Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསང་མཆོད་ཉུང་ངུར་བསྡུས་པ་བསོད་ནམས་སྤྲིན་གྱི་རྔ་གསང་།
   
   
   
   


 
previousབསང་མཆོད་ཉུང་ངུར་བསྡུས་པ་བསོད་ནམས་སྤྲིན་གྱི་རྔ་གསང་།next

བསང་མཆོད་ཉུང་ངུར་བསྡུས་པ་བསོད་ནམས་སྤྲིན་གྱི་རྔ་གསང་།


JKT021_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བསང་མཆོད་ཉུང་ངུར་བསྡུས་པ་བསོད་ནམས་སྤྲིན་གྱི་རྔ་གསང་ཞེས་བྱ་བ་བཞུགས་སོ།། །།


JKT021_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། འདིར་བསང་མཆོད་མདོར་བསྡུས་བྱ་བའི་ཚུལ་ལ། གནས་གཙང་མར་མཆོད་པའི་ཡོ་བྱད་རྣམས་ཕྱག་ལེན་བཞིན་བཤམ། སྐྱབས་ཡུལ་གསལ་བཏབ་སྟེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་མཆོད་སྦྱིན་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་གྱིས་སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱི་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་དང་། སྲ་བྷུ་ཝ་སོགས་བརྗོད་པས་ཡེ་ཤེས་ཀྱི་ཚོགས་བསགས་པ་སྔོན་དུ་འགྲོ་བས་རང་ཉིད་ལྷར་གསལ་བ་ནི། སྟོང་པའི་ངང་ལས་པད་དཀར་ཟླ་བའི་སྟེང་། །ཧཱུྃལས་རང་ཉིད་འཕགས་པ་སྤྱན་རས་


JKT021_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །ཟླ་མདོག་ཕྱག་གཡས་མཆོག་སྦྱིན་གཡོན་པད་དཀར། །ཞི་འཛུམ་དར་དང་རིན་ཆེན་རྒྱན་གྱིས་མཛེས། །དེ་ལྟར་གསལ་བའི་ཐུགས་ཀའི་ཧྲཱིཿཡིག་ལས། །འཕྲོས་པའི་འོད་ཀྱིས་མགྲོན་རྣམས་སྤྱན་དྲངས་གྱུར། །འོག་མིན་ཞིང་དང་ཉི་ཤུ་རྩ་བཞིའི་ཡུལ། །ཁམས་གསུམ་རིགས་དྲུག་སོ་སོའི་རང་གནས་ནས། །བདུད་རྩི་བསང་གི་དགའ་སྟོན་བཞེས་སླད་དུ། །མཆོད་སྦྱིན་མགྲོན་རྣམས་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཞེས་བརྗོད་པས། མགྲོན་རྣམས་མདུན་གྱི་ནམ་མཁར་མངོན་སུམ་ལྟ་བུར་གཤེགས་པར་བསམས་ལ། པདྨ་ཀ་མ་ལཱ་ཡ་ཧཱུཾ་གྱིས་གདན་འབུལ། དེ་ནས་བསང་རྫས་རྣམས་ལ་དམིགས་ཏེ། ཨ་མྲྀ་ཏས་བསང་། སྭ་བྷ་


JKT021_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི། །རིན་ཆེན་སྣོད་དུ་འབྲུ་གསུམ་ཞུ་བ་ལས། །བསང་རྫས་ཟག་མེད་འདོད་ཡོན་བདུད་རྩིའི་སྤྲིན། །མི་ཟད་ནམ་མཁའི་མཛོད་ཀྱི་འཁོར་ལོར་གྱུར། །ཨོཾ་ཨཱཿཧཱུཾ། ལན་བདུན་གྱིས་བརླབས་ནས། དངོས་གཞི་ནི། གཟོད་ནས་རྣམ་གྲོལ་འོད་གསལ་གཉུག་མའི་གཤིས། །སྐྱེ་འགག་གནས་གསུམ་སྤྲོས་པ་ཀུན་བྲལ་ཡང་། །བདེ་ཆེན་ཉམས་བརྒྱར་འཆར་བའི་རོལ་རྩེད་ལས། །མ་དག་སྣང་བ་དབྱིངས་སུ་ཐིམ་པའི་རྩལ། །ཕྱི་སྣོད་གྲུབ་པའི་ས་འཛིན་ཉམས་དགའ་བ། །ཞིང་ཁམས་རྒྱ་མཚོའི་བཀོད་པས་མཛེས་པའི་གཞིར། །ཕུན་ཚོགས་འདོད་པའི་ཡོན་ཏན་རྣམ་མང་པོ། །འབར་བའི་མེ་དང་མཉམ་པར་སྦྱོར་བ་ལས། །བྱུང་བའི་ལོངས་སྤྱོད་མི་ཟད་ནམ་མཁའི་མཛོད། །ཟག་མེད་བསང་མཆོད་བདུད་རྩིའི་སྤྲིན་ཕུང་འདིས། །རིགས་ཀུན་ཁྱབ་བདག་རྩ་།བའི་བླ་མ་དང་། །རྒྱ་བོད་བརྒྱུད་པའི་བླ་མ་ཐུགས་རྗེ་ཅན། །མཁས་དང་གྲུབ་པའི་འཁོར་ལོས་སྒྱུར་བ་རྣམས། །བསང་ངོ་མཆོད་དོ་བདག་རྒྱུད་བྱིན་གྱིས་རློབས། །བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་སྡེ་1 དང་། །འབྲེལ་བའི་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་ལྷ། །མ་ལུས་ལུས་པ་མེད་པ་ཐམས་ཅད་ཀུན། །བསང་ངོ་མཆོད་དོ་དངོས་གྲུབ་རྣམ་གཉིས་སྩོལ། །གང་ཞིག་སྐད་ཅིག་ཡིད་ལ་དྲན་པས་ཀྱང་། །


JKT021_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དང་ཞི་བའི་འཇིགས་ཀུན་སྐྱོབ་མཛད་པ། །བླ་མེད་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །བསང་ངོ་མཆོད་དོ་ཕན་བདེའི་དགའ་སྟོན་སྤེལ། །ཞིང་སྐྱེས་སྔགས་སྐྱེས་ལྷན་ཅིག་སྐྱེས་པ་ཡི། །གནས་གསུམ་དཔའ་བོ་དང་ནི་རྣལ་འབྱོར་མ། །ཡེ་ཤེས་ལས་གྲུབ་ཌཱ་ཀིའི་ཚོགས་རྣམས་ཀུན། །བསང་ངོ་མཆོད་དོ་བར་ཆད་སེལ་བར་མཛོད། །བདེ་ཆེན་ཐིག་ལེ་གཅིག་གི་རྣམ་རོལ་ལས། །ཞི་ཆགས་ཁྲོ་བོའི་ཉམས་འགྱུར་མཐའ་ཀླས་པའི། །རྡོ་རྗེའི་ཆོས་སྲུང་གནོད་སྦྱིན་ནོར་ལྷའི་ཚོགས། །བསང་ངོ་མཆོད་དོ་ཕྲིན་ལས་རྣམ་བཞི་སྒྲུབས། །ཁྱད་པར་གྲུབ་པའི་སློབ་དཔོན་མཚོ་སྐྱེས་རྗེས། །བོད་ཁམས་སྐྱོང་བའི་རྗེ་མོར་མངའ་གསོལ་བ། །བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་ཀུན། །བསང་ངོ་མཆོད་དོ་གངས་ལྗོངས་བདེ་སྐྱིད་སྤེལ། །གཉུག་མར་གནས་དང་གློ་བུར་ལྷགས་པ་ཡི། །ཡུལ་ལྷ་གཞི་བདག་བགེགས་རིགས་ལན་ཆགས་དང་། །སྙིང་རྗེའི་ཡུལ་གྱུར་རིགས་དྲུག་མགྲོན་རྣམས་ཀུན། །བསང་ངོ་མཆོད་དོ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །དེ་ལྟར་རྣམ་བཞིའི་མགྲོན་རིགས་ཐམས་ཅད་ལ། །བདུད་རྩི་བསང་གི་མཆོད་པ་ཕུལ་བའི་མཐུས། །ཉམས་གྲིབ་མི་གཙང་གདུང་བ་ཀུན་ཞི་ཞིང་། །དོན་གཉིས་དགའ་སྟོན་མཆོག་ཏུ་རྒྱས་པར་ཤོག །སྣོད་བཅུད་སྲིད་ཞིའི་ཕྱུ་གཡང་


JKT021_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བུང་བའི་ཚོགས། །རྟེན་འབྲེལ་ཨུཏྤལ་གསར་པས་ཡོངས་བསྡུས་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱཻ། །བཀྲ་ཤིས་སྣང་བས་རྟག་ཏུ་ཁྱབ་གྱུར་ཅིག །ཅེས་བརྗོད། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས་ཤིང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བཛྲ་མུས་མགྲོན་རྣམས་གཤེགས། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །སོགས་ཀྱིས་བསྔོ་སྨོན་དང་། སྟོན་མཆོག་དམ་པ་སོགས་ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་དཔལ་ཨེ་ཝཾ་ཆོས་ལྡན་ཐར་པ་ཆེན་པོའི་གྲོང་ཁྱེར་ནས་མདོ་ཁམས་ཤར་གྱི་ཕྱོགས་སུ་བསྐྱོད་པ་ལ་ཉེ་བའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་རིག་པ་འཛིན་པ་མཁྱེན་བརྩེའི་དབང་པོས་ཤར་མར་སྤེལ་བའོ།། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousབསང་མཆོད་ཉུང་ངུར་བསྡུས་པ་བསོད་ནམས་སྤྲིན་གྱི་རྔ་གསང་།next