Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
བཀྲ་ཤིས་ཚེ་རིང་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་པ་བཀྲ་ཤིས་ཆར་འབེབས།
   
   
   
   
   
   
   
   
   
   
   


 
previousབཀྲ་ཤིས་ཚེ་རིང་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་པ་བཀྲ་ཤིས་ཆར་འབེབས།next

བཀྲ་ཤིས་ཚེ་རིང་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་པ་བཀྲ་ཤིས་ཆར་འབེབས།


JKT022_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བཀྲ་ཤིས་ཚེ་རིང་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་པ་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།


JKT022_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བླ་མ་རྡོ་རྗེ་རྣལ་འབྱོར་མར། །བཏུད་ནས་དེ་ཡི་རྣལ་འཕྲུལ་ལས། །ཡོངས་ཤར་སྨན་བཙུན་མཆེད་ལྔ་ཡི། །གསོལ་མཆོད་སྙིང་པོར་དྲིལ་ཏེ་བཤད། དེའང་དབེན་པའི་གནས་སུ་མཆོད་གཏོར་སོགས་ཚོགས་པར་བྱས་ནས། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་ཡོ་བྱད་རྣམས་བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཧཱུཾ་ལས་དར་དཀར་གྱི་གུར་ཁྱིམ་ཡངས་ཤིང་རྒྱ་ཆེ་བ་བཀོད་པས་མཛེས་པའི་དབུས་སུ་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་གཏོར་འདོད་པའི་ཡོན་ཏན་རྣམ་པ་ཐོམས་ཅད་པར་འཆར་བ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར་པར་བསམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། །དེ་ནས་དམ་ཚིག་གི་འཁོར་ལོ་


JKT022_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གདབ་པ་ནི། ཆོས་ཀུན་གནས་ལུགས་གཟོད་མ་ནས། །སྟོང་ཉིད་སྤྲོས་མཚན་ལས་འདས་ཀྱང་། །སྣང་ཚུལ་རྟེན་ཅིང་འབྲེལ་འབྱུང་གི །རྣམ་རོལ་འགགས་པ་མེད་པའི་རྩལ། ཁོར་ཡུག་གངས་རིས་བསྐོར་བའི་དབུས། །སྤང་ལྗོངས་མེ་ཏོག་སྣ་ཚོགས་དང་། །བདུད་རྩིའི་ཆུ་གཏེར་འཁྱིལ་བའི་གཞིར། །སྤྲིན་དང་ན་བུན་འཁྲིགས་པའི་ཀློང་། །ཟླ་ཞུན་ཐགས་སུ་བཏགས་པ་ལྟར། །རབ་དཀར་ཀཱ་ཤིའི་ལྡིང་གུར་ནི། །དབང་པོའི་གཞུ་ཡི་ཚོན་རིས་ཅན། །ཡངས་ཤིང་རྒྱ་ཆེ་བཀོད་ལེགས་པར། །རྒྱལ་ཀུན་ཡུམ་གཅིག་རྣལ་འབྱོར་མའི། །ཡེ་ཤེས་ལྔ་ཡི་རྣམ་འཕྲུལ་ལས། །ཡོངས་ཤར་གངས་ཅན་བོད་ཡུལ་འདིར། །དཀར་ཕྱོགས་སྐྱོང་བའི་སྲུང་


JKT022_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གཙོ། །དབུས་སུ་བཀྲ་ཤིས་ཚེ་རིང་མ། །དཀར་གསལ་རྡོ་རྗེ་ཚེ་བུམ་བསྣམས། །ཆིབས་སུ་སེང་གེ་དཀར་མོ་བཅིབས། །མདུན་དུ་མཐིང་གི་ཞལ་བཟང་སྔོ། །འཕྲུལ་གྱི་མེ་ལོང་བ་དན་གཡོབ། །ཆིབས་སུ་རྐྱང་མོ་ཁ་དཀར་བཅིབས། །གཡས་སུ་མི་གཡོ་གླང་བཟང་སེར། །རོ་མཆོག་བརྒྱ་ལྡན་ཟས་གཞོང་བསྣམས། །ཆིབས་སུ་རྒྱ་སྟག་གྲུས་མ་བཅིབས། །རྒྱབ་ཏུ་ཅོད་པན་མགྲིན་བཟང་དམར། །རིན་ཆེན་གཏེར་གྱི་སྒྲོམ་བུ་འཛིན། །ཆིབས་སུ་ཤ་བ་ཡུ་མོ་བཅིབས། །གཡོན་ཏུ་གཏར་དཀར་འགྲོ་བཟང་ལྗང་། །རྩྭ་མཆོག་དཱུརྦ་སྦྲུལ་ཞགས་གདེངས། །ཆིབས་སུ་གཡུ་འབྲུག་སྔོན་མོ་བཅིབས། །ཀུན་ཀྱང་དར་དང་རཏྣས་བརྒྱན། །རིན་ཆེན་སྣ་ལྔའི་ཐོར་ཚུགས་ཅན། །མཚར་སྡུག་འོད་ཆགས་གཟི་བྱིན་འབར། །འཛུམ་ཞིང་དགྱེས་པའི་ཚུལ་དུ་བཞུགས། །འཁོར་དུ་བརྟན་མ་བཅུ་གཉིས་དང་། །ལྷ་སྨན་འབུམ་ཕྲག་གྲངས་མེད་སོགས། །སྤྲུལ་དང་ལས་མཛད་བསམ་མི་ཁྱབ། །སོ་སོའི་གནས་གསུམ་འབྲུ་གསུམ་དང་། །རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འཕྲོས་པའི་འོད་ཀྱིས་བལ་བོད་མཚམས། །བཀྲ་ཤིས་ལྷུན་ཆགས་གངས་ཀྱི་རི། །མཐོན་མཐིང་རྒྱལ་མོའི་ཕོ་བྲང་ནས། །སྨན་བཙུན་འཁོར་བཅས་སྤྱན་དྲངས་ཏེ། །བསྐྱེད་པའི་རྟེན་ལ་གཉིས་མེད་ཐིམ། །ཕྲིན་


JKT022_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཅི་བཅོལ་བྱེད་པར་གྱུར། །སྤྱན་འདྲེན་པ་ནི། ཧཱུཾ། རྡོ་རྗེ་བཙུན་མོ་སེང་གེའི་གདོང་། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་། །རྣལ་འབྱོར་དབང་ཕྱུག་བཞད་པ་རྗེ། །སྲས་དང་སློབ་མར་བཅས་པའི་མདུན། །ཇི་ལྟར་ཞལ་བཞེས་དེང་དགོངས་ལ། །བརྒྱུད་འཛིན་བདག་གིས་འབོད་པའི་ཚེ། །སྨན་བཙུན་བཀྲ་ཤིས་ཚེ་རིང་མ། །མཆེད་དང་སྤྲུལ་པ་ཡང་འཁོར་བཅས། །དངོས་གྲུབ་འདོད་རྒུའི་ཆར་འབེབས་ཕྱིར། །མ་ཐོགས་མྱུར་དུ་ད་ཚུར་བྱོན། ཨོ་བཛྲ་ས་མ་ཡ་ཌཱ་ཀི་ནཱི་པཉྩ་མ་མ་སརྦ་ཀརྨ་ཛྷཱ་ན་ས་པ་རི་ཝཱ་ར་ཨེ་ཨ་ར་ཝི་ཧཱུྃ་ཧཱུྃ་ཛ༔ ཞེས་བརྗོད་པས་མདུན་གྱི་ནམ་མཁར་བྱོན་པ་ཛ༔ཧཱུྃ་བཾ་ཧོས་མདུན་བསྐྱེད་དང་དབྱེར་མེད་དུ་བསམ། །སླར་ཡང་ནམ་མཁའི་ཁམས་གང་ལྷས། །བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་རྣལ་འབྱོར་མ། །ལྷན་ཅིག་སྐྱེས་མས་དབུར་བརྒྱན་གྱུར། དེ་ནས་གཏོར་མ་འབུལ་བ་ནི། མགྲོན་རིགས་འཁོར་བཅས་ལྗགས་ཧཱུྃ་ལས། །རྡོ་རྗེ་རྩེ་གཅིག་རྣམ་པ་ཡི། །འོད་ཀྱི་སྦུ་གུས་གཏོར་མའི་བཅུད། །དྲངས་ཏེ་ཟག་མེད་བདེ་བས་ཚིམ། ཨོཾ་བཛྲ་ས་མ་ཡ་ཌཱ་ཀི་ནཱི་པཉྩམ་མ་སརྦ་ཀརྨ་ཛྙཱ་ན་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་དབུལ། སྤྲོ་ན་ཐུགས་དམ་བསྐང་བའི་ཆོ་ག་བྱ། གང་ལྟར་ཡང་མཆོད་པ་ནི། ཨོཾ་ཨཱཿཧཱུཾ། ལྷ་


JKT022_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ལས་གྲུབ་ཏིང་འཛིན་མཐུས། །བྱིན་བརླབས་རབ་འབྱམས་མཆོད་པའི་སྤྲིན། །ཕྱོགས་དུས་ཀུན་ཏུ་མི་ཟད་པས། །སྨན་བཙུན་ཆེན་མོ་འཁོར་བཅས་མཆོད། ཨོཾ་བཛྲ་ས་མ་ཡ་ཌ་ཀི་ནི་པཉྩམ་མ་སརྦ་ཀརྨ་ཛྷཱ་ན་ས་པ་རི་ཝཱ་ར་ཨརྒྱུ་སོགས་ཀྱིས་མཆོད། བསྟོད་པ་ནི། བྷྱོ། ཕྱི་ལྟར་གཙང་རིགས་ལྷ་མོ་སྟེ། །ནང་ལྟར་རིག་འཛིན་ལྷ་མོ་ལྔ། །ཨཉྫིདྷ་ར་ས་སྲུང་སྟེ། །གསང་བ་སྔགས་ཀྱི་ཌཱ་ཀི་ལྔ། །དོན་དམ་བདེ་ཆེན་ཡེ་ཤེས་དབྱིངས། །གཅིག་ཉིད་དུ་མའི་རྣམ་རོལ་ཅན། །སྨན་བཙུན་ཆེན་མོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། ཕྲིན་ལས་གསོལ་བ་ནི། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །བཀྲ་ཤིས་ཚེ་རིང་མཆེད་ལྔ་དང་། །བོད་སྐྱོང་བརྟན་མ་བཅུ་གཉིས་སོགས། །སྣང་སྲིད་མ་མོ་འབུམ་སྡེའི་ཚོགས། །སྔོན་ཚེ་ཡེ་ཤེས་མཁའ་འགྲོ་མ། །བདུད་འདུལ་སེང་གེའི་གདོང་ཅན་དང་། །འཆི་མེད་པདྨ་སཾ་བྷ་ཝས། །དབང་བསྐུར་རྡོ་རྗེའི་དམ་ཚིག་བསྟན། ཁྱད་པར་རྣལ་འབྱོར་དབང་ཕྱུག་གིས། །མཛེས་མ་རྣམས་ལ་ཡི་དམ་དུ། །ཇོ་མོ་ལྷན་སྐྱེས་མངོན་རྟོགས་1 །ཕོག །ལྷ་མོ་ལྔ་ཡིས་སྤྱན་སྔ་རུ། །གསང་བའི་རང་སྲོག་སྙིང་པོ་ཕུལ། །རྗེ་བཙུན་བརྒྱུད་པར་བཅས་པ་ཡི། །བཀའ་སྲུང་མཁའ་འགྲོར་དམ་བཅས་པས། །དམ་བཅའ་འགལ་ན་དམྱལ་བར་འགྲོ། །


JKT022_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་དཔལ་ལྡན་རྡོ་རྗེ་འཛིན། །བཞད་པ་རྡོ་རྗེའི་གསུང་བཞིན་སྒྲུབས། །བཀའ་སྲུང་བཀའ་ཡི་བྱ་ར་གྱིས། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི། །མཆོད་གཏོར་རྒྱ་ཆེན་འདི་བཞེས་ལ། །གངས་ཅན་ལྗོངས་ཀྱི་བསྟན་དང་འགྲོར། །ཕན་བདེའི་དགའ་སྟོན་རྒྱས་པ་དང་། ཁྱད་པར་བསྟན་འཛིན་སྐྱེས་བུ་རྣམས། །སྐུ་ཆེ་ཕྲིན་ལས་ཕྱོགས་བརྒྱར་སྤེལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་གདོན་བར་ཆད་བསྲུང་བ་དང་། །མི་མཐུན་ཕྱོགས་ཀུན་ཉེར་ཞི་ཞིང་། །བཀྲ་ཤིས་ཚེ་རིང་དཔལ་འབྱོར་སྐྱེད། །སྲིད་དང་ཞི་བའི་དགེ་མཚན་རྣམས། །ཐོགས་པ་མེད་པར་དབང་དུ་སྡུས། །མདོར་ན་ཆོས་མཐུན་བསམ་སྦྱོར་ཀུན། །ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའི་མཐར་གཏོར་མགྲོན་གྱི་གཙོ་མོ་རྣམས་རྟེན་ཡོད་ན་བརྟན་བཞུགས་དང་། །མེད་ན་གཤེགས་སུ་གསོལ། །འཁོར་རྣམས་ཀྱང་དགྱེས་བཞིན་གཤེགས་པར་བསམ། དམ་ཚིག་པ་མི་དམིགས་པའི་ངང་དུ་འོད་གསལ་ཕྱག་རྒྱ་ཆེན་པོའི་གནས་ལུགས་ལ་བློ་གཞག་པར་བྱའོ། །སྨན་བཙུན་2ཆེན་མོ་མཆེད་ལྔ་ཡི། །གསོལ་མཆོད་འཇུག་བདེ་སྙིང་པོའི་ཕུལ། །གྲུབ་པའི་ཞལ་ལུང་ལ་སྦྱར་བས། །བཀྲ་ཤིས་ཆར་ཆེན་འབེབས་གྱུར་ཅིག །ཅེས་པའང་རིག་འཛིན་གྱི་བཙུན་པ་མཉྫགྷོ་ཥས་སྦྱར་


JKT022_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བ་དགེ་ལེགས་ཀྱི་པདྨོ་མཆོག་ཏུ་རྒྱས་པར་སིདྡྷི་རསྟུ།། །སརྦ་མངྒ་ལཾ།།


previousབཀྲ་ཤིས་ཚེ་རིང་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་པ་བཀྲ་ཤིས་ཆར་འབེབས།next