Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་ཆེན་པོའི་བུམ་པ་བཟང་པོ་སྒྲུབ་ཚུལ་སྤྱི་ལ་འཇུག་པ་ཤིན་ཏུ་མདོར་བསྡུས་འདོད་རྒུའི་ཆར་འབེབས།
   
   
   


 
previousགཏེར་ཆེན་པོའི་བུམ་པ་བཟང་པོ་སྒྲུབ་ཚུལ་སྤྱི་ལ་འཇུག་པ་ཤིན་ཏུ་མདོར་བསྡུས་འདོད་རྒུའི་ཆར་འབེབས།next

གཏེར་ཆེན་པོའི་བུམ་པ་བཟང་པོ་སྒྲུབ་ཚུལ་སྤྱི་ལ་འཇུག་པ་ཤིན་ཏུ་མདོར་བསྡུས་འདོད་རྒུའི་ཆར་འབེབས།


JKT021_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །གཏེར་ཆེན་པོའི་བུམ་པ་བཟང་པོ་སྒྲུབ་ཚུལ་སྤྱི་ལ་འཇུག་པ་ཤིན་ཏུ་མདོར་བསྡུས་འདོད་རྒུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།། །།


JKT021_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་སྭ་སྟི། རྒྱུད་སྡེ་རྣམས་སུ་གཏེར་ཆེན་པོའི་བུམ་པ་སྒྲུབ་ཚུལ་དང་། གཞུག་པའི་ཚུལ་ཇི་སྙེད་ཅིག་གསུངས་ཤིང་། ནོར་ལྷ་རྣམས་ཀྱི་བྲིས་སྐུ་དང་གཟུངས་སྔགས་ཀྱང་རིན་པོ་ཆེ་དང་འབྲུ་སྨན་སོགས་དཔལ་ཅན་གྱི་རྫས་དང་བཅས་ཏེ་བང་མཛོད་དུ་སྦ་བར་རྟོགས་པ་དང་མན་ངག་ལས་གསུངས་པ་དག་ཕན་ཚུན་སྦྱར་ཏེ་ཛམྦྷ་ལ་རིགས་ལྔ་དང་། ལྷ་མོ་བརྟན་མ། ཀླུ་ཆེན་དགུ་སོགས་ཀྱི་གཏེར་བུམ་སྒྲུབ་པའི་ཚུལ་ཇི་སྙེད་པ་ཞིག་བླ་མ་རྣམས་ཀྱིས་ཕྱག་ལེན་དུ་མཛད་པ་དམིགས་བསལ་སོ་སོའི་གཞུང་ནས་འབྱུང་བ་ལྟར་བྱ། རང་གཞུང་བུམ་པ་སྒྲུབ་ཚུལ་ཟུར་དུ་མེད་པའི་སྤྱི་ཁྱབ་ལ། ནོར་བུམ་རིགས་རྣམས་ཆེ་ཆུང་བྲེ་གང་ཤོང་བ་ལས་མི་ཆུང་བའི་རིན་པོ་ཆེའམ་རྫའི་བུམ་པ་གཙང་མ་ལྷ་སོ་སོའི་སྐུ་མདོག་དང་མཐུན་པའམ། དཀར་པོའི་ཚོན་གྱིས་ལེགས་པར་བསྒྱུར་བ་ལ་རྒྱས་པར་ཁོར་ཡུག་ཏུ་བཀྲ་ཤིས་རྟགས་བརྒྱད་སོགས་བྲི། བསྡུ་ན་མདུན་རྟགས་སུ་ནོར་བུ་དང་ས་བོན་


JKT021_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བྲིས་པའི་ནང་དམིགས་བསལ་རང་རང་གི་གཞུང་ནས་འབྱུང་བ་ལྟར་དང་། སྤྱིར་བཏང་ཙམ་ལ་ཐིལ་དུ་ས་སྣ་ཆུ་སྣ་བྱིན་ཅན་བཀྲམ་པའི་སྟེང་། བྱ་རྒྱུད་ལུགས་ཀྱི་བུམ་རྫས་ཉེར་ལྔ་ཁྲོལ་བུའམ་རིལ་བུ། རིན་པོ་ཆེ་སྣ་ཚོགས། དུག་རིགས་མ་གཏོགས་པའི་སྨན་སྣ། འབྲུ་དཀར་རིགས་སྣ་ཚོགས། དར་ཟབ་དང་གོས་ཆེན། དཀར་གསུམ་མངར་གསུམ་སོགས་བཟའ་བཏུང་གི་ཕུད་གཙང་མ། རྟ་ཕྱུགས་ཀྱི་སྤུ་སྣ། བཀྲ་ཤིས་པའི་ཐབ་དང་ཁང་ས། ཞིང་ས་བཟང་པོའི་ས་སོགས་དཔལ་ཅན་གྱི་རྫས་དམ་ཚིག་མི་གཅིག་པས་མཚོན་སེལ་ཅན་གྱི་ལག་ནས་བྱུང་བ་མ་ཡིན་པས་ཕྱུར་བུར་བཀང་བའི་དབུས་སུ་རང་རང་གི་སྐུ་གཟུགས་དང་། སྔགས་བྱང་འདོད་གསོལ་དང་བཅས། སྲོག་འཁོར་རིགས་གང་ཡོད་རྣམས་ལག་ཚགས་དམ་པར་གཞུག །ཁ་འབྲུ་སྨན་བཟང་ཤིང་གི་ཕྱེ་མ་སོགས་ཀྱིས་དཀང་། རས་དཀར་པོས་བཅད། སྤྲོ་ན་འཁོར་ལོ་རྩིབས་བརྒྱད་དམ། རྡོ་རྗེ་རྒྱ་གྲམ་


JKT021_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྲི། ཚོན་སྐུད་ཀྱིས་མགུལ་པ་བཅིངས་ལ་རྒྱབ་ཕྱོགས་སུ་སྒྲུབ་པ་པོའམ་སྦྱིན་བདག་གི་རྟགས་ཀྱིས་རྒྱས་གདབ། ས་བདག་དང་། ཁྱད་པར་ཀླུ་བུམ་རིགས་རྣམས་སྦྱིན་མེད་པའི་བག་ཕྱེ་སོགས་ཀྱི་དམ་དང་བཅས་དཀར་རྩི་བྱུག །མདུན་རྟགས་ནཱཾ་བྲི། ནང་གི་ཐིལ་དུ་ས་སྣ་ཆུ་སྣ་གཙང་མ་དཀྲམ། གླ་རྩི་སོགས་ཀླུ་ལ་གནོད་པའི་དྲིས་མ་ཕོག་པའི་འབྲུ་སྣ་གཙང་མ་སྤང་སྤོས་ཀྱིས་བུངས་བསྐྱེད་པའི་ཀླུ་སྨན་སོགས་ཀྱིས་བཀང་བའི་དབུས་སུ་རང་རང་གི་སྐུ་དང་སྔགས་བྱང་སོགས་གང་རིགས་གཞུག །ཁ་རས་དཀར་གཙང་མས་བཅད་ཅིང་མགུལ་ཆིངས་བྱ། དེ་ནས་གཞི་གཙང་མའི་སྟེང་དུ་བཀོད་ལ། མཐར་རང་རང་གི་གཞུང་ལས་བཤད་པའི་གཏོར་མ་དང་མཆོད་པ་བཤམ། བདག་བསྐྱེད་ནོར་བུམ་རིགས་ཕལ་ཆེར་ལ་རང་རང་གི་བདག་བསྐྱེད་དམ་ཕྱག་རྡོར་དང་། བརྟན་མ་དང་ཀླུ་བུམ་ལ་ཀླུ་དབང་རྒྱལ་པོའམ། སེང་གེ་སྒྲ་སོགས་གང་འོས་བཟླས་པ་དང་བཅས་པ་བྱ། ལས་བུམ་རྒྱས་བསྡུས་གང་རིགས་ཀྱིས་བསྒྲུབ་པའམ། ཨ་མྲྀ་ཏས་བསང་། སྭ་བྷ་བས་སྦྱང་། འཁོར་གྱི་སྟེང་དུ་ཧཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་ཟླ་བ་ལ་སྔགས་ཀྱི་ཕྲེང་བས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། །


JKT021_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་བརྗོད་ཅིང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླས་མཐར། སྔགས་ཕྲེང་གདན་དང་བཅས་པ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད་ཅིང་བསམ། ཡང་ན་བསང་ཆུ། ཨ་མྲྀ་ཏའི་སྔགས་ཀྱིས་བརླབ། སྤྲོ་ན་སྦྱང་ཁྲུས་རྒྱས་པར་བྱ། དེ་ཙམ་མི་ནུས་ན། རང་གི་ཐུགས་ཀ་ནས་ཁྲོ་བོ་བདུད་རྩི་འཁྱིལ་པའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་གྱུར་པའི་མོས་པས་ལས་སྔགས་དང་སུམྦྷ་བརྗོད་ཅིང་། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པའི་ཁྲུས་གསོལ་མདོར་བསྡུས་དང་། དེ་དག་སྐུ་ལ་སོགས་སྐུ་ཕྱི་པ་རྣམས་བྱ་ཞིང་། བཀྲ་ཤིས་ཀྱི་ཚིགས་བཅད་དང་བཅས་མེ་ཏོག་འཐོར། དེ་ནས་མདུན་རྟེན། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་བ་ཤུདྡྷསརྦ་དྷརཿསྭ་བྷཱ་བ་ཤུདྡྷོཉཧཾ་གིས་སྦྱང་། སྟོང་པའི་ངང་ལས་བུམ་པའི་བུམ་པ་གཅིག་ལས་མེད་ན། གྲངས་དང་མཉམ་པའི་སྟོང་པའི་ངང་ལས་པཾ་ལས་པདྨ་དང་སོགས་སྦྲེལ་ཞིང་། འོག་གི་ཚིག་ཀྱང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཞེས་བསྒྱུར་རོ། །པོ་ལས་པདྨ་དང་། ཨ་ལས་ཟླ་བའི་


JKT021_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། རིན་པོ་ཆེ་དང་འབྲུ་བཅུད་ཟས་ནོར་ཚོགས་ཀྱིས་ཡོངས་སུ་གང་བར་གྱུར། ཅེས་བརྗོད་ཅིང་བསམས་ལ། ཆོས་ཉིད་རྣམ་པར་དག་པའི་སྔགས་རྒྱས་སྤེལ་བ་ནི། ཐལ་མོ་ཁོང་སྟོང་དུ་སྙིང་གར་བཞག་ལ། ཨོཾ་སྭ་བྷཱ་བ་ཤུདྡྷསརྦ་དྷརྨཱསྭ་བྷཱ་བ་ཤུདྡྷོཉཧཾ། ཡོ་བྱད་མ་དག་པ་རྣམས་སྦྱངས་ཏེ་སྐྱོན་ཐམས་ཅད་དང་བྲལ་བར་གྱུར། ཅེས་བརྗོད་ཅིང་བསམ། ༧ དེ་བཞིན་དུ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་བ་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ཚིགས་བར་པ་རྣམས་བཅགས་པ་དཔྲལ་བར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷསརྦ་ཐཱ་ཁཾ་ཨུཏྤ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། མགྲོན་སོ་སོའི་མོས་པ་དང་མཐུན་པའི་ཡོ་བྱད་ཀྱིས་ནམ་མཁའི་ཁམས་ཁྱབ་པར་གྱུར། བདུད་རྩི་འཁྱིལ་བའི་སྔགས་རྒྱས་བསྒྱུར་བ་ནི། ཐལ་མོ་སྦྱར་བའི་ཁ་གྱེན་དུ་ཕྱེ་སྟེ་མཐེ་བོང་བསྣོལ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རྫས་རྣམས་མགྲོན་སོ་སོའི་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་རྒྱས་སྤྱོད་པར་དབང་བ་ནི། གཡས་ཁུ་ཚུར་བཅངས་པའི་མཛུབ་མོ་བསྒྲེངས། གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། འཕགས་པ་རྣམས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་མཐའ་ཡས་པ་དང་། སེམས་ཅན་རྣམས་ཀྱི་དབང་


JKT021_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྔའི་སྤྱོད་ཡུལ་དུ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་གྱུར། ཡེ་ཤེས་སྐར་མདའི་སྔགས་རྒྱས་ཐོབ་པར་བྱ་བ་ནི། གཡས་ཁུ་ཚུར་བཅངས་བ་སྙིང་གར་བཞག །གཡོན་མཐེ་བོང་ལག་པའི་མཐིལ་དུ་བཞག་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ལ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མསྶ་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱིཿ་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པས་འཕགས་པ་རྣམས་ལ་ཕུལ་བས་མཉེས་ཤིང་སེམས་ཅན་རྣམས་ཡོ་བྱད་རྒྱལ་ཕམ་དང་རྩོད་པ་མེད་པར་སོ་སོའི་མོས་པ་བཞིན་ཐོབ་པར་གྱུར། དབང་བསྒྱུར་འཁོར་ལོའམ། ལྷ་མགོན་སྤྱིའི་སྔགས་རྒྱས་དབང་དུ་བསྒྱུར་བ་ནི། སོར་མོ་ནང་དུ་བསྣོལ་བའི་རྡོ་རྗེ་བསྡམས། མཐེ་བོང་གཉིས་གཤིབས་སྟེ་བསྒྲེངས་ལ། ན་མསྶ་མནྟ་བུདྡྷཱ་ནཾ་གྲ་ཧེ་ཤཱ་རི་པྲ་པཉྩ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། མགྲོན་ཐམས་ཅད་ཀྱང་དམ་ཚིག་གི་དབང་གིས་བདག་ལ་འགོ་ཞིང་ཕན་པ་དང་བདེ་བའི་ཕྲིན་ལས་འབའ་ཞིག་བསྒྲུབས་པར་གྱུར། ཕྱག་རྒྱ་རྣམས་ཕྱོགས་བཅུར་བསྐོར་ཞིང་སྔགས་རྣམས་ལན་གསུམ་ལ་སོགས་པ་བརྗོད། མགོན་དཀར་སོགས་ཀྱི་སྐབས་སུ་ཚིག་ལྷུག་མེད་པའི་སྔགས་རྐྱང་པ་བརྗོད་པར་གསུངས་པས་དེ་ལྟར་བྱ། གང་ལྟར་ཡང་བུམ་པའི་ནང་གི་འབྲུ་སྨན་རིན་པོ་ཆེ་སོགས་ལྷ་སོ་སོའི་ཐུགས་དང་མཐུན་པའི་ཡོ་བྱད་ཟད་མི་ཤེས་པའི་གཏེར་དང་། ལོངས་སྤྱོད་དང་། བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་ནས། བྲིས་སྐུ་དང་སྔགས་བྱང་སོགས་ལྷར་བསྐྱེད་པ་ནི། དེ་ལྟ་བུའི་བུམ་པ་


JKT021_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྟོད་ཀྱི་ཆར་དབུས་སུ་པཾ་ལས་པདྨ་དང་། ཞེས་སོགས་རང་རང་གི་མངོན་རྟོགས་ལྟར་དམ་ཚིག་པ་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག །དབང་བསྐུར་རྒྱས་གདབ་རྒྱས་བསྡུས་གང་རིགས་དང་། མཆོད་པ་བསང་སྦྱང་། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་ཏྱཾ། པུཎྜེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་བིད། ཤབྡ་ཨཱཿཧཱུྃ་གི་བར་སྦྱར་བས་བརླབ། མཚན་སྔགས་ཀྱི་མཐར། ས་པ་རི་ཝཱ་ར་ཨརྒྱུ་པྲ་ཏིཙྪ་སྭཱ་ཧཱ་ནས། ཤབྡའི་བར་སྦྱར་བས་མཆོད། རང་གཞུང་གི་བསྟོད་པ་རྒྱས་བསྡུས་གང་རིགས་ཀྱིས་བསྟོད། ཐུགས་རྒྱུད་བསྐུལ་བར་དམིགས་ཏེ་བཟླས་པ་གཙོ་བོར་བྱ། འདིའི་སྐབས་བུམ་པ་ལ་གཟུངས་ཐག་བཏགས་ཏེ་བཟུང་ཡང་ལེགས། བཟླས་དམིགས་སོ་སོའི་གཞུང་ནས་འབྱུང་བ་ལྟར་དང་སྤྱིར་བཏང་ནོར་བུམ་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་དང་བྲལ་བར་བྱས། སྣོད་བཅུད་སྲིད་ཞིའི་དགེ་མཚན་


JKT021_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཚོགས་དཔལ་ཡོན་དྭང་བཅུད་མ་ལུས་པ་བསྡུས་ཏེ་མདུན་གྱི་རྟེན་རྫས་རྣམས་ལ་ཐིམ་པས་འདོད་རྒུ་ཐམས་ཅད་ཡིད་བཞིན་དུ་འབྱུང་བའི་གཏེར་ཆེན་པོའི་བུམ་པ་བཟང་པོར་གྱུར་པར་བསམས་ལ་བཟླས་པ་བྱ། བརྟན་མ་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དཔག་ཚད་བརྒྱད་ཁྲི་ཚུན་ཆད་ཀྱི་སྣོད་བཅུད་ཀྱི་རྒུད་པ་ཐམས་ཅད་བསལ། དཔལ་དང་གཟི་བྱིན་བསྐྱེད། བཅུད་དང་དྭང་མ་ཐམས་ཅད་བསྡུས་ཏེ་མདུན་གྱི་རྟེན་རྫས་རྣམས་ལ་ཐིམ་པས་ས་བཅུད་དང་དགེ་མཚན་ཐམས་ཅད་འཕེལ་བའི་ནུས་པ་དང་ལྡན་པར་གྱུར་པའི་མོས་པས་བཟླ། གླུ་བུམ་སྐབས། རང་གི་ཐུགས་ཀ་ནས་འོད་ཟེར་བདུད་རྩིའི་རང་བཞིན་ཅན་འཕྲོས། མདུན་བསྐྱེད་འཁོར་དང་བཅས་པ་ལ་ཕོག་པས་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བརྟན་གཡོའི་དྭང་བཅུད་མ་ལུས་པ་བསྡུས་ནས་མདུན་གྱི་རྟེན་རྫས་རྣམས་ལ་ཐིམ་པས་སྣོད་བཅུད་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་སྐྱེད་པའི་ནུས་པ་དང་ལྡན་པར་གྱུར་པའི་མོས་པས་བཟླའོ། །ཐུན་མཐར་མཆོད་བསྟོད་རང་རང་གི་གཞུང་ལྟར་དང་། འདོད་གསོལ་སོ་སོའི་གཞུང་ལྟར་རམ། ནོར་བུམ་ལ། མགོན་པོ་ཛམྦྷ་ལས་བདག་དང་སེམས་ཅན་ཐམས་ཅད་ལ་ལོག་


JKT021_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཚོ་བ་མ་ཡིན་པའི་ཆོས་དང་མཐུན་པའི་འབྱོར་བ་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། །ཞེས་པ་ལྟ་བུ་དང་། བརྟན་མ་ལ། སའི་ལྷ་མོས་བདག་དང་སྦྱིན་པའི་བདག་པོ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་སྩལ་ཞིང་། ཡུལ་ཕྱོགས་འདིར་བཀྲ་ཤིས་པ་དང་། བདེ་ལེགས་དཔལ་འབྱོར་གྱི་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བར་མཛད་དུ་གསོལ། ཞེས་དང་། ཀླུ་ལ། ཀླུའི་རྒྱལ་པོ་འཁོར་དང་བཅས་པས་བདག་དང་སྦྱིན་པའི་བདག་པོ་ལ་སོགས་གོང་ལྟར་བྱ། གཏོར་མ་རང་རང་གི་གཞུང་ལྟར་རམ། སྤྱི་ཁྱབ་ལ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ཞུ་བ་ལས་བྱུང་བའི་གཏོར་མ་ལྷའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། མཚན་སྔགས་སམ་སྙིང་པོའི་མཐར། ཨ་ཀཱ་རོ་བཏགས་པས་དབུལ། མཆོད་བསྟོད་འདོད་གསོལ་བྱ། ཡི་གེ་བརྒྱ་པ་ལན་གསུམ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་ཐལ་མོ་སྦྱར་བའི་བར་དུ་ཐོགས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་


JKT021_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་གཏེར་ཆེན་པོའི་བུམ་པ་བཟང་པོ་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། །བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་ལོག་པའི་འཚོ་བ་མ་ཡིན་པའི་ཆོས་དང་མཐུན་པའི་འབྱོར་བ་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། །ཞེས་སམ། བརྟན་པར་བཞུགས་ནས་ཀྱང་བདག་དང་སྦྱིན་པའི་བདག་པོ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་སྩལ་ཞིང་། ཡུལ་ཕྱོགས་འདིར་བཀྲ་ཤིས་པ་དང་། བདེ་ལེགས་དཔལ་འབྱོར་གྱི་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བར་མཛད་དུ་གསོལ། ཞེས་དང་། ༀ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། མང་ཏུ་བརྗོད་ཅིང་མེ་ཏོག་འཐོར། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་སྔོན་པོ། དགེ་བ་འདི་ཡིས་མྱུར་དུ་བདག །སོགས་བདག་བསྐྱེད་ཀྱི་དགེ་བསྔོ་དང་། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་པ་དང་། །


JKT021_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དག་ཀྱང་དར་བར་ཤོག །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཁྱད་པར་བ་དང་། གཞན་ཡང་། ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་ཡིན །དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ནས། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །ཅེས་དང་། གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །


JKT021_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་སོགས་མདོ་རྒྱུད་ནས་འབྱུང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱ། དེ་ལྟ་བུར་ཐུན་དུ་བཅད་ལ་ལེགས་པར་བསྒྲུབས་པའི་རྗེས། ནོར་ལྷའི་རིགས་ཀྱི་བུམ་གཏེར་མཛོད་དང་། ཁྱིམ་ཕུགས། ཕྱུགས་ལྷས་ཀྱི་གོང་། བརྟན་མའི་བུམ་པ་ཡུལ་གྱི་དབུས། མཁར་གྱི་རྩེ། ཞིང་ས་བཟང་པོའི་དཀྱིལ། ཀླུ་བུམ་ཀླུ་གནས་ངེས་པའི་མཚོ་དང་། ཆུ་མིག །རྫིང་བུ་སོགས་ཀྱི་མགོའམ། མདུན་སོགས་ཀྱིས་མཚོན་ཏེ་གང་དུ་སྦ་བའི་སར་ལག་ཚགས་དམ་པར་བྱས་ལ་གཞུག །འཇུག་པའི་སྐབས་སུའང་ཆོ་ག་ཚར་རེ་བསྐྱར་ན་ལེགས། མ་གྲུབ་ན་བརྟན་བཞུགས་དང་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད། །དེ་ལྟར་བགྱིས་པས་སྣོད་བཅུད་ཀྱི་རྒུད་པ་ཞི་ཞིང་། དཔལ་འབྱོར་ལེགས་ཚོགས་ཐམས་ཅད་རྒྱས་པར་འགྱུར་བས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ནི་སོ་སོའི་གཞུང་ལས་ཤེས་པར་བྱའོ། །ཞེས་པའང་ཉེར་མཁོའི་ཆེད་དུ་མཉྫུགྷོ་ཥས་ལྷག་པའི་བསམ་པས་བྲིས་པ་སྲིད་ཞིའི་དགེ་མཚན་དུས་རྟག་ཏུ་རྒྱས་པར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།


JKT021_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


JKT021_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ས་སྙིང་དང་བརྟན་མ་སྦྲགས་སྒྲུབ་ཀྱི་བུམ་གཏེར་སྒྲུབ་ཚུལ་ཤིན་ཏུ་བསྡུས་པ་ཕན་བདེའི་ཡང་སྙིང་ཞེས་བྱ་བ་བཞུགས་སོ།། །།


JKT021_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་སྭསྟི་སིདྡྷཾ། །བྱང་ཆུབ་སེམས་ཀྱི་ནོར་བུ་ཡིས། །ཕན་བདེའི་འདོད་རྒུ་སྩོལ་མཛད་པའི། བླ་མ་མཆོག་དང་ལྷག་པའི་ལྷར། །བཏུད་ནས་གཏེར་བུམ་སྒྲུབ་ཐབས་བཤད། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། བུམ་པ་ཡུལ་གྱི་བྲེ་གང་ཤོང་བ་ལས་མི་ཆུང་བའི་ནང་། དབུས་སུ་སྲོག་ཤིང་བརྟན་པར་བཙུགས་པ་ལ་གཟུངས་ཀྱི་ཤོག་དྲིལ་དཀྲི་ཞིང་ན་བཟའ་གསོལ།, སྒྲུབ་ཆེན་བྱས་པའི་སྒྲུབ་གཏོར། །མ་ཎི་རིལ་བུ། བྱ་རྒྱུད་ལུགས་ཀྱི་བུམ་རྫས་ཉེར་ལྔ། སྙིང་ཞོ་ཤ་མཁལ་མ་ཞོ་ཤ་སོགས་ཞོ་ཤའི་རིགས་དང་། དུག་རིགས་མ་འདྲེས་པའི་སྨན་སྣ། གནས་རྟེན་བྱིན་ཅན་དང་ས་དཔལ་ཅན་གྱི་ས་སྣ་ཆུ་སྣ། ལྕགས་དང་ར་གན་མུ་ཟི་ལ་སོགས་མ་འདྲེས་པའི་རིན་པོ་ཆེའི་རིགས། འབྲུ་ནག་མ་གཏོགས་པའི་འབྲུ་སྣ། ཤིང་ཏོག། ཤ་ཆང་མ་གཏོགས་པའི་དཀར་མངར་དང་ཁུར་བ་སོགས་ཟས་སྣ་གཙང་མ། ཤུག་པ་སོགས་བཟང་ཤིང་གི་ཕྱེ་མ་


JKT021_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པས་ཕྱུར་བུར་བཀང་། ཁ་འཇིམ་པས་བཅད་ཅིང་རས་དཀར་པོ་ལ་རིགས་ལྔའི་ཕྱག་མཚན་བྲིས་པས་གཡོགས། མགྲིན་པ་དམ་པར་བཅིང་། གཟུངས་གཞུག་ཤོག་དྲིལ་ལ་བྲི་རྒྱུ། གཞུང་གི་བཟླས་སྔགས་རྣམས་དང་། ནཱ་ག་ཕུཏ་ལ་མ་ཐ་སྙན་ལ་ཐ། མི་འཛད་ཡུན་གྱི་གཏེར་མཛོད་ཅིག །ཅེས་དང་། དབྱངས་གསལ་རྟེན་སྙིང་། འབད་དང་སྩོལ་བས་མ་གོས་པ། ཞེས་སོགས་བཀྲ་ཤིས་དང་། སུ་པྲ་ཏིཥྛས་མཐའ་བརྒྱན་པ་བྲིའོ། །ས་སྙིང་དང་ནོར་རྒྱུན་མ་སྦྲགས་སྒྲུབ་ཀྱི་སྙིང་གཏེར་དང་ནོར་བུམ་གཞི་མཐུན་དུ་བྱེད་ན། བཅས་ཀྱི་སྐབས། གཟུངས་གཞུག་ལ་ནོར་རྒྱུན་མའི་སྙིང་པོ་དང་། སྤྲོ་ན་གཟུངས་རིང་ཡང་བྲི། ཤ་ཆང་སྒོག་བཙོང་གླ་རྩི་སོགས་མ་འདྲེས་པའི་གཡང་རྫས་ཀྱི་རིགས་ཐུམ་བོར་བྱས་པའང་གཞུག །ངག་འདོན་སྐབས་ནོར་རྒྱུན་མ་བསྐྱེད་ཆོག་སོགས་མཆན་གསལ་ལྟར་སྦྱར་བས་ལེགས་པར་གྲུབ་བོ། །གང་ལྟར་ཡང་བཅའ་གྲུབ་ནས་


JKT021_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་གཙང་མའི་དབུས་སུ་འབྲུ་དཀར་ཅུང་ཟད་བཀྲམ་པར་བུམ་པ་བཞག དེའི་མདུན་དུ་གཏོར་མ་ལྕོག་ཟླུམ་དཀར་པོ་དང་། མཆོད་པ་བཤམ། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། འཐོར་ནས། གྲོགས་གཞན་ཡོད་ན་རྔ་རོལ་དུང་དཀར་སོགས་བཤམ། གཉིས་པ་ནི། བདག་བསྐྱེད་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་རྒྱས་བསྡུས་གང་རིགས་རྗེས། སྤྲོ་ན་བུམ་པ་རྣམས་ལ་སྦྱོང་ཁྲུས་ཚུལ་བཞིན་བྱ། གང་ལྟར་ཡང་བུམ་པ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྟེང་། །ཧཱུཾ་ལས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །ཕྱི་ནི་བུམ་པ་ནང་ནི་གཞལ་ཡས་ཁང་། །ཤིན་ཏུ་ཉམས་དགའ་ལོངས་སྤྱོད་དུ་མས་གང་། །དེ་དབུས་སྣ་ཚོགས་པདྨ་ཟླ་བའི་སྟེང་། །ཀྵ་ལས་སེམས་དཔའི་ས་ཡི་སྙིང་པོ་དཀར། །མྱུ་གུ་དྲིལ་བུ་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །ནོར་རྒྱུན་མ་དང་སྦྲགས་སྒྲུབ་སྐབས། མདུན་དུ་འཕགས་མ་ནོར་རྒྱུན་ལྷ་མོ་སེར། །ཕྱག་གཉིས་མཆོག་སྦྱིན་རིན་ཆེན་འབྲས་སྙེ་བསྣམས། །ཞེས་སྦྱར། དེ་མདུན་ས་ཡི་ལྷ་མོ་གསེར་གྱི་མདོག །ནོར་བུ་བུམ་འཛིན་སྐུ་སྟོད་ས་ནས་ཐོན། །རྒྱབ་ཏུ་ས་བདག་དབང་ཆེན་སྐུ་མདོག་སེར། །ཞལ་གཅིག་ར་བ་བཞི་ཡི་གདེངས་ཀ་ཅན་། །ཕྱག་བཞི་ཐལ་སྦྱར་ལྗོན་ཤིང་རི་རབ་འཛིན། །སྐུ་སྨད་སྦྲུལ་འཁྱིལ་རུ་སྦལ་སྟེང་དུ་བཞུགས། །གཡས་གཡོན་ལྷ་ཀླུ་གཞི་བདག་ཕོ་མོ་དང་། །སྒོ་བཞིར་སྲུང་བཞི་ཕྱི་ནང་བར་མཚམས་སུ། །


JKT021_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་འདོད་ཡོན་ཚོགས། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཟད་མི་ཤེས། །རྒྱ་ཆེ་རྒྱུན་མི་འཆད་པའི་གཏེར་དུ་གྱུར། །ན་མ་སཱརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ། །གཙོ་འཁོར་རྣམས་ཀྱི་གནས་གསུམ་འབྲུ་གསུམ་དང་། །ས་བོན་འོད་ཀྱིས་འཁོར་བཅས་སྤྱན་དྲངས་གྱུར། ཅེས་གསལ་བཏབ་ལ། སྤྱན་འདྲེན་པ་ནི། ཧོ༔ གསོན་ཅིག་དགོངས་ཤིག་མངོན་ཤེས་ཅན་། །ཡེ་ཤེས་སྤྱན་དང་ལྡན་པ་པོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ས་ཡི་སྙིང་པོ་དགོངས་སུ་གསོལ། །ནོར་བུམ་དང་སྦྲགས་སྒྲུབ་སྐབས། འདོད་རྒུའི་དངོས་གྲུབ་ཆར་འབེབས་པའི། །ནོར་རྒྱུན་ལྷ་མོ་དགོངས་སུ་གསོལ། །ཞེས་སྦྱར། བྱང་ཆུབ་སེམས་མ་རྫུ་འཕྲུལ་ཅན། །ལྷ་མོ་བརྟན་མ་དགོངས་སུ་གསོལ། །ལས་ལས་གྲུབ་པའི་སྟོབས་པོ་ཆེ། །ས་བདག་དབང་ཆེན་དགོངས་སུ་གསོལ། །ལྷ་འདྲེ་ཡིད་ཀྱི་མངོན་ཤེས་ཅན། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །ཀླུ་དང་ས་བདག་དགོངས་སུ་གསོལ། །དེ་རིང་བདག་དང་ཡོན་བདག་གི། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་ལེགས་ཚོགས་རྒྱས་པའི་ཕྱིར། །གཏེར་བདག་ཁྱེད་རྣམས་སྤྱན་འདྲེན་ན། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །རིན་ཆེན་སྣ་ཚོགས་གཏེར་བུམ་ལ། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །


JKT021_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཕྱོགས་འདི་རུ་དུས་རྟག་ཏུ། །ལོ་ལེགས་འབྲུ་དང་རྩྭ་རྣམས་འཕེལ། །ས་བཅུད་དཔལ་གཡང་རྒྱས་པ་དང་། །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱཻ། །ཁ་འཛིན་རྒྱབ་བརྟེན་སྟོང་གྲོགས་མཛོད། །བདེ་སྐྱིད་ལྡན་པའི་དངོས་གྲུབ་སྩོལ། ཨོཾ་ཀིཾ་ཧི་རཱ་ཛ། ནོར་བུམ་དང་སྦྲགས་སྒྲུབ་སྐབས། བ་སུ་དྷ་རཱི། ཞེས་སྦྱར། སྲི་ཤྲཱི་དེ་བཱི་སརྦ་བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨེ་ཧེ་ཧི། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོ ཏིཥྛ་ལྷན། ས་མ་ཡ་ཧཱུཾ། ས་མ་ཡ་ཧོ༔ ཞེས་སྤྱན་དྲངས་ཤིང་བསྟིམ། ཕྱག་འཚལ་བ་ནི། སེམས་དཔའ་ས་ཡི་སྙིང་པོ་དང་། །ས་ཡི་ནོར་བུམ་དང་སྦྲགས་སྒྲུབ་སྐབས། ནོར་རྒྱུན་ཞེས་བསྒྱུར། ལྷ་མོ་བརྟན་མ་ཆེ། ས་བདག་ཀླུ་གཉན་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་པ་ནི། ཁྱེད་རྣམས་མཆོད་པའི་དམ་རྫས་ནི། །དངོས་སུ་ཅི་འབྱོར་གཙང་མར་བཤམས། །ཡིད་ཀྱིས་དཔག་ཏུ་མེད་པར་སྤྲུལ། །ཧ་ཧོ་ཧཱུྃཡིས་བྱིན་བརླབས་པ། །ཟག་མེད་བདེ་བ་སྐྱེད་པའི་རྫས། །ཐུགས་ལ་བཞེད་དགུར་འཆར་བ་ཡི། །མཆོད་གཏོར་ལོངས་སྤྱོད་འདི་བཞེས་ལ། །འདོད་རྒུའི་དཔལ་འབྱོར་རྒྱས་པ་དང་། །ས་བཅུད་འཕེལ་བའི་དངོས་གྲུབ་སྩོལ། །ཨོཾ་ཀྱི་ཧི་རཱ་ཛ། ནོར་བུམ་དང་སྦྲགས་སྒྲུབ་སྐབས། བ་སུ་དྷ་རི་ཞེས་སྦྱར། སྲི་ཤྲཱི་དེ་ཝཱི་སརྦ་བྷ་མི་པ་ཏི་ས་པ་རི་ཝཱ་ར་ཨབྷཾ་ནས། ཤཔྟ་སརྦ་པཱུ་ཛ་ཨཱཿཧཱུྃ། ཨོཾ་ཀྵི་ཧི་


JKT021_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཛ། ནོར་བུམ་དང་སྦྲགས་སྒྲུབ་སྐབས། བ་སུ་དྷ་རི་ཞེས་སྦྱར། དྲི་བྷཾ་དེ་བཱི་སརྦ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟོད་པ་ནི། གྲངས་མེད་གོང་ནས་སངས་རྒྱས་ཀྱང་། །འགྲོ་བའི་དོན་ཏུ་སེམས་དཔའི་ཚུལ། །སེམས་དཔའི་ས་ཡི་སྙིང་པོ་ལ། །ཕྱག་འཚལ་མཆོད་བསྟོད་སྐྱབས་སུ་མཆི། །ནོར་བུམ་དང་སྦྲགས་སྒྲུབ་སྐབས། གང་གི་མཚན་ཙམ་དྲན་པས་ཀྱང་། །འཛད་མེད་དབྱིག་གི་ཆར་འབེབས་པ། །འཕགས་པ་ནོར་རྒྱུན་ལྷ་མོ་ལ། །ཕྱག་འཚལ་མཆོད་བསྟོད་སྐྱབས་སུ་མཆི། །ཞེས་སྦྱར། ས་བརྒྱད་ལ་གནས་སེམས་མ་ཆེ། །སྟོང་གསུམ་འཇིག་རྟེན་ས་ཡི་བདག །ས་ཡི་ལྷ་མོ་བརྟན་མ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱཻ། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱཻ། །ནད་གདོན་གནོད་པ་ཞི་བ་དང་། །ས་བཅུད་དཔལ་གཡང་རྒྱས་པར་མཛོད། །འདོད་རྒུའི་དངོས་གྲུབ་སྩལ་དུ་གསོལ། །བཤགས་པ་ནི། འཁོར་འདས་མགྲོན་རྣམས་ཐམས་ཅད་ལ། །ཚེ་རབས་སྔོན་ནས་ད་ལྟའི་བར། །མི་དགེ་མི་རུང་ལས་བགྱིས་པ། །དེ་དག་ཐམས་ཅད་མཐོལ་ལོ་བཤགས། །ཡི་གེ་བརྒྱ་པ་བརྗོད། བཟླས་པ་ནི། བུམ་ལྷའི་


JKT021_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྲོག་སྔགས་ཕྲེང་ལས། །འོད་འཕྲོས་བརྟན་གཡོའི་རྒུད་པ་ཞི། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་རྒྱས། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི། །ས་བཅུད་བསྡུས་ནས་བུམ་པར་ཐིམ། །དངོས་གྲུབ་ཀུན་གྱི་གཏེར་དུ་གྱུར། །ཅེས་བརྗོད་ཅིང་བསམས་ལ། ཨོཾ་ཀིཾ་ཧི་རཱ་ཛ། ནོར་བུམ་དང་། སྦྲགས་སྒྲུབ་སྐབས། བ་སུ་དྷ་རི་ཞེས་སྦྱར། དྲི་ཤྲཱི་དེ་པཱི་སྭཱ་ཧཱ། ཞེས་བསྙེན་པ་དང་། ཨོཾ་ཀིཾ་ཧི་རཱ་ཛ། ནོར་བུམ་དང་སྦྲགས་སྒྲུབ་སྐབས། བ་སུ་དྷ་རཱི་ཞེས་སྦྱར། དྲི་ཤྲཱི་དེ་པཱི་སརྦ་སིདྡྷི་སྭཱ་ཧཱ། ཞེས་སྒྲུབ་སྔགས་ཅི་ནུས་དང་། སྤྲོ་ན། ཨོཾ་སུམྦྷ་ནི་སུམྦྷ་ཧ་ར་ཙ་ར་མ་ཧཱ་པཱ་ཤ་མཱ་རུ་ཏ་ཨ་མོ་གྷ་བཛྲ་སནྟ་སྭཱ་ཧཱ། ཞེས་སའི་སྙིང་པོའི་གཟུངས་དང་། ནོར་བུམ་དང་སྦྲགས་སྒྲུབ་སྐབས། ཨོཾ་ཤྲཱི་བ་སུ་ནི་དྷ་ན་ཀྱི་ཏྲེ་སྭཱ་ཧཱ། ཞེས་དང་། ཨོཾ་བ་སུ་དྷ་རི་ཎི་སྭཱ་ཧཱ། ཞེས་རྒྱུད་སྡེ་གོང་འོག་ལས་འབྱུང་བའི་ནོར་རྒྱུན་མའི་སྙིང་པོ་དང་། ཏདྱ་ཐཱ། ཨོཾ་ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཀུ་རུ་ཀུ་རུ། དོ་ཙུ་དོ་ཙུ། བ་ཧ་བ་ཧ་སྭཱ་ཧཱ། ཞེས་ལྷ་མོ་བརྟན་མའི་རིག་པ་དང་། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜལ་མ་ཡེ་སྭཱ་ཧཱ། ཞེས་ཉེས་སེལ་གྱི་སྔགས་རྣམས་ཀྱང་ཅི་རིགས་པ་བཟླས་མཐར། རྗེས་ཆོག་ནི། ཨོཾ་ཀྵི་ཧི་རཱ་ཛ། ནོར་བུམ་དང་སྦྲགས་སྒྲུབ་སྐབས། བ་སུ་དྷ་རི་ཞེས་སྦྱར། དྲི་ཤྲཱི་དེ་པཱི་སརྦ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྱུ་ནས། ཤབྡ་སརྦ་པཱུ་


JKT021_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཨཱཿཧཱུཾ། ཞེས་པས་མཆོད། ས་སྙིང་ནོར་བུམ་དང་སྦྲགས་སྒྲུབ་སྐབས། ནོར་རྒྱུན་ཞེས་བསྒྱུར་ལྷ་མོ་བརྟན་མ་དང་། །ས་བདག་ཚོགས་ལ་ཕྱག་འཚལ་བསྟོད། །མཆོད་གཏོར་ཆུང་དང་རྫས་མ་འཛོམས། །ཉེས་འགལ་གང་མཆིས་མཐོལ་ཞིང་བཤགས། །ས་སྙིང་ས་ཡི་ལྷ་མོ་གཉིས། །ནོར་བུམ་དང་སྦྲགས་སྒྲུབ་སྐབས། ས་སྙིང་ནོར་རྒྱུན་བརྟན་མ་རྣམས། །ཞེས་བསྒྱུར། བདག་དང་ཡོན་བདག་བུམ་གཏེར་ལ། །བརྟན་པར་བཞུགས་ལ་ས་བཅུད་སྤེལ། །འདོད་རྒུའི་ལོངས་སྤྱོད་དངོས་གྲུབ་སྩོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། འབད་དང་རྩོལ་བས་མ་གོས་པའི། ཞེས་སོགས་བཀྲ་ཤིས་གང་རིགས་བརྗོད། ཚར་གྲངས་དགོས་ན་དེ་ལྟ་བུའི་སྒོ་ནས་གྲངས་གསོག མཐར་བརྟན་བཞུགས་གྲུབ་རྗེས། མཆོད་སྦྱིན་གནས་འདིར་སོགས་སམ། །འཇིག་རྟེན་པ་ཡི་ས་བདག་རྣམས། །རང་རང་སོ་སོའི་གནས་སུ་གཤེགས། །ལོ་ཀ་བྷུ་མི་པ་ཏི་སརྦ་གཙྪ་ཞེས་དང་། བཀྲ་ཤིས་རྒྱས་པར་བརྗོད་དོ། །གསུམ་པ་ནི། བསྒྲུབས་ཟིན་པའི་བུམ་པས་དཔལ་བཟང་པོར་རླན་གྱིས་མི་འཇིག་པའི་ཆས་དང་བཅས་ཏེ་སྦ། བརྟན་བཞུགས་ཤིས་བརྗོད་ཙམ་གྱིས་ཀྱང་རུང་མོད། ཅུང་ཟད་སྤྲོ་ན་གོང་གི་ཆོ་ག་ཚར་གཅིག་བསྐྱར་ལ། སརྦ་གཙྪའི་རྗེས། ཧཱུྃ། འབྱུང་བ་ལྔ་ནི་སངས་རྒྱས་དངོས། །ས་ཡི་ལྷ་མོ་མཁའ་ཕྱེས་ཤིག །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱཻ། །སྒྲུབ་པ་


JKT021_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་གཏེར་སྦེད་དོ། །སྙིང་པོ་རིན་ཆེན་སྣ་ལྔ་འབྲུ། །སྨན་སྣ་དམ་རྫས་གཏོར་མ་ཡི། །ཡིད་བཞིན་གཏེར་མཆོག་འདི་སྦས་པས། །འདིར་འདུས་རྣལ་འབྱོར་བདག་ཅག་རྣམས། །བླ་མེད་བྱང་ཆུབ་མ་ཐོབ་བར། །སྐྱེ་རྒ་ན་འཆིའི་དུས་བྱུང་ཚེ། །གཏེར་མཆོག་འདི་ཡི་བྱིན་རླབས་ཀྱིས། །བདེ་ཐོག་ལོངས་སྤྱོད་ལྡན་པར་ཤོག །ཕྱག་རྒྱ་ལྔ་ཡི་རྒྱས་གདབ་བོ། །ཡོན་ཏན་མཐའ་རྒྱས་བཀྲ་ཤིས་ཤོག །ཨོཾ་བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུཾ་ཧཱུཾ། རྡོ་ལེབ་ལ་རིགས་ལྔའི་ཕྱག་མཚན་བྲིས་པས་བཀབ་ནས། ཧཱུཾ། རྡོ་རྗེ་འབར་བའི་རྒྱས་བཏབ་པས། །མི་ཤིག་མི་འགྱུར་རབ་ཏུ་བརྟན། །རིན་ཆེན་འབར་བའི་རྒྱས་བཏབ་པས། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས། །པདྨ་འབར་བའི་རྒྱས་བཏབ་པས། །ཆགས་མེད་སྐྱོན་བྲལ་ཡོན་ཏན་ལྡན། །རལ་གྲི་འབར་བས་རྒྱས་བཏབ་པས། །བདུད་བཞིའི་བར་ཆད་རྩད་ནས་ཆོད། །འཁོར་ལོ་འབར་བས་རྒྱས་བཏབ་པས། །ཉོན་མོངས་འཁོར་བའི་སྡུག་བསྔལ་ཞི། །རྒྱས་ལྔ་བཏབ་པའི་བྱིན་རླབས་ཀྱིས། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་བདེ་སྐྱིད་ལྡན་པའི་ཕྱིར། །བསྟན་པའི་བཙས་སུ་འདི་གྱུར་ཅིག །གྲོགས་རྣམས་ཀྱིས་ས་རྡོས་འཐས་པར་བཅག རང་ཉིད་ཀྱིས་བཀྲ་ཤིས་གང་ཤེས་དང་། རྟེན་འབྲེལ་སྙིང་པོ་དང་། སུ་པྲ་ཏིཥྛསོགས་བརྗོད་ལ་མ་ཏོག་གི་ཆར་ཕབ། ལས་ཀྱི་རྗེས་མི་


JKT021_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བྱའོ། །གནོད་སྦྱིན་གཏེར་འཆང་མཆོག་རྣམས་ཀྱཻ། །འདོད་རྒུའི་བུམ་པ་བཟང་པོ་བཞིན། །གདམས་པའི་སྙིང་པོ་འདི་བརྗོད་དགེས། །ཕན་བདེའི་དཔལ་ཡོན་རྒྱས་གྱུར་ཅིག །ཅེས་པའང་མ་ཧཱ་ཙི་ནའི་གཞུང་གི་གཏོ་བཅོས་རྣམས་དང་བཀའ་གཏེར་སྤྱིའི་མན་ངག་ལ་བརྟེན་ནས་གྲུབ་བརྙེས་ཀརྨ་ཆགས་མེད་ཀྱིས་མཛད་པའི་གཞུང་ལས་མདོར་བསྡུས་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། །སརྦ་མངྒ་ལཾ་བྷ་བ་ཏུ།། །།གནོད་སྦྱིན་འཁོར་ལོའི་ཆོ་ག་ལ་བརྟེན་ནས་གཏེར་བུམ་སྒྲུབ་པའི་མན་ངག་འདོད་རྒུའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། །།ཨོཾ་སྭ་སྟི། གང་ཞིག་བསྙེན་པས་འདོད་རྒུའི་དཔལ། །ཡིད་བཞིན་སྦྱིན་མཛད་བླ་མ་ལྷར། །བཏུད་ནས་ཕུན་ཚོགས་གཏེར་ཆེན་པོའི། །བུམ་བཟང་སྒྲུབ་པའི་མན་ངག་འབྲི། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྒྲུབ་པ་པོ་རྡོར་ཕྲེང་ནང་གི་ནོར་རྒྱུན་མའི་དཀྱིལ་འཁོར་དུ་དབང་ཐོབ་པའམ། མ་ཐོབ་ཀྱང་རིགས་གསུམ་སྤྱིའམ། ཨ་ར་པ་ཙ་ན་ལྷ་ལྔའི་དཀྱིལ་འཁོར་དུ་དབང་ཐོབ་པ། འདི་ཉིད་ཀྱི་འཁོར་ལོ་ལ་བརྟེན་པའི་རྗེས་གནང་ངམ། སྒྲུབ་ཐབས་རྒྱ་མཚོ་ནས་འབྱུང་བའི་རྗེས་གནང་ལེགས་པར་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་སྔོན་དུ་བསྙེན་པ་རྒྱས་བསྡུས་གང་རིགས་དང་། འཁོར་


JKT021_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྒྲུབ་པ་སོགས་ཇི་སྐད་བཤད་པ་བཞིན་ཚགས་སུ་ཚུད་པར་བྱས་ནས་ལག་ལེན་དངོས་ནི། རིན་པོ་ཆེའི་མ་རྫའི་བུམ་པ་གས་ཆག་མེད་པའི་ནང་དུ་ཀེ་ཚེ་དང་བྲ་བོ་མ་གཏོགས་པའི་འབྲུ་སྣ་ཚོགས། ར་གན་ཞ་ཉེ་མཁར་བ་མ་གཏོགས་པའི་རིན་པོ་ཆེ་སྣ་ཚོགས། དུག་རིགས་དང་གླ་རྩི་མ་གཏོགས་པའི་སྨན་སྣ་ཚོགས། ཤ་ཆང་སྒོག་རིགས་མ་གཏོགས་པའི་ཟས་སྣ་ཚོགས། དར་སྣ། གོས་སྣ། སྣམ་རས་རྣམས་རྒྱལ་ཁབ་ཕྱུག་པོའི་ལག་ནས་ཕྱུང་བ་རབ། མིན་ཀྱང་བཀྲ་ཤིས་པའི་གང་ཟག་ལས་རྙེད་པ་དང་། གཞན་ཡང་གནས་དང་གང་ཟག་བྱིན་རླབས་ཅན་དང་། བསོད་ནམས་ཅན་དང་དཔལ་གཡང་ཅན་གྱི་ཁང་པ་ཞིང་ས་རྟ་ཕྱུགས་ཀྱི་སྤུ་སོགས་དགེ་བའི་རྫས་ཅི་འབྱོར་པ་བླུགས། ཁྱད་པར་རྗེ་བཙུན་རིན་པོ་ཆེས་འཁོར་ལོའི་མན་ངག་ལས། ཟ་མ་ཏོག་ཆེན་པོའི་ནང་དུ་བཞག་ལ། མར་དང་སྦྲང་རྩི་དང་ཤ་ཁ་རས་ནུབ་པར་བྱས་ཏེ། དུས་རྒྱུན་དུ་མེ་ཏོག་ལ་སོགས་པས་མཆོད་པ་བྱས་ན་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ཞུན་མར་དང་སྦྲང་རྩི་ཀ་ར་རྣམས་ཀྱིས་གཏམས། བུམ་པའི་སྟོད་ཀྱི་ཆར་འཁོར་ལོ་རབ་གནས་ཅན་སྟེང་འོག་དང་མདུན་རྒྱབ་མ་ནོར་བར་ན་བཟའ་སེར་པོ་དང་བཅས་ཏེ་གཞུག སླར་ཡང་འབྲུ་སྣ་དང་སྨན་སྣ་བསྲེས་པས་འཐས་པར་


JKT021_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དགང་། སྤྲོ་ན་སྐབས་རྣམས་སུ་བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད། རིན་ཆེན་སྣ་བདུན། འདོད་ཡོན་ཉེར་སྤྱོད་བཅས་བྲིས་པའམ་འཇིམ་པ་ལ་སྤར་བཏབ་པའང་གཞུག ཁ་སྤྲ་ཚིལ་ལམ་འཇིམ་པ་གཙང་མས་སྲུབ་མེད་པར་བཀག མགྲིན་པ་ཡན་ཆད་རས་གཙང་མས་དཀྲིས་ལ་མདུན་དུ་བཀྲ་ཤིས་རྟགས་བརྒྱད་དམ་ནོར་བུ་བྲི། དེ་ལྟ་བུའི་བུམ་པ་དུ་ཡོད་གཞི་གཙང་མར་པདྨ་འདབ་བརྒྱད་རེ་བྲིས་པའི་སྟེང་དུ་བཞག མཐར་མཆོད་པ་དང་གཏོར་མ་བཤམ། གཟུངས་ཐག་སེར་པོ་གདགས། གཉིས་པ་ནི། སྐྱབས་འགྲོ་ནས་བཟུང་བདག་བསྐྱེད་བཟླས་པ་དང་དཀྱིལ་འཁོར་བསྡུ་བའི་བར་སྔོན་ཏུ་འགྲོ་བས། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བུམ་པའི་གྲངས་དང་མཉམ་པའི་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རིན་པོ་ཆེ་དང་། འབྲུ་བཅུད་དང་། ཟས་ནོར་ལོངས་སྤྱོད་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཡོངས་སུ་གང་བར་གྱུར། ཅེས་དང་། རྒྱས་པར་སྤྲོ་ན་ཚིག་ལྷུག་རྣམས་མི་དགོས་པར་སྔགས་དྲུག་ཕྱག་དྲུག་ཙམ་སྤྱི་ལྟར་དང་། མི་ནུས་ན་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས། ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ་ཞེས་ལན་གསུམ་གྱིས། ཡོ་


JKT021_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ཐམས་ཅད་འདོད་པའི་ཡོན་ཏན་ལྔའི་རང་བཞིན་དགོས་འདོད་ཐམས་ཅད་འབྱུང་བ་ཟད་མི་ཤེས་པའི་གཏེར་དུ་གྱུར་པར་བསམ། དེ་ལྟ་བུའི་བུམ་པའི་སྟོད་ཀྱི་ཆར་པོ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་བོ་དང་འབྲས་ཀྱི་སྙེ་མ་ལས་ནོར་རྒྱུན་མར་གསལ་བའི་བརླ་གཡོན་པའི་སྟེང་དུ། ཛ་དང་བཱི་ཛ་པཱུ་ར་ཀ་ལས་ཛམྦྷ་ལ་དང་འཁོར་རྣམས་སྐད་ཅིག་གིས་ཤར་དུ་ཟླ་འོད་མ་དང་ནོར་བུ་བཟང་པོ། ལྷོར་སྤྱན་མ་དང་གང་བ་བཟང་པོ། ནུབ་ཏུ་རབ་སྦྱིན་མ་དང་ནོར་སྦྱིན། བྱང་དུ་འཕགས་མ་དང་རྣམ་ཐོས་སྲས། ཤར་ལྷོར་རབ་ཏུ་བཟང་མོ་དང་དོལ་པའི་ཕྲེང་བ། ལྷོ་ནུབ་ཏུ་སྦས་མ་དང་འཇམ་པོ་འཁྱིལ་བ། ནུབ་བྱང་དུ་མཛེས་མ་དང་གདོང་གི་དབང་པོ། བྱང་ཤར་དུ་དབྱངས་ཅན་མ་དང་སྤྱོད་པའི་དབང་པོ། ཐམས་ཅད་ཀྱང་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་གྱི་ན་བཟའ་ཅན། མོ་རྣམས་ཀྱི་ཕྱག་གཡས་པས་ཤིང་ཐོག་པཱི་ཛ་པཱུ་ར་ཀ་དང་བཅས་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། གཡོན་པ་རྣམས་ཀྱིས་འབྲས་ཀྱི་སྙེ་མ་ཐུགས་ཀར་འཛིན་པ། བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིངས་པ། རིན་པོ་ཆེ་འབར་བ་སྐྱུགས་པར་གྱུར་པའི་པདྨའི་གཏེར་ལ་སོགས་པའི་


JKT021_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་བརླ་གཡོན་པ་རྣམས་ཀྱི་སྟེང་དུ། ཕོ་རྣམས་རོལ་པའི་སྟབས་ཀྱིས་བཞུགས་པའི་ཕྱག་གཡས་པ་རྣམས་ཤིང་ཏོག་བཱི་ཛ་པཱུ་ར་ཀཱ་འཛིན་བྱས་མོ་རྣམས་ཀྱི་གཡོན་ནས་འགུལ་བར་འཁྱུད་པ། གཡོན་པ་རྣམས་ཀྱིས་ནེའུ་ལེ་འཛིན་པའོ། །ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་པཾ་ཡིག་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དཔལ་མོ་ནོར་རྒྱུན་མ་ལ་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་པ་ལ། ཨོཾ་ཤྲཱི་བ་སུ་དྷ་རི་ཎཱི་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་པཧཱུྃ་པྲ་ཏིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཧྥེ་ཨཱཿཧཱུཾ་ནས་ཤབྡ་ཨཱཿཧཱུྃ་གི་བར་སྦྱར་བས་མཆོད། ཛཿཧཱུྃ་བཾ་ཧོས་མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་བཅས་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་སྦྱར་བའི་ཨརྒྱུ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ནས། ཤྲཱི་ཡེ་ཧཱུཾ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་


JKT021_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དག །ཆུའི་ལྷག་མ་ཡར་ལུད་པ་ལས་ཐམས་ཅད་ལ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ནས། ཐལ་མོ་སྦྱར་ཏེ། འཇིག་རྟེན་ཁམས་འདི་འམ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །འཕགས་མ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དཔལ་འབྱོར་རྒྱས་པར་མཛོད། །ཨོཾ་ཤྲཱི་བ་སུ་དྷ་རི་ཎཱི་མཎཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་དང་། དེ་བཞིན་དུ། ཞབས་བསིལ་དང་། མེ་ཏོག་སོགས་ནས། རོལ་མོའི་བར་འདོན་པ་བསྒྱུར་ལ་དབུལ་ཞིང་། དྷརྨཱ་ར་ཎི་ཏ་སོགས་བརྗོད། སྤྲོ་ན། ཟླརྩིབས་སྟོང་ལྡན་པའི་གསེར་གྱི་འཁོར་ལོ་སོགས། །རྒྱ་ཆེན་བསོད་ནམས་དཔལ་ལས་ལེགས་གྲུབ་པ། །མི་ཡི་དབང་པོའི་རིན་ཆེན་སྣ་བདུན་འབུལ། །བཞེས་ནས་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་བ་སུ་དྷ་རི་ཎཱི་མཎཱ་ལ་ས་པ་རི་ཝཱ་ར་ས་ལྟ་རཏྣ་པཱུ་ཛི་ཏེ་ཧཱུཾ། །གཡུལ་ལས་རྒྱལ་བར་བྱེད་པའི་རལ་གྲི་སོགས། །བསོད་ནམས་དུ་མའི་མཐུ་ཡིས་ལེགས་བསྐྱེད་པའི། །ས་བདག་ཉེ་བའི་རིན་ཆེན་སྣ་བདུན་འབུལ། །བཞེས་ནས་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་བ་སུ་དྷ་རི་ཎཱི་མཎྜ་ལ་ས་པ་རི་ཝཱ་ར་ས་བྷ་ཨུ་པ་རཏྣ་པཱུ་ཛི་ཏེ་ཧཱུཾ། །ཡིད་འོང་གཟུགས་དང་རྣར་སྙན་སྒྲ་ལ་


JKT021_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །བསོད་ནམས་དུ་མའི་མཐུ་ཡིས་ལེགས་བསྐྱེད་པའི། །མཐོ་རིས་འགྲོ་བའི་འདོད་ཡོན་རྣམ་ལྔ་འབུལ། །བཞེས་ནས་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་བ་སུ་དྷ་རི་ཎཱི་མཎྜ་ལ་ས་པ་རི་ཝཱ་ར་ས་ལྟ་ཨུ་པ་རཏྣ་པཱུ་ཛི་ཏེ་ཧཱུཾ། །ཡིད་འོང་གཟུགས་དང་རྣར་སྙན་སྒྲ་ལ་སོགས། །བསོད་ནམས་དུ་མའི་མཐུ་ཡིས་ལེགས་བསྐྱེད་པའི། །མཐོ་རིས་འགྲོ་བའི་འདོད་ཡོན་རྣམ་ལྔ་འབུལ། །བཞེས་ནས་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་བ་སུ་དྷ་རི་ཎཱི་མཎཱ་ལ་ས་པ་རི་ཝཱ་ར་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུཾ། ཐུབ་པས་བྱིན་བརླབས་མེ་ལོང་སོགས་དང་ནི། །སྐུ་ཡི་ཆ་ཤས་དབྱིབས་མཚོན་དཔལ་བེའུ་སོགས། །བཀྲ་ཤིས་སྒྲུབ་པའི་རྫས་དང་རྟགས་བརྒྱད་འབུལ། །བཞེས་ནས་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་བ་སུ་དྷ་རི་ཎཱི་མཎྜ་ལ་ས་པ་རི་ཝཱ་ར་མངྒ་ལ་ཨཊྚ་དྲ་བྱ་ཙིཏྣ་པཱུ་ཛི་ཏེ་ཧཱུཾ་ཞེས་པའི་སྔགས་རྣམས་ལ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བྱ་ཞིང་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། ཕུན་ཚོགས་དགེ་ལེགས་ཀུན་འབྱུང་བཅོམ་ལྡན་མ། །དཔལ་དང་འབྱོར་པའི་དབང་ཕྱུག་ནོར་རྒྱུན་མ། །ཡིད་ལ་རེ་བའི་བཀྲ་ཤིས་སྩོལ་མཛད་མ། །བསམ་འཕེལ་དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་


JKT021_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ཡི་དཔལ་བརྙེས་ནས། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །ནོར་སྦྱིན་ཡབ་ཡུམ་འཁོར་དང་བཅས་ལ་བསྟོད། །ཅེས་བསྟོད། གཏོར་མ་ཆུ་གཙང་མས་སྦྱང་། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། སྔགས་རྣམས་ཀྱི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་སིདྡྷི་མྨེཔྲ་ཡཙྪ་ཆུ་ཧཱུྃ་ཕཊ་ཅེས་ལན་གསུམ་སོགས་ཀྱིས་ཕུལ། ཨོཾ་ཤྲཱི་བ་སུ་དྷ་རི་ཎཱི་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་སོགས་ནས། ཤཔྟའི་བར་སྦྱར་བས་མཆོད། ཕུན་ཚོགས་དགེ་ལེགས་ཀུན་འབྱུང་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མ་འཁོར་དང་བཅས་པས་བདག་དང་སྦྱིན་པའི་བདག་པོས་གཙོར་བྱས་སེམས་ཅན་ཐམས་ཅད་ལ་འདོད་རྒུའི་འབྱོར་པའི་དངོས་གྲུབ་ཟད་མི་ཤེས་པ་སྩལ་དུ་གསོལ་ཞེས་འདོད་དོན་གསོལ། གཟུངས་ཐག་ནས་བཟུང་སྟེ། རང་གི་སྙིང་ག་ནས་འོད་ཟེར་སྔགས་ཕྲེང་གི་རྣམ་པ་ཅན་འཕྲོས་པས་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྐུ་ལས་འོད་ཟེར་ཕོ་ཉ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་སེར་པོའི་རྣམ་པར་སྤྱན་དྲངས་ཤིང་། དེ་དང་དུས་མཉམ་དུ་སྲིད་པ་གསུམ་གྱི་དཔལ་འབྱོར་ལོངས་སྤྱོད་བཅུད་གཡང་དང་བཅས་པ་


JKT021_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བཀྲག་མདོངས་གཟི་བརྗིད་ཅན་གྱི་རྣམ་པར་བཀུག་སྟེ། བུམ་པའི་ནང་གི་རྫས་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་འདོད་རྒུའི་དཔལ་འབྱོར་ཟད་མི་ཤེས་པའི་གཏེར་གྱི་བུམ་པ་བཟང་པོར་གྱུར། བུམ་པའི་ནང་གི་དཔལ་འབྱོར་ཕུན་སུམ་ཚོགས་པ་རབ་ཏུ་འཕེལ་ཞིང་ཁ་ནས་ལྷུད་ཀྱིས་ལུད། ལྷ་རྣམས་ཀྱི་སྐུ་དང་ཕྱག་མཚན་རྣམས་ལས་ཀྱང་རིན་པོ་ཆེ་དང་འབྲས་སོགས་མཁོ་དགུ་ལོངས་སྤྱོད་ཀྱི་ཆར་ཆེན་པོ་ཆིལ་ཆིལ་བབས་པས་གནས་ཁང་དང་། གཙུག་ལག་ཁང་དང་། བང་མཛོད་ལ་སོགས་པ་མར་གྱིས་ཁེངས་པས་བདག་དང་སྦྱིན་བདག་གིས་མཚོན་པའི་སེམས་ཅན་ཐམས་ཅད་བསམ་པ་རྫོགས་པར་གྱུར་ཅེས་བརྗོད་ཅིང་བསམས་ལ། ཨོཾ་བ་སུ་དྷ་རི་ཎྱེ་སྭཱ་ཧཱ་ཞེས་གཙོ་བོར་བཟླ། ཐུན་མཚམས་རྣམས་སུ་འཁོར་རྣམས་ལ། ཨོཾ་ཙནྡྲ་ཀཱནྟེ་སྭཱ་ཧཱ། དེ་བཞིན་དུ། དཙཱ་ཡེ། སུ་ཨུད་ཏྲཱ་ཡེ། ཨཱརཱ་ཡེ། སུ་བྷ་དྭ་ཡེ། གུཔྟ་ཡེ། དེ་བྱེ། ས་ར་སྭཱ་ཏེ་སྭཱ་ཧཱ། ཞེས་པས་ཡུམ་རྣམས་དང་། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། དེ་བཞིན་དུ། མ་ཎི་བྷ་དྲྭ་ཡ། པུ་ཎ་བྷ་དྭ་ཡ། དྷ་ན་དཱ་ཡ། །བེ་ཤྲ་བ་ཎཱ་ཡ། ཀི་ལི་མཱ་ཡི་ནི། བི་ཙི་ཀུཎྜ་ལི་ནི། མུ་ཁེནྡྲ་ཡ། ཨོཾ་ཙ་རེནྡྲ་ཡ་སྭཱ་ཧཱ། ཞེས་པ་ཡབ་རྣམས་ཏེ་སོ་སོར་གཙོ་མོའི་བཅུ་ཆ་རེ་བཟླ། ཐུན་བསྡུ་བ་ན། མཆོད་པ་བསང་སྦྱང་བྱིན་གྱིས་


JKT021_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་ལ། ཨོཾ་ཤྲཱི་བ་སུ་དྷ་རི་ཎཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪནས། ཤཔྟའི་བར་སྦྱར་བས་མཆོད། ཕུན་ཚོགས་དགེ་ལེགས་སོགས་ཀྱིས་བསྟོད། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་:ཀྱིས་བཟོད་པར་གསོལ། དེ་ནས་མེ་ཏོག་སེར་པོ་ཐོགས་ལ། བཅོམ་ལྡན་འདས་མ་འཕགས་མ་ནོར་རྒྱུན་མའི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་རྟེན་འདི་རྣམས་ལ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་རྟེན་འདི་རྣམས་གང་དུ་བཞུགས་པའི་ཡུལ་ཕྱོགས་དང་གནས་ཁང་ཐམས་ཅད་ལོ་ཕྱུགས་ལེགས་ཤིང་། འབྲུ་བཅུད་དར་བ་དང་། སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱ་མཚོ་ཆེན་པོ་ལ་ཆུ་བོའི་རྒྱུན་བཞིན་དུ་འདུ་བར་མཛད་དུ་གསོལ་ཞེས་དང་། སུ་པྲ་ཏིཥྛ་དང་ཡེ་དྷརྨཱ་མང་དུ་བརྗོད་ཅིང་མེ་ཏོག་འཐོར་རོ། །དེ་ལྟ་བུའི་གསོལ་གདབ་བརྟན་བཞུགས་ལན་གསུམ་མམ་བདུན་ལ་སོགས་པ་གང་མང་བྱ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ་ཞེས་གནས་གསུམ་བསྲུང་། དགེ་བ་འདི་ཡིས་མྱུར་དུ་བདག །ནོར་རྒྱུན་དཔལ་མོ་འགྲུབ་གྱུར་ནས། སོགས་དང་། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་


JKT021_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་པ་དང་། །འཇིག་རྟེན་དག་ཀྱང་དར་བར་ཤོག །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཁྱད་པར་བ་དང་། གཞན་ཡང་། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ནས་འབྱུང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད། དེ་ལྟ་བུ་ཐུན་དུ་བཅད་ནས་རང་ངམ་སྦྱིན་བདག་ལ་རྨི་ལྟས་དགེ་བ་ལྟ་བུའི་རྟགས་མ་བྱུང་གི་བར་རམ་ཞག་བདུན་སོགས་བསྒྲུབ་བོ། །གསུམ་པ་ནི་དེ་ལྟར་ལེགས་པར་བསྒྲུབས་པའི་མཐར་བང་མཛོད་གྱི་ཕུག ཕྱུགས་ལྷས་ཀྱི་གོང་ཞིང་ས་བཟང་པོའི་དཀྱིལ་སོགས་གང་དུ་འཇོག་པའི་སར་སྤྱན་དྲངས་ཏེ་སྒྲོམ་བུའི་ནང་དུ་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་ཞལ་ཕྱི་སྒོ་དང་། ལུང་བའི་མདའ་སོགས་དང་མི་འཕྲོད་པར་བྱས་ཏེ་མཆོད་པའི་བྱེ་བྲག་དང་བཅས་ཏེ་བཞག བརྟན་བཞུགས་དང་ཤིས་བརྗོད་རྒྱས་པར་བྱ། དུས་དང་དུས་སུ་མེ་ཏོག་སོགས་ཉེར་སྤྱོད་དང་། ཟས་སྣའི་ཕུད་སོགས་ཀྱིས་མཆོད་ན་འདོད་རྒུའི་དངོས་གྲུབ་ངེས་པར་སྟེར་བར་འགྱུར་ལ། གལ་ཏེ་སྔགས་བསྒྲུབས་ནས་ཡུན་རིང་སོང་


JKT021_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ན་བཞག་དུས་ཞལ་གསོ་བའི་དོན་དུ་སྔར་བཤད་པ་ལྟར་གྱི་ཆོ་ག་ཚར་གཅིག་བསྐྱར་ནའང་ལེགས་པར་འགྱུར་རོ། །ཚུལ་འདི་རྗེ་ཨེ་ཝཾ་པ་དཀོན་མཆོག་དཔལ་ལྡན་སོགས་ཀྱིས་གསང་འདུས་ཀྱི་ཕྱོགས་སུ་གཏོགས་པར་མཛད་པའང་། ཆོ་གའི་ཡན་ལག་རྣམས་བླ་མེད་ལྟར་བཀྲལ་བའི་དབང་དུ་བྱས་ན་འགལ་བ་མེད་མོད། འོན་ཀྱང་གཞིའི་རྒྱུད་འཇམ་དཔལ་དཔའ་བོ་གྲུབ་པ་ནི་རྒྱུད་སྡེ་འོག་མ་ཡིན་པས། ཆོ་ག་སྤྱི་ཁྱབ་ཙམ་ལའང་བརྟེན་དུ་རུང་བས། དེ་ལྟར་ན་མཆོད་པ་བསང་སྔགས་སོགས་ཨ་མྲྀ་ཏས་བྱ་བ་དང་། རོལ་མོ་བྱིན་གྱིས་བརླབས་པའི་སྔགས་དྷམ་ར་ཎི་བརྗོད་པ་ཙམ་ཁྱད་པར་རོ། །གང་ལྟར་ཡང་ཁྲུས་དང་གཙང་སྒྲ་སོགས་ཀུན་སྤྱོད་ནི་རྒྱུད་སྡེ་འོག་མ་ལྟར་བྱ་བ་གལ་ཆེའོ། །གནོད་སྦྱིན་འཁོར་ལོ་ལ་བརྟེན་ནས། །འདོད་རྒུའི་མཆོག་སྩོལ་གཏེར་ཆེན་པོའི། །བུམ་བཟང་སྒྲུབ་ཐབས་བགྱིས་པའི་དགེས། །སྲིད་ཞིའི་དགེ་མཚན་རྒྱས་གྱུར་ཅིག །ཅེས་པའང་འཇམ་མགོན་བླ་མ་ངག་གི་དབང་པོས་མཛད་པའི་ཡིག་ཆ་ལུང་རྒྱུན་མ་བཞུགས་པའི་སྟབས་ཀྱིས། གསུང་རབ་དེ་ཉིད་ཀྱི་དགོངས་དོན་ལྟར་བྱ་བྲལ་བ་མཉྫུགྷོ་ཥས་བཀླགས་ཆོག་ཏུ་དག་པར་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། ༈ །སྙིང་གཏེར་སྐབས། བདག་བསྐྱེད། ན་མོ། དཀོན་མཆོག་གསུམ་ནས། ཀུ་རུ་ཡེ་སྭཱ་ཧཱ།


JKT021_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བར་ལྷན་ཐབས་ལྟར། དེ་ནས་གསེར་སྐྱེམས་ལྷན་ཐབས་ལྟར་བཏང་། བུམ་པ། ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྟེང་། ནས། བཛྲ་སྤུ་ར་ཁཾ། བར་གཞུང་ལྟར། སྔགས་དྲུག་ཕྱག་དྲུག་སྤྱི་ལྟར། གཙོ་བོ་གསུམ་གྱི་ནས། བདེ་སྐྱིད་ལྡན་པའི་དངོས་གྲུབ་སྩོལ། བར་གཞུང་ལྟར། མཆོད་བསྟོད་བཟླས་པ་འདོད་གསོལ་བར་ལྷན་ཐབས་ལྟར། འབྱུང་བ་ལྔ་ནི། ནས། ཀརྨ་སིདྡྷི་ཧཱུཾ། བར་གཞུང་ལྟར། །ཀྱི རིན་ཆེན་གསེར་གྱི་ནས། ལྡན་པར་མཛོད། བར་ལྷན་ཐབས། དེ་ནས། ཡི་གེ་བརྒྱ་པ་གསུམ། མ་འབྱོར་པ་དང་སོགས། འདིར་ནི་རྟེན་དང་སོགས་བརྟན་བཞུགས། སུ་པྲ་ཏིཥྛ་དང་། ཡེ་དྷརྨ་མང་དུ་བརྗོད་ཅིང་མེ་ཏོག་འཐོར། དེ་ནས་ཁ་གཅོད་རྒྱབ་ལ། ཧོ༔ རྡོ་རྗེ་འབར་བའི་སོགས་གཞུང་ལྟར། མཐར། བཀྲ་ཤིས་རྒྱས་པར་བརྗོད། རྟེན་སྙིང་བཟླས་ཤིང་མེ་ཏོག་འཐོར། བསྔོ་སྨོན་སོགས་བྱའོ། མངྒ་ལཾ། ༈ གཟུངས་བུམ་སྒྲུབ་ཚུལ་སྤྱིར་བཏང་ངག་འདོན་ཤིན་ཏུ་བསྡུས་པ་བཞུགས་སོ། །ཨོཾ་སྭ་སྟི། བྱབས་ཁྲུས་སོགས་ཀྱི་སྐབས་བུམ་པ་ཚུལ་བཞིན་ཏུ་སྒྲུབ་མ་ནུས་པའི་ཚེ། གཟུངས་བུམ་སྒྲུབ་ཚུལ་སྤྱིར་བཏང་གི་ངག་འདོན་ནི། སངས་རྒྱས་ཆོས་ཚོགས་སོགས་སྐྱབས་སེམས་ལན་གསུམ་དང་། སེམས་ཅན་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། རང་ཉིད་སྐད་ཅིག་གིས་འདིར་སོ་སོའི་མཚན་བརྗོད་ཀྱང་ལེགས། ལྷག་པའི་ལྷའི་སྐུར་གྱུར་པར་བསམ་ལ་སྔགས་ཅི་ནུས་བཟླས་མཐར། བུམ་པ་བསངས་སྦྱངས། སྟོང་པའི་ངང་


JKT021_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་ཟླ་བ་ཁྲོ་བོ་ཡིན་ན་ཉི་མ་ཞེས་བསྒྱུར་ལ་གཟུངས་སྔགས་ཀྱི་ཕྲེང་བས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབ་པས་བུམ་པ་གང་བར་གྱུར། ཅེས་བརྗོད་ཅིང་བསམ་ལ་བཟླ་བྱའི་སྔགས་ཅི་ནུས་བཟླས་མཐར། སྔགས་ཕྲེང་གདན་དང་བཅས་པ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར། ཅེས་དང་བསྔོ་སྨོན་ཤིས་བརྗོད་ཅི་རིགས་པ་བྱའོ། །ཞེས་པའང་རྒྱ་གཞུང་ཚད་ལྡན་གྱི་དགོངས་པ་ལྟར་མཉྫུ་གྷོ་ཥས་བྲིས་པས་དགེ། ༈ །ཤེ་ཡནྟུ། ཉེས་སེལ་གྱི་བུམ་གཏེར་ལ། དབུས་སུ་དུས་ཀྱི་འཁོར་ལོ་ལྷན་སྐྱེས་སྐུ་མདོག་སྔོན་པོ་རྡོར་དྲིལ་འཛིན་པ། ཞབས་གཡོན་དཀར་པོ་བསྐུམ་པ་དབང་ཕྱུག་དཀར་པོ་དང་། གཡས་དམར་པོ་བརྐྱངས་པས་འདོད་ལྷ་དམར་པོ་མནན་པའི་


JKT021_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དོར་སྟབས། །རལ་པའི་ཐོར་ཚུགས་དང་། ཡིད་བཞིན་གྱི་ནོར་བུ་དང་ཟླ་བ་ཕྱེད་པས་དབུ་ལ་རྒྱན་པ། །རྡོ་རྗེའི་རྒྱན་དང་སྟག་ཤམ་ཅན། ཡུམ་སེར་མོ་གྲི་ཐོད་འཛིན་པས་ཡབ་ལ་འཁྱུད་པ། ཡབ་ཡུམ་གཉིས་ཀ་ཁྲོ་ཆགས་ཀྱི་ཉམས་ཅན། སྤྱན་གསུམ་པ། མེ་རི་ཁ་དོག་སྣ་ལྔའི་དབུས་ན་བཞུགས་པ། གདན། རླུང་མེ་ཆུ་ས་རི་རབ་སྣ་ཚོགས་པདྨ་ཟླ་བ་ཉི་མ་དུས་མེ་རྣམས་བརྩེགས་པའི་སྟེང་དུ་དབང་ཕྱུག་དང་། བདུད་ཀྱི་སྟེང་འགྱིང་བའི་རྒྱབ་ཏུ། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵ། ཨོཙྪཱསཱ་ཧཱ། ཕྱི་ནང་གཞན་གསུམ་གྱི་གཟའ་དང་རྒྱུ་སྐར་ས་བདག་ལྷ་ཀླུ་རྫུ་འཕྲུལ་ཅན་གྱི་ཚོགས་རྣམས་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནམ་ས་རི་བྲག་ཆུ་ཤིང་གི་ས་དཔྱད་ཉེས་པའི་རྒུད་པ་ཐམས་ཅད་ཞི་བ་དང་། །སའི་དཔལ་དང་། གཟི་བརྗིད་ཕུན་སུམ་ཚོགས་པར་འཕེལ་བས་བཀྲ་ཤིས་དང་བདེ་ལེགས་སུ་མཛད་དུ་གསོལ། ཨོཾ་ཨ་ནི་ཀ་ནི་ཨ་བྷི་ལ་མཎྜལ་མ་ཡེ་སྭཱ་ཧཱ། ཨོཾ་ཡེ་དྷརྨ་རྨ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏྲ། ཏེ་ཥཉྩཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །སརྦ་དཱ་


JKT021_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཤུབྷ་ལྕ་ཀ་ལྱཱ་ཎཾ་བྷ་བ་ཏུ། །ཞེས་བྲིས་པ་དང་། སཙྪ་རབ་གནས་ཅན་རྣམས་ལྷན་ཅིག་ཏུ་སྙིང་པོར་བཅུག གཞན་ཡང་མཐིལ་དུ་ས་སྣ་ཆུ་སྣ་དང་། དེ་སྟེང་བུམ་རྫས་ཉེར་ལྔ། རིན་པོ་ཆེ་དང་། འབྲུ་སྨན་སོགས་ཀྱིས་བཀང་། ཁ་གཅོད་སོགས་ལེགས་པར་བརྒྱབ་པའི་རྒྱབ་ཏུ་རྩི་ལྗང་གུ་དང་། མདུན་རྟགས་རྣམ་བཅུ་དབང་ལྡན་བྲིའོ། །མངྒ་ལཾ། ༈ བུམ་གཏེར་སྤྱིའི་ཟིན་བྲིས་ཡིད་བཞིན་ནོར་བུའི་གན་མཛོད་ཅེས་བྱ་བ་བཞུགས་སོ། ཨོཾ་སྭ་སྟི། བུམ་གཏེར་སྤྱིའི་ཡོ་བྱད་ཉེར་མཁོ་ལ། ཐོག་མར་གཟུངས་གཞུག་ནི། ནོར་བུམ་སྤྱི་ཁྱབ་ཏུ། ཨོཾ་ཨཱཙྪཱཧཱུྃ་མ་ཧཱ་གུ་རུ་རན་སམྦྷ་ཧཱུྃ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་ཨ་ཡུར་ཛྙཱ་ན་པུཎྱེ་སིདྡྷི་ཧཱུྃ། དྷ་ན་མེ་དྷི་སྭཱ་ཧཱ། །ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་ཁཾམ་བ་སུ་དྷ་རི་ཎཱི་སྭཱ་ཧཱ། །ཨོཾ་བེ་ཤྲ་མ་ཎ་ཡེ་སྭཱ་ཧཱ། །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཱ་སརྦ་ཐཱ་ཁཾ་ཨུཏྟ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཏྲི་རཏྣ་དྷརྨ་པཱ་ལ་བ་སུ་དེ་བ་ས་རི་ཝཱ་རེ་བྷཾ་སྶརྦ་ཏུ་དིཀྵ་ཀ་ལ་སརྦ་ཡུར་པུ་སྐྱེ་བ་སུ་པུཊཾ་ཀུ་རུ་ཨོཾ། ཞེས་དང་། ལྷ་བུམ་ལ། ཨོཾ་ཀིཾ་ཧི་རཱ་ཛ་ཡེ་པྲ་བྷཾ་དེ་བཱི་སྭཱ་ཧཱ། བྷཾ་རཏྣ་སིདྡྷི་ཨོཾ་པྲི་ཤྲཱི་དེ་བཱི་ན་མ་སྶརྦ་ཏ་ཐཱ་སོགས་ནམ་མཁའ་མཛོད་ཀྱི་སྔགས་དང་། ན་མས་མན་ཙནྡ་བྷ་ཏ་རཱུ་པི་ནཱི་ཨོཾ་ཏཱ་རེ་སྭཱ་ཧཱ། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྱི་ལ་མཎྜ་ལེ་མ་ཡེ་སྭཱ་ཧཱ། །ཏ་ལ་མ་ཐ་སྙན་ལ་


JKT021_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཐ། །མི་ཟད་ཡུན་གྱི་གཏེར་མཛོད་ཅིག །བྷུ་མི་པ་ཏི་ས་པ་རི་ཝཱ་རེ་བྷི་སྶརྦ་ཐེ་ཡོ་ཀུ་རུ། །ཞེས་དང་། ཀླུ་བུམ་དུ། ནཱ་ག་པུ། སྔགས་བརྩེགས་ནཱ་ག་རཱ་ཛ་ས་མ་ཡ་ཛ་ཛཨོཾ་ཨི་བྱ་ཨ་མྲ་ཏེ། སནྡྷ་ར་པ་ཡཾ་ཤ། མ་ཏི་མ་ཏི། པྲ་ཏི་པྲ་མ་ཏི། ཚ་པ་ས་མནྟ་མ་སྭཱ་ཧཱ། ནཱ་ག་རཱ་ས་པ་རི་ཝཱ་རེ་བྷི་སྶརྦ་ཐེ་ཡོ་ཀུནྡནྟ། །ཞེས་དང་། སྤྱིར་ཞེས་པའང་བརྡའ་རིས་དང་། ཞེས་སམ། ལཉྩའི་ཨེ་ཝཾ་དང་། སརྦ་དཱཀྵ་ཀ་ལེ་ཊུ་ཐེ་ཡོ་པུཏྟིཾ་ཀུ་རུ་ཨོཾ། ཞེས་བྲིས་ལ། ཤུག་པ་ཤར་རྟགས་མ་ནོར་ཞིང་རྩ་རྩེ་མ་ལོག་པས་སྲོག་ཤིང་བྱས་ཏེ། བུམ་རྫས་ཉེར་ལྔ་དང་། དྲི་བཟང་གིས་བྱུགས་ནས་དྲིལ་ལ་དབུས་སུ་འཇུག རྫས་ནི། ནོར་བུ་ལ། རིན་པོ་ཆེ། སྣ་ཚོགས། འབྲུ་སྣ་ཚོགས། དུག་རིགས་མ་འདྲེས་པའི་སྨན་དང་མེ་ཏོག་སྣ་ཚོགས། དར་སྣ་ཚོགས། རྒྱལ་པོའི་བང་མཛོད་ནས་བྱུང་བའི་ནོར་སྣ་ཚོགས་དང་། ཐབ་ཆེན་མེ་རྒྱུན་མི་ཆད་པའི་ས། ཕྱུགས་སླས་ཆེན་པོ་དང་། ཞིང་ས་བཟང་པོའི་ས་སྣ། ཚོང་དུས་ཆེན་པོའི་ས། རིགས་བཟང་ཚེ་བསོད། འབྱོར་ལྡན་གྱི་ལག་ནས་བྱུང་བའི་།ནོར་འབྲུ་སྣ་ཚོགས། འཕན་པོའི་ལག་ནས་བྱུང་བའི་དར་ཟབ། ཁྱད་པར་དུ་གསེར། སྤུག མེ་ཤེལ། ག་བུར་ཏེ་འབྱུང་བཞིའི་སྙིང་པོ་དང་། གཞན་ཡང་ཁ་ཟས་ཀྱི་རིགས་དང་ཤིང་ཏོག་སྣ་ཚོགས་


JKT021_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། ཐམས་ཅད་ཀྱང་དུག་རིགས་དང་ཤ་ཁྲག་མ་འདྲེས་པ་གཙང་ཞིང་དག་པར་བྱ། ལྷ་བུམ་ལ། སྒྲུབ་གཏོར་གྱི་ཆ་ཤས་དང་། ཞོ་ཤ་གསུམ། གནས་ཆེན་དང་ས་དཔལ་བཟང་པོའི་ས་རྡོ། །ཤིང་སྣ་རྣམས་དམིགས་བསལ་རྫས་ཡིན་ལ། གཞན་ནོར་བུམ་གྱི་སྐབས་སུ་བཤད་པའི་ཁྱད་པར་གྱི་རྫས་རྣམས་མ་གཏོགས་ཅི་འབྱོར་བྱ། ཀླུ་བུམ་ལ། ཀླུ་སྨན་ཚད་ལྡན་གཙོ་བོར་བསྐྱེད་ལ། །གཞན་ཡང་། རིན་པོ་ཆེ། སྨན། འབྲུ། ཤིང་ཏོག །དར་ཟབ་སྣ་ཚོགས། ཀླུ་རྒྱལ་ཕྱུག་པོ་གནས་པའི་མཚོ་རྡེལ་གནམ་མ་མཐོང་ཞིང་དྲོད་རླངས་མ་ཕོག་པས་མཚོན་རྒྱ་བོད་གནས་ཆེན་མང་པོའི་ཆུ་སྣ། །གཙང་ཆེན་གྱི་བྱེ་མ་རྣམས་དང་། ས་གནད་ཉམས་པ་གསོ་བ་ལ། གང་དམིགས་དེའི་ས་སྣ་རྡོ་སྣ་རྩྭ་ཤིང་ལྡུམ་འབྲས་སོགས་དང་། དེ་སྟེང་། རྡོ་རྒྱུས་དང་། མདུང་རྩེ། ཁབ་ལེན། སྦལ་རྒྱབ། རིན་པོ་ཆེ་སྣ་ལྔ། དཀྱིལ་འཁོར་གྱི་རྡུལ་ཚོན། གསུང་རབས་ཀྱི་བག་རྡུལ། སྨན་སྣ་སྤྱི་དང་། བཟང་དྲུག ཀླུ་སྨན་ཚད་ལྡན། རུས་སྦལ་ཁོག་པ། ཕག་རྒོད་མཆེ་བ། སྒང་ཐུར་རྨ་བྱའི་མདངས་ཏེ་སྒྲིབ་བྱེད་བཞི། ཐོག་ལྕགས། དར་སྣ་རྣམས་ཞིབ་པར་བཏགས་པ་ཉིད། ས་ཕྱོགས་དེའི་ཕྱོགས་བཞིའི་ཆུ་མིག་གི་ཆུས་སྦྲུས་ལ་རིལ་བུ་དྲིལ་ཏེ་གོང་གི་ལྷ་བུམ་གྱི་ནང་དུ་འཇུག རྣམ་བཅུ་


JKT021_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྡན། སྣང་བརྒྱད་སྙིང་པོ། སྤར་ཁ་བརྒྱད་ཀྱི་ཕྱག་རྒྱ་སོགས་ཀུན་ཐུབ་བསྡུས་པ་བྲིས་པའང་སྲོག་ཤིང་ལ་སྦྲགས། དེ་ལྟར་བུམ་པ་ཐམས་ཅད་ལ་སྤྱི་ཁྱབ་ཏུ་བུམ་རྫས་ཉེར་ལྔ་ཚད་ལྡན་ནི་མེད་དུ་མི་རུང་བ་ཡིན་ནོ། །དེ་ཡང་ཐོག་མར་བུམ་པའི་མཐིལ་དུ་རྒྱ་བོད་ཀྱི་གནས་ཆེན་ཁྱད་པར་ཅན་རྣམས་དང་། རི་རྒྱུད་མ་ཆད་ཅིང་ས་དཔལ་བཟང་པོ་ནས་བླངས་པའི་ས་རྡོ་ཆུ་ཤིང་། དཀྱིལ་འཁོར་ཆེན་པོའི་རྡུལ་ཚོན་གྱི་བྱེ་མ་རྣམས་བླུགས་ལ་སྲོག་ཤིང་བརྟན་པོར་བཙུག །དེ་སྟེང་སྤྱི་དང་བྱེ་བྲག་གི་རྫས་རྣམས་ལག་ཚག་ཤིན་ཏུ་དམ་པས་གཞུག །ཤིང་ལ་སོགས་པའི་ཁ་གཅོད་ཀྱི་ནང་དུ་པདྨ་འདབས་བཞིའི་དབུས་སུ་ཧཱུཾ། ཤར་དུ་ཏཱཾ་ལྷོར་ཨཾ་ནུབ་ཏུ་རྀ་བྱང་དུ་ཏཱཾ་ཕྱི་རོལ་ཏུ་ནོར་བུའམ་གཡུང་དྲུང་ངམ་དགའ་འཁྱིལ་བྲིས་ལ་བཀབས། བུམ་པའི་ཕྱི་ངོས་སམ། མ་བདེ་ན་ནང་དུ་གྲོ་གའམ་རྒྱ་ཤོག་ལ་བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་སྣ་བདུན་སོགས་དགེ་ཞིང་ཤིས་པའི་མཚན་མ་ཅན་བྲིས་པའང་གཞུག །ནོར་བུམ་གྱི་ཕྱི་རོལ་མདུན་ངོས་སུ་ནོར་བུ་མེ་འབར། ལྷ་བུམ་ལ། ཀྟི་དང་། སཾ་གང་རུང་། ཀླུ་བུམ་ལ་ཕུཞེས་བྱ་རྣམས་བྲི་བ་མི་ནོར་བའི་མཚན་མ་སྟེ་ཕྱག་ལེན་ལ་ཡང་མཛད། དེ་ལྟར་མཐོང་རྒྱུད་ལྟར་འདུ་བྱས་པའི་བུམ་གཏེར་རྣམས་སྦྱངས་ཁྲུས་སྔོན་དུ་འགྲོ་བས་སོ་སོའི་གཞུང་ལྟར་


JKT021_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་ཅིང་སྦ་བ་སོགས་བྱའོ། །ཞེས་པའང་བསྟན་འགྲོ་སྤྱི་ལ་སྨན་འདོད་ཀྱི་ལྷག་བསམ་པུཎྜ་རི་ཀའི་འཁྲི་ཤིང་ལྟར་གཅིག་ཏུ་དཀར་བའི་ཤཱཀྱའི་དགེ་སློང་མཉྫུགྷོ་ཥས་གསར་རྙིང་རྒྱུད་སྡེ་རྒྱ་མཚོའི་རིང་ལུགས་དང་མན་ངག་ཟབ་མོ་རྣམས་སྦྱར་ཏེ་ལག་ལེན་གྱི་ཆེད་ཁོ་ནར་བྲིས་པ་འདིས་ཀྱང་སྣོད་བཅུད་རྫོགས་ལྡན་གསར་པའི་དགའ་སྟོན་ལ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག ༈ །ཡང་ཕྱུག་ལྷས་སོགས་སུ་སྦས་པའི་ཚེ་ན། ནོར་བུམ་གྱི་གཟུངས་གཞུག་སྔར་སྨོས་པ་ལྟ་བུའི་འདོད་གསོལ་གྱི་གོང་དུ། ཨོཾ་བྷེ་ཏྲེ་བྷེ་ཏྲེ། མ་ཧཱ་བྷེ་ཏྲེ། མ་ཧཱ་བ་སུ་རེ་ཡེ་བྷ་ཏྲེ་སྭཱ་ཧཱ། ཨོཾ་མ་ཧཱ་བ་སུ་དྷ་ར། ནན་ཁ་བྷེ། རཀྵ་རཀྵ་སྭཱ་ཧཱ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། བཱ་སུ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། །ཞེས་དང་། ཨོཾ་ཨརྱ་ཛ་བྷ་ལ་བཱ་སུ་རཏྣ་ཨོཾ་བྷཾ་ཨཱཿ ཧཱུཾ་ཧཱུཾ་ཧཱུཾ་མ་ཎི་དྷ་ར་ཨ་ཧཱུཾ་བྷཾ༔ བིདྱ་ཏན་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། །ཞེས་པ་འདི་གཉིས་ཀའམ་གང་རུང་དང་། ཨོཾ་པཎཱ་ཤ་བ་རི་ཡེ་ནོར་ཕྱུགས་ཀྱི་གོད་ཁ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ། སརྦ་བཱ་སུ་པུཊྚི་ཀུ་རུ་ཨོཾ། ཞེས་བྲིས་ལ་རྫས་ཀྱི་ཁྱད་པར་ནི་མུ་ཏིག་གམ་ཉ་ཕྱིས། ཤུ་དག་དཀར་པོ། མོན་ལུག་གླ་སྒང་བཅས་བཅུག སྤྲོ་ན་འཕགས་ཡུལ་གྱི་མན་ངག་ལས་བྱུང་བའི་འཁོར་ལོ་འང་འདུ་བྱ་ཞིང་ཞིང་གི་དཀྱིལ་དུ་སྦ་བའི་ཚེ་འབྲུ་འཕེལ་བའི་གཟུངས་དང་འདོད་གསོལ་བཅས་བྲིའོ། །


JKT021_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྙིང་གི་གཟུངས། ཨོཾ་སུམྦྷ་ནི་སུམྦྷ། ཧ་ར་ཙ་ར། མ་ཧཱ་པཱ་ཤ་མ་རུ་ཏཱ། ཨ་མོ་གྷ་བཛྲ་སཏཱ་སྭཱ་ཧཱ། །མཚན་བརྒྱ་ལས་སོ། །ཉེས་སེལ་ལ། དམིགས་བསལ་མ་གཏོགས་སྙིང་གཏེར་དང་། ནོར་བུམ་གྱི་རྫས་ཀུན་ཚང་བ། དབུས་སུ་ཡུལ་འཁོར་སྲུང་བའི་ཙཀྲ། དེ་མདུན་ཉེས་སེལ་གྱི་གཟུངས་ཤོག་དྲིལ། ༈ །སྤྱི་ཁྱབ་ལ། སྙིང་གཏེར་དང་། ནོར་བུམ་གྱི་རྫས་ཚང་མ། དབུས་སུ་མགོན་དཀར་གྱི་སྐུ། དེའི་རྒྱབ་ཏུ་ནོར་བུམ་གཟུངས། །གཡས་སུ་སྙིང་གཏེར། གཡོན་དུ་ཉེས་སེལ་མདུན་དུ་ཡུལ་སྲུང་དང་ནོར་རྒྱུན་ཙཀྲ། དེ་མདུན་གཡང་རྫས་དང་། སྙིང་གཏེར་རྫས་དར་ཐུམ་བཅས་བཞག ༈ །ས་བཅུད་སྤེལ་བའི་བུམ་གཏེར་ཆེན་མོའི་ཕྱག་ལེན་བཀྲ་ཤིས་འདོད་འཇོ་དགེ །ཨོཾ་སིདྡྷི་རསྟུ། །ས་བཅུད་གསོ་བའི་བཀྲ་ཤིས་གཏེར་གྱི་བུམ་པ་ལ། ཐོག་མར་ཟངས་སམ་རྫ་ལས་བྱས་པའི་བུམ་པ་བཟོ་ཁྱད་ཐོན་ན་ནོར་བུའི་དབྱིབས་སམ། ཡང་ན་དེང་སང་ཡོངས་གྲགས་ལྟར་ཡང་རུང་ཞིང་། ཆེ་ཆུང་ཡུལ་དེའི་བྲེ་བཅུ་ལ་སོགས་པ་ཤོང་བའི་མཐིལ་དུ། གནས་ཆེན་དང་། །བཀྲ་ཤིས་ས་དང་། དཔལ་ཅན་གྱི་ས་སྣ་ཆུ་སྣ། རིན་པོ་ཆེའི་ཕྱེ་མ། །དཀྱིལ་འཁོར་ཆེན་པོའི་རྡུལ་ཚོན། རྒྱས་པའི་སྦྱིན་སྲེག་གི་ཐལ་བ། རབ་གནས་ཀྱི་མེ་ཏོག་སོགས་དགྲམ་པའི་དབུས་སུ་སྲོག་


JKT021_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཤུག་པ་ལྟ་བུ་ཤར་རྟགས་མ་ནོར་ཞིང་རྩ་རྩེ་མ་ལོག་པ་ལས་རི་རབ་ཀྱི་གཟུགས་སུ་བཟོས་པའི་རྩེར། ཧཱུཾ་དེ་འོག་གི་ཤར་ནས། ཨོཾ་ཏཱཾ་ཧྲཱིཿw རྣམས་གཡས་བསྐོར། སྐེད་པར་འོག་ནས་འབྱུང་བའི་གཟུངས་ཀྱི་ཤོག་དྲིལ། རྩེ་མོར་སངས་རྒྱས་ཀྱི་འཕེལ་གདུང་། བླ་མ་གོང་མའི་དབུ་སྐྲ། ན་བཟའ། གདུང་རུས་སོགས་དང་། བདུད་རྩི་རིལ་བུ་དང་ཕྱེ་མའི་རིགས་རྣམས་དར་ཐུམ་བྱས་ནས་གཞུག་དེ་འོག་ཀྱི་ངོས་སོགས་ཅི་རིགས་པར་བཏགས་གྲོལ་རྒྱུད་དྲུག་ཚང་བའམ། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་དམ། འཁོར་ལོའི་རིགས་བཅས་གང་འབྱོར་བཞག སྲོག་ཤིང་གི་རྩ་བར་འབྱུང་ལྔའི་ཡིག་འབྲུ། ཨེ་དང་དེའི་འོག་ཙམ་ནས། ལཾ་ཁཾ་རཾ་ཡཾ་རྣམས་ཕྱོགས་བཞིར་བྲིའོ། །དེ་ནས་ཁྱད་པར་གྱི་རྫས་འདུ་བྱ་བ་ནི། གནས་ཆེན་དུ་མའི་ས་སྣ། ཤིང་སྣ། ཆུ་མིག་བརྒྱ་རྩའི་ཆུ་སྣ། རྒྱ་མཚོའི་སྤུ་བ། རིན་པོ་ཆེ་ལྔ། ཁྱད་པར་གཡུ་དང་། མུ་ཏིག་མ་ཉམས་པ། -དཀར་གསུམ་མངར་གསུམ། ཕྱུགས་སླས་ཆེན་པོ་གསུམ་གྱི་ས། བཀྲ་ཤིས་པ་དང་དཔལ་ཅན་གྱི་ཁང་ཞིང་དགུ་ཡི་ས་སྣ། ཐབ་མེ་རྒྱུན་མ་ཆད་པའི་ས། གནས་ཆེན་བརྒྱད་ཀྱི་ཡོངས་རྫོང་། སྙིང་ས།: མཆིམ་ཕུ། མཁར་ཆུ། ཤེལ་བྲག། སེང་གེ་རྫོང་། ཡེར་པ། གཡའ་མ་ལུང་། ཆུ་བོའི་རི་ནམ་མཁའ་ལྡིང་ཕུག་རྣམས་སོ། །


JKT021_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཆེན་བརྒྱད་འོད་དེ་གུང་རྒྱལ། ཀྱི་རྡོ། སྐུ་ལྷ་མཁའ་རི་གངས་ཏི་སེ། གཉན་ཐང་ལྷ་བཅས་ཕྱོགས་བཞི་དང་། ཡར་ལྷ་ཤམ་པོ། གནོད་སྦྱིན་གང་བཟང་། ཇོ་མོ་གངས་དཀར། ཏི་སྒྲོ་གངས་དཀར་ཏེ་མཚམས་བཞིའོ། །རི་ཆེན་བཞིའི་དམར་པོ་རི། ས་སྣ། ཧས་པོ་རི། གང་པོ་རི། ཆུ་བོ་རི། ཁྲི་ཤོར་རྒྱལ་མོ། མཚོ་ཆེན་བཞིའི་ཆུ་དང་བྱེ་མ། ཆོས་འཁོར་ཆེན་པོ་རྣམ་པ་གསུམ་ལྷ་ས། བསམ་ཡས། ཁྲ་འབྲུག གྱི་ས་སྣ་དང་། ཇོ་བོ་གསུམ་གྱི་ཕྱག་ནས་དང་ཁྲུས་ཆབ། ཀླུ་སྨན་སྣ་ཚོགས། ཙནྡན་ཡར་འབྲོག་གཡུ་མཚོ། མཚོ་མ་ཕམ། བྱང་གནམ་མཚོ་བཞིའོ། །དཀར། དམར། ཤུ་དག་དཀར་པོ། དབང་ལག་སྟེ་སྨན་ལྔས་མཚོན་པའི་ཀླུ་ལ་མི་གནོད་པའི་བཟང་སྨན་སྣ་ཚོགས། ནས་འབྲས། གྲོ། ཏིལ་དཀར། སྲན་དཀར་ཏེ་འབྲུ་ལྔས་གཙོས་པའི་འབྲུ་དཀར་སྣ་ཚོགས། ཛཱ་ཏི། ག་བུར། ལི་ཤི། སྤང་སྤོས། ཨར་སྐྱ་སྟེ་སྤོས་ལྔས་མཚོན་པའི་ཀླུ་ལ་མི་གནོད་པའི་དྲི་ཞིམ་སྣ་ཚོགས། དཀྱིལ་འཁོར་མང་པོའི་རྡུལ་ཚོན་བཅས། འདི་རྣམས་ཐམས་ཅད་འབྱོར་ན་ཁྲོལ་བུ་དང་། མ་འབྱོར་ན་ཞིབ་པར་བཏགས་ལ་བ་། དམར་མོ་དང་། ར་དཀར་མོའི་འོ་མས་རིལ་བུ་དྲིལ་བ་བརྒྱ་རྩ་བརྒྱད་སོགས་གང་འབྱོར་བླུགས། དར་སྣ་ལྔ་དང་། རྡོ་ཕ་བོང་ལོང་བུ་མཚལ་གྱིས་དབུས་སུ་ཏྲེ་བྲིས་པ་དང་། ཆུ་ཤེལ་གཡོན་དང་། མེ་ཤེལ་གཡས་


JKT021_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉམས་པ། རྒྱ་ཞབས་སུ་བཅུག་ཁབ་དང་ཁྲབ་བྱང་རྣམས་བཅུག་གོ། གཟུངས་གཞུག་ལ། རིགས་ལྔ་སྤྱི་དྲིལ་གྱི་སྔགས་དང་། ཀུན་རིག། རྡོར་སེམས། མི་འཁྲུགས་པ། ཚེ་དཔག་མེད། སྨན་བླ་སྤྱི། རྣམས་རྩ་གསུམ་སྤྱིའི་སྙིང་པོ། རྣམ་འཇོམ། སྨེ་བརྩེགས། བཏགས་གྲོལ་རྒྱས་བསྡུས། སངས་རྒྱས་རྩེ་མོའི་གཟུངས། ས་སྙིང་། སྤྱན་མ། རྣམ་སྲས་ཀྱི་རིགས་དང་། ཛམྦྷ་ལའི་རིགས། །གནོད་སྦྱིན་ཕོ་དགུ་མོ་དགུ། ནོར་རྒྱུན་མ། དཔལ་ཆེན་མོ། ཀུན་འཁྱིལ་མཆེད་གསུམ། རྒྱལ་ཆེན་བཞི། རེ་མནྟ་རྣམས་ཀྱི་སྔགས། ཕྱུགས་དང་འབྲུ་སྤེལ་བའི་གཟུངས། བརྟན་མའི་རིག་པ་དང་ཚིགས་བཅད། བརྟན་མ་གཙོ་འཁོར་ཡོངས་དྲིལ་སྔགས། ཀླུ་ལ་བདེ་སྦྱིན་གཟུངས། ཀླུ་ཆེན་དགུའི་སྔགས། འབྱུང་བའི་ནུས་སྟོབས་བསྐྱེད་པའི་སྔགས། སྣང་བརྒྱད། ཉེས་སེལ། བཀྲ་ཤིས་བརྩེགས་པ་རྣམས་ཀྱི་མདོ་གཟུངས། དབྱངས་གསལ་རྟེན་སྙིང་འདོད་གསོལ་བཀྲ་ཤིས་བཅས་སོ། །ཕྱོགས་མཚམས་རྣམས་སུ་བཀྲ་ཤིས་པའི་རྫས་བརྒྱད། རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། ཉེ་།བའི་རིན་ཆེན་བདུན། སྲུང་བཞི་སོགས་ཀྱི་རི་མོ་བྲིས་འབུར་གང་རིགས་བཀོད། གཞན་ཡང་དམིགས་ཀྱིས་གསལ་བའི་རིགས་ལ། རྣམ་བཅུ་དབང་ལྡན་གསེར་གྱིས་བྲིས་པ་དང་། གདུགས་དཀར་


JKT021_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ། སོར་འབྲང་འཁོར་ལོ། གྲོང་ཁྱེར་སྒྲོལ་བའི་འཁོར་ལོ། བཏགས་གྲོལ་གྱི་རིགས། རྒྱུད་སྡེའི་གླེགས་བམ་རིགས། བསོད་ནམས་གླང་པོ་སྟོབས་བསྐྱེད། དགེ་འདུན་འདུ་འཁོར། ཨ་པ་ར་ཛཱི་ཏའི་རྩོད་རྒྱལ། ཐོག་སྲུང་ཆེན་མོ། བྱད་འགྲོལ་གྱི་འཁོར་ལོ་ཆེན་མོ། བྱད་ཁྲོལ་གྱི་བུམ་ཆུ་རིལ་བུ། གནོད་སྦྱིན་འཁོར་ལོ། གཡུལ་ལས་རྒྱལ་བའི་ཙཀྲ་ཆེན་མོ། སྲི་བཟློག་འཁོར་ལོ་འབར་བའི་ཙཀྲ། དུས་འཁོར་དང་། འབྱུང་རྩིས་པའི་ལུགས་ཀྱི་ཀུན་ཐུབ་འཁོར་ལོ་སོགས་མན་ངག་ཁྱད་པར་བ་ལས་བྱུང་བའི་རིགས་དང་། བླ་མ་གསང་འདུས་ཀྱི་ལས་ཚོགས། དོན་ཀུན་གྲུབ་པ། རྩོད་རྒྱལ། དགྲ་སྡང་ཞི་བ། གཟའ་སྐར་དང་ཕྱོགས་ངན་སྲུང་བ། ཚེ་སྤེལ། ནོར་འགུགས་པ་སོགས་དང་། དགོངས་འདུས་ལས་ཚོགས། སྡེ་བརྒྱད་སྲུང་བ། ལྟོག་འདྲེ་སྲུང་བ། སྲིས་རྐུན་སྲུང་བ། ལོ་ཏོག་ལ་འཚེ་བའི་སེམས་ཅན་སྲུང་བ། ཤྭ་འུད་སྲུང་བ། ཐོག་སྲུང་། གོད་འདྲེ་སྲུང་བ། ཕྱུགས་ཀྱི་དགྲ་རྐུན་གཅན་ཟན་སྲུང་བ། ནང་འཐབ་སྲུང་བ། དོན་གྲུབ་པ། ཚོང་རྒྱལ་བ། གཡུལ་ལས་རྒྱལ་བ། ནོར་འཕེལ་བ། བཟའ་བཏུང་འཕེལ་བ། མཛེས་མ་རྒྱན་འཁོར། བསྐྱེད་པ་བཞི་ལྡན། འབྱུང་བཞི་ཀུན་འདུས་སོགས་གང་ལ་གང་དགོས་པའི་ཙཀྲ་རིགས་ཁྱད་


JKT021_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱི་རྫས་དང་སྤེལ་ཚིག་སོགས་སྦྱར་བ་བཅུག །དེ་བཞིན་དུ་རྫོགས་པ་ཆེན་པོའི་བསྟན་པའི་བཙས་གསུམ་གྱི་རི་མོ་དང་། མཆོད་རྟེན་སོགས་ལ་ཇི་སྐད་བཤད་པའི་གཟུངས་རྒྱས་པའམ། གཟུངས་ཆེན་སྡེ་ལྔ་ཙམ་གཞུག་ནའང་ཤིན་ཏུ་ལེགས་སོ། །བུམ་པའི་ཕྱིར་དཀར་རྩི་བྱུགས་པ་ལ་བཀྲ་ཤིས་པའི་དགེ་མཚན་ཅན་གྱི་རི་མོ་ཇི་སྙེད་པ་དང་། ཁྱད་པར་ཕྱོགས་བཞིར་སྲུང་བཞིའི་ཤར་ནས་བརྩམས་ཏེ་སྟག་ སྐྱ་བོ། གཟུགས་དང་། གཡུ་འབྲུག་སྔོན་པོ། བྱ་དམར་པོ། རུ་སྦལ་རྒྱ་བོ་རྣམས་སོ། །འོག་ཏུ་པདྨ་འདབ་བརྒྱད། ཁ་གཅོད་ལ་རིགས་ལྔའི་ཕྱག་མཚན་བཅས་བྲིའོ། །དེ་ལྟ་བུའི་བུམ་པའི་ནང་ཐམས་ཅད་སྤྱིར་འབྲུ་དཀར་སྣ་ཚོགས། སྨན་སྣ་ཚོགས། རིན་པོ་ཆེ་སྣ་ཚོགས། དར་སྣ། རས་སྣ་སོགས་ཀྱིས་ཕྱུར་བུར་བཀང་བའི་ཁར། བཟང་ཤིང་སྣ་ཚོགས་དང་། - མེ་ཏོག་དང་འབྲས་བུ་སྣ་ཚོགས་ཀྱིས་བཀང་ཏེ་མགྲིན་པའི་ནང་དུ་འཇིམ་པ་ལ་རིན་ཆེན་བསྲེས་པས་བཅད། དེ་སྟེང་ཁ་གཅོད་ཤིང་ལེབ་དང་། རས་དཀར་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པས་གཡོགས། སྲད་བུ་སྣ་ལྔས་མགུལ་བཅིང་རྒྱ་གྲམ་དུ་བསྡམས་ཤིང་རྒྱས་གདབ་པ་སོགས་བྱ། འདི་ལྷ་ཀླུ་སྤྱི་ཁྱབ་གྱི་བུམ་པ་ཡིན། བསང་རྫས་དང་། ལས་བྱེད་དང་། སྒྲུབ་པ་པོ་རྣམས་གཙང་སྦྲ་ཤིན་ཏུ་ཆེ་བར་བྱའོ།། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །།


previousགཏེར་ཆེན་པོའི་བུམ་པ་བཟང་པོ་སྒྲུབ་ཚུལ་སྤྱི་ལ་འཇུག་པ་ཤིན་ཏུ་མདོར་བསྡུས་འདོད་རྒུའི་ཆར་འབེབས།next