Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཤིན་ཏུ་བསྡུས་པ་ཐར་པའི་ཐེམ་སྐས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཤིན་ཏུ་བསྡུས་པ་ཐར་པའི་ཐེམ་སྐས།next

གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཤིན་ཏུ་བསྡུས་པ་ཐར་པའི་ཐེམ་སྐས།


JKT021_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཤིན་ཏུ་བསྡུས་པ་ཐར་པའི་ཐེམ་སྐས་ཅེས་བྱ་བ་བཞུགས་སོ། །


JKT021_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདིར་ནང་གི་རྣལ་འབྱོར་ཁོ་ན་ལ་མཆོག་ཏུ་གཞོལ་བས་སྤྲོས་པ་མདོར་བསྡུས་པའི་སྒོ་ནས་ཚེ་འདས་རྗེས་སུ་བཟུང་བའི་ཚུལ་ནི། །ཞི་ཁྲོ་དང་ཐུགས་རྗེ་ཆེན་པོ་སོགས་ཇི་ལྟར་འོས་པའི་བསྐྱེད་བཟླས་སྔོན་དུ་སོང་ནས། ལས་བུམ་དུ་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའ་གསལ་བའི་སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། ཡི་གེ་བརྒྱ་པ་ཅི་ནུས་བཟླ། ཧཱུཾ་ཞེས་བརྗོད་པས་བསྐྱེད་པའི་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ། དེ་ནས་མདུན་དུ་མིང་བྱང་སོགས་འདུ་བགྱིས་ལ། །ཤུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་


JKT021_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ༔ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུའང་བཅོམ་ལྡན་འདས་བདེར་གཤེགས་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དམིགས་ཡུལ་ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨ་ཀར་ཡ་ཛས་རྣམ་ཤེས་དང་། ཨོཾ་


JKT021_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ༔ གིས་སྡིག་པ་བཀུག་ནས། ཛཿཧཱུྃ་བཾ་ཧོས། རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་བསམ། གཏོར་མ་གསུམ་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷཱན་ན་མཿསརྦ་སོགས་ལན་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུས་བསྐོར་ཞིང་། སུམ་བྷ་ནི་གསུམ་གྱིས་ཕྱེད་མ། རང་ཉིད་རིགས་ཀྱི་ཁྲོ་བོ་གང་ཡང་རུང་བའི་ང་རྒྱལ་དང་བཅས། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ཚེ་ཚེ།ལས་འདས་པ་གསོན་གྱི་དུས་སུ་ཚེ་གནས་པ་དང་། གཤིན་གྱི་དུས་སུ་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་དིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ལྟེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། །དྲག་སྔགས་དང་བཅས་གཏོར་མ་ཕྱི་རོལ་དུ་དོར་བ་ནི་དྲག་པོའི་སྦྱང་པའོ། །དེ་ནས་སྤྲོ་ན་གཡས་གཡོན་དུ་མེ། ཆུ་མདུན་དུ་ཏིལ་ཅུང་ཟད་བཅས་འདུ་བགྱིས་ལ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་ཁར་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ་ལྟེ་བའི་གཏུམ་མོའི་མེས་དེད་སྣ་སྒོ་ནས་སྡིག་པ་རྭ་ཅན་གྱི་རྣམ་ཐས་མདུན་གྱི་ཏིལ་ལ་ཐིམ་པ་དེ་ཉིད་ཡེ་ཤེས་ཀྱི་མེ་དང་ཆུས་བསྲེགས་ཅིང་སྦྱངས་པར་བསམ་ལ། །ཨོཾ་སརྦ་པ་པཾ་ད་ཧ་ན་བྷ་སྨིཾ་ཀུ་རུ་ཡེ་སྭཱ་


JKT021_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། །ཚེ་ལས་འདས་པས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། །ཞེས་བརྗོད་ཅིང་ཕྱིར་དོར། རྩ་སྔགས་དང་ངན་སོང་སྦྱོང་བའི་སྔགས་བཟླས་པའི་བྱེ་མས་བྲབས། རྟེན་གྱི་གཟུགས་བརྙན་མེ་ལོང་གི་ངོས་སུ་ཤར་བ་ལས་བུམ་གྱི་ཆུས་བཀྲུ་ཞིང་། ཇི་ལྟར་བལྟམས་པ་སོགས་དང་། འདི་ནི་ཕྱིན་དྲུག་རང་བཞིན་ཆུ། །ཉོན་དྲུག་དྲི་མ་སྦྱོང་མཛད་ཅིང་། །ཕྱིན་དྲུག་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །རྩ་སྔགས་དང་ཡི་གེ་བརྒྱ་པའི་མཐར། ཚེ་ལས་འདས་པའི་དུག་ལྔ་སེར་སྣ་དང་དྲུག་གནས་སུ་དག་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་རིམ་གྱིས་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །མཆོག་གསུམ་བདེན་པས་དགུ་བཅོམ་མོ། །རྩ་སྔགས་མཐར། །ཚེ་ལས་འདས་པའི་དུག་གསུམ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་དཀོན་མཆོག་གསུམ་གྱི་བདེན་པས་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། །འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །ཡུམ་ཆེན་བཞི་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །རྩ་སྔགས་མཐར། ཚེ་ལས་


JKT021_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་འབྱུང་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་རིགས་ཀྱི་ཡུམ་བཞིའི་བདེན་པས་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །སོགས་ཀྱི་མཐར། ཚེ་ལས་འདས་པས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་འཐོར། ཚེ་འདས་ཉིད་དཀོན་མཆོག་རྩ་གསུམ་རྒྱ་༧ མཚོར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམས་ལ། གང་གི་དྲིན་གྱིས་སོགས་དང་། མགོན་པོ་ཐུགས་རྗེ་ཆེ་ལྡན་པ་སོགས་དང་། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་བ་གང་རུང་གི་རྗེས་སུ། སྤྲོ་ན། གཙོ་བོ་རྒྱལ་བ་འགྲོ་བའི་མགོན་སོགས་བརྗོད། དབང་བསྐུར་ན་སྐབས་འདིར་བྱ། གང་ལྟར་ཡང་། ཚེ་ལས་འདས་པ་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔར་བསྐྱེད། འདོད་ཡོན་གྱི་དངོས་པོ་རྣམས།རཾ་ཡཾ་ཁཾ། གིས་༢བསང་སྦྱང་། སྟོང་པའི་ངང་ལས་འདོད་ཡོན་གྱི་དངོས་པོ་ཟད་མི་ཤེས་པ་ནམ་མཁའ་གང་བར་བསམས་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། །ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ལུས་སེམས་ཚིམས་བྱེད་རྣམས། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམས་པར་ཤོག །ཨོཾ་བཛྲ་ས་ཏཱ་པཉྩ་


JKT021_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པས་བསྔོ། ལམ་བསྟན་སྦྱང་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་ཟུངས། །འོག་མིན་བདེ་ཆེན་ཞིང་ཁམས་སུ། །བཅོམ་ལྡན་སྣང་བ་མཐའ་ཡས་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་སྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །པདྨོ་འདམ་གྱིས་མ་གོས་ལྟར། སོགས་ཀྱིས་མཐར། ཕྲཊ། །ཚེ་ལས་འདས་པའི་རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན། འོག་མིན་གྱི་ཞིང་དུ་སོང་། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཐིམ་པས་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་པར་བསམ། སླར་ཡང་རྣམ་ཤེས་གཤེག་པའི་བྱང་བུ་སྡིག་སྒྲིབ་དང་མཉམ་དུ་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་སྦྱངས་པར་མོས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་བས། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །རྩ་སྔགས་དང་ཡི་གེ་བརྒྱ་པའི་མཐར། ཨོཾ་ཨཀྵེ་ཡེ་ཛྭ་ལ་རཾ། ཞེས་བརྗོད་ཅིང་བྱང་བུ་བསྲེག །རྒྱལ་བའི་དཀྱིལ་འཁོར་བཟང་


JKT021_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དགའ་བ་དེར། །སོགས་སྨོན་ལམ་ཇི་ལྟར་རིགས་པ་གདབ། བྱང་རོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སཿ དཀར་པོ་འོད་ཟེར་འཕྲོ་བ། དེ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ། ཡིག་བརྒྱ་དང་ངན་སོང་སྦྱོང་བའི་སྔགས་བཟླས་པའི་དྲི་བཟང་གི་ཆུས་བཀྲུ། རྩ་སྔགས་དང་ཡིག་བརྒྱ་སྤེལ་ཚིག་ཅན་བཟླ་བཞིན་པར་སཱཙྪགདབ། སུ་པྲ་ཏིཥྛས་མེ་ཏོག་འཐོར་ཞིང་རབ་ཏུ་གནས། དབེན་གནས་སམ་ཆུ་ཀླུང་ཆེན་པོར་སྤྱན་འདྲེན་པར་བྱའོ། །ཞེས་པའང་ཚད་མར་གྱུར་པའི་གཞུང་རྣམས་ལས་ཤིན་ཏུ་བསྡུས་པའི་ཚུལ་གྱིས་སྦྱར་བ་ཤུ་བྷཾ།། །།


previousགཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཤིན་ཏུ་བསྡུས་པ་ཐར་པའི་ཐེམ་སྐས།next