Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  expand section
   
   
   
   
   
གཤིན་རྗེ་ཡི་གེ་བཞི་པའི་སྲུང་བཟློག་བསད་པའི་མན་ངག་རྡོ་རྗེ་ཕ་ལམ།
   
   


 
previousགཤིན་རྗེ་ཡི་གེ་བཞི་པའི་སྲུང་བཟློག་བསད་པའི་མན་ངག་རྡོ་རྗེ་ཕ་ལམ།next

གཤིན་རྗེ་ཡི་གེ་བཞི་པའི་སྲུང་བཟློག་བསད་པའི་མན་ངག་རྡོ་རྗེ་ཕ་ལམ།


JKT020_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

༈ གཤིན་རྗེ་ཡི་གེ་བཞི་པའི་སྲུང་བཟློག་བསད་པའི་མན་ངག་རྡོ་རྗེ་ཕ་ལམ་བཞུགས་སོ། །ན་མོ་བཛྲ་བྷེ་ར་ཝཱ་ཡ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་སྲུང་བ་དང་། བཟློག་བསད་ཀྱི་མན་ངག་ལ་གཉིས་ཏེ། དང་པོ་སྲུང་བ་ནི། ཐོ་རངས་གཉིད་སད་མ་ཐག་གཞན་དང་གཏམ་མ་འདྲེས་པའི་ཚེ་ཁ་ཤར་དུ་ཕྱོགས་ཏེ། སྐྱབས་སེམས་སྤྱི་ལྟར་རྗེས། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱསྭ་བྷ་ཝ་ཤུ་དྡྷོ་ཉ་ཧཾ། སྟོང་པའི་ངང་ལས་སྲེག་བྱེད་མེའི་དཀྱིལ་འཁོར་གྱི་དབུས་སུ་པདྨ་དང་ཉི་མའི་གདན་ལ། ཧཱུྃ་ཞེས་བརྗོད་པས། རང་སྐད་ཅིག་གིས་རྡོ་རྗེ་འཇིགས་བྱེད་དྲག་པོ་སྲུང་བྱེད་འབར་བ། སྐུ་མདོག་ནག་པོ་མུན་པའི་གོས་ཅན། བསྐལ་པའི་མེ་ལྟར་དྲག་པ། ཞལ་གཅིག་ཕྱག་གཉིས་པ། གཡས་གནམ་ལྕགས་ཀྱི་རལ་གྲི་འབར་བ་དང་། གཡོན་དྲག་པོའི་སྡིག་མཛུབ་མཛད་པ། ལྕགས་བསྲེགས་ཀྱི་རལ་པའི་གུར་ཁང་ལས་མཚོན་ཆའི་མེ་འོད་རབ་ཏུ་འཕྲོ་བ། ཞབས་གཉིས་བགྲད་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། སྐུ་རི་རབ་དང་མཉམ་པ་དྲག་ལ་རྔམ་པའི་ཆ་ལུགས་ཅན། ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཨེ། དེའི་ཁོང་སེང་གི་ནང་དུ་ཐིག་ལེ་ཁ་དོག་ལྔ་ལྡན། དེའི་ནང་དུ་ཉི་ཟླའི་གྲྭའུ་ཁ་སྦྱོར། དེའི་ནང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཧཱུཾ་སྔོན་པོ། ཧཱུྃ་གི་ཐིག་ལེའི་ནང་དུ་བླ་མ་ཡི་དམ། ཁོག་པའི་ནང་དུ་མཁའ་འགྲོ་ཆོས་སྐྱོང་། གཡས་


JKT020_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་ཕ་མ། མདུན་དུ་འཁོར་གཡོག། །རྒྱབ་ཏུ་ནོར་རྫས་ཡུལ་འཁོར་སོགས་བསྲུང་བྱ་ཐམས་ཅད་མངོན་སུམ་བཞིན་དུ་འཁོད་ཅིང་། བྱད་མའི་ལྷ་སྲུང་ནུས་མཐུ་དང་བཅས་པ་ཐམས་ཅད་བསྡུས་ཏེ། །རལ་པའི་གུར་ཁང་གི་ཕྱི་རོལ་མཚོན་ཆའི་འཁོར་ལོ་ལ་ཐིམ་པས། འཁོར་ལོ་གཡས་སུ་ཤུགས་དྲག་ཏུ་འཁོར་བས་འགལ་རྐྱེན་བར་ཆད་ཐམས་ཅད་ཕྱོགས་སུ་ཉེ་མི་ནུས་ཤིང་། རང་གི་ལུས་ངག་ཡིད་གསུམ་རྡོ་རྗེའི་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། ཨེ་ས་བྷོ་སྲུང་། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་མཆིལ་མས་རང་གི་གནས་གསུམ་དུ་ཐིག་ལེ་རེ་བྱའོ། །གཉིས་པ་བཟློག་བསད་ཟུང་དུ་འཇུག་པའི་མན་ངག་ནི། ཉི་མ་ནུབ་ཁ་མདུང་གང་ཙམ་གྱི་དུས་ཁ་ནུབ་ཏུ་ཕྱོགས་པས། སྐྱབས་སེམས་དང་། སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་སྲེག་བྱེད་མེའི་དཀྱིལ་འཁོར་གྱི་དབུས་སུ་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ཞེས་བརྗོད་པས། རང་སྐད་ཅིག་གིས་རྡོ་རྗེ་འཇིགས་བྱེད་ནག་པོ་ཟློག་བྱེད་འབར་བ། སྐུ་མདོག་ནག་པོ་མུན་པའི་གོས་ཅན། བསྐལ་པའི་མེ་ལྟར་དྲག་པ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡོན་པའི་མཐེ་བོང་གསེར་ཀྱི་སྟ་རེ་རྣོ་ཞིང་མེ་འོད་འབར་བ། མཛུབ་མོ་དངུལ་གྱི་གཏན་པ་ཡངས་ཤིང་རྒྱ་ཆེ་བ། ལྕགས་བསྲེགས་ཀྱི་རལ་པའི་གུར་ཁང་། སོགས་ནས། བསྲུང་བྱ་ཐམས་ཅད་མངོན་སུམ་བཞིན་དུ་


JKT020_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད། ཅེས་པའི་བར་སྲུང་བའི་སྐབས་ལྟར་བརྗོད། རང་གི་མདུན་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་མཐིང་ནག་འབར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། འཆི་བདག་ལས་ཀྱི་གཤིན་རྗེ་འཇིགས་པའི་ཆ་བྱད་ཅན་ཁ་རབ་ཏུ་གདངས་པ། ལྟོ་བ་ན་སྲིད་པ་གསུམ་གྱི་གྲོང་ཁྱེར་དང་། མཚོན་ཆའི་འཁོར་ལོ་ལས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པར་གྱུར་ཅེས་བརྗོད་ཅིང་བསམ། དེ་ནས་རང་གི་ཐུགས་ཀ་ནས་ཕོ་ཉ་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། དགྲ་བགེགས་ཐམས་ཅད་ལྕགས་ཀྱུས་སྙིང་ཁ་ནས་བཟུང་། མགྲིན་པ་ནས་ཞགས་པས་བཅིངས། ཡན་ལག་ལྕགས་སྒྲོག་གིས་བསྡམས། མཚོན་ཆ་སྣ་ཚོགས་ཀྱིས་བསྡིགས་ནས་རང་དབང་མེད་པར་བཀུག་སྟེ། དངུལ་གྱི་གཏན་པའི་སྟེང་དུ་བཞག་པ་ཉིད། གསེར་གྱི་སྟ་རེས་མགོ་ལུས་དུམ་བུར་གཏུབས་ཤིང་། གཤིན་རྗེའི་ཞལ་དུ་བསྟིམ་པ་ཆོས་སྒྲ་དང་བཅས་ཏེ་གསོལ། ལྟོབ་ནས་ལས་ཀྱི་མེ་རླུང་འབར་བས་ཐལ་བར་བྱས་པ་གྱུར་པར་བསམས་ལ། ཕྲེང་བ་ཕྱིར་ཕུལ་ཞིང་། དབུགས་ཐོག་གཅིག་ལ། ཨེ་ས་བྷོ་བཟློག །ཅེས་དྲུག་ཅུ་རྩ་བཞི་སོགས་དྲག་ཏུ་བཟླ། རྗེས་སུ་ཐལ་མོ་སྦྱར་ལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། བཅོམ་ལྡན་དཔལ་རྡོ་རྗེ་འཇིགས་བྱེད་འཆི་བདག་ལས་ཀྱི་གཤིན་རྗེའི་ཚོགས་དང་བཅས་པ་


JKT020_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་སྡང་བའི་སེམས་དང་ལྡན་པ། གདུག་པའི་སེམས་དང་ལྡན་པ། དྲག་ཤུལ་གྱི་སེམས་དང་ལྡན་པ། བསམ་པ་ངན་པ། སྦྱོར་བ་རྩུབ་པར་བྱེད་པའི་དགྲ་བགེགས་བྱད་མ་འཁོར་དང་བཅས་པའི་ལུས་བཅིང་བར་བགྱིའོ། །ངག་བཅིང་བར་བགྱིའོ། །ཡིད་བཅིང་བར་བགྱིའོ། །མཐུ་བརླག་པར་གྱུར་ཅིག །སྟོབས་བརླག་པར་གྱུར་ཅིག །རྫུ་འཕྲུལ་བརླག་པར་གྱུར་ཅིག །དེས་བཟླས་པའི་སྔགས་ཀྱིས་དེ་ཉིད་བརླག་པར་གྱུར་ཅིག །དེས་བསྒྲུབ་པའི་ལྷ་འདྲེས་དེ་ཉིད་ཀྱི་ཤ་ཟ་བར་གྱུར་ཅིག །ཅེས་བརྗོད་ཅིང་ཐལ་མོ་བརྡབ། མཆིལ་མ་ཕྱིར་དོར། ཏིང་ངེ་འཛིན་ནི། གནམ་ལྕགས་ཀྱི་རལ་པའི་གུར་ཁང་ནས། གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཡོན་དུ་དྲག་ཏུ་འཁོར། དེ་ལས་མཚོན་ཆ་སྣ་ཚོགས་དང་། ལས་ཀྱི་མེ་རླུང་རབ་ཏུ་གཡོས་པས་གནོད་བྱེད་ཐམས་ཅད་ཀྱི་ལུས་བྱ་སྒྲོ་མེས་བསྲེགས་པ་བཞིན་དུ་ཐལ་བ་བྱས། རྣམ་ཤེས་འོད་གསལ་གྱི་དབྱིངས་སུ་ཐིམ་པར་བསམས་ལ། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཅེས་བརྗོད་ཅིང་སྤྲོས་བྲལ་གྱི་ངང་དུ་བཞག །དགེ་བ་འདི་ཡིས་


JKT020_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་བདག །རྡོ་རྗེ་འཇིགས་བྱེད་འགྲུབ་གྱུར་ནས། །གཟུང་འཛིན་དགྲ་བགེགས་ཇི་སྙེད་ཀུན། །འོད་གསལ་ཀློང་དུ་སྒྲོལ་བར་ཤོག །ཅེས་སོགས་བསྔོ་སྨོན་བྱ། འདི་དུས་སྤྱི་དང་། ཁྱད་པར་ཉི་ཤུ་དགུ་སོགས་དྲག་པོའི་དུས་ལ་འབད། རྨི་ལམ་སོགས་ཤིན་ཏུ་རྩུབ་ན། ལག་གཡས་ཀྱི་མཐིལ་དུ་ཤ་དམར་དུམ་བུ་ཞིག་བཞག་ལ། བདེན་སྟོབས་བརྗོད་པ་དང་བཅས་པས་བྱད་མ་དགུག་གཞུག་གི་དམིགས་པས་དངོས་སུ་གསལ་ལ། ལག་གཡོན་པའི་མཐེབ་འཛུབ་ཀྱིས་བླངས་ཏེ། ཨེ་ས་བྷོ་རྦད། ཅེས་བཟླ་བ་དང་ལྷན་ཅིག་དམིགས་པ་སྔར་བཞིན་གྱིས་བསད་པའི་ཤ་ཁྲག་ཚོགས་སུ་རོལ་བས། དྭངས་མ་ཕུང་ཁམས་ལྷར་གསལ་བ་ཚིམ། སྙིགས་མ་ལྟེ་འོག་གཏུམ་མོའི་མེའི་ཁྲོད་དུ་ཆོས་སྲུང་ལས་གཤིན་འཁོར་བཅས་གསལ་བའི་ཞལ་དུ་སོང་བས་རྔམས་པའི་བཞད་སྒྲ་དང་བཅས་ལྷག་མེད་དུ་གསོལ་བར་བསམས་ལ་འཛིན་མེད་ཀྱི་ངང་དུ་བཞག་གོ། །གཤིན་རྗེ་ཡི་གེ་བཞི་པའི་སྲུང་བཟློག་བསད་པའི་མན་ངག་ཞལ་ཤེས་དང་བཅས་པ་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བལ་པོ་ཐུགས་རྗེ་ཆེན་པོ་ལ་གསེར་སྲང་བརྒྱ་འབུལ་བར་དམ་བཅས་ནས་གནང་བའི་གདམས་པ་ཆིག་བརྒྱུད་ཤིན་ཏུ་ཟབ་མོ་ཨྠྀི། །གུ་བྱ།། །།


previousགཤིན་རྗེ་ཡི་གེ་བཞི་པའི་སྲུང་བཟློག་བསད་པའི་མན་ངག་རྡོ་རྗེ་ཕ་ལམ།next