Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
དྲི་མེད་རྣམ་གཉིས་སཱཙྪ་བདེབས་སྐབས།
   
   
   
   
   
   
   
   
   
   
   
   
   
   


 
previousདྲི་མེད་རྣམ་གཉིས་སཱཙྪ་བདེབས་སྐབས།next

དྲི་མེད་རྣམ་གཉིས་སཱཙྪ་བདེབས་སྐབས།


JKT021_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་རྣམ་གཉིས་སཱཙྪ་བདེབས་སྐབས། །བདག་བསྐྱེད་སོ་སོ་རྒྱས་པ་བྱ་བའམ། མ་ནུས་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། །རང་སྐད་ཅིག་གིས་ཐུབ་པའི་དབང་པོའི་སྐུར་གྱུར། །ཏདྱ་ཐཱ། །ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡ་སྭཱ་ཧཱ། །ཅི་ནུས་བཟླས་ནས། འདེབས་ཚུལ་དངོས་ལ་གསུམ། འཇིམ་པ་བརྫི་བ་ནི། དྲི་བཟང་སྦྱར་བའི་ཆུ་ལ། ༀ་ཨ་མྲྀ་ཏ་ཧཱུཾ་ཕཊ་ཉེར་གཅིག་བཟླས་པ་བླུགས་ཏེ། སྤོས་ཆུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་འོད་ཟེར་གྱིས་སྤོས་ཆུ་ཁྱབ་པར་འཁྱིལ་ནས་བདུད་རྩིའི་རང་བཞིན་དུ་གྱུར། ཅེས་བརྗོད་ཅིང་བསམས་ལ་འཇིམ་པ་སྒྱུ། །གཉིས་པ་འཇིམ་པ་བྱིན་རླབས་ནི་འཇིམ་པའི་གོང་བུ་དེའི་སྟེང་དུ་ལག་པ་གཡོན་པ་གན་རྐྱལ་དུ་བྱས་པའི་མཐེའུ་ཆུང་མཐེ་བོས་མནན་ཏེ་སོར་མོ་གསུམ་ནས་རེ་ཙམ་བར་བྱེ་བའི་སྟེང་དུ་གཡས་པའང་དེ་བཞིན་དུ་བྱས་པ་ཁ་སླབ་པས་རེག་ལ། རང་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་བྱུང་སྟེ། འོག་མིན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕོག་ནས། གསོལ་བ་བཏབ་པས་དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས། འཇིམ་པ་ལ་ཕོག་པས་འཇིམ་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བྱིན་གྱིས་


JKT021_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པར་གྱུར། ཨོཾ་ན་མོ་བྷ་ག་ཝ་ཏེ་བེ་རོ་ཙ་ནཱ་ཡ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ། སམྱ་ཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུམྦྷེ་སུམྦྷེ། ས་མེ་ས་མ་ཡེ། ཤཱནྟེ། དནྟེ། ཨ་ས་མཱ་རོ་བེ། ཨ་ན་ལནྡྷེ། ཏ་རནྡྷེ། ཡ་ཤོ་ཝ་ཏི། མ་ཧཱ་ཏེ་ཛ ནི་ར་ཀུ་ལེ། ནི་ར་ཝ་ཎི། སརྦ་བུདྡྷ་ཨ་དྷིཥྛ་ན་ཨ་དྷིཊྛི་ཏེ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་བཟླ། འཇིམ་གོང་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་དོན་༧ བྱས། སླར་འདུས་པས་རིན་པོ་ཆེ་ལྔའི་གོང་བུར་གྱུར། ཅེས་བརྗོད་ཅིང་བསམ་མོ། །གསུམ་པ་སཱཙྪབྱ་བ་ལ་དོན་བདུན་ཏེ། འཇིམ་པ་བླང་བ་དང་། འབི་འབི་བྱ་བ་དང་། གཟུངས་གཞུག་པ་དང་། སྣུམ་བྱུགས་པ་དང་། བརྐོས་ཕོར་དུ་འཇུག་པ་དང་། དེ་ཉིད་དུ་བརྡུང་བ་དང་། ཕྱིར་དབྱུང་བའོ། །དང་པོ་ནི། ཨོཾ་བ་སུ་དྷེ་སྭཱ་ཧཱ། ཞེས་པས་འཇིམ་པ་བླང་ངོ་། །གཉིས་པ་ནི། ཨོཾ་བཛྲདྡྷཱ་ཝཱ་ཡ་སྭཱ་ཧཱ། ཞེས་བཟླས་ཞིང་འབི་འབི་བྱ། ཡེ་ཤེས་ལྔའི་འོད་ཟེར་གྱིས་ཕྱོགས་བཅུ་བཀང་སྟེ་འགྲོ་བ་མང་པོའི་དོན་བྱས། སླར་འདུས་ཏེ་འབི་འབི་ལ་ཐིམ་པས་ཡེ་ཤེས་ལྔ་རྒྱས་ཏེ་ཤེལ་གོང་དག་པ་ལྟར་གྱུར། ཅེས་བརྗོད་ཅིང་དོན་བསམ་མོ། །གསུམ་པ་ནི། དྲི་མེད་རྣམ་གཉིས་ཀྱི་གཟུངས་གུར་གུམ་གྱིས་བྱུགས་ཤིང་བསྒྲིལ་བ་ལ་རབ་གནས་བསྡུས་པ་བྱས་པ་སྔར་གྲབས་སུ་བཅུག་པ་ལས། རེ་རེ་འབི་འབིའི་ནང་དུ་གཞུག་ཅིང་། ཨོཾ་བཛྲ་དྷརྨ་དྷཱ་ཏུ་གནྡྷེ་ཛྭ་ལ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ནང་དུ་ཞུགས་པར་གྱུར། ཅེས་


JKT021_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཅིང་བསམ་མོ། །བཞི་པ་ནི། འབི་འབི་དེ་ལ་སྣུམ་བསྐུ་ཞིང་། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། བྱང་ཆུབ་ཀྱི་སེམས་ཀྱིས་བགོས་པར་གྱུར། ཅེས་བསམ་མོ། །ལྔ་པ་ནི་བརྐོས་ཕོར་གྱི་རྐྱལ་བཅུག་ཅིང་། ཨོཾ་བཛྲ་དྷ་ཏུ་གནྡྷེ་སྭཱ་ཧཱ། ཡེ་ཤེས་ཆེན་པོའི་ངོ་བོར་རོ་གཅིག་ཏུ་གྱུར། ཅེས་བརྗོད་ཅིང་བསམ་མོ། །དྲུག་པ་ནི། ཨོཾ་དྷརྨ་དྷཱ་ཏུ་གནྡྷེ་སྭཱ་ཧཱ། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་རྫོགས་པར་གྱུར་ཅིག །ཅེས་བརྗོད་ལ་བརྡུང་ངོ་། །བདུན་པ་ནི། ཨོཾ་དྷམཱ་ར་ཏེ་སྭཱ་ཧཱ། ཞེས་པས་དབྱུང་། བྱུང་མ་ཐག་ཐབས་ཤེས་ཟུང་འབྲེལ་ལས་ཆོས་སྐུ་གྲུབ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་ཀཱ་ཡ་མ་ཧཱ་སུ་ཁ་ར་ཏ་ས་མ་ཡ་ཧཱུཾ། དེ་ལས་གཟུགས་སྐུ་རྣམ་གཉིས་བྱུང་བས་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་སམྦྷ་ག་ཀཱ་ཡ་ས་མ་ཡ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནི་རྨ་ཎ་ཀཱ་ཡ་ས་མ་ཡ་ཧཱུྃ། ཞེས་སཱཙྪལག་ཏུ་ཐོགས་ཏེ་བརྗོད་ཅིང་དོན་བསམ། དེ་ནས་མདུན་དུ་མེ་ཏོག་གི་གདན་ལ་བཞུགས་སུ་གསོལ་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། སྟོང་པའི་ངང་དུ་བརྟན་པར་བཞུགས་པར་གྱུར་ཅིག །ཅེས་བརྗོད། གསུམ་པ་རྗེས་རབ་ཏུ་གནས་པ་ལ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧ། ཚོན་རྩི་དཀར་པོ་གསོལ་བར་གྱུར། ཅེས་སྐུ་དཀར་གསོལ་བའི་མོས་པ་བྱས་ལ་ཆོ་ག་དང་འབྲེལ་ཚེ་དཀྱིལ་འཁོར་གྱི་མཐའ་སྐོར་དུ་བསྒྲིག །འཁོར་བ་ཇི་སྲིད་


JKT021_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བར་སེམས་ཅན་གྱི་དོན་ལ་བཞུགས་སུ་གསོལ་བར་གྱུར། རྟེན་འབྲེལ་སྙིང་པོ་དང་། ཨོཾ་སཎྜ་ཏ་ཐཱ་ག་ཏ་ན ་ཛཱ་ལ་ཛཱ་ལ་དྷརྨ་དྷ་ཏུ་གནྡྷེ་སྭཱ་ཧཱ། ཞེས་པས་རབ་གནས་བྱའོ། །ཆོ་གའི་རིམ་པ་འདིས་སཱཙྪ་གཅིག་བཏབ་པས་ཀྱང་བྱེ་བ་ཇི་རྙེད་བཏབ་པར་འགྱུར་ཞིང་། འཆི་བ་སླུ་བ་དང་སྡིག་པ་སྦྱོང་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་ནན་ཏན་དུ་ཉམས་སུ་བླང་ངོ་། །རྗེས་སུ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་བསྔོ་སྨོན་གང་ཤེས་དང་། ༧ གནས་འདིར་ཉིན་མོ་བདེ་ལེགས་སོགས་བཀྲ་ཤིས་བརྗོད་དོ། །མངྒ་ལཾ། དགེའོ།། །།


previousདྲི་མེད་རྣམ་གཉིས་སཱཙྪ་བདེབས་སྐབས།next