Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  expand section
   
   
   
   
   
   
   
ཀླུ་གཏོར་དང་འབྲེལ་བའི་ཆར་འབེབས་ཁྱེར་བདེ་ཉུང་ངུ་།


 
previousཀླུ་གཏོར་དང་འབྲེལ་བའི་ཆར་འབེབས་ཁྱེར་བདེ་ཉུང་ངུ་།no next

ཀླུ་གཏོར་དང་འབྲེལ་བའི་ཆར་འབེབས་ཁྱེར་བདེ་ཉུང་ངུ་།


JKT020_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཀླུ་གཏོར་དང་འབྲེལ་བའི་ཆར་འབེབས་ཁྱེར་བདེ་ཉུང་ངུ་བཞུགས་སོ།།


JKT020_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། ཀླུ་གཏོར་དང་འབྲེལ་བའི་ཆར་འབེབས་ཁྱེར་བདེ་བྱ་བའི་ཚུལ་ལ་གསུམ། སྦྱོར་བ་དངོས་གཞི་ཡན་ལག་གོ །དང་པོ་ནི། གཟའ་སྐར་འབྱུང་ཁམས་ཆུ་ནང་འཕྲད་པ་དང་། ཀླུ་ཐེབས་སོགས་ཡོད་པའི་དུས་ཚེས་དགེ་བར་དཀར་ཕྱོགས་ཀྱི་ཀླུ་གནས་ངེས་པའི་ཆུ་མིག་འཕན་བཟང་གི་དཀྱིལ་ལམ། ཉེ་ལོགས་སོགས་གང་བདེར་ཀླུ་གཏོར་གྱི་བཅའ་གཞི་རྒྱས་བསྡུས་གང་རིགས་གཞུང་ལྟར་བཤམ་པའི་མདུན་དུ། དཀར་གསུམ། མངར་གསུམ། ཀླུ་སྨན། བག་ཕྱེ་རྣམས་སྦྱར་བའི་རིལ་བུ་བརྒྱ་རྩ་བརྒྱད་ཟངས་སོགས་རིན་པོ་ཆེའི་སྣོད་དུ་བཤམས། བདག་བསྐྱེད་སོགས་ནས་བརྩམས་ཀླུ་གཏོར་གྱི་འབུལ་བའི་བར་ཀླུ་གཏོར་གྱི་གཞུང་ནས་འབྱུང་བ་ལྟར་རྒྱས་བསྡུས་གང་རུང་བྱའོ། །གཉིས་པ་ནི། རྫས་རྣམས་ཀླུའི་རེ་བ་ཡིད་བཞིན་ཏུ་སྐོང་བའི་བདུད་རྩིའི་རང་བཞིན་དུ་བབས་པས་ཀླུའི་སྡུག་


JKT020_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཐམས་ཅད་བསལ། ཕན་བདེའི་དཔལ་ལ་བཀོད། མཉེས་ཤིང་ཚིམས་ནས་འཇིག་རྟེན་གྱི་ཁམས་ཀྱི་སྤྲིན་རྣམས་བསྡུས་ཆར་གྱི་རྒྱུན་ཆེན་པོ་འབེབས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། ཨོཾ་ནཱ་ག་ཀཱ་ལ་ཧཱུཾ། ནཱ་ག་ལེ་ལེ། དུམ་པ་ལེ་ལེ། ནཱ་ག་རཱ་ཛ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་རིལ་བུ་གཅིག་ཆུ་མིག་ཏུ་བསྒྱུར། དེ་བཞིན་ཏུ་རིལ་བུ་རེ་ལ་སྔགས་བརྒྱ་དང་བརྒྱད་རེ་ལོངས་པར་བཏབ་ནས་ཆུ་མིག་བསྒྱུར་ལུགས་སྔར་བཞིན་བྱ། རིལ་བུ་རྫོགས་པ་དང་། ༀ་མ་ཧཱ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨབྷྲཱུྃ་ནས། ཤབྷཱ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་མཆོད། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པ་མ་ལུས་སེལ་མཛད་ཅིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། ཅེས་བསྟོད། ཡི་གེ་བརྒྱ་པ་དང་། །


JKT020_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྙེད་ཡོངས་སུ་མ་ཚང་དང་། །གཙོ་བོར་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། ཞེས་ནོངས་པ་བཟོད་པར་གསོལ། ཀླུ་གཏོར་གྱི་མཇུག་ནས་འབྱུང་བ་ལྟར། འོད་ཀྱི་ར་བ་མི་དམིགས་པར་བསམས་ལ། གཤེགས་གསོལ་དང་། བསྔོ་སྨོན་བཀྲ་ཤིས་གང་རིགས་བྱ། དེ་དག་གི་ཚེ་རང་ཉིད་གཅིག་པུ་ལས་མེད་ན་མཆོད་བསྟོད་རྫོགས་པའི་བར་མཚམས་དང་། སྒྲུབ་གྲོགས་གཞན་ཡོད་ན་ཆོ་ག་དང་ལྷན་ཅིག་ཀླུའི་དཔང་ཀོང་དང་། སྤྲིན་ཆེན་འདོན། གཞན་ཡང་བསང་དང་གསེར་སྐྱེམས་སོགས་མཆོད་སྦྱིན་གྱི་རིམ་པའང་ཅི་རིགས་སུ་བྱའོ། །གསུམ་པ་ལ་གསུམ། འབྲུག་བསྐུལ། སྤྲིན་སྡུད། རླུང་གནོན་ནོ། །དང་པོ་ནི། ཐུན་མཚམས་གང་རིགས་སུ། །རང་ཉིད་གཡུ་འབྲུག་སྔོན་པོ་འབྲུག་སྒྲས་ནམ་མཁའ་འགེང་བར་གྱུར་པར་བསམས་ལ། ཨོཾ་ཏྲ་གི་ཞིམ་གྱི་ཆི་བར་ན་ལེ་དྷེ་ཤ་ཕ་ཚ་ཕ་ཚ་ཧཱུྃ་ཕྲཊ། ཅེས་བཟླ། གཉིས་པ་ནི། རང་ཉིད་ལྷར་གསལ་བའི་ཞལ་གྱི་རླངས་པ་ནམ་མཁའི་ཁམས་སུ་སྤྲིན་དུ་འཁྲིགས་པར་གྱུར་པའི་མོས་པས། ཧཱུྃ་སབ་སབ་ཧཱུྃ། ཧཱུྃ་སོབ་སོབ། ཅེས་བཟླ། གསུམ་པ་ནི། བག་ཟན་ལ་རླུང་ལྷ་ཤ་བ་ལ་ཞོན་པ་ལག་ན་བ་དན་ལྗང་གུ་བསྐལ་ཐབས་སུ་འཛིན་ཅིང་མྱོས་པའི་རྣམ་པ་ཅན་དུ་བྱས་ལ་རང་ཉིད་ལྷའི་ང་རྒྱལ་བརྟན་པོ་དང་བཅས། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་ཞི་ཁྲོའི་ལྷ་ཚོགས་


JKT020_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དུས་མ་ཡིན་པའི་རླུང་གིས་ཆར་པ་འབབ་པ་ལ་བར་དུ་གཅོད་པའི་གནོད་བྱེད་པ་བྱུང་པོ་བགེགས་ཀྱི་རིགས་རྣམས་དམིགས་པའི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨོཾ་ཡཾ་སརྦ་བིགྷཱན་ཛཧཱུྃ་བཾ་ཧོ༔ ཞེས་ཡང་ཡང་བརྗོད་པས་བསྟིམ། ནུབ་བྱང་གི་ཕྱོགས་སུ་རྫ་གསར་ཁ་གཅོད་འགྲིགས་པར་བཅུག་པའི་སྟེང་ནས་རྡོ་རྗེ་རྒྱ་གྲམ་བྲི། སཱཙྪསེར་པོས་མནན་༑ རླུང་ལྷའི་སྟོབས་དང་ནུས་པ་ཐམས་ཅད་བཅོམ་པར་བསམ། ཆར་ཡ་ཆུར་ཡ་ཏི་ཏི་ལ་ཡཾ་ནན། ཞེས་བཟླ་ཞིང་བྲོ་བརྡུང་། ལས་གྲུབ་པ་ན་རླུང་ལྷའི་གཟུགས་འོ་མས་བཀྲུ་ཞིང་། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་ཨརྦ་སཱ་དྷ་ནི་སྭཱ་ཧཱ། ཞེས་སྤྱན་མའི་གཟུངས་མང་དུ་བཟླས་པར་གསོ་བར་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་ལུགས་འདི་ལ་ཚད་མར་གྱུར་པའི་གཞུང་ལས་ཟུར་དུ་ཕྱུངས་ཏེ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །མངྒ་ལཾ།


previousཀླུ་གཏོར་དང་འབྲེལ་བའི་ཆར་འབེབས་ཁྱེར་བདེ་ཉུང་ངུ་།no next