Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
འཆི་བ་བསླུ་བའི་གདམས་པ་ཆུ་སྦྱིན་སྟོང་ཟློག་གི་མན་ངག་བཀླག་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   


 
previousའཆི་བ་བསླུ་བའི་གདམས་པ་ཆུ་སྦྱིན་སྟོང་ཟློག་གི་མན་ངག་བཀླག་ཆོག་ཏུ་བཀོད་པ།next

འཆི་བ་བསླུ་བའི་གདམས་པ་ཆུ་སྦྱིན་སྟོང་ཟློག་གི་མན་ངག་བཀླག་ཆོག་ཏུ་བཀོད་པ།


JKT021_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །འཆི་བ་བསླུ་བའི་གདམས་པ་ཆུ་སྦྱིན་སྟོང་ཟློག་གི་མན་ངག་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ།། །།


JKT021_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ནད་པ་སོགས་ཀྱི་ལན་ཆགས་བསལ་བའི་ཕྱིར་ཆུ་སྦྱིན་སྟོང་ཟློག་བྱ་བར་འདོད་པས། ཐོ་རངས་མི་ཁྱི་མ་ལངས་བར། བནྡྷེ་གཉིས་ཁ་ལག་བཀྲུས་ལ། ཆུ་མིག་ཏུ་ཕྱིན་ནས་ཆབ་བླངས་ཏེ་མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་བཞུགས་པའི་མོས་པས། སངས་རྒྱས་ཆོས་དང་ཚོགས་ཀྱི་སོགས་ཀྱི་སྐྱབས་སེམས་ལན་གསུམ་སོགས་ཡན་ལག་བདུན་པ་བྱ། དེ་ནས་གཅིག་གིས་སྣོད་གཙང་མར་ཆུ་བླངས་ལ། རང་ཉིད་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་པའི་ཉམས་ཅན་གཡས་མཆོག་སྦྱིན་གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པར་བསམས་ལ། ཨོཾ་


JKT021_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཎི་པདྨེ་ཧཱུཾ། ཞེས་ཅི་ནུས་བཟླས་རྗེས། མདུན་དུ་ཡི་དྭགས་ཀྱི་རྒྱལ་མོ་ཁོ་ཤོག་མ་བྱ་བ། ལུས་ཤིན་ཏུ་ཆེ་ལ་རིད་པ། སྐོམ་ལ་ཡངས་པ། ཤིང་བལ་ལྟར་བསུད་པ། སྐེ་དང་རྐང་ལག་ཕྲ་བ། དེ་ལྟ་བུ་གཅིག་ལ་འཁོར་དེ་འདྲ་བ་མང་པོས་བསྐོར་བར་གྱུར་པར་དམིགས་ཏེ། ཆུའི་དངོས་པོ་ནི་སེར་སྣ་མེད་པར་སྔོ་སྐྱ་ཆིལ་བར་འབབས་པ་དེ་ཉིད་ཁོང་རྣམས་ཀྱིས་འཐུངས་བས། སྔར་བྱས་པའི་ཕྱི་ནང་གི་སྒྲིབ་པ་བྱང་ནས་བདེ་བ་དང་ལྡན་པར་བསམས་ལ། ཨོཾ་ཛ་ལ་མི་དི་སརྦ་པྲ་ཏེ་སྭཱ་ཧཱ། ཞེས་པའི་སྔགས་ཚར་རེ་དང་། ལག་གཡས་ཀྱི་ཆུ་ཐིག་རེ་སྤྲེང་བ། གཡོན་གྱིས་སེ་གོལ་རེ་གདབ་པ་རྣམས་སྤྲུགས་ལ་བྱ། སྔགས་ཚར་བརྒྱ་རྩ་རེའི་མཇུག །འཇུར་གེགས་མ་ལ་སོགས་པ་ཡི། །ཡི་དྭགས་ཚོགས་རྣམས་ཐམས་ཅད་ཀུན། །


JKT021_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲེས་སྐོམ་སྡུག་བསྔལ་ཀུན་ཞི་ནས། །བདེ་པའི་མཆོག་དང་ལྡན་གྱུར་ཅིག །ཅེས་པ་ལ་སོགས་པའི་སྨོན་ལམ་ལན་རེ་བཏབ། གཅིག་གིས་དེའི་བར་ལ་ཟབ་མདོ་ཚར་གཅིག་དང་། སྙིང་པོ་ཅི་ནུས་སུ་བགྲངས་ལ། ཆུ་སྦྱིན་བརྒྱ་རྩ་རེ་སོང་མཚམས་ཐལ་བརྡབ་རེ་བྱ། ཆུ་སྦྱིན་སྟོང་རྩ་གྲུབ་རྗེས་གཉིས་ཀས་ཟབ་མདོ་ཚར་གསུམ་འདོན་ལ་ཐལ་མོ་བརྡབས། བཀྲ་ཤིས་དང་བསྔོ་སྨོན་རྒྱས་པར་བྱ། ཚུར་ལོག་དུས་སྲུང་འཁོར་བསྒོམ་ཞིང་ཕྱིར་ལམ་བཅད་ནས་ཕྱི་མིག་མི་བལྟ་བ་གལ་ཆེ། ཆོ་ག་བྱ་བའི་བར་ལ་གཞན་དང་ངག་མི་བསྲེ་བར་བྱའོ། །དེ་ལྟར་བགྱིས་པས་ལན་ཆགས་དང་བུ་ལོན་བྱང་ཞིང་། འཆི་བ་བསླུ། ཆགས་ཆེ། ཉམས་ང་། ཆོད་གཏོང་། མཚན་ངན། རྨི་ལམ་ངན་པ་སོགས་བཟློག་པའི་ཐབས་མཆོག་ཏུ་གྱུར་པའོ། །བཀའ་བརྒྱད་གསང་རྫོགས་ཀྱི་ཆ་ལག་ཆུ་སྦྱིན་སྟོང་ཟློག་གི་མན་ངག་སྙིང་པོར་དྲིལ་ནས་བཀླག་ཆོག་ཏུ་བཀོད་པ་སྤྱི། །འཆི་བསླུ་ཤིན་ཏུ་བསྡུས་པ་བཞུགས་སོ། །ན་མོ་གུ་ར་བེ། བསྒྲུབ་བྱའི་ཁ་སྣའི་ཆུ་དག་དང་། །མིག་རྣག་དྲི་ཆེན་དྲི་ཆུ་དང་། །སྐྲ་སེན་ལུས་བཀྲུས་ཁུ་བ་དང་། །འབྲུ་སྣའི་ངར་ཕྱེ་སྦྲུས་པ་ལ། །མི་གཟུགས་དཀར་སེར་དམར་ལྗང་དང་། །ཁྲ་བོ་གཅིག་ཏེ་ལྔ་བཟོས་ལ། །དར་སྣ་བལ་ཚོན་སྒོ་སྣ་གཟུགས། །ཆང་བུ་བསྒྲུབ་བྱའི་ལོ་གྲངས་བཅས། །སྣོད་གཙང་འབྲུ་སྣས་བཀང་ཁར་བཞག །བསྒྲུབ་བྱའི་གོས་དུམ་རེ་རེ་བཀོན། །སྐྱབས་སེམས་ཚད་མེད་སྔོན་སོང་བས། །རང་ཉིད་འོད་ཟེར་ཅན་མ་བསྒོམ། །གཏོར་མ་སྔགས་དྲུག་ཕྱག་དྲུག་གིས། །བྱིན་གྱིས་བརླབས་ནས་


JKT021_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བ་ནི། །འཆི་བདག་གཤིན་རྗེའི་རྒྱལ་པོ་དང་། །སྟེང་གདོན་འོག་གདོན་བར་གདོན་དང་། །ཕོ་འདྲེ་མོ་འདྲེ་མ་ནིང་གདོན། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས། །བདག་ལས་ལྷག་པའི་གཏོར་གླུད་འདི། །ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །འདོད་སྲེད་ཆགས་དང་ཞེན་པ་ཡིས། །དྲན་དང་མཐོང་རེག་བཟུང་བ་ཀུན། །བསྡུས་ཤིག་ཀློད་ཅིག་ད་ཁྲོལ་ཅིག །སྔོན་གྱི་ལན་ཆགས་ཤ་འཁོན་དང་། །བུ་ལོན་འཕྲལ་གྱི་རྐྱེན་ལ་སོགས། །གང་ཡིན་མ་ལུས་འཁོར་བར་མཛོད། །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འབྱུང་པོ་མ་ལུས་ཚིམ་གྱུར་ཅིག །ཅེས་བརྗོད་ཕྱི་མིག་མི་བལྟ་བར། །ཆུ་བོ་ཆེན་པོའི་གཞུང་ལ་བསྐྱལ། །འཆི་ལྟས་བྱུང་ཚེ་ལོ་ཟླ་གཉིས། །ཟད་པའི་མཚམས་སུ་བྱས་པས་བཟློག །སློབ་དཔོན་པདྨས་མཛད་པའི་འཆི་བསླུ་བསྡུས་པའི་རིམ་པ་བྱིན་རླབས་ཅན་ནོ། །ལོ་ཆེན་རཏྣ་བྷ་དྲའི་ཕྱག་ལེན་རྗེ་བཙུན་དམ་པའི་ཕྱག་དཔེ་ལས་བཤུས། ༈ །སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེའི་ལུགས་ཀྱི་བླ་བསླུའི་གླུད་བསྔོ་བཞུགས་སོ། །ན་མོ་གུ་རུ། ནད་པའི་བླ་ཚེ་བསླུ་བའི་གླུད་ནི། རིན་པོ་ཆེའི་སྣོད་དུ་བླ་གླུད་ཆེ་བ་དང་དཀོར་ཆས་གཏམས། ལོགས་སུ་གླུད་ཕྲན་ཆང་བུ་སོགས་མང་དུ་བསགས། རྟེན་འབྲེལ་བརྟགས་ན་བླ་རྟེན་མདའ་དར་བླ་གཡུས་བརྒྱན་པ་དང་། ལུང་པ་དགུའི་ཆུ་སྣའི་སྣོད་དུ་རྒྱ་ཕོར་གཙང་མར་བླ་ལུག་སྐྱེ་མཆེད་དོད་པ་བཞག །དེ་ནས་སྔགས་པས་ཡི་དམ་བསྒོམ་


JKT021_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་བས། སྐྱབས་སེམས་དང་། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཕག་བདུན་གྱིས། །དྲངས་པའི་ཤིང་རྟར་པད་ཉིའི་སྟེང་། །མཾ་ལས་རང་ཉིད་འོད་ཟེར་ཅན། །སེར་པོ་ཕྱག་གཡས་མཆོག་སྦྱིན་གཡོན། །མྱ་ངན་མེད་ཤིང་ཡལ་ག་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ཅུང་ཟད་ཁྲོ་ཞིང་འཛུམ་པའི་ཉམས། །ཕྱེད་སྐྱིལ་འོད་ཕུང་ཀློང་ན་བཞུགས། །ཐུགས་ཀར་ཉི་སྟེང་མཾ་ཡིག་མཐར། །སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས། །འཕགས་མཆོད་གདོན་བགེགས་ཚར་བཅད་གྱུར། ཨོཾ་མཱ་རཱི་ཙྪེ་ཚྭ་སྭཱ་ཧཱ། སྟོང་ལས་མི་ཉུང་བར་བཟླས། གླུད་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་པའམ། བསྡུ་ན་ནམ་མཁའ་མཛོད་ཀྱིས་སྤེལ་ཏེ་བསྔོ་བ་ནི། ཧཱུྃ། འབྱུང་བ་ཆེན་པོ་རྣམ་ལྔ་ནི། །སྐྱེ་འགྲོ་སེམས་ཅན་ཀུན་གྱི་རྟེན། །དེ་ཉིད་ལ་ནི་བརྟེན་བཅས་པའི། །སྤར་སྨེ་གཟའ་སྐར་ཚེས་གྲངས་ལྷ། །སྡེ་བརྒྱད་བགེགས་རིགས་འབྱུང་པོའི་ཚོགས། །ཁྱད་པར་འཇིག་རྟེན་སྐྱོང་བ་བཅུ། །བཙུན་མོ་སྲས་དང་སྡེ་དཔུང་བཅས། །སྟོབས་ཆེན་གཟི་བརྗིད་ཆེ་བའི་ཚོགས། །རེ་ཏེ་འགོང་ཡག་ཕྱིས་པའི་བདུད། །ལི་བྱིན་ཧ་ར་སྲོག་གི་བདག །འཁོར་དང་བཅས་པ་ཇི་སྙེད་ཀུན། །རྩ་བ་གསུམ་གྱི་བཀའ་བྱུང་གིས། །གླུད་དང་གཏོར་མ་ལེན་པའི་ཕྱིར། །ཞི་ཞིང་ཕན་པའི་སེམས་ཀྱིས་སུ། །ད་ལྟ་ཉིད་དུ་གནས་འདིར་བྱོན། །བཤམས་པའི་གླུད་གཏོར་གསེར་སྐྱེམས་འདི། །མང་


JKT021_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཏིང་ངེ་འཛིན་གྱིས་སྤེལ། །སོ་སོར་ཐོབ་པ་སྔགས་ཀྱིས་བྱས། །ཕྱག་རྒྱས་ཕམ་རྒྱལ་འཐབ་རྩོད་མེད། །ཁྱེད་རྣམས་མཉེས་པའི་རྫས་སུ་འབུལ། །བར་སོང་ཁར་གྱི་ཉི་མ་ལ། །རྒྱུ་འབྱོར་མིའུ་ལས་འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡོམ་པ་གློད་ལ་མནན་པ་ཐེག །ཞི་བ་ཆེན་པོའི་ངང་དུ་བཞུགས། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། །ཞེས་སྤྱིར་བསྔོ། །དེ་ནས་གླུད་ཕྲན་རྣམས་རེ་རེ་ནས། ཨོཾ་ཨཱཿཧཱུྃ་གིས་བརླབས། ན་མཿསརྦ་སོགས་ཀྱི་བསྔོ། །དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །གློད་དང་གྲོལ་དང་ཞི་བར་མཛོད། །ཅེས་བཀའ་བསྒོ། དེ་འདྲ་ལོ་གྲངས་སོགས་སོང་མཐར། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུ་གྲངས་མེད་པ་འཕྲོས་པས། འཁོར་འདས་ཀྱི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཀྱི་དྭངས་བཅུད་ཐམས་ཅད་དང་། ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་འོད་ཟེར་ཐིག་ལེ་ཨནཾ་བྷྱོ་སོགས་ཀྱི་རྣམ་པར་རང་དབང་མེད་པར་བཀུག་སྟེ་བསྒྲུབ་བྱ་ལ་ཐིམ་པས་བླ་ཚེ་སྲོག་དབུགས་ཉམས་པ་སོར་ཆུད། གནས་པ་གོང་དུ་འཕེལ། ཚེ་བསོད་དཔལ་འབྱོར་སྟོབས་རྩལ་ཐམས་ཅད་


JKT021_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་གྱུར། ཡི་དམ་གྱི་སྔགས་མཐར། ཨོཾ་རྫ་བ་རྫ་བ། རྩུབ་རྫུབ། བྷ་ཏྲ་སློང་སློང་། ཚྭ་ཁུག་ཛཛ ཞེས་ངག་བཅད་ལ་བཟླས། ཡང་ཐུན་མཚམས་སུ་གླུད་གཏོར་ཅི་ལྟར་རིགས་པས་འབུལ། སྐབས་སུ་དམོད་བ་དང་བཅས་བླ་ལུག་བསྐོར་བས་ལན་གཅིག་མིན་པར་བླ་རྟེན་གྱི་ཕྱོགས་ལ་ཁ་རྒྱུས་ན་ཁུག་པའི་རྟགས་ཡིན། མཐར། ཆོས་རྣམས་གང་དག་སོགས་ཀྱིས་ཆོས་སྦྱིན་བྱ། བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་ལ་ཟབ་མདོ་འདོན། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། སོགས་ཀྱིས་མགྲོན་རྣམས་གཤེགས། ནག་ཕྱོགས་པ་སྡོད་སྲིད་པས་དྲག་སྔགས་ཀྱིས་མཚམས་བཅད་ལ། གླུད་གཏོར་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ། །བླ་གཡུ་བསྒྲུབ་བྱའི་མགུལ་དུ་གདགས་ལ་བཀྲ་ཤིས་བྱའོ། །ཞེས་ཡིག་རྙིང་ལས་འདོན་བདེར་བྲིས་པ་དགེ་ལེགས་སུ་གྱུར་ཅིག། ༈ །།ཕན་ཆེའི་འཁོར་ལོ་བརྒྱ་རྩ་བརྒྱད་ཀྱི་ནང་ནས་ལྟས་ངན་ཟློག་པའི་མན་ངག་འདི་སློབ་དཔོན་རིན་པོ་ཆེ་ནས་ཕྱུངས་ཏེ་མངའ་བདག་གི་དོན་དུ་མཛད་པས་ཤིན་ཏུ་ཟབ་བོ། །དེ་ཡང་རང་ལ་ལྟས་ངན་གང་བྱུང་བ་དེའི་གཟུགས་དང་། ཤིང་སྣ་རྙེད་ཚད་ཐམས་ཅད་སྐྱེ་མོ་ནག་པོ་ཞིག་གི་ནང་དུ་བླུགས། ཞགས་པ་ནག་པོས་ཁ་དམ་པར་བསྡོམས། སྔགས་པ་རང་གི་ཡི་དམ་གྱི་གཞུང་བསྲང་། ལྟས་ངན་པ། ཉམ་ང་བ། ཆགས་ཆེ་བ་སོགས་མི་ཤིས་པ་ཐམས་ཅད་སྐྱེ་ནག་གི་རྫས་ལ་དགུག་གཞུག་དྲག་ཏུ་བྱ། རང་ཡི་དམ་དུ་གསལ་བའི་ཞབས་ཀྱིས་བརྫིས་ནས་རྨེགས་མེད་དུ་བཅོམ། ཐལ་བ་བུན་བུན་སོང་བར་བསམས་ལ་སྔགས་བརྒྱ་རྩ་བརྒྱད་བཟླ། སྒོ་དྲུང་གི་བར་རྡོག་པས་བསྒྲིལ་ལ་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ། ཡང་ན་ལམ་གྲུ་གསུམ་དུ་མནན། ཕྱི་མིག་མི་བལྟ་བར་ལོག་ལ་མཚམས་བཅད་དོ། །སྔགས་ནི་ཡི་དམ་གང་ཡིན་གྱི་དྲག་


JKT021_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་། ༀ་མ་ཧཱ་ཧུར་ཐུམ་རྦད་རྦད། དགྲ་བོ་ཐུམ་ཐུམས། ཤིག་ཤིག །རྦད་རྦད། བྷྱོ་བྷྱོ་ཟློག་ཟློག །ཅེས་བཟླས་དུས་སྐྱེ་ནག་རྡོག་པས་བརྫིའོ། །ཡི་དམ་གྱི་ང་རྒྱལ་དྲག་པོ་གལ་ཆེ། འདི་ལྟར་བགྱིས་པས་ལྟས་ངན་ཐམས་ཅད་བཟློག་པར་ཐེ་ཚོམ་མེད། ཁྱད་པར་མི་དང་ཕྱུགས་ལ་མི་ཤིས་པའི་རིགས་སྐྱེས་པ་དང་། མེ་ཤོར་བ་དང་། ས་གཡོས་པ་དང་། གྲྭ་བརྡོལ་བ། གཞན་ཡང་ཀེག་སྲི་ལངས་པ། གོད་ཁ་བྱུར་ཁ། མི་ཁ་བྲ་མཆུ་ཐམས་ཅད་ལ་ཕན་ནོ། །མདོར་ན་བཀྲ་མི་ཤིས་པའི་རིགས་ཐམས་ཅད་ཟློག་པའི་གདམས་པ་སྐྱེ་ནག་རྡོག་དྲིལ་མ་ཞེས་ཟབ་པར་གདམས་སོ། །ས་མ་ཡ། ༈ །ཕྱག་རྒྱ་འདི་ཤིང་བྱང་ལ་བྲིས་ཏེ་གནས་ཁང་གི་ཕྱོགས་བཞིར་བཙུགས། ཕྱོགས་བཞིར་ཟབ་མདོ་བདུད་བཟློག་དང་བཅས་པ་ཚར་རེ་དང་བཀྲ་ཤིས་བརྩེགས་པ་སྒྲོགས་པས། བྱ་ཐན། འབུ་ཐན་སོགས་ཐན་དང་ལྟས་ངན་གི་རིགས་ཐམས་ཅད་བཟློག་པར་འགྱུར་རོ། ༈ །ཡང་རྒྱ་ཤོག་ལ་རྒྱ་སྣག་གི་ཡི་གེ་འདི་བླུ་བྲིས་ཏེ་ཡུངས་ཀར་འབྲུ་བདུན་དང་ལྷན་ཅིག་ཏུ་རྟེན་འབྲེལ་སྙིང་པོའི་སྔགས་སྟོང་ཚོ་དང་བཅས་ཟོས་ན་ལྟས་ངན་ཐམས་ཅད་འཕྲལ་དུ་ཟློག་པའི་མན་ངག་ཟབ་ཁྱད་མའོ། །སྤྱི།


JKT021_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousའཆི་བ་བསླུ་བའི་གདམས་པ་ཆུ་སྦྱིན་སྟོང་ཟློག་གི་མན་ངག་བཀླག་ཆོག་ཏུ་བཀོད་པ།next