Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཆོད་སྦྱིན་གཏོར་མའི་རྣལ་འབྱོར་ཉུང་གསལ་ཁྱེར་བདེ་ཚོགས་གཉིས་ལམ་བཟང་།
   
   
   
   
   


 
previousམཆོད་སྦྱིན་གཏོར་མའི་རྣལ་འབྱོར་ཉུང་གསལ་ཁྱེར་བདེ་ཚོགས་གཉིས་ལམ་བཟང་།next

མཆོད་སྦྱིན་གཏོར་མའི་རྣལ་འབྱོར་ཉུང་གསལ་ཁྱེར་བདེ་ཚོགས་གཉིས་ལམ་བཟང་།


JKT021_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །མཆོད་སྦྱིན་གཏོར་མའི་རྣལ་འབྱོར་ཉུང་གསལ་ཁྱེར་བདེ་ཚོགས་གཉིས་ལམ་བཟང་ཞེས་བྱ་བ་བཞུགས་སོ།། །།


JKT021_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཀེ་ཤཱ་རཱ་ཡ། འདིར་ཚེགས་ཆུང་ཞིང་དོན་ཆེ་བ་མཆོད་སྦྱིན་གཏོར་མའི་རྣལ་འབྱོར་ཉམས་སུ་བླང་བར་འདོད་པས་གནས་གཙང་མར་གཏོར་མའི་ཡོ་བྱད་རྣམས་ཕྱག་ལེན་བཞིན་བཤམ། །ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །བྱུང་བའི་རིན་ཆེན་སྣོད་ཡངས་སུ། །མཆོད་གཏོར་དྭངས་ཤིང་ཐོགས་མེད་པ། །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱ༔ཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར་དང་། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་ལན་གསུམ་བརྗོད་ཅིང་ཏིང་ཤག་དཀྲོལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ལན་གསུམ་གྱིས་སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། སྭ་བྷ་ཝས་སྟོང་པར་སྦྱངས་པའི་ངང་། ཧྲཱིཿལས་


JKT021_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་འཕགས་མཆོག་སྙིང་རྗེའི་གཏེར། །ཟླ་མདོག་ཕྱག་གཡས་མཆོག་སྦྱིན་གཡོན་པད་དཀར། །ཞབས་གཉིས་སེམས་སྐྱིལ་པད་ཟླའི་གདན་ལ་རོལ། །དར་དང་རིན་ཆེན་རྒྱན་མཛེས་གསལ་བར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་ནུས་བཟླ། རང་ཉིད་འཕགས་པའི་ཐུགས་ནས་འོད་འཕྲོས་པས། །བླ་མ་མཆོག་གསུམ་ཡི་དམ་ཆོས་སྲུང་དང་། །གདོན་བགེགས་ལན་ཆགས་རིགས་དྲུག་བར་དོ་སོགས། །མཆོད་སྦྱིན་མགྲོན་རྣམས་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང་། པདྨ་ཀ་མ་ལཱ་ཡ་ཧཱུཾ་གྱིས་གདན་འབུལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་སྤྱིར་མཆོད། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། དེ་ནས་ཆུ་སྦྱིན་ནི། སྐྱོན་གྱིས་མ་གོས་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཧྲཱིཿཧཱུཾ། ཨོཾ་མ་ཎི་པདྨེ་


JKT021_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཨོཾ་ཛྭ་ལ་མེ་དཾ་སརྦ་པྲ་ཏེ་སྭཱ་ཧཱ། ཞེས་པས་སྦྱིན། འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་བབས་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ནས། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཅེས་སྨོན་ལམ་གདབ། ཛམྦྷ་ལའི་ཆུ་སྦྱིན་ནི། མདུན་དུ་པད་ཟླའི་གདན་སྟེང་རྨུགས་འཛིན་སེར། །ཕྱག་གཉིས་གང་བའི་འབྲས་བུ་ནེའུ་ལེ་བསྣམས། །རིན་ཆེན་རྒྱན་སྤྲས་དུང་དང་པད་གཏེར་མནན། །གཡོན་དུ་རྨུགས་འཛིན་མཐིང་ནག་ཐོད་པ་དང་། །ནེའུ་ལེ་བསྣམས་ནོར་བདག་གདན་སྟེང་དུ། །གཡོན་བརྐྱང་གིས་བཞུགས་ཀླུ་ཆེན་བརྒྱད་ཀྱིས་བརྒྱན། །བདག་གི་ལག་མཐིལ་རིགས་ལྔའི་ས་བོན་ལས། །བབས་པའི་བདུད་རྩིས་མཆོག་ཏུ་དགེས་པར་གྱུར། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། བརྒྱ་རྩ། ཨོཾ་ཨིནྡྲ་ནི་མུ་ཁཾ་བྷ་མ་རཱི་སྭཱ་ཧཱ། ལན་གསུམ། ཨོཾ་ཛམཾ་སྭཱ་ཧཱ་བརྒྱ་རྩས་ཆུ་སྦྱིན། གཏོར་མ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཞེས་ལན་གསུམ་དང་། ཨོཾ་ཛམཾ་ས་པ་རི་ཝཱ་ར་ཨི་དཾ་སོགས་ལན་གསུམ་གིས་ཕུལ། ཨརྒྱུ་སོགས་ཀྱིས་མཆོད། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། །ཨོཾ་ཛམྦྷ་ལ་སིདྡྷི་


JKT021_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་ལ་ཧོ༔ ཞེས་པས་དངོས་གྲུབ་བླང་། དེ་ནས་བརྒྱ་རྩ་དངོས་ལ་འཇུག་པ་ནི། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །བྱུང་བའི་རིན་ཆེན་སྣོད་ཡངས་སུ། །འབྲུ་གསུམ་འོད་དུ་ཞུ་བ་ལས། །གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུཾ། ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཞེས་དང་། ཨནྡྷཾ་སོགས། གཏོར་མ་འདོད་ཡོན་བདུད་རྩིའི་རྒྱ་མཚོ་འདི། །བྱིན་རླབས་འབྱུང་གནས་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་རྒྱལ་བ་སྲས་བཅས་སོགས། །སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་དང་། །བདེན་ཚིག་གྲུབ་པའི་ལྷ་མིའི་དྲང་སྲོང་མཆོག །དགོས་འདོད་ཆར་འབེབས་ནོར་ལྷའི་ཚོགས་བཅས་ལ། །འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་གསུམ། སམྦྷ་ར་དང་། བདེ་གཤེགས་རིན་ཆེན་མང་དང་གཟུགས་དམ་པ། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །འདོད་ཡོན་ལྔ་ལྡན་མཆོད་སྦྱིན་གཏོར་མ་འདི། །དཀར་ཕྱོགས་སྐྱོང་བའི་གཞི་བདག་གནོད་སྦྱིན་སྡེ། །གདོན་བགེགས་འབྱུང་པོ་རིགས་དྲུག་སྙིང་རྗེའི་ཡུལ། །ཁྱད་པར་ཡི་དྭགས་འགྲོ་དང་ལན་ཆགས་མགྲོན། །ལྷག་མ་བཤལ་ཆུ་རེ་བ་ཀུན་ལ་བསྔོ། །རྟག་ཏུ་ཕན་བདེའི་དགའ་


JKT021_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་རྒྱས་གྱུར་ཅིག །དེ་ནས་དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་མ་ནི། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། ཨ་ཀཱ་རོ་ལན་དྲུག་ཅུ་རྩ་བཞིས་བསྔོས་ལ། གཏོར་མ་འདོད་ཡོན་བདུད་རྩིའི་རྒྱ་མཚོ་འདི། །རྡོ་རྗེ་ལྷ་མོ་དྲུག་ཅུ་རྩ་བཞི་ལ། །འབུལ་ལོ་བཞེས་ནས་དབྱུ་གུ་དྲུག་ཅུ་བཞིས། །དུས་ཀྱི་བར་ཆད་ཐམས་ཅད་སྲུང་བར་མཛོད། །དེ་ནས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་ཀྱིས་ཆོས་སྦྱིན་དང་། འཇིག་རྟེན་འདས་དང་མ་འདས་པའི། །མཆོད་སྦྱིན་ཡུལ་གྱུར་མགྲོན་ཀུན་གྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱཻ། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་ཕྲིན་ལས་གཞོལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་ཉམས་པ་དང་། །སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་ནས། བཛྲ་མུ༔ སརྦ་བྷུ་ཏ་གཙྪ༔ སརྦ་པྲ་ཏ་གཙྪ ཞེས་པས་གཏོར་མགྲོན་གཤེགས། རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་མོས་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་བསྔོ་སྨོན་དང་། སྟོན་མཆོག་དམ་པ་སོགས་ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་བློ་གྲོས་དམན་ཞིང་རྣམ་པར་གཡེང་བའི་གཞན་དབང་དུ་གྱུར་པ་རྣམས་ཀྱི་དགེ་ཚོགས་རླབས་པོ་ཆེ་མྱུར་དུ་འདུམས་པའི་ཐབས་མཁས་འདིའང་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བའི་དགེ་བས་འགྲོ་ཀུན་འཕགས་


JKT021_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཕྱག་ན་པདྨོའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ།། །།


JKT021_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousམཆོད་སྦྱིན་གཏོར་མའི་རྣལ་འབྱོར་ཉུང་གསལ་ཁྱེར་བདེ་ཚོགས་གཉིས་ལམ་བཟང་།next