Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
རིག་འཛིན་སྲོག་སྒྲུབ་ལས། ལན་ཆགས་ཆུ་བསྐྱུར།
   
   
   
   
   
   
   
   


 
previousརིག་འཛིན་སྲོག་སྒྲུབ་ལས། ལན་ཆགས་ཆུ་བསྐྱུར།next

རིག་འཛིན་སྲོག་སྒྲུབ་ལས། ལན་ཆགས་ཆུ་བསྐྱུར།


JKT021_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རིག་འཛིན་སྲོག་སྒྲུབ་ལས། ལན་ཆགས་ཆུ་བསྐྱུར་ཞེས་བྱ་བ་བཞུགས་སོ།། །།


JKT021_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ ལན་ཆགས་ཆུ་བསྒྱུར་ནི། མཚོ་དང་རྫིང་བུ་ལྟེང་ཀ་ཆུ་མིག་གི་སར་ཕྱིན་པའམ། ཡང་ན་སྣོད་གས་ཆག་མེད་པར་ལུ་མ་ཆུ་དང་། རྒྱུན་ཆུ་གཙང་མ་ལ་བསང་སྦྱངས་བྱས། བཀའ་འགྱུར་བཏགས་གྲོལ་ལ་སོགས་པའི་གཟུངས་སྔགས་ཁྱད་པར་ཅན་བཟླས་པའི། འབྲུ་སྣ། སྨན་སྣ། ཟས་སྣ། དར་སྣ། དམ་རྫས་ཀྱི་རིགས། དཀར་གསུམ། མངར་གསུམ་དང་བཅས་པ་བཤམས་ལ་འདི་སྐད་དོ། །རང་ཉིད་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་དངོས། །སྐད་ཅིག་དྲན་རྫོགས་སྤྱན་རས་གཟིགས་སུ་གསལ། །གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས། །སྣང་སྲིད་འབྱུང་བའི་ཆུ་ཀུན་བདུད་རྩི་དང་། །འཇིག་རྟེན་དབང་ཕྱུག་ཕྱག་གི་འོ་རྒྱུན་གྱུར། ཨོཾ་ཨཱཿཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། བརྒྱ་རྩ་དང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་


JKT021_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཧཱུྃ། ཞི་དང་རྒྱས་དང་དབང་དང་དྲག་པོ་ལྷ། །སྟེང་འོག་ཕྱོགས་དང་ཕྱོགས་མཚམས་ཁོར་ཡུག་ཀུན། །གྲངས་མེད་ཚད་མེད་ནམ་མཁའ་ས་གཞི་དང་། །བདེ་ཆེན་ཆོས་ཀྱི་དབྱིངས་སུ་གང་བར་གསལ། །དམ་ཚིག་ཡེ་ཤེས་དབྱེར་མེད་གདོད་ནས་དག །ཞི་དང་ཁྲོ་ཚོགས་ཐེག་པ་རིམ་དགུ་ཡི། །གདུལ་བྱའི་བློ་ཡི་མོས་སྣང་ཆ་ལུགས་དང་། །རྒྱན་གྱི་འགྲོ་དོན་རྫོགས་ལ་ཕྱག་འཚལ་བསྟོད། ཅེས་བརྗོད་ནས་དངོས་གཞི་འབུལ་བ་ནི། ནམ་མཁའ་གང་བའི་བླ་མའི་ཚོགས་རྣམས་ལ། །ཐུགས་དགོངས་ཡོངས་སུ་རྫོགས་པའི་མཆོད་པ་འབུལ། །བརྩེ་བས་བདག་གི་ལན་ཆགས་ཞི་བར་མཛོད། །ནམ་


JKT021_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་གང་བའི་ཐེག་དགུའི་ཡི་དམ་ལ། །སྲིད་ཞིའི་ཁྱོན་གྱིས་གང་བའི་མཆོད་པ་འབུལ། །བརྩེ་བས་བདག་གི་ལན་ཆགས་བྱང་བར་མཛོད། །ནམ་མཁའ་གང་བའི་འབུམ་ཕྲག་མཁའ་འགྲོ་ལ། །མི་ཟད་ཕྱི་ནང་གསང་བའི་མཆོད་པ་འབུལ། །བརྩེ་བས་བདག་གི་ལན་ཆགས་བྱང་བར་མཛོད། །ནམ་མཁའ་གང་བའི་བཀའ་སྲུང་དམ་ཅན་ལ། །གཏོར་ཚོགས་སྨན་རག་ཕྱི་ནང་གསང་མཆོད་འབུལ། །ཐུགས་རྗེས་བདག་དང་རྒྱུ་འབྱོར་ལན་ཆགས་སྦྱོངས། །ནམ་མཁའ་གང་བའི་ཕྱི་ནང་སྡེ་བརྒྱད་དང་། །བོད་ཡུལ་གཞི་བདག་བསྟན་མ་བཅུ་གཉིས་ལ། །རང་རང་ཡིད་ལ་འདོད་པའི་མཆོད་པ་འབུལ། །བཞེས་ནས་བདག་དང་རྒྱུ་འབྱོར་ལན་ཆགས་སྦྱངས། །ནམ་མཁའ་གང་བའི་གཙང་རིགས་དཔལ་མགོན་པོ། །བདུན་ཅུ་རྩ་ལྔ་ས་བདག་ཀླུ་ཆེན་བརྒྱད། །རང་རང་ཡིད་ལ་ཅི་འདོད་མཆོད་པ་འབུལ། །བདག་དང་རྒྱུ་འབྱོར་ལན་ཆགས་སྦྱང་བར་མཛོད། །ནམ་མཁའ་གང་བའི་རིགས་དྲུག་སེམས་ཅན་དང་། །བགེགས་གདོན་རིགས་གྱུར་ལན་ཆགས་མགྲོན་རྣམས་ལ། །རང་རང་ཡིད་ལ་ཅི་འདོད་མཆོད་པ་འབུལ། །བདག་དང་རྒྱུ་འབྱོར་ལན་ཆགས་བྱང་གྱུར་ཅིག །ནམ་མཁའ་གང་བའི་ས་བདག་ཀླུ་གཉན་དང་། །ལོ་དང་ཞག་དུས་ཚེས་དང་སྤར་སྨེ་དག །རང་རང་ཡིད་ལ་ཅི་འདོད་


JKT021_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འབུལ། །བདག་དང་རྒྱུ་འབྱོར་ལན་ཆགས་བྲལ་བར་མཛོད། །ནམ་མཁའ་གང་བའི་ལྷག་མའི་མགྲོན་རྣམས་དང་། །བསད་པས་ཚེ་ཐུང་བརྡུང་བས་ནད་མང་ཞིང་། །འཕྲོག་པས་སྡུག་བསྔལ་དབུལ་བའི་ལན་ཆགས་རྣམས། །ཇི་སྲིད་འབྱུང་བའི་ཆུ་རྣམས་མ་སྐེམས་པར། །བདག་གི་ཆུ་སྦྱིན་འབྲས་བུ་ཟད་མ་གྱུར། །ཚེ་རབས་ལན་ཆགས་ཐམས་ཅད་བྱང་གྱུར་ཅིག །མདོར་ན་བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་རྒྱལ་བ་རྒྱ་མཚོར་བཅས། །གནས་གསུམ་མཁའ་འགྲོ་འཇིག་རྟེན་བསྟན་པ་སྐྱོངས། །ཡུལ་རིགས་གཞི་བདག་རིགས་དྲུག་སྙིང་རྗེའི་མགྲོན། །ལན་ཆགས་རིགས་དང་བགེགས་གདོན་ཚོགས་རྣམས་དང་། །གློ་བུར་ལྷག་མའི་མགྲོན་གྱུར་ཡོངས་ལ་བསྔོ། །འདོད་ལྔའི་ལོངས་སྤྱོད་ནམ་མཁའི་ཁྱོན་གང་བ། །རང་རང་ཡིད་ལ་ཇི་སྙེད་མོད་དབང་བའི། །ཏིང་འཛིན་ཡེ་ཤེས་འགྱུར་མེད་རྟེན་འབྲེལ་ངང་། །སྔགས་དང་ཕྱག་རྒྱའི་བདེན་པས་འགྲུབ་གྱུར་ཅིག །ཁམས་གསུམ་རིགས་དྲུག་འཁོར་བ་སྟོངས་གྱུར་ཅིག །འདི་ཕྱིའི་ས་ལམ་བར་ཆད་བྱང་གྱུར་ཅིག །མགྲོན་རྣམས་ཆོས་དབྱིངས་འོད་གསལ་རྩེ་མོ་རུ། །སྲིད་ཞི་རྡོ་རྗེའི་གཞལ་ཡས་འོག་མིན་ཆེ། །བདེ་ཆེན་ཀུན་བཟང་ཐུགས་ཀྱི་ཐིག་ལེའི་དབང་། །ཐོབ་ནས་ངན་སོང་སྐྱེ་བའི་སྒོ་ཆོད་


JKT021_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །དེ་ནས་བཤགས་པ་སྨོན་ལམ་ནི། །སྣོད་བཅུད་གཞལ་ཡས་ལྷ་དང་གསང་བ་སྔགས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱཻ། །རྩ་བ་ཡན་ལག་དམ་ཉམས་མཐོལ་ལོ་བཤགས། །རྒྱུད་སྡེ་བཞི་དང་ཐེག་རིམ་དགུ་རྫོགས་ཀྱཻ། །སོ་སོའི་ལམ་གྱིས་སྤང་བླང་བཅས་དང་འགལ། །སོ་ཐར་བྱང་སེམས་རིག་འཛིན་སྔགས་སྡོམ་དང་། །བསྟན་པ་རྒྱ་མཚོ་སོ་སོའི་གཞུང་ཆེན་དང་། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་སྡོམ། །ཉེས་བྱས་འགལ་བར་གྱུར་པ་བྱང་གྱུར་ཅིག །ཚ་གྲང་དམྱལ་བའི་བཙོ་བསྲེག་སྡུག་བསྔལ་དང་། །ཡི་དྭགས་བཀྲེས་སྐོམ་དུད་འགྲོ་གླེན་ལྐུགས་དང་། །ལྷ་མིན་འཐབ་ཅིང་རྩོད་པའི་གནས་ལས་ཐར། །མཐོ་རིས་བདེ་བའི་དཔལ་ལ་སྤྱོད་པར་ཤོག །འཁོར་བའི་སྡུག་བསྔལ་མ་ལུས་ཇི་བཞིན་གོ །ལོང་མེད་རྒྱུད་ལ་སྐྱེས་པའི་བརྩོན་འགྲུས་ཀྱིས། །ཚེ་འདིའི་བྱ་བཞག་ཐམས་ཅད་རྒྱངས་ཀྱིས་བོར། །དབེན་པར་སྒྲུབ་པ་སྙིང་པོར་ཆོས་ཉིད་ཟད། །མི་གཡོ་འཇའ་ཟེར་ཐིག་ལེ་བུམ་སྐུར་གཞི། །བླ་མེད་མྱ་ངན་འདའ་བར་བྱིན་གྱིས་རློབས། གནས་སྐབས་འདིར་ཡང་མཆོག་ཐུན་དངོས་གྲུབ་སྐྱིལ། །རབ་འབྱམས་ལས་ཀྱི་འཁོར་ལོ་དབང་བསྒྱུར་ནས། །ཕྲ་ཞིབ་རྣམ་གྲོལ་སྒྱུ་མའི་རྟེན་འབྲེལ་གྱིས། །འགྲོ་བའི་དེད་དཔོན་ཆེན་པོར་བདག་གྱུར་ཅིག །ཨོཾ་ཨཱཿཧཱུཾ། རིན་


JKT021_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དྭངས་མའི་སྣོད་ནང་དུ། །ཆུ་སྣ་བརྒྱ་དང་སྨན་སྣ་བརྒྱ། །དྲི་བཟང་གཟུངས་སྔགས་བརྒྱ་རྩ་བརྒྱད། །ཕྱི་མཆོད་བརྒྱ་དང་ནང་མཆོད་བརྒྱ། །གཏོར་ཆེན་བརྒྱ་དང་གཏོར་ཕྲན་བརྒྱ། མཐེབ་ཀྱུ་བརྒྱ་དང་སྨན་རག་བརྒྱ། །སྐུ་གསུང་ཐུགས་རྟེན་བརྒྱ་དང་བརྒྱད། །སྐུ་གླུད་བརྒྱ་དང་དར་སྣ་བརྒྱ། །གཟུགས་འགྲོས་བརྒྱ་དང་རྩ་བརྒྱད་རྣམས། །སྣང་སྲིད་མཆོད་སྦྱིན་མགྲོན་ལ་འབུལ། འོད་སྐུར་ཞུ་བའི་བདུད་རྩི་ཡིས། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་ལ། །རོ་བདའ་རེག་བྱའི་འདོད་ཡོན་ལྔ། །མནར་མེད་སྲིད་རྩེར་འོད་ཕུང་འཁྲུག །བླ་མ་ཡི་དམ་ཐུགས་དམ་བསྐང་། །རྒྱལ་བ་རྒྱ་མཚོར་དགྱེས་མཆོད་འབུལ། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་སྒྲུབས། །གཞི་བདག་དཀར་ཕྱོགས་སྡོང་གྲོགས་མཛོད། །རིགས་དྲུག་འབྱུང་པོ་ཚིམ་གྱུར་ཅིག །ཡེ་སྟོང་རིག་པ་ཟང་ཐལ་ངང་། །སྣང་སྲིད་མ་འགགས་ཐུགས་རྗེའི་རྩལ། །གཉིས་མེད་ལྷུན་གྲུབ་དྭངས་མའི་བཅུད། །སྐྱེ་མེད་འཁོར་གསུམ་ཡང་དག་ཨ །ཐོག་མ་མེད་པའི་འོད་གསལ་ཁམས། །རྒྱུ་འབྲས་གཉིས་མེད་རྫོགས་པ་ཆེ། །ཀ་དག་ལྷུན་གྲུབ་སྤང་བླང་བྲལ། །མ་བཅོས་རྒྱལ་བའི་དགོངས་པ་འདི། །བྱ་རྩོལ་བསླད་པ་མཐོལ་ལོ་བཤགས། །སྤྲུལ་དྲུག་རྣམ་ཤེས་ཀུན་གཞི་དང་། །ཉོན་ཡིད་འཁྲུལ་པའི་མཚམས་སྦྱོར་བ། །


JKT021_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་འབྲས་བུར་སངས་རྒྱ་བའི། །མ་བཅོས་མ་ཡིན་རང་བབས་ངང་། །སྣང་ལ་འཛིན་མེད་ཕྱི་མཆོད་དང་། །སྟོང་ལ་འགགས་མེད་ནང་མཆོད་དང་། །འདུ་འབྲལ་མེད་པའི་སྣང་སྲིད་ཀུན། །གསང་བའི་མཆོད་པར་རྫོགས་སངས་རྒྱས། །འབྲས་བུ་ཡར་གྱི་རེ་བ་རྫོགས། །མར་གྱི་དོགས་པ་མངོན་སངས་རྒྱས། །གཉིས་མེད་ཐ་མལ་ཁྲེས་སེ་བ། །ས་ཟད་ལམ་འདས་ཆོས་ཀུན་ཟིན། །འདི་རུ་མ་ཟིན་ཟིན་རྒྱུ་མེད། །རེ་དོགས་འཁྲུལ་པའི་སྣང་བ་ལ། །བློ་ཆུང་བྱིས་རྣམས་རྟག་མ་འཛིན། ཨ་ཨ་ཨཱ ཝལ་ཝལ། ཆམ་ཆམ། ཟབ་མ་ཟོབ། ར་རི། བན་བུན། ཅེས་མ་མོ་ཨེ་ཀ་ཙ་ཏི་ལས་ཀྱི་དབང་མོ་ཆེས། སྐྱེ་འགྲོ་ལན་ཆགས་དང་འབྲལ་ཞིང་། ཚོགས་རྫོགས་པའི་ཐབས་ཁྱད་པར་ཅན་ཐུན་མོང་མ་ཡིན་པ། གནས་སྐབས་མཐར་ཐུག་གི་བར་ཆད་སེལ་བའི་མན་ངག་རྫོགས་སོ།། ༈ །།འདིའི་ཕྱག་ལེན་ནི། ཆུའི་མཆོད་པ་གཞུང་གསལ་ལྟར་དང་། ཉེ་ལོགས་སུ་སྣོད་ཡངས་པར་གཏོར་མ་རི་རབ་བང་རིམ་བཞི་པའི་ཁར་དབུས་སུ་དཔལ་གཏོར་བརྗིད་ལྡན་དར་གདུགས་ཀྱིས་སྤྲས་པ། དེའི་མཐར་དཔལ་གཏོར་ཆུང་ངུ་བརྒྱ་རྩ་མཐེབ་ཀྱུ་དང་རིལ་བུས་མཚན་པ། གཡས་གཡོན་དུ་ཟན་ལས་བཅོས་པའི་ཐོད་སྣོད་ཆུང་ངུའི་ནང་དུ་སྨན་རག་མཚོན་བྱེད་བཤམས་པའམ། མ་གྲུབ་ན་སྤར་བཏབ་པ་བརྒྱ་རྩ། བང་རིམ་དང་པོར་ནང་མཆོད་འདོད་ཡོན་ལྔ་དང་། གཉིས་པར་ཕྱི་མཆོད་ཉེར་སྤྱོད། གསུམ་པར་སྐུ་གསུང་ཐུགས་རྟེན་མཚོན་བྱེད་སཱཙྪ། བཞི་པར་མདུན་ངོས་སུ་སྐུ་གླུད་ཆེ་བ་གཅིག་


JKT021_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གླུད་ཕྲན་སྤར་བཏབ་པ། དེ་རྣམས་སོ་སོར་བརྒྱ་བརྒྱད་རེ་གྲངས་ཚང་བ། མཐའ་སྐོར་དུ་བྱ་གཅན་རི་དྭགས་གཡུང་དྭགས་སྣ་ཚོགས་པའི་གཟུགས་འགྲོས་བརྒྱ་བརྒྱད། དར་སྣ། རས་སྣ། ཟས་སྣ། འབྲུ་སྣ། རིན་ཆེན་སྣ་ཚོགས་དཀོར་ཆ་ཇི་ལྟར་རིགས་པས་ཁེབས་པར་བྱ། དེའི་མདུན་དུ་ཐུན་མོང་དུ་སྨན་རག་གཏོར་མ་དང་། ཉེར་སྤྱོད་ཚར་གཅིག་བཤམས། གྲངས་གསོག་ནའང་སབ་རྒྱུའི་ཆུའི་མཆོད་པའང་ལོགས་སུ་འདུ་བྱ། དེ་ནས་སངས་རྒྱས་ཆོས་ཚོགས་ལྟ་བུའི་སྐྱབས་སེམས་ཚད་མེད་བཞི་བསྒོམ། རང་ཉིད་ཆོས་སྐུ་སོགས་ནས། སྒོ་ཆོད་བར། གྲངས་གསོག་ན། ཨོཾ་ཨཱཿཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཉེར་གཅིག་ཆུ་རྒྱུན་སྦྲེང་ཞིང་། ཨ་མྲྀ་ཏ་ལན་གསུམ། ནམ་མཁའ་གང་བའི་སོགས་གྲངས་རྫོགས་པ་ན། སྣོད་བཅུད་གཞལ་ཡས་སོགས་ནས། ཨ་ཨ་ཨཱབར་ཚར་གཅིག །ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་སྐོང་། ཤེས་རབ་སྙིང་པོ་ལན་གསུམ་འདོན་པས་མཆོད་བྱ་མཆོད་བྱེད་མཆོད་ཡུལ་སོགས་འཁོར་གསུམ་མི་དམིགས་པའི་རྒྱས་འདེབས། མཇུག་ཏུ་བདུད་བཟློག་ཀྱང་བྱ། །བཟང་སྤྱོད་སོགས་བསྔོ་སྨོན་རྒྱས་བསྡུས་གང་རིགས་དང་། བཀྲ་ཤིས་བརྗོད། ཆུ་དང་ཡས་གླུད་རྣམས་རྒྱ་མཚོར་འབབས་པའི་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ་ཞིང་། ཆུའི་རྒྱུན་དེ་མ་ཟད་པར་མཆོད་སྦྱིན་གྱི་མགྲོན་རྣམས་ཀྱི་སྤྱན་སྔར་མཆོད་སྦྱིན་གྱི་དངོས་པོ་ཟད་མི་ཤེས་པར་འབྱུང་བར་བསམ། ཁྱད་པར་སཱཙྪ་རྣམས་གཤེགས་པའི་ཚེ་རེ་རེ་ནས་དབུ་ཞབས་མ་ལོགས་པར་ཆུའི་སྟེང་དུ་བཞག་ཅིང་། སེམས་ཀྱི་རྣམ་སྣང་གི་རྡུལ་ཕྲ་རབ་ཏུ་གྱུར་ནས་ཀླུ་རྣམས་ཀྱིས་རྒྱ་མཚོ་ཆེན་པོར་མཆོད་པའི་སླད་དུ་བཀུར་སྟི་དང་བཅས་སྟེ་སྤྱན་དྲངས་


JKT021_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མོས་པ་བྱའོ།། །།འདི་ཡང་ལྷ་བཙན་རིན་པོ་ཆེའི་ཞལ་སློབ་མེ་རག་ཆོས་རྗེའི་གསུང་རྒྱུན་གྱི་ཆོག་ཁྲིགས་རྒྱས་པ་ཞིག་གི་སྙིང་པོ་བཏུས་པ་མངྒ་ལཾ།། །།


previousརིག་འཛིན་སྲོག་སྒྲུབ་ལས། ལན་ཆགས་ཆུ་བསྐྱུར།next