Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
གཏེར་གསར་དམ་རྫས་སོགས་རྟེན་རབ་འབྱམས་ཕྱོགས་བསྡུས་ཀྱི་བཞུགས་བྱང་གཞན་ལ་ཕན་པ་མཆོག་ཏུ་དགེ་བའི་དབྱངས་སྙན།
   
   
   
   
   
   
   


 
previousགཏེར་གསར་དམ་རྫས་སོགས་རྟེན་རབ་འབྱམས་ཕྱོགས་བསྡུས་ཀྱི་བཞུགས་བྱང་གཞན་ལ་ཕན་པ་མཆོག་ཏུ་དགེ་བའི་དབྱངས་སྙན།next

གཏེར་གསར་དམ་རྫས་སོགས་རྟེན་རབ་འབྱམས་ཕྱོགས་བསྡུས་ཀྱི་བཞུགས་བྱང་གཞན་ལ་ཕན་པ་མཆོག་ཏུ་དགེ་བའི་དབྱངས་སྙན།


JKT022_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །གཏེར་གསར་དམ་རྫས་སོགས་རྟེན་རབ་འབྱམས་ཕྱོགས་བསྡུས་ཀྱི་བཞུགས་བྱང་གཞན་ལ་ཕན་པ་མཆོག་ཏུ་དགེ་བའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །
རིང་བསྲེལ། དམ་རྫས་ཀུན་འདུས།། རྟེན་འདུས་བཅས༦།


JKT022_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་སྭ་སྟི་སིདྡྷཾ། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་གཏེར་གནས་ཐ་དད་པ་རྣམས་ནས་སྤྱན་དྲངས་པའི་མྱོང་གྲོལ་དམ་རྫས་དང་བྱིན་རྟེན་རིགས། དོན་གྲུབ་ཅེས་པ་ས་མོ་ལུག་གི་གནམ་ལོ་ཐོག་མར་ཤར་བ་ཕན་ཆད་ཇི་ཙམ་ལག་ཏུ་འབྱོར་པ་རྣམས། བསྟན་པ་དང་འགྲོ་ཕན་གྱི་བཙས་སུ་གཏའ་སྤེལ་སྦྱར་བའི་ཐོག་མར།། ༈ །།ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གྱི་རིལ་བུ་དམ་རྫས་མྱོང་༼༡༽གྲོལ་ཙིནྟ་མ་ཎི་ལ། རྒྱམ་རྒྱལ་རྡོ་ཏིའི་འགྱུར་མེད་གཏན་འཁྱིལ་གཡུ་མཚོ་ནས་བཞེས་པའི་སངས་རྒྱས་འོད་སྲུང་གི་འཕེལ་གདུང་། སྨན་ཤོད་འཛོམ་ནང་བྲག་དཀར་ཡང་རྩེ་ནས་སྤྱན་དྲངས་པའི་སྤྲུལ་སྐུ་དགའ་རབ་རྡོ་རྗེའི་གདུང་གི་དྭངས་མ་བཅས་གངས་ཏིག་དང་ཅུ་


JKT022_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་སྤེལ་ཞིང་ཅོང་ཞིའི་འཕྲོད་སྦྱར་བའོ།། ༈ །།སྐུ་གདུང་རིང་བསྲེལ་ཀུན་འདུས་ཀྱི་རིལ་བུ་དམ་རྫས་བཏགས་༼༢༽གྲོལ་ཡིད་བཞིན་སྙིང་པོ་ལ། མཁའ་འགྲོ་འབུམ་རྫོང་ཨོ་རྒྱན་རིན་པོ་ཆེའི་བཞུགས་ཁྲིའི་འོག་ནས་སྤྱན་དྲངས་པའི་སློབ་དཔོན་པྲ་བྷ་ཧ་སྟིའི་གདུང་། མངོན་རྫོགས་རྒྱལ་པོའི་སྨན་སྐུའི་ཆ་ཤས། ན་བུན་རྫོང་གཏེར་བྱོན་ཁྲི་སྲོང་ལྡེའུ་བཙན་གདུང་རུས། ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་རིང་བསྲེལ་བཅས། ༈ ཆོས་ཀྱི་རིང་བསྲེལ་ཀུན་འདུས་ཀྱི་རིལ་བུ་དམ་རྫས་མཐོང་གྲོལ་ཞི་བའི་སྙིང་པོ་ལ། པདྨ་ཤེལ་ཕུག་གཏེར་བྱོན་རྫོགས་ཆེན་སྡེ་གསུམ་རྩ་བའི་ཤོག་སེར། ནམ་མཁའ་མཛོད་ཀྱི་གཏེར་བྱོན་ཚེ་དཀར་རྩ་གསུམ་དྲག་པོའི་ཤོག་སེར། བདུད་རྩི་


JKT022_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཤོག་ཚོ་ལྔ། དཔལ་སྤུངས་རི་ཁྲོད་ཙཱ་འདྲ་རིན་ཆེན་བྲག་ནས་བཞེས་པའི་ཁ་བྱང་གི་ཤོག་སེར། དཔའ་བོ་བྲག་གི་གཏེར་བྱོན་གནས་ཆེན་ཉེར་ལྔའི་མདོ་བྱང་གི་ཤོག་སེར། ཟབ་པ་སྐོར་བདུན་གྱི་ལུང་བྱང་ཤོག་སེར། ནམ་མཛོད་བོད་ཁམས་ལ་བདེ་ཐབས་ཀྱི་གཏེར་ཤོག་བཅས།། ༈ །།སྐུ་བལ་རིང་བསྲེལ་ཀུན་འདུས་ཀྱི་རིལ་བུ་དམ་རྫས་རེག་གྲོལ་༼༤༽གྲུབ་པའི་སྙིང་པོ་ལ། ཟླ་ཉིན་ཁ་ལ་རོང་སྒོའི་གཏེར་བྱོན་སངས་རྒྱས་འོད་སྲུང་གི་སྐུ་ཆོས། སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་ཆོས་གོས། འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ཆགས་ཚལ། ཨོ་རྒྱན་རིན་པོ་ཆེའི་གསང་གོས་སྐུ་བེར་གསེར་མ། སྐུ་ཆིངས། ལྷ་ལྕམ་མནྡཱ་ར་བའི་ན་བཟའ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ན་བཟའ་དང་གསང་གོས། ལོ་ཆེན་བེ་རོ་ཙ་ནའི་སྐུ་ཆོས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ན་བཟའ། འོག་མིན་ཀརྨའི་དཔལ་དེའུ་ནས་སྤྱན་དྲངས་པའི་ཨོ་རྒྱན་རིན་པོ་ཆེའི་དབུ་ལྗོན་དང་སྐུ་རེག །ཟླ་གམ་བྲག་གི་རྒྱབ་ངོས་ནས་ཟབ་བདུན་དང་ལྷན་ཅིག་སྤྱན་དྲངས་པའི་གནུབས་ཆེན་སངས་རྒྱས་ཡེ་ཤེས་དབུ་སྐྲ། མཁའ་འགྲོ་འབུམ་རྫོང་གཏེར་བྱོན་མཚོ་རྒྱལ་གསང་གོས། འཛི་སྨད་མཁའ་འགྲོ་ཤེལ་ཕུག་གཏེར་བྱོན་མཁན་ཆེན་བོ་དྷི་ས་ཏཱའི་སྐུ་ཆོས། སྨན་ཤོད་འཛོམ་ནང་པདྨ་ཤེལ་ཕུག་གཏེར་བྱོན་མཁའ་འགྲོ་ཡེ་ཤེས་


JKT022_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་རྒྱལ་དང་ལོ་ཆེན་བེ་རོའི་དབུ་ལྗོན་བཅས། །བདུད་རྩི་ཆོས་སྨན་སོགས་གཏེར་གསར་དམ་རྫས་རིགས་ཕྱོགས་བསྡུས་ཀྱི་རིལ་བུ་མྱོང་གྲོལ་ཆེན་པོ་༼༥༽དངོས་གྲུབ་བྱེ་བའི་སྙིང་པོ་ལ། ཆམ་གཤིས་ན་བུན་རྫོང་གི་གཏེར་བྱོན་ཨོ་རྒྱན་རིན་པོ་ཆེའི་ཤངས་མཚལ། པཎ་ཆེན་བི་མ་མི་ཏྲའི་ཆོས་སྨན། ཁྲི་སྲོང་ལྡེའུ་བཙན་གདུང་རུས། འཛོམ་ནང་པདྨ་ཤེལ་ཕུག་གཏེར་བྱོན་མཁས་པ་ཤྲཱི་སི་ཧའི་ཆོས་སྨན། ནམ་མཁའ་མཛོད་ཀྱི་གཏེར་བྱོན་དམ་རྫས་སྡུག་བསྔལ་ཞི་བྱེད་འཁོར་བ་དོང་སྤྲུགས། སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པའི་གོང་མོ་འོག་མ་ནས་བཞེས་པའི་རིག་འཛིན་དགའ་རབ་རྡོ་རྗེའི་བདེ་ཆེན་ཡེ་ཤེས་སྐྱེད་པའི་བདུད་རྩིའི་ཕབ་རྒྱུན། དེའི་ཕྱི་ཐུམ་འཇམ་དཔལ་བཤེས་གཉེན་ཤེས་རབ་རིལ་བུ། ཨིནྡྲ་བྷུ་ཏིའི་རིན་ཆེན་རིལ་བུ། སངས་རྒྱས་གསང་བའི་རྡོར་སེམས་རིལ་བུ། ཐུགས་རྗེ་ཆེན་པོའི་མ་ཎི་རིལ་བུ། སྐྱེ་བདུན་སྐུ་ཤའི་རིལ་བུ། རིག་པའི་ཡེ་ཤེས་སྨན་གྱི་རིལ་བུ། རྒྱ་གར་རིག་འཛིན་བརྒྱད་ཀྱི་ཆོས་སྨན། མཁའ་འགྲོའི་བྲོ་རའི་དབུ་རྩེའི་བྲག་རྫོང་ནས་བཞེས་པའི་ཨོ་རྒྱན་རྗེ་ལྷོ འབངས་ཉེར་ལྔས་བསམ་ཡས་མཆིམས་ཕུར་བཀའ་བརྒྱད་ཀྱི་སྒོ་ནས་བསྒྲུབས་པའི་བདུད་རྩི་ཆོས་སྨན། སེང་ཕུ་སྨན་གྱི་རི་བོ་ནས་བཞེས་པའི་ཙནྡན་དཀར་དམར། གཏེར་ལྕིབས་ག་བུར་དང་ཅུ་གང་། འབུམ་


JKT022_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་ནས་སྤྱན་དྲངས་པའི་མངོན་རྫོགས་རྒྱལ་པོའི་སྨན་སྐུའི་ཆ་ཤས་དང་གཏེར་སྒྲོམ་ཚལ། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་རིལ་བུ། རྫ་རྒྱལ་གོ་བོ་ཕུག་ཏུ་ཨོ་རྒྱན་རྗེ་འབངས་སྟོང་རྩ་བཅས་ཀྱིས་འོག་མིན་ཚོགས་ཆེན་འདུས་པའི་སྒོ་ནས་བསྒྲུབས་པའི་བདུད་རྩི་ཆོས་སྨན་བདེ་ཆེན་རོལ་པ་ཁྱད་འཕགས་འབུམ་རྫོང་མཚོ་མོ་ནས་ཀླུ་སྨན་གྱིས་མངོན་སུམ་ཕུལ་བ། ཡེལ་ཕུག་ནས་བྱོན་པའི་དམ་རྫས་རོལ་པ་ཆེན་པོ། གླེ་ཐུ་ཀརྨའི་དཔལ་དེའུ་ནས་བཞེས་པའི་གཟི་བརྗིད་སྐྱེད་པ་སྐུའི་རིལ་བུ། ཚངས་དབྱངས་སྐྱེད་པ་གསུང་གི་རིལ་བུ། བདེ་ཆེན་སྐྱེད་པ་ཐུགས་ཀྱི་རིལ་བུ། མ་མོ་སྤྱི་བསྡུས་ཀྱི་གཏེར་སྒྲོམ་ཚལ། མཚོ་སྐེ་ནོར་བུ་སྤུན་གསུམ་ནས་སྐུ་ཚབ་དངོས་གྲུབ་དཔལ་འབར་དང་ལྷན་ཅིག་བཞེས་པའི་གི་ཝཾ། གོ་སྟོད་འོད་འབར་བྲག་ནས་སྐུ་ཚབ་ཐུགས་རྗེའི་ཆར་རྒྱུན་དང་ལྷན་ཅིག་བཞེས་པའི་སྐུ་ཚབ་ཀྱི་རྒྱུ། སིདྡྷི་རིལ་བུ་ཕྲིན་ལས་རོལ་པ། བུམ་སྒྲུབ་ཀྱི་གཏེར་ཤོག་ཕྱི་ཐུམ། རྡོ་རྗེ་ཅོད་ཕུག་གཏེར་བྱོན་ཨོ་རྒྱན་ཡབ་ཡུམ་གྱི་ཚེ་རིལ། ཡེལ་ཕུག་ནམ་མཛོད་འབུམ་རྫོང་ཤེལ་ཕུག་བཅས་ཀྱི་གཏེར་ལྕིབ་སིནྡྷ་ར། ཀརྨར་ཡང་ཕུར་སྒྲུབ་ཆེན་མཛད་སྐབས་ཀྱི་བུམ་ཆུ་རིལ་བུ། རྡུལ་ཚོན། གཏོར་མ་ལས་བབས་པའི་བདུད་རྩི་བཅས། དཔལ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོ་དང་འདབས་ཆགས་པའི་རྡོ་རྗེའི་ཁོར་ཡུག་ལྕང་ལོ་ཅན་གྱི་དགའ་ཚལ་


JKT022_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྤྲུལ་པའི་གཏེར་སྟོན་ཆེན་པོས་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང་། བཀའ་བརྒྱད་སྒྲུབ་ཆེན་སོགས་ཀྱི་སྐབས་སུ་བྱིན་གྱིས་བརླབས་པའི་འབྲུ་ཕྱེ་དང་བུམ་ཆུའི་རྒྱུན་གྱིས་ལེགས་པར་འཕྲོད་སྦྱར་ཞིང་བརྫིས་པའོ།། ༈ །།གཏེར་གསར་བྱིན་རྟེན་རིགས་ཐམས་ཅད་འདུས་པའི་རིལ་བུ་དམ་རྫས་གྲོལ་བ་བཞི་ལྡན༼༦༽ཡིད་བཞིན་ནོར་བུ་ནི། གོང་དུ་སྨོས་པའི་རིང་བསྲེལ་བཞི་དང་། ཆོས་སྨན་སོགས་དམ་རྫས་རིགས་ཕྱོགས་བསྡུས་ཀྱི་རིལ་བུ་བཅས་ཐམས་ཅད་འདུས་པ་དང་། ཐུགས་སྒྲུབ་དང་། བཀའ་བརྒྱད་ཀྱི་སྨན་འབྲུའི་ཕྱེ་མ་ལ། དེ་དག་གི་བུམ་ཆུ་དང་། བདག་ཅག་གིས་འོག་མིན་ཚོགས་ཆེན་འདུས་པ་ཐེག་དགུ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཆེན་པོར་བསྒྲུབས་པའི་བུམ་ཆུ་བཅས་སྦྱར་ནས་རིལ་བུར་འདུ་བགྱིས་པ་སྟེ། དེའང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་མ་གཏོགས་པའི་གཞན་ཐམས་ཅད་འབྲུ་ཕྱེ་ལ་བཟང་དྲུག་གཞི་བྱས། ཡུངས་འབྲུ་ལྟ་བུ་ལས་གཞན་ཐམས་ཅད་ལ་འབྲས་བུ་གསུམ་དང་བཟང་དྲུག་གིས་བུང་བསྐྱེད། སྐུ་གདུང་རིལ་བུའི་སྐྱོབས་སུ་ཤིང་ཀུན། ཀ་ཀོ་ལ། ཙི་ཏྲ་ཀ ཞོ་ཤ་རྣམ་གསུམ་བཅས་སྦྱར་ཏེ་གཙང་ལ་དག་པར་ས་ལུག་ཆོ་འཕྲུལ་ཟླ་བའི་གྲལ་ཚེས་དགེ་བ་ནས་བརྩམས་ཏེ། ཕུལ་དུ་བྱུང་བའི་དད་པ་དང་གཏོང་བའི་དཔལ་གྱིས་མངོན་པར་མཐོ་བའི་མི་དབང་ཆེན་པོའི་འདུན་ན་འདོན་ཨཱ་ནནྡ་གུ་ཎས་


JKT022_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་རྐྱེན་སྦྱར་ཞིང་། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་འཕྲུལ་དུ་རྡོ་རྗེའི་ལུང་གིས་ལན་གཅིག་མ་ཡིན་པར་བསྔགས་པ་མཁས་བཙུན་གྲུབ་པ་རྒྱ་མཚོའི་ཁྱུ་མཆོག་འཇམ་པའི་དབྱངས་བློ་གྲོས་མཐའ་ཡས་པའི་སྡེས་ཕྱག་གཞེས་ཀྱིས་གཏན་ལ་ཕབ་པས་འདུ་བྱས་ཏེ། ལུགས་བརྒྱའི་འདུན་ས་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲ་ཆེན་པོའི་སྒྲུབ་ཁང་བླ་བྲང་ཕན་བདེ་ཀུན་ཁྱབ་གླིང་ཞེས། མཁས་པ་དང་གྲུབ་པའི་སྐྱེས་ཆེན་བརྒྱུད་མར་བྱོན་པའི་དཔལ་ཨེ་ཝཾ་པའི་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་རྣམས་དང་། བསྟན་འཛིན་གྱི་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་བ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་། བཀྲ་ཤིས་དང་དགེ་མཚན་བྱེ་བས་བརྒྱན་པའི་གཟིམས་སྤྱིལ་དུ་རབ་བྱུང་བཅུ་བཞི་པའི་ས་ལུག་དབོ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་ནས་བརྩམས་ཏེ། བྲང་ཏི་མཁས་པའི་རིགས་འཁྲུངས། རྣམ་འདྲེན་སྲིད་ཞིའི་སྐྱབས་གཅིག་རྡོ་རྗེ་འཛིན་པ་ཆེན་པོ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་གཙོར་གྱུར། བདག་ཅག་འདུས་པ་རྣམས་ཀྱིས། ཟབ་གཏེར་གསར་པ་མཁའ་འགྲོའི་ཞལ་རླངས་མ་ཡལ་བ་བདེ་གཤེགས་ཞི་ཁྲོ་ཐམས་ཅད་འདུས་པའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང་། ཡང་ཟབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་ཟུང་དུ་འབྲེལ་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་དག་ཞལ་ཕྱེ་ཞིང་། མཆོག་


JKT022_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་གི་དངོས་གྲུབ་མངོན་དུ་བྱེད་པ་བསྙེན་པའི་ཡན་ལག །དངོས་གྲུབ་ཀྱི་ཐབས་སྟ་གོན་དུ་བྱ་བ་ཉེ་བར་བསྙེན་པའི་ཡན་ལག །དངོས་གྲུབ་ཀྱི་ཐབས་ལ་ནན་ཏན་དུ་བྱ་བ་སྒྲུབ་པའི་ཡན་ལག ཐབས་དེའི་འབྲས་བུ་ལ་སྦྱོར་བ་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། བསྙེན་སྒྲུབ་ཡན་ལག་བཞི་ལྡན་དང་ལྡན་པའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་སྒོ་ནས་ལེགས་པར་བསྒྲུབས་པ་འདིས་ཀྱང་བསྟན་པ་རིན་པོ་ཆེ་དང་འགྲོ་ཕན་བླ་ན་མེད་པ་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཤུ་བྷ་མསྟུ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སོ། །འདི་ནི་རྟེན་འདུས་ཁག་གི་ནང་དུ་གང་སེང་བའི་བྱིན་རྟེན་རིགས་ཀྱི་མཚན་ཐོ་རྐྱང་པ་མདོར་བསྡུས་པ་ཙམ་སྟེ། སོ་སོའི་ཁུང་དང་ཆེ་བརྗོད་སོགས་རེ་རེ་ནས་ཀྱང་མཐའ་ཀླས་པ་ཞིག་འབྱུང་བ་ནི། གཏེར་གཞུང་དམ་རྫས་ཀྱི་ལོ་རྒྱུས་དཀར་ཆག་རབ་འབྱམས་དང་། འཇམ་པའི་དབྱངས་བློ་གྲོས་མཐའ་ཡས་སོགས་ཟབ་གཏེར་རྒྱ་མཚོའི་མཛོད་ཀྱི་བདག་པོ་མཁས་གྲུབ་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་ལེགས་བཤད་ཀྱི་གཏམ་རྒྱ་ཆེན་སྤྲོ་བར་འགྱུར་བ་ལས་ཤེས་པར་བྱའོ།། །།མངྒ་ལཾ།། །།


previousགཏེར་གསར་དམ་རྫས་སོགས་རྟེན་རབ་འབྱམས་ཕྱོགས་བསྡུས་ཀྱི་བཞུགས་བྱང་གཞན་ལ་ཕན་པ་མཆོག་ཏུ་དགེ་བའི་དབྱངས་སྙན།next