང་ཆུབ་སེམས་གཉིས་འདོད་དགུའི་ཆར། །ས་གསུམ་འགྲོ་བའི་གདུང་སེལ་ཉིད་གྱུར་ཅིག །འདིར་ཡང་རྣམ་ཀུན་དགྱེས་པས་བཟུང་བ་དང་། །ལེགས་གསུང་བདུད་རྩིའི་རྒྱུན་བཟང་སྩལ་བ་དང་། །


JKT020_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་ཆོས་ཀྱི་དགའ་སྟོན་རྨད་བྱུང་བར། །སྲིད་དང་ཞི་བའི་བཀྲ་ཤིས་སྣང་བར་མཛོད། །ཅེས་པའི་ཞུ་གསོལ་ཀོ་ཀི་ལ། །རྟེན་གསུམ་བཀྲ་ཤིས་པའི་ལྷ་རེག །འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། སྐུ་ཚེའི་ཚེ་རྫས། མཆན། གཤོག་རླབས་གཡོ་དང་བཅས། །རབ་མྱོས་ཆོ་འཕྲུལ་ཟླ་བ་༡ཡི། །དཀར་ཕྱོགས་གྲལ་ཚེས་དགེ་བར་ཆས། །སརྦ་དཱ་སུ་ཐེ་ཡོ་བྷ་བ་ཏུ།། ༈ །།ཨོཾ་སྭསྟི་སིདྡྷཾ། གྲགས་པའི་མེ་ཏོག་ཡིད་འོང་བཀྲ་ཤིས་རྡུལ། །དཔལ་ཡོན་དམ་པས་ཡོངས་བཟུང་འཆི་མེད་ལྷས། །བྱིན་རླབས་རྒྱལ་རྔ་གསར་པ་བརྡུངས་ཙམ་གྱིས། །སྲིད་ཞིའི་དགེ་མཚན་མཐའ་དག་འཇོ་གྱུར་ཅིག །རྣམ་ཀུན་ལེགས་བྱས་བྱེ་བས་བསྐྱེད་བསྲིངས་པའི། །ཞབས་ཟུང་བཀྲ་ཤིས་འཁོར་ལོའི་མཚན་མ་ཅན། །ཡིད་སྲུབས་དཔུང་གིས་བརྫི་བ་མེད་པའི་ཕྱིར། །ཆེ་དགུས་ཐོད་ཀོས་བཏེག་པའི་ཉེ་དྲུང་དུ། །རིང་ནས་གུས་པའི་ས་ཧཱ་ཀ་རའི་ཚལ། །ཐུགས་བརྩེའི་རླན་གྱིས་སླར་ཡང་བསྐྱེད་བསྲིངས་པས། །དགེ་མཚན་འདབ་བརྒྱ་གྲོལ་བའི་མགྲིན་པ་ནས། །ཞུ་མཆིད་བེ་ཌཱུར་རྒྱུད་མང་ཅུང་ཟད་བརྡུངས། །གང་ཚེ་བསོད་ནམས་དམ་པའི་ཆུ་གཏེར་ལས། །ཚུ་གཟུགས་སྐུའི་ཟླ་རིས་ཐོག་མར་ཤར་ཙམ་ནས། །མི་མཐུན་ཉེས་བརྒྱའི་མུན་པ་གཞིལ་བ་དང་། །དགེ་ལེགས་ཆུ་གཏེར་རྒྱས་པའི་དཔྱིད་དུ་གྲུབ། །འཛམ་གླིང་བསྟན་འགྲོའི་གཙུག་གི་ནོར་བུ་མཆོག །གོང་མ་།


JKT020_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན་ཕྲིན་ལས་གདུགས་དཀར་པོ། །སྙིང་སྟོབས་དཔུང་པས་བཟུང་བའི་དགེ་མཚན་གྱིས། །བསིལ་ལྗོངས་ཕན་བདེའི་ངལ་འཚོ་མཆོག་ཏུ་མཐོ། །ཁྱད་པར་མེ་ཏོག་མདའ་ཅན་མངོན་སུམ་པ། །སྡེ་དང་དཔུང་བཅས་ཡོངས་སུ་གཞོམ་པ་ཡིས། །ལྷ་རྒྱལ་སྲསྟི་ཀ་ཡི་དབྱངས་སྙན་པོས། །སྲིད་པའི་མཐར་ཡང་ནུབ་པ་མེད་པར་བྱས། །དེང་ཚེ་རི་གླིང་མཚོ་དང་བཅས་པ་ཡི། །ཕྱོགས་ལས་རྣམ་པར་རྒྱལ་དང་ཆབ་གཅིག་པར། །ཕུན་ཚོགས་དོན་ཀུན་གྲུབ་པའི་གཟི་བརྗིད་ཀྱིས། །སྙིགས་མའི་དུས་ཀྱང་རྫོགས་ལྡན་གཞོན་ནུར་ཤར། །མཚོ་སྐྱེས་རྡོ་རྗེའི་བྱིན་རླབས་རིག་འཛིན་རྗེའི། །ཟབ་ཆོས་མཁྱེན་པའི་སྤྱན་གྱིས་གཟིགས་པ་ན། །སྔོན་སྨོན་ལྷག་པར་སད་པའི་མོས་གུས་ཀྱི། །ཨུཏྤལ་སར་པའི་ནགས་ཀླུང་ཅིར་ཡང་དར། །དབང་རྟུལ་དྭངས་པའི་མཁར་བར་འཆེལ་བ་ཙམ། །མ་ཡིན་སྐྱེས་དང་སྦྱངས་པའི་ཤེས་རབ་ཀྱིས། །ཞིབ་མོར་དཔྱད་པ་འདི་འདྲའི་ཡ་མཚན་ལ། །བསམ་ན་ཚངས་པའི་བློ་ཡང་གཟུགས་བརྙན་ཙམ། །དེ་ཕྱིར་སྲིད་ན་མངོན་མཐོའི་བསྔགས་འོས་ཅན། །ཟླ་བྲལ་གང་ཉིད་འཚོ་གཞེས་བརྟན་པ་དང་། །ལྷན་ཅིག་བཀའ་གླེགས་ཞིབ་འཁོར་སྐྱེས་དང་བཅས། །འདུད་ལྡན་ཐལ་མོའི་རྫིང་བུར་སོན་པའི་མོད། །གུས་དང་སྤྲོ་བའི་རབ་དགའ་ཆེར་བརྟས་པས། །སྙིང་གི་ཆུ་གཏེར་བདུད་རྩིའི་རླབས་གཡོ་བ། །དང་པོའི་ས་ཡི་


JKT020_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་མཚན་ཐོབ་པ་ལས། །གཞན་དུ་འབྱུང་བའི་གོ་སྐབས་ཇི་ལྟར་ཡོད། །འདི་ན་རྨོངས་དང་མ་རིག་མཐུས་ནོན་ཀྱང་། །བླ་མ་ལྷ་ཡི་ཐུགས་རྗེས་མ་བཏང་བས། །ཟག་ཕུང་ཉེ་ཞོའི་གདུང་བ་བྲལ་དང་བཅས། །བསྟན་འགྲོར་སྨན་པའི་བསམ་སྦྱོར་དཀར་བར་མཆིས། །མཚམས་ཞུས། སླར་ཡང་ཕན་བདེའི་འབྱུང་གནས་ཀྱི། །མཛེས་སྐུ་ཡུན་རིང་འཚོ་གཞེས་སླད། །རབ་དྭང་ཡིད་ཀྱི་རོལ་མཚོ་ལས། །ཤིས་པའི་མེ་ཏོག་ཅུང་ཟད་འཐོར། །བཱི་ཤྲཱི་ཤྲཱི་བི་ཛ་ཡནྟུ། དགེ་ལེགས་ཚོགས་གཉིས་བྱེ་བའི་རང་གཟུགས་ནི། །རྣམ་ཀུན་འཆི་མེད་གྲུབ་པའི་གཟི་འོད་ཀྱིས། །ས་གསུམ་འཇིག་རྟེན་ཀུན་ཏུ་རྒྱས་འགེངས་པའི། །ངོ་མཚར་ནམ་ཡང་ནུབ་པ་མེད་གྱུར་ཅིག །ཆོས་དང་སྲིད་ཀྱི་གཞུང་ལུགས་མཐའ་དག་ཀུན། །ཚངས་པའི་སྲས་མོའི་གླུ་རུ་འཇོ་བའི་ག པའི་སྐལ་བཟང་ལྷུར་ལེན་ཤོག །སྒྲིབ་མེད་མཁྱེན་པའི་བེ་ཌཱུར་མེ་ལོང་ངོགས། །ལུགས་གཉིས་རི་མོ་མཐའ་དག་ཡོངས་རྫོགས་པ། །ཆེ་དགུའི་ཡིད་ཀྱི་རྒྱལ་མཚན་ལ་བཀོད་པས། །སྡེ་བཞིའི་དུས་སྟོན་མཆོག་ཏུ་རྒྱས་གྱུར་ཅིག །བསྔགས་འོས་འཛད་པ་མེད་པའི་ཡོན་ཏན་གྱིས། །རྨད་བྱུང་ཕྲིན་ལས་ནོར་བུའི་རྔ་ཡབ་ནི། །བཟུང་བ་མེད་པར་ཕྱོགས་ཀྱི་མཐར་འགྲོ་བས། །ས་འདིར་རྫོགས་ལྡན་གསར་དུ་འཆར་བར་ཤོག །


JKT020_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་དཔལ་ལྡན་ས་ཡི་དབང་ཕྱུག་མཆོག །བསྐལ་བརྒྱར་འཚོ་གཞེས་ལེགས་མཛད་གོང་འཕེལ་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཀྱིས། །སྣང་བས་སྲིད་ཞིའི་ཁམས་ཀུན་ཁྱབ་གྱུར་ཅིག ། འདིར་ཡང་རྣམ་ཀུན་མཉེས་གཤིན་པའི། །ཐུགས་རྗེའི་ཕྱག་གིས་ཡོངས་བཟུང་བས། །ཡིད་ཀྱི་ཤིང་རྟ་མངོན་འདོད་ཀྱི། །འབྲས་བུས་མཆོག་ཏུ་འགེངས་མཛད་གསོལ། །དེ་སྐད་ལེགས་སྨོན་མེ་ཏོག་གི། ཆར་སྤྲིན་དཀར་པོ་གཡོ་བ་ལ། །གེགས་མེད་གྲུབ་པར་རྩ་གསུམ་གྱི། །བདེན་པའི་ཚིག་གིས་དགེ་གྱུར་ཅིག །ཅེས་མངོན་པར་དྭང་བའི་ཡིད་ཀྱིས་རྩེ་གཅིག་ཏུ་ཞུ་གསོལ་འདེབས་པའི་རྟེན་འབྱུང་གི་ལེགས་སྐྱེས་མཚོན་པ་ཙམ་དུ་བཀྲ་ཤིས་པའི་ལྷ་གོས་རབ་དཀར། རྒྱལ་བ་རྡོ་རྗེ་འཆང་གི་སྣང་བརྙན། བདག་ཅག་གི་དངོས་གྲུབ་ཏུ་ཐོབ་པའི་གསུང་རྡོ་རྗེ་པདྨ་སཾ་བྷཱ་ཝའི་ཞལ་ལུང་གི་གླེགས་བམ། མཉམ་མེད་ཇོ་བོ་ཆེན་པོའི་ཆོས་སྐུའི་རྟེན། རིན་ཆེན་དཀར་པོ་སྲང་འཁོར་ཟླ་བ་ཡར་ངོའི་གྲངས་ལྡན་གཙོས་བྱ་བཏང་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་པདྨ་འོད་གསལ་མདོ་སྔགས་གླིང་པར་མིང་གི་དབང་བསྐུར་བས། གྲུབ་པའི་གནས་ཆེན་བཀྲ་ཤིས་ཟླ་གམ་དབང་ཕུག་གི་མདུན། །རི་རྒྱལ་གླང་ཆེན་འགྱིང་འདྲའི་མགུལ་ནས་རབ་བྱུང་བཅོ་ལྔ་པའི་ཐོག་མ་མེ་ཡོས་ནག་པ་ཟླ་


JKT020_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེས་༡༥བཟང་པོར་གུས་པས་ཕུལ་བ་ཇི་ལྟར་སྨོན་པའི་དོན་ཐམས་ཅད་དེ་དེ་བཞིན་དུ་འགྲུབ་པའི་དགེ་ལེགས་མཆོག་ཏུ་གྱུར་ཅིག། ༈ །།ཨོཾ་སྭསྟི་སིདྡྷཾ། ཡོན་ཏན་དཔག་ཏུ་མེད་པའི་ཞིང་ཁམས་ཀྱི། །འདྲེན་མཆོག་འཆི་མེད་མགོན་པོའི་ཡེ་ཤེས་སྤྱན། །ས་ཡི་དབང་ཕྱུག་ཁྱོད་ལ་གཡོས་པའི་མོད། །ཕུན་ཚོགས་ཚེ་ཡི་དགེ་མཚན་སྦྱིན་གྱུར་ཅིག །བསོད་ནམས་སྟོབས་ཀྱི་དཔུང་པའི་འཁྲི་ཤིང་གིས། །ལུགས་གཉིས་གདུགས་དཀར་བསྒྲེང་བའི་གྲིབ་བསིལ་དུ། །ཁོད་ཆེན་བསྟན་འགྲོ་མཐའ་དག་དབུགས་འབྱིན་པའི། །ཞབས་སྟེགས་ཕྱོགས་ལས་རྣམ་པར་རྒྱལ་བའི་དྲུང་། །གྲགས་པ་མ་ལ་ཡ་ཡི་འཁྲི་ཤིང་དང་། །ཡོན་ཏན་ག་བུར་ཐང་ཆུས་སྒེག་འཆང་བའི། །དམ་པའི་ངང་ཚུལ་སྙིང་ནས་དྲན་པའི་མོད། །ཡུད་གཅིག་བཏུད་དེ་ཞུ་འཕྲིན་འདི་སྐད་གསོལ། །བསྐལ་མང་བསོད་ནམས་ཆུ་གཏེར་བསྲུབས་པ་ལས། །ལེགས་པར་འཁྲུངས་པའི་མཚན་དཀྱིལ་ཟླ་རིས་ནི། །བསྟན་སྲིད་གླིང་བཞིའི་མཁའ་ལ་འཆར་བའི་མོད། །སྙིགས་མའི་རྒུད་མུན་མཐའ་དག་གཅིག་ཅར་བཅིལ། །ཕུན་ཚོགས་རིགས་གཟུགས་ལང་ཚོ་དར་བབ་ཅིང་། །འཇིག་རྟེན་གཞུང་ལུགས་རྒྱ་མཚོའི་ཕ་རོལ་སོན། །དམ་པའི་ཆོས་ཀྱི་འབྱོར་པས་མངོན་མཐོ་བ། །ཁྱོད་འདྲ་ས་སྟེང་འདི་ན་གཉིས་པ་དཀོན། །དེ་སླད་འཚོ་གཞེས་བརྟན་པའི་དགེ་མཚན་དང་། །རྗེས་བརྩེའི་སྤྱན་


JKT020_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་གཡོ་བའི་འོད་རླབས་དང་། །ལེགས་གསུང་རྟེན་དང་བཅས་པ་འདིར་སོན་པའི། །དགའ་སྟོན་གསུམ་པོས་བདག་ཡིད་རིང་དུ་སིམ། །འདི་ན་གནས་པའི་དགེ་སྦྱོང་ཡང་། །མཆོག་གསུམ་ཐུགས་རྗེས་འཚོ་བཞིན་དུ། །བསྟན་འགྲོར་སྨན་འདོད་བྱང་ཆུབ་སེམས། །སྙིང་ལ་རི་མོར་འབྲི་བཞིན་མཆིས། །མཚམས་ཞུས། ཤྲཱི་བི་ཛ་ཡནྟ། ཚེ་མཐའ་ཡས་པའི་ཕྱག་གི་བདུད་རྩིའི་ཀླུང་། །ཕུང་ཁམས་སྐྱེ་མཆེད་སྲོག་ཏུ་འདྲེས་པ་ལས། །མི་ཤིགས་གཟུགས་སྐུའི་ལྷུན་པོ་རབ་བརྟན་པའི། །སྐལ་བཟང་ནམ་ཡང་ནུབ་པ་མེད་གྱུར་ཅིག །ཡིད་བཞིན་འཁོར་ལོའི་དབང་ཕྱུག་རྗེ་བཙུན་མའི། །སྒྲ་དབྱངས་འགག་པ་མེད་པའི་ཡེ་ཤེས་བྱིན། །གང་གསུང་བེ་ཌཱུར་རྒྱུད་མང་ལ་ཆགས་པས། །འཇིག་རྟེན་ཀུན་ན་རྟག་ཏུ་སྙན་གྱུར་ཅིག །སྲིད་ཞིའི་ཕྱོགས་ལས་རྣམ་རྒྱལ་འཕགས་མ་དང་། །འོད་གསལ་དབྱིངས་ཀྱི་ཐིག་ལེ་དབྱེར་མེད་བཞིན། །མ་འགག་ཉམས་བརྒྱས་རོལ་པའི་མཁྱེན་བརྩེའི་ཐུགས། །བསིལ་ལྡན་བསོད་ནམས་དཔྱིད་དུ་བརྟན་གྱུར་ཅིག །བསྔགས་འོས་ཡོན་ཏན་མི་ཟད་ནོར་གྱི་བུ། །ཕྲིན་ལས་རྒྱལ་མཚན་རྩེ་མོར་གཟི་འབར་བས། །ཕན་བདེའི་གྲུ་ཆར་ལྷུག་པར་འབེབས་བཞིན་ཏུ། །ངེས་པར་ཞིང་ཁམས་འདི་ལས་ཡོལ་མེད་ཤོག །བདག་ཀྱང་རྣམ་ཀུན་རྗེས་བརྩེའི་གཟིགས་པ་ཡིས། །ཉི་དང་པདྨའི་ངང་ཚུལ་བཞིན་དུ་སྐྱོངས། །རིང་མིན་


JKT020_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཞལ་མཇལ་བའི་དགེ་མཚན་གྱིས། །སྲིད་ཞིའི་ཕུན་ཚོགས་མཆོག་ཏུ་རྒྱས་གྱུར་ཅིག །ཅེས་པའི་ཞུ་མཚོན་ལྷའི་རེག་བྱ། འཆི་མེད་ཚེའི་རིལ་བུ་བཅས།། ༈ །།ཨོཾ་སྭསྟི་སིདྡྷཾ། ཕུན་ཚོགས་མཚན་གྱི་ཨུཏྤལ་ཆུན་པོ་ནི། །གང་གི་རྣ་ལུང་དཔྱངས་པའི་དེ་མ་ཐག །བརྒྱད་གཉིས་འཇིགས་པའི་གདུང་བ་ཀུན་བཅིལ་བའི། །ཡིད་བཞིན་འཁོར་ལོས་ཁྱེད་ལ་དགེ་ལེགས་མཛོད། །སྡེ་བཞིའི་དཔྱིད་ཀྱི་དཔལ་མོ་དར་བ་ན། །དགེ་བཅུའི་ཡལ་འདབ་རྫོགས་པའི་དཔག་བསམ་ལྗོན། །ཆོས་ཀྱི་རྒྱལ་པོའི་གྲགས་དཀར་རབ་འབར་བ། །ཕྱོགས་ལས་རྣམ་རྒྱལ་ཆེན་པོའི་ཞབས་སྟེགས་དྲུང་། །རིང་ནས་གུས་པའི་ཀྱི་ཡིད་ཀྱིས་མདུན་བདར་ཏེ། །སྙན་ཚིག་དབྱངས་ཅན་ངག་གིས་བསྐུལ་བ་ལས། །ཞུ་གསོལ་མགྲིན་པའི་རྒྱུད་མང་ཅུང་ཟད་ཅིག །རབ་དྭངས་སོར་མོས་བརྡུང་ལ་མངོན་པར་ཕྱོགས། །གང་ཚེ་བསོད་ནམས་དམ་པའི་ས་བོན་ནི། །རིགས་ཀྱི་ལྡུམ་རར་སྨིན་པའི་དེ་མ་ཐག །རྒྱལ་སྲས་གཞོན་ནུའི་མཚན་གྱི་པདྨ་དཀར། །སྐྱེ་རྒུའི་གཙུག་ན་མཛེས་པའི་སྐལ་བཟང་དར། །དབང་ཕྱུག་དམ་པ་རྒྱ་མཚོའི་རོལ་སྒེག་དང་། །སྤྱི སྐྱེ་བས་ཐོབ་པའི་མཁྱེན་རབ་དྲི་མེད་དང་། །སྦྱོར་བྱུང་བརྩོན་འགྲུས་ཟབ་མོའི་རིགས་སད་པས། །མཁས་རྣམས་དགྱེས་པའི་རྣམ་ཐར་ལྷུན་གྱིས་གྲུབ། །འཇིག་རྟེན་མེས་པོར་རློམས་པའི་བློ་གྲོས་ཀྱང་། །


JKT020_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གང་བློའི་གྲྭ་ཟུར་གཅིག་ན་བདེར་བཟུང་སྟེ། །ལུགས་གཉིས་ཀུན་ལ་འཇུག་པའི་སྒྱུ་རྩལ་བརྒྱས། །སྲིད་ཞིའི་ཕུན་ཚོགས་མཐའ་དག་ངང་གིས་འདུ། །དཀོན་མཆོག་གསུམ་ལ་བླ་མར་མཛད་པ་ནི། །ས་ཆེན་ཊྛ ཆོས་བཞིན་སྐྱོང་བའི་ཁྱད་པར་ཕྱིན། །འདིར་ཡང་རྣམ་ཀུན་མཉེས་ཤིང་གཤིམ་པ་ཡི། །ཐུགས་རྗེས་ལྷག་པར་དགོངས་དང་ཆབ་གཅིག་ཏུ། །བཀའ་གླེགས་མཚོ་བྱུང་དགྱེས་པའི་ཏམྦུ་ར། །རྣ་བའི་བདུད་རྩིར་སོན་པའི་དེ་མ་ཐག །དཔྱིད་ཀྱིས་བཟུང་བའི་པུཎྜ་རཱི་ཀ་བཞིན། །གུས་སྤྲོའི་ལང་ཚོ་ཕ་མཐའ་མེད་པར་བརྟས། །གང་གི་བཀའ་དྲིན་ལ་བརྟེན་པའི། །དགེ་སྦྱོང་ལྟར་སྣང་རྒན་པོ་ཡང་། །འདུ་ཤེས་གསུམ་གྱི་གཞན་དབང་ལ། །འཆེལ་བཞིན་བག་ཕེབས་ཚུལ་དུ་མཆིས། །མཚམས་ཞུས། སླད་མའི་ཆར་ཡང་མཐོ་རིས་ལྷ་དབང་དང་། །ས་ཡི་སྟེང་ན་འཁོར་ལོས་སྒྱུར་རྒྱལ་བཞིན། །སྐྱེ་རྒུ་ཀུན་གྱི་ཕན་བདེའི་ཉེར་འཚོ་ཆེར། །བསྐལ་བརྒྱར་ཞབས་བརྟན་ལེགས་མཛད་རྒྱས་གྱུར་ཅིག །རྣམ་པ་ཀུན་ཏུ་བདག་ཅག་ཀྱང་། །དགྱེས་པའི་ཕྱག་གིས་ཡོངས་བཟུང་ཞིང་། །མཉན་འོས་བཀའ་མཆིད་གངྒཱའི་རྒྱུན། །འཆད་མེད་རྟག་ཏུ་སྤྲིང་བར་གསོལ། །རབ་དྭང་ཡིད་ཀྱི་ནགས་ཀླུང་ལས། །བྱུང་བའི་ཞུ་གསོལ་ཀོ་ཀི་ལ། །བཀྲ་ཤིས་དགེ་བའི་གླུ་ལེན་བཞིན། །མཆོག་གི་མདུན་སར་མངོན་པར་ཆས། །ཞེས་ས་འབྲུག་དབོ་ཟླ་༢པའི་


JKT020_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གྲལ་ཚེས་༢༡དགེ་བར་གུས་པས་ཕུལ་བ་སརྦ་དཱ་སུ་ཤྲཱི་ཡོ་བྷ་བ་ཏུ།། ༈ །།ཨོཾ་སྭསྟི་སིདྡྷཾ། ཚེ་དཔག་མེད་པས་མངོན་པར་དབང་བསྐུར་ཞིང་། །རྣམ་པར་རྒྱལ་མས་ཡིད་སྲུབས་དཔུང་ཀུན་བཅོམ། །ཡིད་བཞིན་འཁོར་ལོའི་ཕྱག་གིས་དབུགས་དབྱུང་བས། །རྨད་བྱུང་ཤིས་པའི་དགེ་མཚན་རྒྱས་གྱུར་ཅིག །ལེགས་བྱས་ཆུ་གཏེར་བྱེ་བའི་སྙིང་པོ་ནི། །ཕུང་པོ་བསྔགས་འོས་བདུད་རྩིའི་དོ་ཤལ་ཅན། །བསོད་ནམས་དམ་པའི་ནོར་བུའི་གཟི་འབར་བ། །སྔོན་མེད་ཟླ་བ་གསར་པའི་ཉེ་དྲུང་དུ། །སྤྲིན་སྔོན་ཆུན་པོ་མཐིང་བའི་མདོངས་མཐའ་བཞིན། །མཆིད་འོས་ཟིལ་དངར་ཐོབ་པས་སྤྲོ་དགའི་ཡིད། །དབྱར་གྱི་པདྨོ་ལྟ་བུར་རྒྱས་པ་ནས། །ཞུ་མཆིད་སྦྲང་རྩིའི་དྲི་བསུང་ཅུང་ཟད་འཐུལ། །གང་གི་ལུགས་བརྒྱའི་འབྱོར་པ་མ་སྨད་པའི། །རྒྱལ་རིགས་སཱ་ལ་ཆེན་པོའི་ནགས་ཀླུང་དུ། །མཚུངས་མེད་མི་ཡི་ལྷ་གཅིག་འཁོར་བཅས་དང་། །མཐོ་རིས་ཡོན་ཏན་དུ་མའི་དུས་སྟོན་དར། །དབང་ཕྱུག་དམ་པའི་དཔལ་གྱི་རོལ་སྒེག་དང་། །དད་དང་ཤེས་རབ་བརྩེ་བའི་སྙིང་པོ་དང་། །ཀུན་ལ་ཕན་པར་མཛད་པའི་ཕྲིན་ལས་བཅས། །འཚོ་གཞེས་དགེ་བའི་སྐལ་བཟང་རྒྱས་པ་ནས། །འདིར་ཡང་ཐུགས་རྗེའི་གཟིགས་པ་མ་སྨད་པས། །མངོན་པར་དྭངས་པའི་གསུང་མཆིད་ཏམྦུ་ར། །རྣ་བའི་བཅུད་དུ་སོན་པའི་དགེ་མཚན་གྱིས། །གུས་སྤྲོའི་ཆུ་གཏེར་ཅིར་


JKT020_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཕེལ་བར་གྱུར། །བླ་མ་ལྷར་བཅས་བྱིན་རླབས་ཀྱིས། །དབུགས་འབྱིན་ཐོབ་པའི་དགེ་སྦྱོང་ཡང་། །ཟག་ཕུང་ཉེར་འཚེ་དང་བྲལ་བཅས། །ཕན་བདེའི་བསམ་སྦྱོར་དཀར་བར་མཆིས། །མཚམས་ཞུས། ཤྲཱི་བི་ཛ་ཡནྟུ། འབྱུང་འགྱུར་དུས་ཀྱང་འཆི་མེད་གྲུབ་པའི་ལྷ། །རྣམ་གསུམ་གཅིག་བསྡུས་མཚོ་སྐྱེས་བླ་མ་ཡིས། །མི་ཡི་དབང་མོའི་སྐུ་ཚེ་ཡུན་དུ་བརྟན། །ལེགས་མཛད་ཕྱོགས་བཅུར་འཕེལ་བའི་བཀྲ་ཤིས་སྩོལ། །དེ་སྲིད་ཐུགས་རྗེའི་སྤྱན་རས་ཀྱིས། །འདིར་ཡང་སྔར་བཞིན་བཙའ་བ་ནས། །གསུང་མཆིད་བདུད་རྩིའི་ཆར་འབེབས་བཞིན། །རིང་མིན་དགྱེས་ཞལ་མཇལ་བར་སྨོན། །ཞེས་པའི་ཞུ་མཆིད་ཀོ་ཀི་ལ། །བརྗོད་པ་སྙན་པ་གླུ་ལེན་ཅིང་། །རྟེན་དངོས་གཤོག་རླབས་གཡོ་དང་བཅས། །གང་ཞབས་དགའ་བའི་ཚལ་དུ་སོང་། །ས་འབྲུག་དབོ་ཟླའི་གྲལ་ཚེས་དགེ་བར་གུས་པས་ཕུལ་བ་སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ།། ༈ །།ཨོ་་སྭསྟི། བསོད་ནམས་བྱེ་བའི་ཆུ་གཏེར་བསྲུབས་པའི་ཕུལ། །མཛེས་སྡུག་སྣང་བརྙན་ཐོག་མར་འཆར་བའི་མོད། །ཕུན་ཚོགས་ཤིས་དགུའི་ལང་ཚོ་དར་བབས་པའི། །ལྷ་སྲས་ཟླ་བ་གཞོན་ནུའི་ཞབས་སྟེགས་སུ། །པུཎྜ་རི་ཀའི་རྗེས་སུ་འགྲོ་བའི་ཡིད། །གསུང་མཆིད་བདུད་རྩིས་རེག་པའི་དེ་མ་ཐག །སླར་ཡང་གུས་པའི་འདབ་བརྒྱ་བྱེ་བཞིན་དུ། །ཞུ་གསོལ་སྦྲང་རྩིའི་བསུང་ཞིམ་ཅུང་ཟད་འབུལ། །གང་ནས་རིགས་ཀྱིས་


JKT020_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བའི་སཱ་ལའི་ལྗོན། །ཡོན་ཏན་མེ་ཏོག་དུ་མའི་སྒེག་འཆང་ཞིང་། །བསྔགས་འོས་འབྲས་བཟང་ཀུན་གྱིས་དུད་པ་ནི། །རིས་བྲལ་བསྟན་འགྲོའི་ཉེར་འཚོ་གཅིག་ཏུ་གྱུར། །འདིར་ཡང་བླ་མ་མཆོག་གསུམ་ཐུགས་རྗེའི་དཔྱིད། །རྫོགས་ལྡན་དུས་ཀྱི་དགེ་བཞིན་ལ་རེག་པས། །ཉེར་འཚེའི་གདུང་བ་ཆེན་པོས་མ་ནོངས་བཞིན། །ལྷག་བསམ་དག་པའི་པདྨོ་ཅིར་ཡང་དགོད། །ཁྱད་པར་ཡི་གེའི་གཟུགས་མཚར་པོས། །བརྗོད་པ་སྙན་པའི་བཀའ་གླེགས་ནི། །སྤྱི་བོའི་པད་མཚོར་ཐོབ་པ་ལས། །གུས་སྤྲོའི་འདབ་བརྒྱ་ལྷག་པར་བྱེ། །མཚམས་ཞུས། སླད་མའི་ཆར་ཡང་འཇིག་རྟེན་ན། །དགེ་ལེགས་དཔལ་སྟེར་གསང་བ་གསུམ། །འཚོ་གཞེས་ཕྲིན་ལས་རྒྱས་པའི་དཔྱིད། །གསོལ་འདེབས་རྨད་བྱུང་འདི་ལྟར་བསྒྲེངས། །ཨོཾ་སྭསྟི་ཀུརྦཅུ། ལེགས་བྱས་བདུད་རྩིའི་བརླན་གྱིས་རབ་བསྒོས་པ། །མཚན་བཟང་འཆི་མེད་སྤྲིན་གྱི་ཕུང་པོ་ནི། །མི་མཐུན་དུས་ཀྱི་རླུང་གིས་གཡོ་མེད་པས། །ལྟོས་བཅས་སྐྱེ་རྒུའི་ཉེར་འཚོ་སྦྱིན་གྱུར་ཅིག །དབྱངས་ཅན་མགྲིན་པར་ཆགས་པའི་ལེགས་གསུང་ཕུལ། །སྙན་བརྗིད་དབྱར་རྔའི་རོལ་མོ་འཁྲོལ་བའི་མོད། །མཐའ་གཞིའི་དྲེགས་ལྡན་ཐམས་ཅད་ཟིལ་མནན་ནས། །སྐལ་བཟང་མདོངས་མཐའི་དགའ་སྟོན་རྒྱས་པར་ཤོག །ལུགས་གཉིས་རྒྱ་མཚོར་འཇུག་པའི་མཁྱེན་རབ་ཀྱིས། །དཔྱོད་ལྡན་ཡིད་ཀྱི་བརྟན་པ་


JKT020_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་བཞིན་ཏུ། །ཡོན་ཏན་ནོར་བུའི་དོ་ཤལ་འོད་འབར་ཞིང་། །ཕྲིན་ལས་འདོད་དགུའི་དགེ་མཚན་རྒྱས་གྱུར་ཅིག །དེ་སྲིད་ཀུན་ཏུ་འདི་ན་ཡང་། །ཐུགས་བརྩེའི་འཇུག་པས་རབ་བཟུང་སྟེ། །མཉན་འོས་བཀའ་ཟླ མཆིད་སྩོལ་བ་དང་། །ཕན་བདེའི་དུས་སྟོན་རྒྱས་པར་སྨོན། །ཅེས་པའི་ཞུ་མཚོན་ལྷའི་རེག་བྱ། འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་སྣང་བརྙན། སྒྲུབ་ཐབས་ཀྱི་གླེགས་བུ། རིག་པའི་འཁོར་ལོ། དམ་རྫ་ས་ལེ་ཚན་བཅས་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེ་ས་ཟླ་༢ཚེས་༥དགེ་བར་གུས་ཕུལ།། ༈ །།ཨོཾ་སྭསྟི་སིདྡྷཾ། ཚེ་མཐའ་ཡས་པའི་ཕྱག་གིས་དབུགས་དབྱུང་ཞིང་། །ཡིད་བཞིན་འཁོར་ལོས་འཆི་མེད་ཟིལ་དངར་སྩོལ། །རྣམ་པར་རྒྱལ་མས་བར་ཆད་ཀུན་བསལ་ནས། །ཁྱེད་ལ་རྟག་ཏུ་དགེ་ལེགས་སྦྱིན་གྱུར་ཅིག །བསོད་ནམས་བྱེ་བའི་དཔལ་གྱིས་མངོན་མཐོ་ཞིང་། །ལུགས་གཉིས་ཀུན་ལ་རྣམ་དཔྱོད་མཆོག་ཏུ་གསལ། །བསྟན་པའི་གདུགས་དཀར་བསྒྲེང་བའི་སྙིང་སྟོབས་ཅན། །མཚུངས་མེད་དམ་པ་མཆོག་གི་མདུན་ས་དེར། །ཞུ་གསོལ། དེང་དུས་སྒྲུབ་བརྒྱུད་སྙིང་པོ་སྟག་ལུང་པའི། །བཤད་སྒྲུབ་ལས་གསུམ་འདུས་པའི་རི་བོའི་སུལ། །ཆོས་དང་སྲིད་ཀྱི་འབྱོར་པ་ཆེན་པོ་ཡི། །ནོར་བུའི་དོ་ཤལ་གསར་པས་མཛེས་པ་གང་། །མཐོ་རིས་ཡོན་ཏན་བདུན་གྱི་སྐྱེད་ཚལ་ན། །འཁོར་ལོ་བཞི་དང་ལྡན་པའི་དཔག་བསམ་དབང་། །


JKT020_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་འཚེའི་དུས་ཀྱི་རླུང་གིས་མི་གཡོ་བཞིན། །འདོད་དགུའི་གྲིབ་བསིལ་སྣུམ་པོར་འཆར་བ་ནས། །འདི་ན་དགྱེས་བརྩེའི་བཀའ་མཆིད་གླེགས་བུ་དང་། །རིན་ཆེན་གཉིས་པའི་སྐྱེས་བཅས་སོན་པ་ཡིས། །ཡིད་སྤྲོའི་བཀའ་དྲིན་ཐོབ་པའི་དགེ་སྦྱོང་ཡང་། །བླ་མ་མཆོག་གསུམ་ཐུགས་རྗེས་འཚོ་བཞིན་མཆིས། །མཚམས་ཞུས། །སླད་མའི་ཆར་ཡང་། རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་མཚོ་སྐྱེས་བླ་མ་གཏེར་ཆེན་རྗེའི། །བྱིན་རླབས་ཐུགས་རྗེས་མངོན་པར་དབུགས་དབྱུང་དམ་པ་མཆོག་གི་མཛེས་སྐུའི་ཁམས། །མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་ཅིང་ལེགས་མཛད་བདུད་རྩིའི་འོད་དཀར་པོས། །ལྟོས་བཅས་ཀུན་དགའི་ངལ་འཚོ་དར་བབས་འདིར་ཡང་རྗེས་སུ་བརྩེ་བར་མཛོད། །ཅེས་པའི་ཞུ་མཚོན་བཅས།། ༈ །།ཨོཾ་སྭསྟི། གཏེར་ཆེན་བླ་མའི་ཕྲིན་ལས་ཀྱི། །ཤིང་རྟ་ཤཱི་མཱི་ཛྙཱ་ནའི་མཚན། །འཚོ་གཞེས་ལེགས་མཛད་རྒྱས་པ་ནས། །འཕྲིན་ཡིག་རྟེན་བཅས་སོན་པས་སྤྲོ། །འདི་ན་དགེ་སྦྱོང་རྒན་པོ་ཡང་། །འདུ་བ་རྣལ་མར་མི་གནས་པས། །མཚམས་རྒྱའི་མིང་གིས་སྒྲོ་བཏགས་ཏེ། །འདུ་ཤེས་གསུམ་གྱི་མལ་དུ་འཁུམས། །སླད་མའི་ཆར་ཡང་སྲས་བཅས་ཀྱི། །རྒྱལ་བས་ཁྱེད་ལ་བྱིན་བརླབས་པས། །རིང་འཚོའི་དགེ་མཚན་རྒྱས་པ་དང་། །ཐུགས་བཞེད་ཆོས་བཞིན་འཕེལ་བར་སྨོན། །ཞེས་པའི་ཞུ་མཚོན་ལྷ་རེག །འཇམ་དཔལ་


JKT020_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་གླེགས་བམ་དང་དམ་རྫས། ཤེས་རབ་ཀྱི་རལ་གྲིའི་མཚོན་བྱེད་བཅས་ཟླ་༡ཚེས་༡༨དགེ་བར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེས་ཕུལ་བ་དགེ། ༈ །།ཨོཾ་སྭསྟི། རྟོགས་པའི་ཡེ་ཤེས་ལྷུན་གྲུབ་པ། །འཚོ་ཁམས་པདྨོ་རྒྱས་པ་དང་། །བསྔགས་འོས་འབྲས་བུས་དུད་པ་ནས། །གསུང་བྲིས་རྟེན་དང་བཅས་པ་ཡི། །ཟིལ་དངར་ཐོབ་པའི་དགེ་སྦྱོང་ཡང་། །རྣམ་པར་འགྱུར་བའི་གཞན་དབང་ལ། །བརྟེན་ནས་བསམ་གཏན་ཁང་བུ་རུ། །སྙོམས་ལས་ཁོ་ནའི་མལ་དུ་མནལ། །སླད་མའི་ཆར་ཡང་ཕུན་ཚོགས་རྟེན། །འཆི་མེད་རྟག་པའི་དཔལ་འབར་ཞིང་། །ཉམས་རྟོགས་ཡོན་ཏན་གོང་འཕེལ་ནས། །དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའི་ཞུ་མཚོན་ལྷ་རེག །འཆི་མེད་གྲུབ་པའི་གླེགས་བུ་དང་དམ་རྫས། སྔགས་མདུད་བཅས་ཟ་འོག་གི་ཚལ་བུས་ལྕིབས་ཏེ་ཟླ་ཚེས་ལ་ཕུལ།། ༈ །།ཨོཾ་སྭསྟི་སིདྡྷཾ། སྲས་བཅས་རྒྱལ་བས་བསྔགས་མཛད་པའི། །རིག་དང་བརྩེ་བ་རྨད་བྱུང་བ། །གཞན་དོན་སྤྲུལ་པའི་ཟློས་གར་ཅན། །རྡོ་རྗེ་འཛིན་དབང་མཆོག་གི་དྲུང་། །གུས་གསོལ། གཞི་རྒྱུད་རྟག་པ་དམ་པ་ལས། །ལམ་རྒྱུད་རིག་པ་འཛིན་པའི་ཚུལ། །འབྲས་རྒྱུད་ཕན་བདེའི་ཕྲིན་ལས་ཅན། །འཚོ་གཞེས་ལེགས་མཛད་རྒྱས་པ་ནས། །འཕྲིན་ཡིག་རྟེན་བཅས་འདིར་སོན་པས། །གུས་སྤྲོ་ཐོབ་ཅིང་དམན་བདག་ཀྱང་། །རྣམ་


JKT020_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གདུང་བའི་ཁུང་དང་བཅས། །འདུ་ཤེས་གསུམ་གྱི་མལ་དུ་འཁུམས། །མཚམས་ཞུས། སླད་མའི་ཆར་ཡང་། ཁྲག་འཐུང་དགའ་བའི་ཡེ་ཤེས་དཔྱིད། །བདེ་ཆེན་འབར་བའི་རྡོ་རྗེ་རྩལ། །འཆི་མེད་གྲུབ་པའི་ཕྲིན་ལས་བཅས། །འདིར་ཡང་རྗེས་སུ་བརྩེ་བར་མཛོད། །ཅེས་པའི་ཞུ་མཚོན་ལྷ་རེག །ལམ་གྱི་རིམ་པའི་གླེགས་བམ་ཨ་མྲྀ་ཏ་ཕྱེ་རིལ། རིན་པོ་ཆེའི་སོར་གདུབ་བཅས་ཟླ་ཚེས་ལ་ཕུལ།། ༈ །།ཨོཾ་སྭསྟི་s སིདྡྷཾ། དགེ་ལེགས་མཚན་གྱི་སྒེག་འཆང་བ། །འཚོ་ཁམས་དཔག་བསམ་དར་བབས་ཤིང་། །ལེགས་མཛད་ཡལ་འདབ་རྒྱས་པ་ནས། །བརྩེ་བས་ཁྱབ་པའི་གསུང་མཆིད་ནི། །རྟེན་དང་བཅས་པ་འདིར་སོན་༧ པས། །ཡིད་སྤྲོ་ཐོབ་པའི་དམན་བདག་ཀྱང་། །རྣམ་འགྱུར་མལ་དུ་མནལ་བཞིན་མཆིས། །སླད་མའི་ཆར་ཡང་བསྔགས་འོས་མཆོག །ཡུན་དུ་འཚོ་བའི་དཔལ་འབར་ཞིང་། །དམ་པའི་ཆོས་དང་མཐུན་པ་ཡི། །དགོངས་བཞེད་ལྷུན་གྱིས་གྲུབ་པར་སྨོན། །ཞེས་པའི་ཞུ་མཚོན་ལྷ་རེག །འཆི་མེད་ཚེའི་གཟུངས་དང་། དམ་རྫས། རས་ཀྱི་རྣལ་མའི་ཆུན་པོ་བཅས་ཟླ་༡ཚེས་༡༨དགེ་བར་ཕུལ།། ༈ །ཨོཾ་སྭསྟི་སིདྡྷཾ། བསླབ་གསུམ་རིན་ཆེན་བྱེ་བའི་དོ་ཤལ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྤོབས་པ་ཅན། །འཚོ་གཞེས་ཕན་བདེའི་ལེགས་མཛད་རྒྱས་པ་ནས། །འཕྲིན་ཡིག་རྟེན་དང་བཅས་པ་འདི་ན་སོན། །དེ་ཚེ་སྤྲོ་བའི་


JKT020_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིས་རབ་དགའི་ཡིད། །དབྱར་གྱི་པདྨོ་ལྟ་བུར་རྒྱས་གྱུར་པའི། །དམན་པ་བདག་ཀྱང་རྣམ་འགྱུར་གཞན་དབང་གིས། །འདུ་གསུམ་མལ་དུ་མཚམས་རྒྱའི་མིང་གིས་བརྗིད། །སླད་མའི་ཆར་ཡང་གྲུབ་པའི་བདུད་རྩིའི་བཅུད། །དྷཱུ་ཏིའི་སྲོག་ཏུ་སོང་བས་བསྐལ་པ་བརྒྱར། །རྡོ་རྗེ་འཛིན་པའི་རྒྱན་དུ་འཚོ་གཞེས་བཞིན། །ཕྲིན་ལས་བསྟན་འགྲོའི་དཔལ་དུ་རྒྱས་པར་སྨོན། །ཞེས་རྩེ་གཅིག་པའི་ཡིད་ཀྱི་ཞ་མཚོན་། ལྷ་རེག །རྣམ་སྣང་ལོ་ཙཱ་བའི་སྤྲུལ་པའི་སྐུ་སྔ་ཕྱིས་ལེགས་པར་བསྒྲུབས་པའི་སྙིང་ཏིག་གི་གླེགས་བམ་མྱོང་གྲོལ་གྱི་དམ་རྫས་བཅས་རས་སྲབ་མོས་ལྕིབས་ཏེ་རབ་མྱོས་ཆོ་འཕྲུལ་ཟླ་བའི་ཤར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་དགེ་བར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེས་གུས་ཕུལ་དགེ་ཞིང་བཀྲ་ཤིས།། ༈ །།རིན་ཆེན་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ཤིང་། །དར་ཞིང་རྒྱས་ལ་འཆད་རྩོད་རྩོམ་པ་ཡིས། །དྲི་མེད་ཐུབ་བསྟན་ཕྱོགས་བརྒྱར་སྣང་མཛད་པས། །འཕྲིན་ཡིག་རྟེན་བཅས་སོན་པས་རབ་ཏུ་སྤྲོ། །འདི་ན་ཁམས་འདུས་སྦྲུལ་གྱིས་ཕུང་པོའི་ཚོགས། །ཟས་སུ་ཟ་བར་ཉེ་བའི་དགེ་སྦྱོང་གཟུགས། །འདུ་ཤེས་གསུམ་གྱི་མལ་དུ་མནལ་བ་ལ། །སུ་དང་མི་འཕྲད་སྐུ་མཚམས་དམ་མོ་ལོ། །སླད་མའི་ཆར་ཡང་བསླབ་གསུམ་རིན་ཆེན་གྱིས། །ཕན་བདེའི་དགེ་མཚན་དར་རྒྱས་རྫོགས་ལྡན་མགྲོན། །བསྟན་དང་འགྲོ་བའི་


JKT020_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུ་འགུགས་མཛད་གང་། །བསྐལ་བརྒྱར་འཚོ་གཞེས་ཕྲིན་ལས་མཁའ་ཁྱབ་སྨོན། །ཅེས་པའི་ཞུ་གསོལ་རྨད་དུ་བྱུང་བའི་སྐྱེས་ཀྱི་དམ་པ་ལེགས་པར་བཤད་པ་སྣ་ཚོགས་པའི་གླེགས་བུ་དང་། སྐུ་ཚེའི་རིལ་བུ་དར་གྱིས་ལྕིབས་ཏེ་ཟླ་ཚེས་དགེ་བར་བན་རྒན་མཉྫགྷོ་ཥས་གུས་ཕུལ་སུ་ཤེ་ཡསིདྡྷི་རསྟུ།། ༈ །།ན་མཤྲཱི་གུ་ར་བེ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཁྱབ་བདག་དཔལ་ལྡན་བླ་མ་ཡིས། །དོན་བརྒྱུད་དགོངས་པའི་བྱིན་རླབས་ཀྱིས། །ཁྱོད་ལ་རྟག་ཏུ་ཤིས་པར་མཛོད། །དམ་པས་བསྔགས་པའི་དབེན་གནས་སུ། །རྩེ་གཅིག་སྒྲུབ་ལ་གཞོལ་བ་གང་། །རྣམ་དཀར་སྤྱོད་ཚུལ་གོང་འཕེལ་བཞིན། །འཚོ་ཁམས་དགེ་བར་བཞུགས་ལགས་སམ། །འདི་ན་མཆིས་པའི་དགེ་སྦྱོང་གཟུགས། །མཆོག་གསུམ་ཐུགས་རྗེ་ལ་བརྟེན་ནས། །ཉེར་འཚེའི་སྦྱོར་བ་དང་བྲལ་བཞིན། །དམ་ཆོས་འཆད་ཉན་སྤེལ་བར་མཆིས། །སླར་ཡང་བསླབ་བྱའི་སྙིང་པོ་ནི། །ནམ་འཆི་ཆ་མེད་དྲན་པ་དང་། །སྲིད་ལས་ངེས་པར་འབྱུང་བའི་བློས། །བྱང་ཆུབ་སེམས་གཉིས་རྟག་ཏུ་བསྒོམ། །ཁྱབ་བདག་རིག་སྟོང་གཉུག་མའི་གཤིས། །བརྗོད་བྲལ་ངང་ལས་མ་གཡོས་བཞིན། །སྣང་གྲགས་རྟོག་ཚོགས་ལྷ་ཚོགས་དང་། །ཡེ་ཤེས་ཆེན་པོས་རོལ་པར་ཁྱེར། །དེ་ལྟར་རྟོགས་ན་བླ་མ་དང་། །ནམ་ཡང་འབྲལ་བར་མི་སྲིད་དོ། །ཐུགས་ཡིད་གཅིག་ཏུ་འདྲེས་


JKT020_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། །མཆོག་གི་དངོས་གྲུབ་ཐོབ་པར་ངེས། །མདོར་ན་ཆོས་བཞིན་སྤྱོད་པ་ལ། །འགལ་རྐྱེན་ནམ་ཡང་མི་འབྱུང་ཞིང་། །མཐུན་རྐྱེན་ཕུན་སུམ་ཚོགས་པ་ཡིས། །དོན་གཉིས་ལྷུན་གྱིས་འགྲུབ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousཀཿཐོག་སི་ཏུ་རིན་པོ་ཆེ་སོགས་ཀྱི་མདུན།next