Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
སྤོང་བ་བསམ་གཏན་པ་ལ་གདམས་པའི་གཏམ་ལམ་རིམ་བདུད་རྩིའི་སྙིང་པོ།
   
   
   
   
   
   


 
previousསྤོང་བ་བསམ་གཏན་པ་ལ་གདམས་པའི་གཏམ་ལམ་རིམ་བདུད་རྩིའི་སྙིང་པོ།next

སྤོང་བ་བསམ་གཏན་པ་ལ་གདམས་པའི་གཏམ་ལམ་རིམ་བདུད་རྩིའི་སྙིང་པོ།


JKT023_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སྤོང་བ་བསམ་གཏན་པ་ལ་གདམས་པའི་གཏམ། ལམ་རིམ་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །


JKT023_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །བཀའ་དྲིན་མཉམ་མེད་བླ་མ་ལ། །སྙིང་ནས་གུས་པས་ཕྱག་འཚལ་ནས། །ཟབ་མོའི་གདམས་པ་ཅུང་ཟད་དབྱེ། །གང་ཞིག་སྲིད་ལས་ངེས་འབྱུང་སྟེ། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །ཐོག་མ་ཁོ་ནར་ལམ་སྟོན་པའི། །བཤེས་གཉེན་མཉེས་པ་གསུམ་གྱིས་བསྙེན། །དེ་ཡིས་ཇི་ལྟར་འདོམས་པ་ཡི། །བླང་དོར་གནས་ལ་ཡིད་བརྟན་པས། །ཐོས་དང་བསམ་པའི་སྦྱོར་བ་ཡིས། །སྒོམ་བྱུང་ཤེས་རབ་སད་པར་བྱ། ཁས་བླངས་བསླབ་ལ་མི་འདའ་བས། །འགྱོད་པ་མེད་པའི་གནས་ཐོབ་ཅིང་། །དེ་ལས་བསམ་གཏན་རྩེ་གཅིག་དང་། །ཆོས་རབ་རྣམ་འབྱེད་སྐྱེ་ཞེས་གསུངས། །དེ་བས་བསླབ་པ་གསུམ་ཉིད་


JKT023_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དམན་དང་མཆོག་དང་ཁྱད་པར་གྱིས། །ཉན་རང་རྫོགས་བྱང་འབྲས་འབྱིན་པར། །མཐོང་ནས་ལྟ་སྤྱོད་དག་པར་བྱ། །ཐོག་མར་ལྷན་སྐྱེས་ཀུན་བརྟགས་ཀྱི། །བདག་དེ་རིག་པས་རྣམ་དཔྱད་ན། །གཅིག་དང་དུ་མའི་རང་བཞིན་གྱིས། །གྲུབ་པའི་དངོས་པོ་རྙེད་མི་འགྱུར། །བདག་གིར་གཟུང་བའི་ཡུལ་འདི་ཡང་། །རགས་དང་ཕྲ་དང་ཕྱོགས་ཀྱི་ཆས། །བཤིག་ན་རང་རང་འདོགས་བྱེད་ལ། །རྟོག་པས་བརྟགས་པ་ཙམ་དུ་ཟད། །དེར་འཛིན་ཤེས་པ་སྣ་ཚོགས་ཀྱང་། །རྨི་ལམ་ཡུལ་དང་ཡུལ་ཅན་བཞིན། །རྫུན་པ་ཉིད་ལ་ལྟོས་པའི་ཕྱིར། །བདེན་པའི་དངོས་པོ་ཇི་ལྟར་འགྲུབ། །གཉིས་མེད་ཡེ་ཤེས་མྱོང་བ་ཡང་། །དུས་གསུམ་ཕྲད་པའི་


JKT023_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་ཡིས། །སྐྱེ་འགགས་དབུས་སུ་འཛིན་མེད་པས། །སྤྲོས་པའི་ཕ་མཐས་ཐུག་མི་འགྱུར། །དགག་བྱའི་སྤྲོས་པ་མཐའ་དག་ཀྱང་། །གཟོད་ནས་རང་བཞིན་མ་དམིགས་ཕྱིར། །དེ་ཉིད་བཀག་པའི་སྤྲོས་བྲལ་ཡང་། །དོན་དུ་གྲུབ་པ་ཡོད་མ་ཡིན། །དེ་ལྟར་ཡུལ་ལ་དཔྱད་པ་ཡིས། །ཡུལ་ཅན་བརྗོད་བྲལ་གཉུག་མའི་ཀློང་། །བསམ་གྱིས་མི་ཁྱབ་ངལ་འཚོ་བ། །འདི་ནི་འཇོག་སྒོམ་ཉིད་དུ་བརྗོད། །ཚུལ་དེའི་རང་བཞིན་མ་རྟོགས་པའི། །རྨི་ལམ་ལྟ་བུའི་འགྲོ་ཀུན་ལ། །སྙིང་རྗེ་སྒྱུ་མའི་ངང་ཚུལ་གྱིས། །བྱང་ཆུབ་གོ་འཕང་བསྙེན་པ་ན། །མྱུར་དུ་ཡེ་ཤེས་མཆོག་ཐོབ་སླད། །ཐབས་ཀྱིས་ཁྱད་པར་གྱིས་ཕྱེ་བའི། །བླ་མེད་རྡོ་རྗེ་ཐེག་པ་ནི། །བློ་བཟང་རྣམས་ཀྱིས་དང་དུ་བླངས། །རྩ་རླུང་ཐིག་ལེ་ཡེ་ཤེས་ཁམས། །སྐུ་བཞིའི་འབྲས་བུར་སད་པའི་སླད། །རྒྱུ་དང་ལམ་གྱི་དབང་བཞི་ཡི། །ས་བོན་རྟག་ཏུ་གདབ་པར་རིགས། །དེ་རྐྱེན་བསྐྱེད་དང་རྫོགས་པ་དང་། །མཐུན་གྲོགས་སྔགས་ཀྱི་འདུལ་བ་སྟེ། །སྤྱོད་པའི་ཉེ་རྒྱུས་མཚམས་སྦྱར་བས། །ཟུང་འཇུག་གོ་འཕང་ཚེ་འདིར་རྙེད། །སྤྲོས་པའི་མཐའ་དང་མི་མཛའ་བའི། །སྟོང་ཉིད་རྟོགས་བྱེད་ཚད་མའི་བློ། །བདེ་ཆེན་ངོ་བོར་སོང་བ་ན། །འཁོར་འདས་དབྱེར་མེད་རང་མཚན་མཐོང་། །གང་ལས་རགས་པའི་སྒོ་གསུམ་པོ། །ལྷ་སྔགས་


JKT023_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུར་རབ་སྦྱངས་པས། །སྲིད་གསུམ་སྐྱེ་དང་འཇིག་པ་ཡི། །ཐ་མལ་འཁྲུལ་པ་ལྡོག་པར་ངེས། །དེར་འཛིན་ཞེན་པ་འབྱིན་པའི་སླད། །ཕྲ་བའི་རྩ་རླུང་ཐིག་ལེ་ལ། །གནད་དུ་བསྣུན་པའི་སྦྱོར་བ་ཡིས། །བདེ་ཆེན་ཡེ་ཤེས་དངོས་སུ་འདྲེན། །གང་ཚེ་བདེ་དང་སྟོང་པ་གཉིས། །ཟུང་འཇུག་ཤིན་ཏུ་ཕྲ་བ་ཡི། །སློབ་དང་མི་སློབ་འོད་གསལ་ལས། ཁ་སྦྱོར་བདུན་ལྡན་གོ་འཕང་འགྲུབ། །མདོར་ན་མང་དུ་སྨོས་ཅི་དགོས། །ཚེ་འདིའི་སྣང་ཤས་རབ་ལྡོག་ནས། །ཐར་པའི་གོ་འཕང་དོན་གཉེར་བ། །འདི་ནི་ལམ་རྣམས་ཀུན་གྱི་གཞི། །གནས་ལུགས་བདེན་མེད་རྟོགས་པ་དང་། །སྣང་ཚུལ་རྟེན་འབྱུང་མི་འགོགས་དང་། །ཡིད་ཅན་ཀུན་ལ་སྙིང་བརྩེ་བ། །འདི་ནི་ལམ་རྣམས་ཀུན་གྱི་དངོས། །དོན་དམ་གཉུག་མའི་ཡེ་ཤེས་ནི། །ཀུན་རྫོབ་བསྐྱེད་དང་རྫོགས་པ་ཡི། ཐབས་ཀྱི་རིམ་པ་རང་ཤར་བ། །འདི་ནི་ལམ་གྱི་ཁྱད་པར་ཆོས། །མཐར་ཐུག་བླ་མའི་རྣལ་འབྱོར་གྱིས། །ཐ་མལ་ཡུལ་དང་ཡུལ་ཅན་ཀུན། །མོས་གུས་ཕྱག་རྒྱ་ཆེན་པོར་ཤར། །འདི་ནི་ལམ་གྱི་སྲོག་ཤིང་ལགས། །ཨེ་མ་ཟབ་ཅིང་རྒྱ་ཆེའི་དོན། །ཅུང་ཟད་བརྗོད་པའི་ལེགས་བྱས་ཀྱིས། །རྒྱུ་དང་མི་རྒྱུའི་དངོས་པོ་ཀུན། །དྲྭ་བ་སྡོམ་པ་ཉིད་གྱུར་ཅིག །ཅེས་པའང་ཁྱབ་བདག་རྡོ་རྗེ་བཙུན་


JKT023_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཡེ་ཤེས་གཟིགས་པའི་བདུད་རྩིས་བློ་གྲོས་ཀྱི་པདྨོ་ཁ་བྱེ་བ་ལས་ཕྱི་ནང་རིག་པའི་གནས་དུ་མར་མི་འཇིགས་ཤིང་། སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་ཐེག་པ་མཆོག་གི་རྣལ་འབྱོར་པ་ཆོས་དབྱིངས་དཔལ་ལྡན་གྱིས་བཀའ་སྩལ་བ་དང་དུ་བླངས་ཏེ། ཤིན་ཏུ་མི་མཁས་ཤིང་མ་སྦྱངས་པའི་ཀུན་རྨོངས་ཀུན་ཏུ་རྒྱུ་འཇམ་དབྱངས་མཁྱེན་བརྩེས་དབེན་གནས་བྱང་ཆུབ་ཆོས་གླིང་དུ་གང་ཤར་ཤར་མར་བྲིས་པ་དགེ །སརྦ་དཱ་མངྒ་ལཾ།། ༈ །།སྤོང་བ་བསམ་གཏན་པ་ལ་གདམས་པའི་གཏམ། ལམ་རིམ་བདུད་རྩིའི་སྙིང་པོའི་འགྲེལ་ཆུང་ཚིག་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག །དཔལ་ལྡན་བླ་མར་གུས་བཏུད་ནས། །རང་གིས་ཇི་ལྟར་གདམས་པའི་དོན། །སླར་ཡང་སྙིང་པོར་དྲིལ་ཏེ་དབྱེ། །འདི་ལ་གསུམ། རྩོམ་པ་ལ་ཀླུའཇུག་པ་ཀླད། བརྩམས་པར་བྱ་བ་གཞུང་། རྩོམ་པར་མཐར་ཕྱིན་པར་མཇུག་གི་དོན་ནོ། །དང་པོ་ལའང་གཉིས་ཏེ། མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བའོ། །དང་པོ་ནི། སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །ཞེས་སོགས་སྨོས་ཏེ། །སྲས་ཏེ་བྱང་ཆུབ་སེམས་དཔའ་དང་བཅས་པའི་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་བདག་


JKT023_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། འགྲོ་བ་སྒྲོལ་བའི་སླད་དུ་གདུལ་བྱ་རང་རང་དང་རིགས་མཐུན་པའི་སྐུར་སྣང་བས། གསུང་གིས་དངོས་སུ་ལམ་བདེན་གྱི་ཆོས་འདོམས་ཤིང་། དེས་འགོག་བདེན་གྱི་འབྲས་བུ་ལ་སྦྱོར་བས་སངས་རྒྱས་ལས་ཀྱང་བཀའ་དྲིན་གྱི་སྒོ་ནས་ཆེས་ཆེར་ལྷག་པས་ན་གང་དང་མཉམ་པ་འགའ་ཡང་མེད་པའི་ཕྱིར། རང་ལ་ལམ་སྟོན་བླ་མ་རྣམས་ལ་ཁ་ཙམ་མ་ཡིན་པར་སྙིང་ནས་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཞེས་པའི་དོན་ཏེ། ནས། ཞེས་པ་ནི། ལྷག་མ་འདྲེན་པའི་ཚིག་སྟེ། ཕྱག་འཚལ་ནས་བཤད་པར་བྱའོ། །ཞེས་འབྲེལ་ཏོ། །གཉིས་པ་ནི། ཟབ་མོའི་གདམས་པ་ཅུང་ཟད་དབྱེ་། །ཞེས་སྨོས་ཏེ། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཡ་གྱལ་ཟབ་མོ་སྟོང་པ་ཉིད་དང་། སྔགས་ཀྱི་ཐབས་ཟབ་མོ་དག་བརྗོད་བྱའི་གཙོ་བོར་བྱས་ནས་ཚིག་ཉུང་ལ་དོན་སྙིང་པོར་དྲིལ་བའི་ཚུལ་གྱིས་གདམས་པའི་གནད་འགའ་ཞིག་ཅུང་ཟད་དབྱེ་བར་བྱའོ། །ཞེས་པའི་དོན་ཏོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། མདོར་བསྡུས་པའོ། །དང་པོ་ལའང་གཉིས་ཏེ། །ཐུན་མོང་ཕ་རོལ་ཏུ་ཕྱིན་པའི་ལམ་དང་། ཁྱད་པར་སྔགས་ཀྱི་ལམ་ལ་སློབ་པའི་ཚུལ་ལོ། །དང་པོ་ལའང་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང་། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་ཚུལ་གཉིས་


JKT023_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ནི། གང་ཞིག་སྲིད་ལས་ངེས་འབྱུང་སྟེ། །ཞེས་སོགས་སྨོས་ཏེ། དེའང་བློ་གྲོས་དང་ལྡན་པའི་སྐྱེ་བོ་གང་ཞིག །སྲིད་པ་འཁོར་བའི་གནས་ལས་ངེས་པར་འབྱུང་སྟེ། མཐའ་གཉིས་ལ་མི་གནས་པ་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་འདོད་པ་ན། ཐོག་མ་ཁོ་ནར་ངེས་པར་འབྱིན་པའི་ལམ་ཚུལ་བཞིན་སྟོན་པ་ལ་མཁས་ཤིང་། ཐེག་པ་སོ་སོའི་གཞུང་ལས་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་ཞིག་འབད་པས་བཙལ་ནས། ནམ་ཞིག་རྙེད་པ་ན། རབ་སྒྲུབ་པ། འབྲིང་ལུས་ངག་གི་ཞབས་ཏོག །ཐ་མ་ཟང་ཟིང་གི་མཆོད་པ་སྟེ་མཉེས་པ་གསུམ་གྱིས་བསྙེན་ཅིང་བཀུར་བར་བྱའོ། །གཉིས་པ་ལ་གཉིས་ཏེ། ལམ་སྤྱིར་བསླབ་པའི་ཚུལ་དང་། བྱེ་བྲག་ཏུ་བསླབ་པའི་ཚུལ་ལོ། །དང་པོ་ནི། དེ་ཡིས་ཇི་ལྟར་འདོམས་པ་ཡི། ༈ །སོགས་སྨོས་ཏེ། དེ་ལྟར་བཤེས་གཉེན་བསྟེན་པའི་རྗེས་སུ་བཤེས་གཉེན་དེ་ཡིས་ཇི་ལྟར་འདོམས་པ་ལ་མཉན་ནས་དེ་ཡི་དོན་གྱི་སྙིང་པོར་དལ་འབྱོར་གྱི་རྟེན་རྙེད་དཀའ་ཞིང་། རགས་པ་དངོས་དང་ཕྲ་བ་རྒྱུན་གྱིས་མི་རྟག་པས་འཇིག་སླ་བའི་ཚུལ་དང་། འཆི་བའི་ཚེ་ལས་འབའ་ཞིག་གི་རྗེས་སུ་འབྲངས་ཏེ་ཁམས་གསུམ་གྱི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པས།


JKT023_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དེ་གང་གིས་འགོག་པར་བྱེད་པ་ལམ་བསླབ་པ་གསུམ་ཚུལ་བཞིན་དུ་བླངས་ནས་ནན་ཏན་དུ་བྱ་བ་དང་། སྡུག་བསྔལ་དེ་གང་ལས་འབྱུང་བའི་གཞི་ལས་དང་ཉོན་མོངས་པའི་ཀུན་འབྱུང་དོར་ཞིང་སྤང་བའི་ཚུལ་ལ་མཁས་པ་སྟེ་བདེན་པ་བཞིའི་གནས་ལ་ཡིད་བརྟོན་པས། འགོག་བདེན་མངོན་དུ་བྱ་བ་ལ་སྒོམ་བྱུང་གི་ཤེས་རབ་སྐྱེ་དགོས་ཤིང་། དེ་ལའང་ཐབས་བསྒོམ་པ་དང་། དེའི་སྔོན་དུ་བསམ་པ་དང་། ཐོས་པ་དག་རིམ་བཞིན་དུ་འགྲོ་བས་མེད་ན་མི་འབྱུང་གི་འབྲེལ་གྲུབ་པའི་ཕྱིར། དང་པོར་མིང་གི་རྗེས་སུ་འཇུག་པའི་ཐོས་པ་དང་། དེ་ནས་དོན་སྤྱིའི་རྗེས་སུ་འཇུག་པའི་བསམ་པའི་སྦྱོར་བ་དག་ལ་རིམ་བཞིན་དུ་འཇུག་པའི་བློ་གྲོས་རྣམ་པར་དག་པ་དེ་ཡིས་བསམ་བྱུང་གི་ཤེས་རབ་ཟབ་མོས་ཇི་ལྟར་གཏན་ལ་ཕབ་པའི་དོན་རྣམས་དཔྱད་མཐར་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ལ་གོམས་པས་དོན་རང་གི་རྗེས་སུ་བསླབ་པའི་བསྒོམས་པ་ལས་བྱུང་བའི་ཤེས་རབ་སད་པར་བྱའོ། །གཉིས་པ་ལ་གཉིས་ཏེ། ལམ་ཐམས་ཅད་བསླབ་པ་གསུམ་དུ་བསྡུ་བའི་ཚུལ་དང་། དེ་ཡང་ལྟ་སྤྱོད་གཉིས་ཀྱི་སྒོ་ནས་དག་པར་བྱ་བའི་ཚུལ་ལོ། །དང་པོ་ནི། ཁས་བླངས་བསླབ་ལས་མི་འདའ་བས། །ཞེས་སོགས་སྨོས་ཏེ། དེ་ཡང་མདོ་སྡེ་དག་ལས། དགེ་སློང་དག་ཚུལ་ཁྲིམས་གོམས་


JKT023_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པས་ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་གོམས་པར་བྱས་པས་ཤེས་རབ་སྐྱེ་བར་འགྱུར་རོ། །ཞེས་པའི་གོ་རིམ་ལྟར། ཐོག་མར་ཐོས་བསམ་གྱིས་འདུལ་བའི་སྡེ་སྣོད་གཏན་ལ་ཕབ་པའི་སྙིང་པོ། སོ་བྱང་གི་སྡོམ་པ་ཇི་ཙམ་ཁས་བླངས་པ་དེ་ཙམ་གྱི་བསླབ་པའི་གནས་བཤད་པ་མཐའ་དག་ལ་མི་འདའ་བར་བྱས་ཏེ་ཚུལ་བཞིན་དུ་བསྲུངས་བས། སེམས་རྒྱུད་ལ་ཉེས་ལྟུང་གི་དྲི་མས་མ་གོས་པའི་ཕྱིར་འགྱོད་པ་མེད་པའི་གནས་ཐོབ་ཅིང་། དེས་སེམས་ལས་སུ་རུང་བ་ལས་མདོ་སྡེའི་སྡེ་སྣོད་ཀྱིས་གཙོ་བོར་བསྟན་བྱའི་སྙིང་པོ་ཞི་ལྷག་གི་ཏིང་ངེ་འཛིན་སྒོ་དུ་མ་ལ་འཇུག་ཅིང་ལྡང་བའི་བསམ་གཏན་རྩེ་གཅིག་པ་དང་། མངོན་པའི་སྡེ་སྣོད་ཀྱིས་གཙོ་བོར་བསྟན་བྱའི་སྙིང་པོ་བསྒོམས་པ་ལས་བྱུང་བའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཁྱད་པར་ཅན་སྐྱེ་ཞེས་མདོ་དང་བསྟན་བཅོས་རྣམས་ལས་རྒྱ་ཆེར་གསུང་ཞིང་། དེ་སྐད་དུའང་སློབ་དཔོན་ཀླུས། ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང་། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་བྱ་སྟེ། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་གཅིག་ཀྱང་། །གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་


JKT023_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བས་བསླབ་པ་གསུམ་ཉིད་ལ། །ཞེས་སོགས་སྨོས་ཏེ། རྒྱུ་མཚན་དེ་ལྟ་བས་ན། སྤྱིར་བཏང་ཐེག་པ་ཆེ་ཆུང་གང་ཡིན་རུང་སྟེ། ལམ་བསླབ་པ་གསུམ་དེ་ཉིད་ལ་ནན་ཏན་སྙིང་པོར་བྱ་བ་གཞིར་བཞག་ནས། བྱེ་བྲག་བསམ་པ་དམན་པ་རང་དོན་དང་། མཆོག་གཞན་དོན་དང་། ཁྱད་པར་གཞན་གྱི་དོན་དེའང་མྱུར་བར་མྱུར་བར་འགྲུབ་པར་འདོད་པའི་བྱེ་བྲག་གིས། དམན་པ་ཉན་རང་དགྲ་བཅོམ་དང་། མཆོག་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་དང་། དེ་ཉིད་ཀྱང་ཚེ་འདི་ཁོ་ན་ལ་སོགས་པ་དུས་ཐུང་ངུས་འགྲུབ་པའི་ཕྱིར་ན་འབྲས་བུ་སོ་སོར་འབྱིན་པ་དང་། དེའི་རྒྱུ་མཚན་ཡང་གང་ཟག་གི་བདག་མེད་ཙམ་རྟོགས་པ་དང་། ཆོས་ཐམས་ཅད་བདག་མེད་དུ་རྟོགས་པ་དང་། ཆོས་ཐམས་ཅད་བདེན་པ་གཉིས་དབྱེར་མེད་དུ་རྟོགས་པའི་ལྟ་བས་ཁྱད་པར་དུ་བྱས་པ་མཐོང་ནས། ཐོག་མར་ལྟ་བ་རྣམ་པར་དག་པའི་ཚུལ་གཏན་ལ་ཕབ་ནས། ལྟ་བ་དེའི་རྩིས་ཟིན་པའི་སྒོ་ནས་སྤྱོད་པ་རྣམ་པར་དག་པ་ལ་བསླབ་པར་བྱ་སྟེ། མདོ་སྡུད་པ་ལས། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། ། ཞེས་སོགས་ཕར་ཕྱིན་གཞན་ཐམས་ཅད་ཀྱི་སྔོན་དུ་ཤེས་རབ་ཉིད་འགྲོ་དགོས་པར་བསྟན་པ་དང་། སློབ་དཔོན་འཕགས་པས། ཚུལ་ཁྲིམས་ལས་ནི་ཉམས་སླ་ཡི། །ལྟ་ལས་དེ་ལྟ་མ་ཡིན་ནོ། །ཚུལ་


JKT023_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ལས་ནི་མཐོ་རིས་དང་། །ལྟ་ལས་གོ་འཕང་མཆོག་ཏུ་འགྱུར། །ཞེས་རྒྱུ་མཚན་དང་བཅས་ཏེ་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ལྟ་བ་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དག་པར་བྱ་བའི་ཚུལ་ལོ། །དང་པོ་ལའང་། གང་ཟག་གི་བདག་མེད་གཏན་ལ་འབེབས་ཚུལ་དང་། ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་གཉིས་ལས། དང་པོ་ནི། ཐོག་མར་ལྷན་སྐྱེས་ཀུན་༧བརྟག་གི །སོགས་སྨོས་ཏེ། དེ་ཡང་ལྟ་བ་རྣམ་པར་དག་པར་བྱ་བ་ལ། ཐོག་མར་འཇིགས་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་དང་། ལྟ་ལོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་འཇིག་རྟེན་ན་ལྟ་བ་རྣམ་པར་མ་དག་པ་གང་ཇི་སྙེད་ཅིག་མཆིས་པ་དེ་ཐམས་ཅད་ཀྱི་ཕྱི་མོར་གྱུར་པ་གང་ཟག་གི་བདག་ཏུ་འཛིན་པ་ཉིད་དགག་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་ངའོ་སྙམ་པའི་ལྷན་སྐྱེས་དང་། མུ་སྟེགས་པ་རྣམས་ཀྱིས་དེ་ཉིད་རྟག་པ་དང་། གཅིག་པུ་དང་། རང་དབང་ཅན་སོགས་སུ་འདོད་པའི་ཀུན་བརྟགས་ཀྱི་བདག་དེ་དག་རིག་པས་རྣམ་པར་དཔྱད་པ་ལ་ཞུགས་པ་ན། རང་བཞིན་གྱིས་གྲུབ་ན་ཕུང་པོ་དང་།གཅིག་དང་དུ་མ་གང་རུང་དུ་གྲུབ་དགོས་ལ། གཅིག་ཏུ་གྲུབ་ན་ཕུང་པོ་ལྔ་ཡོད་པ་བཞིན་དུ་བདག་ལྔ་ཡོད་པར་འགྱུར་བ་དང་། བདག་དང་ཕུང་པོ་ཞེས་པར་བླང་བྱ་དང་། ལེན་པ་པོར་མི་འཐད་པར་


JKT023_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དང་། དུ་མར་གྲུབ་ན། ཕུང་པོ་ལྔ་སོ་སོར་བསལ་བའི་འོག་ཏུ་ང་ཞེས་རྫས་གཞན་པ་ཞིག་ཡོད་དགོས་ལ། དེ་མེད་པའི་ཕྱིར། ཐ་སྙད་དུ་ཕུང་པོ་ལ་བརྟེན་ནས་ང་ཞེས་བཏགས་པ་ཙམ་མ་གཏོགས། དོན་དམ་པར་རང་བཞིན་གྱིས་གྲུབ་པ་མེད་པའི་ཚུལ་ལ་ངེས་ཤེས་བསྐྱེད་པས་མཚོན། རིགས་ཚུལ་དུ་མས་གཏན་ལ་ཕབ་པས་བདག་རང་བཞིན་གྱིས་གྲུབ་པའི་དངོས་པོ་རྙེད་པར་མི་འགྱུར་རོ། །གཉིས་པ་ལ་གཟུང་བ་དང་། འཛིན་པ་དང་། གཉིས་མེད་ཀྱི་ཡེ་ཤེས་དང་། འཛིན་པ་ཐམས་ཅད་བཀག་པའི་ཚུལ་དང་བཞི་ལས། དང་པོ་ནི། བདག་གིར་གཟུང་བའི་ཡུལ་འདི་ཡང་། །ཞེས་སོགས་སྨོས་ཏེ། བདག་དེ་ཉིད་ཀྱིས་བདག་གིར་གཟུང་བའི་ཕྱི་སྣོད་བཅུད་དང་། ནང་ཕུང་ཁམས་ལ་སོགས་པའི་ཡུལ་ཇི་སྙེད་པ་གསལ་བར་མཐོང་བ་འདིའང་། རགས་པ་རྣམས་ནི་རྡུལ་ཕྲན་མང་དུ་འདུས་པ་ལས་བྱུང་བའི་ཕྱིར་བདེན་པར་མ་གྲུབ་པ་དང་། ཕྲ་བ་རྡུལ་ཕྲན་དེའང་རྡུལ་ཕྲན་ཆ་མེད་དུ་མ་འདུས་པ་ལས་བྱུང་བ་དང་། རྡུལ་ཕྲན་ཆ་མེད་དེའང་ཕྱོགས་བཞི་སྟེང་འོག་གཉིས་ཀྱི་ཆ་སྟེ་འབྱར་ཆ་མེད་ན་རགས་པ་བརྩམ་མི་ནུས་ཤིང་། ཆ་ཤས་དྲུག་ཡོད་ན་རྡུལ་ཕྲན་ཆ་མེད་ཀྱི་དམ་བཅའ་ཉམས་པར་འགྱུར་བས་ནས། དེ་ལྟར་རིག་པས་བཤིགས་ན་ཆོས་རང་རང་ལ་དེ་དང་དེར་


JKT023_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་བྱེད་ཀྱི་མཚན་ཉིད་ལ་རྟོག་པས་ཕར་བཏགས་པ་ཙམ་དུ་ཟད་ཀྱི། དོན་རང་གི་ངོས་ནས་རྡུལ་ཙམ་ཡང་གྲུབ་པ་མེད་དེ། དཔེར་ན་ཀ་བ་ལྟ་བུ་ལའང་དོན་རང་གི་ངོས་ནས་ཀ་བར་གྲུབ་ན། ཀ་བ་མ་གྲུབ་པའི་སྔ་ལོགས་ལྗོན་པའི་དུས་ནས་ཀ་བ་ཞེས་པའི་བློ་སྐྱེས་དགོས་ཀྱང་དེ་ལྟར་མི་སྐྱེ་བའི་ཕྱིར་དང་། ཕྱིས་གདུང་འདེགས་ནུས་པའི་དོན་བྱེད་ནུས་པ་ན་ཀ་བ་ཞེས་གློ་བུར་དུ་བཏགས་པས་མཚོན་ཡུལ་ཐམས་ཅད་ལའང་དེ་ལྟར་ཤེས་པས་བདེན་འཛིན་འཇིག་པར་བྱའོ། །གཉིས་པ་ནི། དེར་འཛིན་ཤེས་པ་སྣ་ཚོགས་ཀྱང་། །ཞེས་སོགས་སྨོས་ཏེ། ཡུལ་དེ་རྣམས་ལ་དེར་འཛིན་པའི་ཤེས་པ་སྣ་ཚོགས་པར་འཆར་བ་འདི་དག་ཀྱང་། རེ་ཞིག་ཕྱི་རོལ་གྱི་ཡུལ་ཉིད་ལ་བརྟེན་ནས་བྱུང་བས་ན་བདེན་པར་མ་གྲུབ་སྟེ། དཔེར་ན་རྨི་ལམ་དུ་ཡུལ་རི་རབ་ཁང་ཁྱིམ་སོགས་སྣ་ཚོགས་སུ་སྣང་བ་རྣམས་རྫུན་པ་དང་། རྒྱུ་མཚན་དེས་དེར་འཛིན་པའི་རྨི་ལམ་གྱི་ཡུལ་ཅན་ཤེས་པའང་རྫུན་པ་ལས་མ་འདས་པ་བཞིན། ཡུལ་རང་བཞིན་མ་གྲུབ་པའི་རྫུན་པ་ཉིད་ལ་ལྟོས་པའི་ཕྱིར། ཡུལ་ཅན་ཤེས་པ་ཉིད་ཀྱང་བདེན་པའི་དངོས་པོ་ཇི་ལྟར་འགྲུབ་སྟེ་འགྲུབ་པར་མི་འགྱུར་རོ། །གསུམ་པ་ནི། གཉིས་མེད་ཡེ་ཤེས་མྱོང་བ་ཡང་། །ཞེས་སོགས་སྨོས་ཏེ། དེ་ལྟ་བུའི་ཡུལ་དང་ཡུལ་ཅན་དག་བདེན་པར་མ་གྲུབ་


JKT023_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། གཟུང་འཛིན་གཉིས་མེད་ཡེ་ཤེས་རང་རིག་རང་གསལ་ཉིད་མངོན་སུམ་ཉམས་སུ་མྱོང་བའི་ཕྱིར་དེ་ཙམ་ཞིག་བདེན་པར་གྲུབ་བོ་སྙམ་ན། དེའང་བདེན་པར་མ་གྲུབ་སྟེ། དུས་གསུམ་གྱི་རང་བཞིན་དུ་མ་གྲུབ་པའི་ཕྱིར། འདི་ལྟར་གཉིས་མེད་ཡེ་ཤེས་ཀྱི་དེ་ལས་འདས་པ་དང་། ད་ལྟ་དང་མ་འོངས་པའི་དུས་ཀྱི་ཆ་གསུམ་དུ་ཕྱེ་ནས། དེ་གསུམ་ཕྲད་དམ་མ་ཕྲད། ཕྲད་ན་སྐད་ཅིག་མ་གཅིག་ཏུ་འགྱུར་བས་ཆ་ཤས་ཀྱི་དམ་བཅའ་ཉམས་ལ། མ་ཕྲད་ན་སོ་སོར་འབྲེལ་མེད་དུ་གནས་པའི་ཕྱིར། འདས་པ་ནི་འགགས་ཟིན་པས་དངོས་པོར་མི་རུང་། མ་འོངས་པ་ནི་མ་སྐྱེས་པའི་ཕྱིར་དངོས་པོར་མི་རུང་། ད་ལྟར་བ་ནི་དབྱིབས་དང་ཁ་དོག །དངོས་པོ་དང་དངོས་མེད། གཅིག་དང་དུ་མ་སོགས་གང་གི་དངོས་པོར་གྲུབ་རིགས་པའི་ཚུལ་དུ་མ་ཡིས་དཔྱད་ཀྱང་མི་རྙེད་པའི་ཕྱིར་དངོས་པོར་མི་རུང་བ་དང་། གཞན་ཡང་དེ་ཡོད་པར་རྟོགས་བྱེད་ཀྱི་ཚད་མ་སེམས་བྱུང་ཡིན་ནམ། སེམས་ཡིན། དང་པོ་ལྟར་ན། སེམས་བྱུང་རྫུན་པར་སྔར་གཏན་ལ་ཕབ་ཟིན་པས། ཡུལ་ཅན་རྫུན་པས་ཡུལ་བདེན་པ་མཐོང་དུ་མི་རུང་ལ། ཕྱི་མ་ལྟར་ན། སེམས་གཅིག་པུ་གཞལ་བྱ་དང་འཇལ་བྱེད་གཉིས་ཀར་སོང་བས་མི་འཐད་པ་དང་། དེར་མ་ཟད་གཉིས་མེད་ཡེ་ཤེས་དེ་ངེས་པར་བདེན་གྲུབ་ཏུ་ཡོད་ན་


JKT023_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ལས་སྐྱེ་དགོས་པས། རྒྱུ་ཞིག་པ་ལས་སྐྱེས་སམ། མ་ཞིག་པ་ལས་སྐྱེས། དང་པོ་ལྟར་ན། ཞིག་པ་དངོས་མེད་ཡིན་པས་དངོས་པོ་སྐྱེ་མི་སྲིད་པ་དང་། ས་བོན་འགགས་ཟིན་པའི་ཕྱིར་རྒྱུར་མི་འགྱུར་ལ། ཕྱི་མ་ལྟར་ན། རང་རྒྱུ་མ་ཞིག་བཞིན་དུ་འབྲས་བུ་བསྐྱེད་ན་རྒྱུ་འབྲས་ཀྱི་རྣམ་པར་དབྱེ་བ་དོན་མེད་དུ་ཐལ་བའི་ཕྱིར་དང་། སྐྱེད་བྱེད་དང་བསྐྱེད་བྱ་མི་འཐད་པའི་ཕྱིར་རོ། །དེ་ལྟར་དང་པོར་སྐྱེ་བ་མེད་ན། མཐར་འགག་པ་མི་སྲིད་ལ། དེ་གཉིས་མེད་ན་དབུས་སུ་གནས་པའང་མི་སྲིད་དེ། དེ་དང་དེ་ནི་ཕན་ཚུན་ལྟོས་ཏེ་གྲུབ་པའི་ཕྱིར། སྐྱེ་འགག་དབུས་སུ་འཛིན་པ་ལྷར་སྣང་བའང་བློ་འཁྲུལ་པའི་ངོར་ཡིན་གྱི། དོན་དུ་བདེན་པར་མ་གྲུབ་པས་རང་བཞིན་མེད་པ་ཡིན་ནོ། །འོ་ན་མེད་པ་དེ་ཙམ་གནས་ལུགས་ཡིན་ནམ་སྙམ་ན། མ་ཡིན་ཏེ། མེད་པ་ནི་ཡོད་པ་ལ་ལྟོས་དགོས་པའི་ཕྱིར། གཟོད་མ་ནས་ཡོད་མ་མྱོང་བའི་མེད་པ་ཇི་ལྟར་འགྲུབ། ཡོད་མེད་གཉིས་ཀ་ནི་དེ་བས་ཀྱང་གནས་ལུགས་མ་ཡིན་ཏེ། དེ་གཉིས་ཕན་ཚུན་རྫས་འགལ་བས་གཞི་གཅིག་ཏུ་ཡོད་མེད་གཉིས་གྲུབ་ མི་སྲིད་པ་དང་། སྔར་བཤད་པའི་རིགས་པ་ཐམས་ཅད་ཐོག་ཏུ་འབབ་པར་འགྱུར་བའི་ཕྱིར་རོ། །ཡོད་མེད་གཉིས་ཀ་མ་ཡིན་པའི་ཕུང་པོ་གསུམ་པ་ནི་ཤེས་བྱ་ལ་མི་སྲིད་པས། དེ་ལྟར་ན་རིགས་ཚུལ་།


JKT023_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོས་ཇི་ལྟར་དཔྱད་ཀྱང་སྤྲོས་པའི་ཕ་མཐས་ནམ་ཡང་ཐུག་པར་མི་འགྱུར་ཏེ། ཡུལ་རང་ངོས་ནས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །བཞི་པ་ལ། འཛིན་པ་ཐམས་ཅད་འགོག་པའི་ཚུལ་དང་། དཔྱད་མཐར་མཉམ་པར་བཞག་པའི་ཚུལ་ཏེ་གཉིས་ལས། དང་པོ་ནི། དགག་བྱའི་སྤྲོས་པ་མཐའ་དག་ཀྱང་། །ཞེས་སོགས་སྨོས་ཏེ། མཐར་ཐུག་དཔྱོད་པའི་རིག་ཤེས་ཚད་མའི་ངོར། དགག་བྱའི་སྤྲོས་པ་ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་མཐའ་དག་ཀྱང་བྱེ་བྲག་རེ་རེ་ནས་བདེན་པར་མ་གྲུབ་སྟེ། སྔར་སྨོས་པའི་རིགས་པས་དཔྱད་ན་གཟོད་མ་ནས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། དེ་བཞི་ཀ་ཚོགས་པའི་སྤྲོས་པ་སྤྱི་ཙམ་དེ་ཉིད་ཀྱང་བདེན་པར་མ་གྲུབ་སྟེ། རྩོམ་གཞི་བྱེ་བྲག་པ་མེད་པའི་ཕྱིར། དེ་ལྟ་བས་ན་སྤྱི་དང་བྱེ་བྲག་གཉིས་ཀའི་སྤྲོས་པ་ཐམས་ཅད་བདེན་པར་མེད་པས། དེ་བཀག་པའི་གྲུབ་དོན་སྤྲོས་བྲལ་སྤྱི་ཙམ་དེའང་བདེན་པར་མ་གྲུབ་སྟེ། མེད་པ་བཀག་པས་ཡོད་པ་འགྲུབ་མི་སྲིད་པའི་ཕྱིར་ན། དོན་དུ་སྤྲོས་བྲལ་ཉིད་ཀྱང་རང་བཞིན་གྱིས་གྲུབ་པ་ཡོད་པ་མ་ཡིན་པས། གཟུང་འཛིན་ཐམས་ཅད་དང་བྲལ་བའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་དུ་བློ་ཡི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཚུལ། སློབ་དཔོན་ཀླུས།


JKT023_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་དང་། མགོན་པོ་ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལ་སོགས་པས་མཚོན་ཏེ་རྒྱ་ཆེར་གསུངས་སོ། །མདོར་ན་ཆོས་ཐམས་ཅད་སྣང་ལུགས་ཀུན་རྫོབ་ཀྱི་ངོས་ནས་རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་ལས་སྐྱེས་པའི་ཕྱིར་མེད་པ་མ་ཡིན་ལ། གནས་ལུགས་དོན་དམ་གྱི་ངོས་ནས་རྐྱེན་ལས་སྐྱེས་པའི་ཕྱིར་ཡོད་པ་མ་ཡིན་ཏེ། གཞི་གྲུབ་ན་རྟེན་འབྲེལ་གྱིས་ཁྱབ་ཅིང་། རྟེན་འབྲེལ་ལ་སྟོང་ཉིད་ཀྱིས་ཁྱབ་པའི་ཕྱིར། སྣང་སྟོང་ཚོགས་པ་ཟུང་དུ་འཇུག་པའི་ཚུལ་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རགས་ལས་གང་དེ་སྟོང་པ་ཉིད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང་། སློབ་དཔོན་ཀླུས། གང་ཞིག་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པས། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་ན་རིམ་བཞིན་ཉན་ཐོས་བྱེ་མདོ་དང་། སེམས་ཙམ་དང་། དབུ་མ་རང་རྒྱུད་པ་དང་། ཐལ་འགྱུར་བ་


JKT023_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་བཞེད་པ་མདོ་ཙམ་སྨོས་ནས། གཉིས་པ་ནི། དེ་ལྟར་ཡུལ་ལ་དཔྱད་པ་ཡིས། །ཞེས་སོགས་སྨོས་ཏེ། དེ་ལྟར་རིགས་ཚུལ་གྱི་རྣམ་གྲངས་དུ་མས་རང་གི་གཞལ་བྱར་གྱུར་བའི་ཡུལ་རྣམས་ལ་རིམ་བཞིན་དུ་དཔྱད་པ་ཡིས། ནམ་ཞིག་གི་ཚེ་ཡུལ་རང་ངོས་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་བསམ་གྱིས་མི་ཁྱབ་པའི་ཚེ་ན། ཡུལ་ཅན་དཔྱོད་བྱེད་ཉིད་ཀྱང་བསམ་བརྗོད་ཐམས་ཅད་དང་བྲལ་བའི་ཚུལ། དཔེར་ན་བུད་ཤིང་ཟད་པ་ན་མེ་ཟད་པ་བཞིན་ཏེ། དེ་སྐད་དུའང་མགོན་པོ་ཞི་བ་ལྷས། དཔྱད་བྱ་རྣམ་པར་དཔྱད་བྱས་ནས། །རྣམ་དཔྱོད་ལ་ནི་རྟེན་ཡོད་མིན། །རྟེན་མེད་ཕྱིར་ན་མི་སྐྱེ་སྟེ། དེ་ཡང་མྱ་ངན་འདས་པར་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་དཔྱད་པའི་མཐར་གཉུག་མ་སྟེ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཀློང་དུ་བློ་ཡི་འཇུག་པ་གཞན་ཐམས་ཅད་དང་བྲལ་བའི་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཀྱི་ངང་དུ་ངལ་འཚོ་བ་སྟེ་མ་གཡོས་པར་བཞག་པ་ན། སེམས་སེམས་བྱུང་གི་སྤྲོས་པ་མཐའ་དག་ཉེ་བར་ཞི་བ་འདི་ནི་འཇོག་སྒོམ་ཉིད་དུ་བརྗོད་པའི་ཚུལ། འཕགས་པ་བྱམས་པས། འདི་ལ་བསལ་བར་བྱ་བ་དང་། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་


JKT023_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་སྤྱོད་པ་རྣམ་པར་དག་པའི་ཚུལ་ནི། ཚུལ་དེའི་རང་བཞིན་མ་རྟོགས་པའི། །ཞེས་སོགས་སྨོས་ཏེ། ཚུལ་དེ་ལྟ་བུའི་རང་བཞིན་ཟབ་མོ་སྟོང་པ་ཉིད་མ་རྟོགས་པར། དངོས་པོ་དང་མཚན་མར་ཞེན་པའི་བློས་ཆགས་སྡང་རྨོངས་གསུམ་གྱི་ལས་བསགས་ནས། ཕ་མཐའ་མེད་པའི་འཁོར་བར་སྡུག་བསྔལ་སྣ་ཚོགས་པ་མེད་བཞིན་དུ་རྨི་ལམ་ལྟ་བུའི་སྒོ་ནས་ཉམས་སུ་མྱོང་བའི་འགྲོ་བ་ཀུན་ལ་མར་ཤེས་ཤིང་། དྲིན་དྲན་པ་དང་། དྲིན་བཟོ་བའི་སླད་དུ་བདེ་བ་དང་ཕྲད་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། དེ་ལྟ་བུ་རང་ཉིད་ཀྱིས་ཁུར་དུ་འཁྱེར་བའི་ལྷག་བསམ། དེ་དག་ཀྱང་དོན་དམ་པར་བླང་དོར་དང་བདེ་སྡུག་སོགས་རང་བཞིན་གྱིས་མ་གྲུབ་ཀྱང་། ཀུན་རྫོབ་ཏུ་དེ་ལྟར་མ་བརྟགས་པའི་སྐབས་སུ་སྒྱུ་མའི་སྐྱེས་བུས་སྒྱུ་མའི་ནད་པ་གསོ་བའི་ངང་ཚུལ་བཞིན་དུ་གཞན་དོན་དོན་གཉེར་གྱིས་འཇུག་པ་ན། རང་དོན་དུ་སྤངས་རྟོགས་ཀྱི་ཡོན་ཏན་རྫོགས་ཤིང་། གཞན་དོན་དུ་གདུལ་བྱ་འདུལ་བའི་ཐབས་ཐམས་ཅད་མཁྱེན་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་དགོས་པར་མཐོང་ནས། འབྲས་བུ་ལ་རྩེ་གཅིག་ཏུ་དམ་བཅའ་བ་སྨོན་པ་དང་། དེའི་ཆེད་དུ་རང་གི་རྒྱུ་ཚང་ལ་མ་ནོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་


JKT023_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་བཞི་སོགས་བྱང་ཆུབ་སྤྱོད་མཆོག་རྒྱ་མཚོ་ལྟ་བུ་ལ་བསྙེན་ཅིང་བསླབ་པ་ནི་འཇུག་པ་སྟེ། དེ་ལྟར་གཞི་བདེན་གཉིས་ཟུང་དུ་འཇུག་བའི་ཚུལ་ལ་ངེས་པ་གཏིང་ཚུགས་པ་ཉིད་གཞིར་བཞག་སྟེ། ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟུང་དུ་འབྲེལ་བ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སྤྱོད་པ་རྣམ་པར་དག་པའི་ཐབས་ལ་བསླབ་པས། འབྲས་བུ་སྐུ་གཉིས་ཟུང་དུ་འཇུག་པ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཚུལ། སློབ་དཔོན་ཀླུས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་སྐྱེས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་དང་། མགོན་པོ་ཞི་བ་ལྷས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྤྱོད་པས་བསོད་ནམས་དག་པར་འགྱུར། །ཞེས་སོགས་མཐའ་ཡས་པ་གསུངས་སོ། །དེ་ལྟ་བས་ན་སྦྱིན་པ་གཏོང་བའམ། ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་སྤྱོད་པའི་གནས་སྐབས་ཐམས་ཅད་དུ་དོན་དམ་པར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དང་། ཀུན་རྫོབ་ཏུ་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པར་འདོད་པའི་ལྷག་བསམ་ཁྱད་པར་ཅན་གྱི་རྩིས་ཟིན་པར་བྱས་ནས་སྤྱོད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་ལ། སྤྱོད་པ་རང་གི་རྣམ་པར་དབྱེ་བ་ནི་བྱང་


JKT023_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་སྡེ་སྣོད་ལས་རྒྱ་ཆེར་འབྱུང་བ་ལྟར་ཤེས་པར་བྱའོ། །དེ་དག་གིས་ཕ་རོལ་ཏུ་ཕྱིན་པའི་ལམ་ཐམས་ཅད་བསླབ་པ་གསུམ་དང་། དེའང་ཏིང་ངེ་འཛིན་དང་། ཤེས་རབ་དག་རྟེན་དང་བརྟེན་པའི་ཕྱིར་ལྟ་བ་དང་། ཚུལ་ཁྲིམས་ཉིད་སྤྱོད་པའི་ཕྱོགས་སུ་བསྡུས་ཏེ་ལྟ་སྤྱོད་རྣམ་པ་གཉིས་དག་པར་བྱ་བའི་ཚུལ་གྱིས་མདོར་བསྡུས་ནས་བསྟན་ཟིན་ཏོ། །དེ་ལྟར་ན་ངེས་པར་འབྱུང་བའི་བསམ་པས་ཁམས་གསུམ་འཁོར་བ་ལ་མ་ཆགས་པ་དང་། ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་རང་དོན་ཡིད་བྱེད་ལ་མ་ཆགས་པ་དང་། དོན་དམ་བྱང་ཆུབ་སེམས་སྤྲོས་པ་མཐའ་དག་ཉེ་བར་ཞི་བས་དངོས་པོ་དང་མཚན་མ་ལ་མ་ཆགས་པ་གསུམ་གྱིས་རིམ་བཞིན་དུ་བློ་སྦྱངས་ཏེ། དོན་གཉིས་པ་སྔགས་ཀྱི་ལམ་ལ་སློབ་པའི་ཚུལ་ལ། ལམ་གྱི་འཇུག་སྒོ་སྤྱིར་བསྟན་པ་དང་། ལམ་རང་གི་ངོ་བོ་འབྲས་བུ་དང་བཅས་པ་རྣམ་པར་དབྱེ་བའོ། །དང་པོ་ནི། མྱུར་དུ་ཡེ་ཤེས་མཆོག་ཐོབ་སླད། །ཅེས་སོགས་སྨོས་ཏེ། དེ་ཡང་མྱུར་བ་མྱུར་བར་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་མཆོག་དེ་ཉིད་ཐོབ་པར་བྱ་བའི་སླད་དུ། ཡུལ་སྟོང་ཉིད་ཙམ་གྱི་ངོས་ནས་ཁྱད་པར་མ་མཆིས་ཀྱང་། ཡུལ་ཅན་ལྷ་དང་བདེ་ཆེན་གྱི་ཡེ་ཤེས་སུ་ཤར་བའི་ཐབས་ཀྱིས་ཁྱད་པར་ཕྱེ་བའི་རྣལ་འབྱོར་བླ་ན་མེད་པའི་རྡོ་རྗེའི་ཐེག་པ་ནི། བྱང་


JKT023_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་རིགས་ཅན་ལས་ཀྱང་དབང་པོ་རྣོན་པོར་གྱུར་པའི་བློ་བཟང་རྣམས་ཀྱིས་དང་དུ་བླང་བར་བྱའོ། །གཉིས་པ་ནི། སྔགས་ཀྱི་ལམ་ཐམས་ཅད་རེ་ཞིག་སྨིན་གྲོལ་གཉིས་སུ་འདུས་པའི་དབང་དུ་བཏང་ནས། དང་པོ་སྨིན་བྱེད་དབང་གི་རྣམ་པར་བཞག་པ་ལ། རྩ་རླུང་ཐིག་ལེའི་ཡེ་ཤེས་ཁམས། །ཞེས་སོགས་སྨོས་ཏེ། དེ་ཡང་རྟེན་རྩ་རླུང་ཐིག་ལེ་དང་། བརྟེན་པ་ཡེ་ཤེས་ཏེ་རྣམ་པ་བཞིའི་སོ་སོའི་མ་དག་པའི་དྲི་མ་སྦྱངས་ནས། དག་པའི་ཞིང་ཁམས་ཏེ་དབྱིངས་ཀྱི་རང་བཞིན་མངོན་དུ་གྱུར་པ་ལས་སྐུ་བཞིའི་འབྲས་བུར་སད་པར་བྱ་བའི་སླད་དུ། ཐོག་མར་བླ་མ་མཚན་ཉིད་དང་ལྡན་པ་ལས། དབང་དོན་དག་བྱ་དག་བྱེད་ངོ་འཕྲོད་ཅིང་སྔགས་སྡོམ་སྐྱེས་པའི་ངེས་ཤེས་དང་ལྡན་པའི་དབང་བཞི་རྫོགས་པར་ཐོབ་པ་རྒྱུ་དབང་དང་། ཕྱིས་བླ་མ་ལས་བླང་བའམ། སྡོམ་ལྡན་རང་ཉིད་ཀྱིས་བདག་འཇུག་བླང་བ་སོགས་ལམ་གྱི་དབང་སྟེ། དེ་ལྟ་བུའི་དབང་བཞི་ཡི་ས་བོན་རྟག་ཏུ་གདབ་པར་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་གསུམ་ཐམས་ཅད་དབང་གི་ཁོག་ནས་འདོན་པ་དང་། བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཡང་དབང་བཞིའི་ཡེ་ཤེས་གོང་འཕེལ་དུ་བྱེད་པའི་ཐབས་ལས་གཞན་མ་ཡིན་པ་སོགས་རྒྱུ་མཚན་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཕྱིར་


JKT023_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གཉིས་པ་ལམ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་རྐྱེན་བསྐྱེད་དང་རྫོགས་པ་དང་། །སོགས་སྨོས་ཏེ། དེ་ལྟར་ཐུན་མོང་གི་ལམ་གྱི་རིམ་པས་རྒྱུད་སྦྱངས་པའི་རྟེན་དཀྱིལ་འཁོར་བཞིའི་ཞིང་སར། བརྟེན་པ་དབང་བཞིའི་ས་བོན་གདབ་པ་དེ་ཉིད་གོང་ནས་གོང་དུ་འཕེལ་བའི་རྐྱེན་ཐ་མལ་གྱི་སྣང་བ་ཐམས་ཅད་ལྷར་བྱིན་གྱིས་བརླབས་པའི་ཕྱིར་བསྐྱེད་པའི་རིམ་པ་འཁོར་དང་བཅས་པ་དང་། ལྷར་སྣང་ཡེ་ཤེས་སུ་བྱིན་གྱིས་བརླབས་པའི་ཕྱིར་རྫོགས་པའི་རིམ་པ་སྟེ། དཔེ་ཆུ་ལུད་དྲོད་གཤེར་སོགས་དང་ཆོས་མཚུངས་པའི་ལམ་རིམ་པ་གཉིས་དང་། མྱུ་གུ་དང་མེ་ཏོག་སོགས་འཐོན་རིམ་བཞིན་སོ་སོའི་མི་མཐུན་པའི་ཕྱོགས་སྲུང་བའི་མཐུན་ཕྱོགས་དང་ཆོས་མཚུངས་པའི་ལམ་གྱི་གྲོགས་སྔགས་ཀྱི་འདུལ་བ་སྟེ་དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་རྣམ་པར་དག་ཅིང་། ཐབས་ལས་ཀྱང་ཐབས་ཀྱི་ཁྱད་པར་དུ་གྱུར་པ་སྤྱོད་པའི་རིམ་པ་གསུམ་གྱི་ཉེ་རྒྱུས་མཚམས་སྦྱར་བས། སློབ་པ་དང་མི་སློབ་པའི་ཟུང་འཇུག་གི་གོ་འཕང་ཚེ་འདིར་རྙེད་པ་ནི། སྔགས་ཀྱིས་ བཏབ་པའི་ལོ་ཏོག་ཉི་མ་གཅིག་ལའང་མཚན་ཉིད་པར་སྨིན་དུ་རུང་བ་བཞིན་ཏེ། དེ་སྐད་དུ་འཇམ་མགོན་ས་སྐྱ་པཎྜི་ཏས། སྔགས་ཀྱིས་བཏབ་པའི་ལོ་ཏོག་ནི། །ཉི་མ་གཅིག་ལས་འབྲས་བུ་སྨིན། །


JKT023_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐེག་པའི་གནད་ཤེས་ན། །ཚེ་འདི་ཉིད་ལ་རྫོགས་འཚང་རྒྱ། །ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། གཞི་ལྟ་བས་ཐག་བཅད་པ། ལམ་བསྒོམས་པས་ཉམས་སུ་བླང་བ། །འབྲས་བུ་ཇི་ལྟར་འགྲུབ་པའི་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་ནི། སྤྲོས་པའི་མཐའ་དང་མི་མཛའ་བའི། །ཞེས་སོགས་སྨོས་ཏེ། སྔར་ཇི་སྐད་བཤད་པ་བཞིན་སྤྲོས་པའི་མཐའ་ཐམས་ཅད་དང་མི་མཛའ་བ་སྟེ། དེ་དག་ལ་ནམ་ཡང་མི་གནས་པའི་ཡུལ་གཟོད་ནས་སྟོང་པ་ཉིད་བརྗོད་བྲལ་གཉུག་མའི་ངོ་བོ་གང་ཞིག །ཡུལ་ཅན་དེ་རང་རྟོགས་བྱེད་ཀྱི་ཚད་མར་གྱུར་པའི་བློ་དེའང་ཐབས་ཟབ་མོས་བདེ་བ་ཆེན་པོའི་ངོ་བོར་སོང་བ་ན། འོ་མས་སྨིན་དུ་བཅུག་པའི་སྒྱུ་རུ་ར་གཞན་ལས་ཆེས་ཁྱད་པར་དུ་གྱུར་པའི་རོ་དང་ལྡན་པའམ། ཙནྡན་གྱི་མེ་དེ་མེ་ཕལ་པ་ལས་བདུན་འགྱུར་གྱིས་ཚ་བ་ལྟར། ཐབས་ཁྱད་པར་ཅན་གྱིས་དྲངས་པའི་ཐབས་བྱུང་སྟོང་པ་ཉིད་དེའང་ཕ་རོལ་ཏུ་ཕྱིན་པའི་སྐབས་འཁོར་འདས་དབྱེར་མེད་ཀྱི་དོན་སྤྱི་ཙམ་མཐོང་བ་ལས་ཆེས་འཕགས་པའི་འཁོར་འདས་དབྱེར་མེད་ཀྱི་དོན་རང་གི་མཚན་ཉིད་མངོན་སུམ་དུ་མཐོང་བ་ནི་སྔགས་ཀྱི་ལྟ་བའི་རབ་ཏུ་ཕྱེ་བ་སྟེ། དེ་སྐད་དུ་རྡོ་རྗེ་འཛིན་པའི་དབང་ཕྱུག་རྗེ་བཙུན་གྲགས་པའི་ཞལ་སྔ་ནས། དབང་གི་ཡེ་ཤེས་ལམ་གྱི་ལྟ་བ་ནི། །


JKT023_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མྱོང་སངས་རྒྱས་པ་དང་ངོ་བོ་གཅིག །རྟོགས་པའི་ཁྱད་པར་ཟླ་བའི་དཔེ་ཡིས་བསྟན། །ཅེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། རྟེན་བསྐྱེད་པའི་རིམ་པ་དང་། བརྟེན་པ་། རྫོགས་པའི་རིམ་པའོ། །དང་པོ་ནི། གང་ལས་རགས་པའི་སྒོ་གསུམ་པོ། །ཞེས་སོགས་སྨོས་ཏེ། ཇི་སྐད་དུ་དཔལ་སམྦུ་ཊ་ལས། དང་པོར་སྟོང་ཉིད་བསམས་ནས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ལུས་སོགས་སྟོང་པའི་ཞིང་ས་ལ། །བློ་དང་ལྡན་པས་ས་བོན་གདབ། །ཅེས་གསུངས་པ་ལྟར། ཐོག་མར་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་བྱུང་གིས་ཕར་བཏགས་པ་དང་། སེམས་བྱུང་དེའང་སེམས་ལས་བྱུང་ཞིང་། སེམས་ཉིད་ཀྱང་གསལ་སྟོང་ཟུང་འཇུག་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ་གང་ཞིག །སོ་སོ་རང་རིག་པའི་ཚུལ་གྱིས་ཁོང་དུ་ཆུད་པ་གཞིར་བཞག་ནས། དེ་ལྟ་བུའི་ངང་ལས་མ་གཡོས་བཞིན་དུ། ཕྱི་ལྟར་ཤིན་ཏུ་རགས་པ་ཁམས་གསུམ་པོ་ཉིད། ནང་དུ་རགས་པའི་སྒོ་གསུམ་པོ་ཆོས་མཚུངས་པར་སྦྱར་ཏེ། དེ་དང་དེའི་མ་དག་པའི་སྣང་ཞེན་ཐམས་ཅད་གཞན་དག་པ་ལྷ་སྔགས་ཆོས་སྐུར་རབ་ཏུ་སྦྱངས་པས། ཕྱི་འདོད་གཟུགས་གཟུགས་མེད་ཀྱི་སྲིད་པ་གསུམ་དང་། ནང་ཕུང་པོ་སྐྱེ་བ་དང་། འཇིག་པ་དང་བར་དོའི་གནས་སྐབས་ཏེ། དེ་དང་དེའི་ཐ་།


JKT023_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མལ་གྱི་འཁྲུལ་པའི་ཆ་ཐམས་ཅད་ལྡོག་པར་ངེས་པའི་ཚུལ་གྱིས་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པས། འདི་ལྟར་བསོད་ནམས་ཀྱི་ཚོགས་བསགས་པ་ལ་སོགས་པ་སྔོན་དུ་འགྲོ་བས། འོད་གསལ་བའི་ཡེ་ཤེས་ཀྱི་ངང་དུ་མཉམ་པར་འཇོག་པས་འཆི་བའི་རིམ་པ་དང་གཟུགས་མེད་ཀྱི་ཁམས་སྦྱངས། དེ་ལས་ས་བོན་གྱི་རྣམ་པར་ལྡང་བ་ལ་སོགས་པས་བར་དོའི་སྲིད་པ་དང་། གཟུགས་ཀྱི་ཁམས་སྦྱངས། དེ་ཉིད་སྣང་སྟོང་ཟུང་འཇུག་གི་ལྷ་སྐུར་བལྟས་ནས་མཆོད་བསྟོད་བཟླས་པ་ལ་སོགས་པ་ལས་རབ་འབྱམས་ལ་སྤྱོད་པས་སྐྱེ་བའི་སྲིད་པ་ཆ་དང་བཅས་པ་དང་འདོད་པའི་ཁམས་སྦྱངས་ཤིང་། །དེ་དག་ཀྱང་གཙོ་བོར་རང་རང་གི་དྲི་མ་སྦྱངས་ཤིང་ལམ་དུ་བྱས་པས་འབྲས་བུ་སྐུ་གསུམ་གྱི་ཡེ་ཤེས་འདྲེན་པའི་སྨིན་བྱེད་དུ་འགྱུར་བས་ན་ཐབས་བསྐྱེད་པའི་རིམ་པ་ཞེས་བྱའོ། །གཉིས་པ་ནི། དེར་འཛིན་ཞེན་པ་འབྱིན་པའི་སླད། །ཅེས་སོགས་སྨོས་ཏེ། རགས་པའི་སྒོ་གསུམ་དེ་རྣམས་ལྷ་སྔགས་སོགས་སུ་བལྟ་བའི་གྱ་ནོམ་ལྷར་ཞེན་པའི་འཛིན་སྟངས་ཀྱི་ཞེན་པ་དེ་དག་འབྱིན་པའི་སླད་དུ། ཕྲ་བའི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་སྦྱོར་བ། ཐོག་མར་ལུས་གནད་དང་། འཁྲུལ་འཁོར་དང་། བྱེད་པ་བཅིངས་པའི་རྣལ་འབྱོར་གྱིས་རྩ་སྦྱངས། དེ་ནས་རྡོ་རྗེའི་བཟླས་པ་དང་། ཁ་སྦྱོར་ལ་གི །


JKT023_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་རྣལ་འབྱོར་གྱིས་རླུང་སྦྱངས་ཤིང་དབུ་མར་བཅུག །རླུང་ལ་དབང་ཐོབ་པས་གཏུམ་མོའི་ཡེ་ཤེས་ཀྱི་མེ་སྦར་ཏེ་ཐིག་ལེ་བཞུ་བའི་འབར་འཛག་གི་རྣལ་འབྱོར་གྱིས་དྲོད་དང་། དེ་ལས་དྲངས་པའི་བདེ་བའི་ཡེ་ཤེས་དག་རིམ་བཞིན་དུ་སྐྱེས་པ་དེ་ཡི་ཚེ་ན། ཡིད་དངོས་ཀྱི་རིག་མ་ལ་སྙོམས་པར་ཞུགས་པས་དཔེ་དང་། དོན་གྱི་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་ཡེ་ཤེས་དངོས་སུ་འདྲེན་པ་ཡིན་ཏེ། འདི་ལྟར་བསྐྱེད་པའི་རིམ་པས་སྔགས་ཀྱི་ཚོགས་ལམ་ཆེན་པོའི་བར་དུ་བསྒྲོད། དེ་ཉིད་རླུང་དང་གཏུམ་མོ་ཟུང་འབྲེལ་གྱིས་བསྐྱངས་པས་སྦྱོར་ལམ་དྲོད་རྩེ་དང་། རང་ལུས་དང་གཞན་ལུས་ཐབས་ལྡན་གྱིས་བོགས་དབྱུང་བས་བཟོད་ཆོས་དག་ཐོབ་པའི་མཐར། ཆོས་མཆོག་ཆེན་པོའི་སྐབས་ཀྱི་དཔེ་ཡི་ཡེ་ཤེས་དེ་ཉིད་ཕྱག་རྒྱའི་ཉེ་རྒྱུས་རྐྱེན་ལ་བརྟེན་ནས། དོན་གྱི་ཡེ་ཤེས་ཕྱོགས་གཅིག་པ་མཐོང་བས་ས་དང་པོ་འཐོབ་ལ། དེ་རིམ་པར་གོང་དུ་འཕེལ་བས་སྒོམ་ལམ་ས་དགུའི་བར་གྱི་རྟོགས་པ་མངོན་དུ་འགྱུར་བ་ཡིན་ནོ། །གསུམ་པ་ནི། གང་ཚེ་བདེ་དང་སྟོང་པ་གཉིས། །ཞེས་སོགས་སྨོས་ཏེ། གང་གི་ཚེ་མཐར་ཐུག་གི་འབྲས་བུ་ཇི་ལྟར་འགྲུབ་པར་འགྱུར་ན། བཤད་མ་ཐག་པ་ལྟར་ཐབས་བདེ་བ་ཆེན་པོ་དང་། ཐབས་བྱུང་སྟོང་པ་ཉིད་གཉིས་སུ་མེད་པའི་ཟུང་འཇུག་ཤིན་ཏུ་ཕྲ་བ་དོན་


JKT023_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡེ་ཤེས་ཏེ། དེ་ཡི་རང་བཞིན་ཐོག་མར་མཐོང་བ་ནས་སྒོམ་ལམ་ཆེན་པོ་མཐར་མ་ཕྱིན་པའི་བར་སློབ་པའི་འོད་གསལ་དང་། དེ་ཉིད་ཀྱི་ངང་དུ་སློབ་པའི་ཟུང་འཇུག་གི་སྒྱུ་མའི་སྐུའི་སྤྲོས་པ་ཐིམ་པའི་སྐད་ཅིག་དེ་ཉིད་ལ་མི་སློབ་པའི་འོད་གསལ་ཆོས་ཀྱི་སྐུ་འགྲུབ་ཅིང་། དེའི་ངང་ལས་མ་གཡོས་བཞིན་དུ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཅེས་སྐུ་གསུམ་ལ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱིས་ཁྱད་པར་དུ་བྱས་པའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འགྲུབ་པར་འགྱུར་རོ། །དེ་དག་གིས་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལམ་དང་འབྲས་བུའི་རྣམ་པར་བཞག་པ་ཅུང་ཟད་བཤད་ཟིན་ནས། སྤྱི་དོན་གཉིས་པ་མདོར་བསྡུས་ཏེ་གདམས་པ་ལ་བཞི་ལས། དང་པོ་ལམ་གྱི་གཞི་ངེས་འབྱུང་གི་བསམ་པ་བརྟན་པོ་བསྐྱེད་དགོས་པར་གདམས་པ་ནི། མདོར་ན་མང་དུ་སྨོས་ཅི་དགོས། །ཞེས་སོགས་སྨོས་ཏེ། མདོར་ན་ཚིག་མང་དུ་སྨོས་ཅི་ཞིག་དགོས་ཏེ། དོན་གྱི་སྙིང་པོར་དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག་པ་ལ་བློ་སྦྱངས་པས་ཚེ་འདིའི་བདེ་སྐྱིད་སྙན་གསུམ་ལ་སོགས་པ་གཉིད་ཐུམ་གཅིག་གི་རྨི་ལམ་བཟང་བ་ལྟར་སྙིང་པོ་མེད་པར་མཐོང་ནས་རེ་དོག་གི་སྣང་ཤས་ལས་བློ་རབ་ཏུ་ལྡོག་པ་དང་། ཤི་


JKT023_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཅང་མེད་དུ་མི་འགྲོ་བར་ལས་ཀྱི་འབྲས་བུས་ཁམས་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པར་མཐོང་བས་འཁོར་བ་མཐའ་དག་ལ་བློ་ལྡོག་ཅིང་། དེ་ལས་ཡིད་ངེས་པར་འབྱུང་ནས་ཐར་པའི་གོ་འཕང་འབའ་ཞིག་དོན་དུ་གཉེར་བ་སྟེ། འདི་རྣམས་ནི་ཐོག་མར་དགེ་བ་ལམ་ཇི་སྙེད་བཤད་པ་དེ་རྣམས་ཀུན་གྱི་གཞི་ཞིང་ས་ལྟ་བུ་ཡིན་ཏེ། འདི་ཙམ་ཞིག་མེད་ན་ལམ་གང་ལའང་ཇི་ཙམ་འབད་ཀྱང་ཐམས་ཅད་མཁྱེན་པ་ལྟ་ཅི། ཐར་པ་ཙམ་ཡང་ཐོབ་མི་སྲིད་པས་ན། ཇི་སྐད་དུ། སློབ་དཔོན་ཀླུས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་ཕྱིར་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལམ་རང་གི་ངོ་བོ་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་རྟོགས་དགོས་པར་གདམས་པ་ནི། གནས་ལུགས་བདེན་མེད་རྟོགས་པ་དང་། །སོགས་སྨོས་ཏེ། ཇི་སྐད་དུ། འདིར་ནི་སྣང་ཙམ་དགག་མིན་ཏེ། །གང་ལས་སྡུག་བསྔལ་རྒྱུར་གྱུར་བའི། །བདེན་པར་ཞེན་པ་བཟློག་བྱ་ཡིན། །ཅེས་གསུངས་པ་ལྟར་ཆོས་ཐམས་ཅད་ཇི་ལྟར་སྣང་ཙམ་པ་འདི་མི་འགོག་ཀྱང་། དེ་དང་དེར་ཞེན་པས་གནས་ལུགས་ཀྱང་བདེན་གྲུབ་ཏུ་འཁྲུལ་པའི་གཞི་གང་ཟག་དང་


JKT023_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱིས་རབ་ཏུ་ཕྱེ་བའི་བདག་དང་བདག་གིར་འཛིན་པའི་སྤྲོས་པ་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་པ་དང་། སྣང་ཚུལ་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་ཕྱིར་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་མི་འགོག་པར་འཇོག་ཤེས་པ་དང་། དེ་ལྟར་མ་རྟོགས་པའི་ཡིད་ཅན་ཀུན་ལ་སྙིང་རྗེ་ཆེན་པོས་རྗེས་སུ་བརྩེ་བས་ཅི་བྱེད་གཞན་དོན་དུ་འགྱུར་བའི་ཐབས་ལ་དམིགས་པ་སྟེ། འདི་ནི་བར་དུ་དགེ་བ་ལམ་ཇི་སྙེད་བཤད་པ་དེ་རྣམས་ཀུན་གྱི་དངོས་གཞི་ས་བོན་ལྟ་བུ་ཡིན་ཏེ། དཔལ་ལྡན་ཟླ་བ་གྲགས་པས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་དང་། འཇམ་མགོན་ས་སྐྱ་པཎྜི་ཏས། ཕན་བདེའི་འབྱུང་གནས་རྫོགས་པ་ཡི། །སངས་རྒྱས་རྒྱལ་བའི་སྲས་ལསའཁྲུངས། །རྒྱལ་སྲས་སྟོང་ཉིད་སྙིང་རྗེ་ཡི། །བདག་ཉིད་བྱང་ཆུབ་སེམས་ལས་འཁྲུངས། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ལམ་དེས་འབྲས་བུ་མྱུར་དུ་འགྲུབ་པ་ལ་ཐབས་རིམ་པ་གཉིས་ལ་བསླབ་དགོས་པར་གདམས་པ་ནི། དོན་དམ་གཉུག་མའི་ཡེ་ཤེས་ནི། །སོགས་སྨོས་ཏེ། དབང་དང་རིམ་


JKT023_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས་བྱུང་བའི་དོན་དམ་གཉུག་མའི་ཡེ་ཤེས་ནི། ཀུན་རྫོབ་ཅིར་ཡང་ལྷ་སྐུར་ཤར་བའི་བསྐྱེད་རིམ་དང་། ལྷར་སྣང་བདེ་ཆེན་གྱི་ཡེ་ཤེས་སུ་ཤར་བའི་རྫོགས་པའི་རིམ་པ་སྟེ། དེ་དང་དེ་ཡི་ཟབ་མོའི་ཐབས་ཀྱི་རིམ་པར་དངས་པའི་མཁའ་ལ་འཇའ་ཚོན་ཤར་བ་བཞིན་རང་ཤར་བས། གཤིས་ཅི་ཡང་མ་ཡིན་པར། གདངས་བདེ་ཆེན་གྱི་ཡེ་ཤེས་སུ་མ་འགགས་པ། རྣལ་ལྟ་སྐར་ཤར་བ། བསྒོམ་བྱ་སྒོམ་བྱེད་ཀྱི་སྤྲོས་པ་ཐམས་ཅད་ལས་འདས་པའི་ངང་དུ་མཉམ་པར་བཞག་པ་འདི་ནི་ཐ་མར་དགེ་བ་ལམ་གྱི་འབྲས་བུ་མྱུར་དུ་འགྲུབ་པའི་ཐབས་ཟབ་མོ་ལོ་ཏོག་ལ་སྔགས་ཀྱིས་བཏབ་པ་ལྟ་བུའི་ཁྱད་པར་གྱི་ཆོས་ཡིན་ཏེ། སློབ་དཔོན་ཀླུས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པར་འདོད་རྣམས་ཀྱི། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདང་བུ་ལྟ་བུར་བསྟན། །ཅེས་གསུངས་པའི་ཕྱིར། བཞི་པ་མཐར་ཐུག་མོས་གུས་ཕྱག་རྒྱ་ཆེན་པོའི་རིམ་པ་ལ་བསླབ་པར་གདམས་པ་ནི། མཐར་ཐུག་བླ་མའི་རྣལ་འབྱོར་གྱིས། །ཞེས་སོགས་སྨོས་ཏེ། དེ་ཐམས་ཅད་ཀྱི་མཐར་ཐུག་པ་ནི། རྒྱ་དུས་སུ་དབང་བཞི་བསྐུར་བའི་ཚེ་བླ་མ་དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་སྐུར་བཞེངས་པ་བཞིན། ལམ་དུས་སུའང་བླ་མ་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མི་ཕྱེད་


JKT023_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ་པའི་རྣལ་འབྱོར་གྱི་ཟབ་མོ་ཐ་མལ་གྱི་ཡུལ་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་སུ་ཤར་བ་དང་། དེ་དང་དེར་འཛིན་པའི་ཡུལ་ཅན་གཉུག་མའི་སེམས་འཁོར་དང་བཅས་པ་དེ་ཀུན་བླ་མའི་ཡེ་ཤེས་ཆེན་པོའི་ངོ་བོར་འཆར་བ་སྟེ། མདོར་ན་གཤིས་གསལ་རིག་ཏུ་ཆམ་མེ། གདངས་མོས་གུས་སུ་ལམ་མེར་བྱིན་རླབས་ཀྱི་ཐབས་ཟབ་མོས་དྲངས་པས་ཡུལ་ཡུལ་ཅན་ཐམས་ཅད་ལྷན་སྐྱེས་ཕྱག་རྒྱ་ཆེན་པོར་ནང་ནས་རང་ཤར་བའི་ཉམས་མྱོང་དེ་ཀའི་ངང་དུ་མ་བཅོས་པར་རྒྱུན་བསྲིངས་ཏེ་མཉམ་པར་འཇོག་པ་འདི་ནི། ལམ་ཀུན་གྱི་ཁྱབ་བྱེད་དང་། སྲོག་ཤིང་ལྟ་བུར་གྱུར་པ་ལགས་ཏེ། དཔལ་ས་ར་ཧས། བླ་མའི་བྱིན་རླབས་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་དང་། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། །བླ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཡིན། །འཁོར་ལོ་སྡོམ་པར་སྦས་པ་ཡི། །བྱིན་རླབས་རིམ་པ་བཤད་པར་བྱ། །ཞེས་དང་། རྣལ་འབྱོར་དབང་ཕྱུག་བིརླ་པས་ཀྱང་། ལམ་ཟབ་བླ་མ་ཞེས་ཁྱད་པར་དུ་བཤད་པས་མཚོན་ལུང་རིག་མན་ངག་གི་འཐད་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །གསུམ་པ་མཇུག་གི་དོན་ལ་གཉིས་ཏེ། སྨོན་ལམ་གྱིས་མཐའ་བརྒྱན་པ་དང་། སྦྱར་བྱང་གིས་མཇུག་བསྡུ་


JKT023_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དང་པོ་ནི། ཨེ་མ་ཟབ་ཅིང་རྒྱ་ཆེའི་དོན། །ཅེས་སོགས་སྨོས། ཨེ་མ་ཞེས་རྟོགས་དཀའ་ཞིང་། རྟོགས་ན་དོན་ཆེན་པོ་དང་ལྡན་པ་ལ་ངོ་མཚར་བའི་ཚིག་གིས་ཐོག་དྲངས་ཏེ། ཟབ་པ་སྟེ་སྔགས་དང་རྒྱ་ཆེ་བ་སྟེ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལས་ཇི་ལྟར་འབྱུང་བའི་དོན་ལས། རང་གིས་ཇི་ཙམ་གོ་བའི་ཚུལ་ཅུང་ཟད་བརྗོད་པའི་ལེགས་བྱས་ཀྱི་དགེ་བས། རྒྱ་བ་བཅུད་ཀྱི་སེམས་ཅན་དང་། མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་དུ་སྣང་བའི་དངོས་པོ་འདི་ཀུན་བདེ་ཆེན་གྱི་དྲྭ་བར་འཕོ་བའི་བག་ཆགས་རྒྱུན་དང་བཅས་པ་སྡོམ་པར་བྱེད་པའི་དཔལ་ཧེ་རུ་ཀའི་རྟེན་དང་བརྟེན་པའི་དངོས་པོ་ཉིད་དུ་གནས་འགྱུར་ཏེ། སྐུ་གསུམ་དབྱེར་མེད་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་གྱུར་ཅིག །ཅེས་པའོ། །གཉིས་པ་ནི། ཅེས་པའང་ཁྱབ་བདག་རྡོ་རྗེ་བཙུན་མོའི་ཞེས་སོགས་ཏེ་གོ་སླ་བས་མ་སྤྲོས་སོ། །དེ་ལྟར་ཟབ་རྒྱས་གདམས་པའི་དོན། །སླར་ཡང་ཅུང་ཟད་བཀྲལ་བ་ཡི། །བསོད་ནམས་གང་དེས་འགྲོ་བ་ཀུན། །ཐམས་ཅད་མཁྱེན་པ་ཐོབ་ཕྱིར་བསྔོ། །ཞེས་པའང་གཞུང་རྩ་བའི་སྐུལ་བ་པོ་སྐྱེས་སྦྱངས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་ཤིང་། སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་རྣལ་འབྱོར་པ་ཆོས་དབྱིངས་དཔལ་ལྡན་གྱིས། སླར་ཡང་གསུང་ནན་ཏན་ཆེན་


JKT023_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པོས་འགྲེལ་བ་རྒྱས་བསྡུས་འཚམས་པ་ཞིག་བྲིས་ཤིག་ཅེས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ཏེ་བསྐུལ་བ་ལ་བརྟེན་ནས་རང་གི་བློ་ལ་ཇི་ལྟར་ངེས་པ་ཙམ་ཞིག་ཚིག་འགྲེལ་མདོར་བསྡུས་པའི་ཚུལ་གྱིས་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཀུན་མཁྱེན་བོ་དོང་པ་ཆེན་པོའི་རིང་ལུགས་འཛིན་པའི་ཆོས་གྲྭ་བསམ་འགྲུབ་ཆོས་སྡིང་དུ་སུག་བྲིས་སུ་བགྱིས་པ་སྟེ། ནོངས་པ་བཤགས་ཤིང་ལེགས་བྱས་ཀྱི་སྣང་བས་བློ་གསལ་ཡིད་ཀྱི་པདྨོ་ཁ་མཆོག་ཏུ་བྱེ་བའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ༈ །།ཟབ་མོའི་དོན་ཉམས་སུ་ལེན་ཚུལ་གྱི་ཟིན་བྲིས་སྐལ་བཟང་ཡིད་ཀྱི་ཨུཏྤལ་ཞེས་བྱ་བ་བཞུགས་སོ། །ན་མཤཱི་མཱི་གུ་ར་ཝེ། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི། །ཁྱབ་བདག་དཔལ་ལྡན་བླ་མའི་ཞབས། །བྱང་ཆུབ་བར་དུ་སྙིང་དབུས་སུ། །བཞུགས་ནས་བྱིན་རླབས་སྣང་བ་སྩོལ། །ཁྱེད་དད་པ་དང་དམ་ཚིག་ལྡན་པའི་རྡོ་རྗེའི་སློབ་མ་རྣམས་ཀྱིས་ཟབ་མོའི་དོན་ཉམས་སུ་ལེན་པ་ལ་འཇུག་པའི་ཐོག་མར། འཁོར་བ་ལ་ངེས་འབྱུང་དང་བཅོས་མིན་སྙིང་རྗེ་ཆེན་པོའི་བློས་དྲངས་ཏེ། ལུས་གནད་ལེགས་པར་བཅའ། རླུང་རོ་དགུ་ཕྲུགས་སུ་འབུད། འབྲུ་གསུམ་རྡོ་རྗེའི་བཟླས་པ་ཅུང་ཟད་བྱ། དེ་ནས་སྤྱི་བོར་བླ་མ་བསྒོམ། གསོལ་བ་ཕུར་ཚུགས་སུ་གདབ། །


JKT023_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་བླང་ཞིང་ཐུགས་ཡིད་བསྲེས་པའི་ངང་ལ་ཁོང་ལྷོད་ཀྱིས་ཀློད་དེ་བཞག །དེའི་ཚེ་རྣམ་རྟོག་སྔ་མ་ནི་ཡལ། ཕྱི་མ་ནི་མ་སྐྱེས། ད་ལྟའི་ཤེས་པ་སྐད་ཅིག་མ་དེ་རང་གི་ངོ་བོ་ལ་ཅེར་གྱིས་བལྟས་པས་ཉམས་སུ་མྱོང་བཞིན་དུ་བསམ་བརྗོད་ཐམས་ཅད་ལས་འདས་པ་ཞིག་འཆར་བ་ནི་རིག་པ་གཞི་གནས་ཀྱི་ཡེ་ཤེས་ཞེས་བྱ་སྟེ། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་དང་། འཕགས་པ་མཚན་མ་བཟང་པོའི་མདོ་སྡེ་ལས། འདས་ལ་རྗེས་སུ་ཕྲད་མི་བྱེད། །མ་འོངས་པ་ལ་རེ་བ་མེད། །འདས་པ་གང་ཡིན་དེ་འགགས་ཏེ། །མ་འོངས་པ་ནི་མ་ཕྱིན་པའོ། །གང་དག་ད་ལྟར་བྱུང་བའི་ཆོས། །དེ་ཡང་དེ་ལ་རབ་བལྟས་ན། །རྣམ་པར་རྟོག་པས་མི་འཕྲོག་པར། །དེ་དག་ཐམས་ཅད་ཁོང་དུ་ཆུད། །ཅེས་དང་། འཁོར་ལོ་བདེ་མཆོག་ལས། གང་ཚེ་དེ་ཉིད་ལ་རེག་པས། །བསམ་པ་ཐམས་ཅད་བསམ་དུ་མེད། །གང་ཚེ་བསམ་དུ་མེད་བསམ་པ། །དེ་ཚེ་བསམ་མི་ཁྱབ་པར་འགྱུར། །ཞེས་དང་། དཔལ་ཀྱེ་རྡོ་རྗེ་རྩ་བའི་རྒྱུད་ལས། དེ་ལ་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་


JKT023_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཞན་ཡང་མེད་པའོ། །ཞེས་དང་། འོད་གསལ་རྫོགས་པ་ཆེན་པོ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། རང་བཞིན་དག་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་བཞག་པ་སྟེ། །རྣམ་ཤེས་ཆོས་ཉིད་ཟུང་འཇུག་པས། །ཡེ་གྲོལ་ཅོག་གཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། མཚན་མ་རང་སར་དག་པ་དང་། །སྟོང་པ་དངོས་པོའི་མཐའ་གྲོལ་དང་། །འགྱུ་ཟད་རྟོག་པ་ཟད་པ་དང་། །བློ་ཟད་ཡིད་ལས་འདས་པའོ། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་ངོ་འཕྲོད་ཕྱིན་ཆད་གཤིས་བཅོས་བསླད་མེད་པའི་ངང་མདངས་བསྐྱང་ཞིང་། རྣམ་པར་རྟོག་པ་ཞིག་ཐོལ་གྱིས་སྐྱེས་ན་གཉེན་པོ་གཞན་མི་བསྟེན་པར་རིག་པའི་ངང་ཚུགས་མ་ཤོར་བར་བྱས་པས། ལན་ཚྭ་ཆུར་ཐིམ་པ་བཞིན་རང་ཡལ་དུ་འགྲོ། དེ་ཙམ་ན་ཉམས་ལེན་གྱི་སྣེ་ཟིན་པ་ཡིན་པས་ལུས་གནད་སོགས་ལ་ལྟོས་མིན་ཇི་ལྟར་ཡང་གནས་ལུགས་མ་བཅོས་པ་ཁོ་ནའི་རྒྱུན་སྐྱོང་བ་ལ་མཉམ་རྗེས་ཀུན་ཏུ་འབད། དུས་ནམ་དུའང་ཡེངས་འཁྲུལ་བརྗེད་འབྱམས་སུ་སོང་བའི་ཚེ་སྐབས་ཤིག་དྲན་པས་ཧྲིག་གིས་སླེབས་པ་ན། ང་ཡེངས་འདུག་སྙམ་པའི་འགྱོད་པ་དང་། རྣམ་རྟོག་ལུ་གུ་རྒྱུད་ཀྱི་ཕྲེང་བ་གཞན་མི་སྤེལ་བར་རིག་པའི་ངང་ཚུགས་མ་ཤོར་བར་བྱས་པས། སྐད་ཅིག་མ་གཉིས་པ་ནས་བཟུང་བློ་བྲལ་གྱི་ཡེ་ཤེས་


JKT023_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུག་པར་འཆར་ཞིང་། རྟོག་ཚོགས་གང་ཤར་ཡང་གཉེན་པོ་གཞན་བསྟེན་མི་དགོས་པར་གསལ་རིག་རྗེན་ནེ་བའི་ངང་དུ་ཆམ་གྱིས་ཞི་འགྲོ་བ་འདི་ཁོ་ན་ཉམས་ལེན་གྱི་སྲོག་ཏུ་བཟུང་སྟེ། ཤེར་ཕྱིན་བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བསྒོམ་པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། །ཆོས་རྣམས་ཡིད་ལ་མི་བྱ་སྟེ། །ལྷག་པར་བྱེད་པ་རྣམ་པར་སྤང་། །ཆོས་རྣམས་ཐམས་ཅད་མཉམ་ཉིད་དུ། །ཡང་དག་ཉིད་དུ་ཁོང་དུ་ཆུད། །ཅེས་དང་། དཔལ་གསང་བ་འདུས་པ་ལས། དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་དང་། དངོས་པོ་མེད་པའི་ཆོས་ཉིད་ཆོས། །ནམ་མཁའ་ལྟ་བུར་དྲི་མེད་པ། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །སྟོང་པ་ཉིད་དུ་རྣམ་པར་བསམ། །ཞེས་དང་། དགྱེས་པ་རྡོ་རྗེ་ལས། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་དང་། འོད་གསལ་རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཇི་བཞིན་མ་བཅོས་རྒྱལ་བའི་དགོངས་པ་ལ། །སེམས་དང་སེམས་བྱུང་རྟོག་པ་ཅི་སྐྱེས་ཀྱང་། །དེ་ཉིད་སྐྱེ་མེད་


JKT023_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ངང་དུ་གནས་ཤེས་པས། །བྱ་རྩོལ་མཚན་མའི་འདུ་ཤེས་ཀུན་དང་བྲལ། །ཞེས་དང་། སྒྲ་ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད་ལས། ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་དང་། མགོན་པོ་བྱམས་པས། འདི་ལ་བསལ་བར་བྱ་བ་དང་། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང་། འཕགས་པ་ཀླུས་དབུ་མ་རྩ་བ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། གྲུབ་ཆེན་ཨིནྡྲ་བྷཱུ་ཏིས། ཇི་སྲིད་ཇི་སྲིད་རྣམ་རྟོག་པ། །དེ་སྲིད་ཐམས་ཅད་ཀུན་ནས་བརྫུན། །གང་ཞིག་དེ་ཉིད་མ་བརྟགས་པ། །དེ་ནི་ཡང་དག་དེ་རེ་བདེན། །ཞེས་དང་། དཔལ་ས་ར་ཧས། བསམ་དང་བསམ་བྱོ་ཡོངས་སུ་དོར་ནས་སུ། །བུ་ཆུང་བཞིན་དུ་ལྷུག་པར་གནས་པར་བྱ། །བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། །


JKT023_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་དང་། རིག་འཛིན་དགའ་རབ་རྡོ་རྗེས། ཡིན་པར་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་དང་། སློབ་དཔོན་ཤྲཱི་སེང་ཧས། །རང་སེམས་ཡེ་ཤེས་རྡོ་རྗེ་འདི། །ཡོད་མེད་དབུས་སུ་མི་དམིགས་ཤིང་། །རྟག་% ཆད་མཐའ་ལ་མི་གནས་པ། །སྒྲོ་སྐུར་མེད་པའི་ཆོས་ཉིད་ལ། །བླང་དོར་མེད་པར་བློ་བཞག་སྟེ། །འདི་ཤེས་བསྒོམ་པའི་འདུ་ཤེས་བྲལ། །དེ་ནི་དགོངས་པའི་མཐར་ཐུག་གོ །ཞེས་དང་། པཎ་ཆེན་བི་མ་ལས། །ཅིར་སྣང་ངོ་བོའི་རོལ་པར་གང་ཤར་བ། །རང་གྲོལ་གཉེན་པོ་གཉིས་མེད་རང་སར་གྲོལ། །ཤར་གྲོལ་དུས་མཉམ་གཉིས་མེད་རོལ་པ་ཆེར། །དགག་སྒྲུབ་བཟོ་བཅོས་རེ་དོགས་མ་བྱེད་ཅིག །ཅེས་དང་། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས། རང་བྱུང་རང་ཤར་སྒོམ་གྱི་མཆོག །བྱ་རྩོལ་བྲལ་བའི་ངང་ལ་ཞོག །བྱར་མེད་ལྷུག་པ་འདི་ཀ་རང་། །སྒོམ་པ་རང་བྱུང་རང་ཤར་ཡིན། །ཞེས་དང་། བླ་མའི་དྲིན་གྱིས་དེ་ཉིད་མ་ནོར་ངོ་འཕྲོད་ནས། །བསམ་གཞིག་ཡིད་བྱེད་བློ་ཡི་དྲི་མས་མ་བསླད་པར། །རང་ཤར་མ་བཅོས་རང་བབས་ལྷུག་པར་སྐྱོང་བ་ནི། །མ་ནོར་ཐར་པའི་


JKT023_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཆོག་ཟབ་མོ་དེ་ཉིད་ཡིན། །ཞེས་དང་། གྲུབ་ཆེན་བིརླ་པས། ཀུན་གྱི་ངོ་བོ་ཡིད་ཀྱི་གཞི་རྩ་གང་ཡིན་ལྟོས། །བལྟས་པས་མ་མཐོང་ཡིད་དང་བྲལ་ན་ངེས་པར་གྲོལ། །སེམས་ཀྱི་ཆོས་ཉིད་དབྱིངས་ལ་འདི་ཞེས་མེད་པས་ན། །དེ་ལ་སྒོམ་དང་བསྒོམ་པར་བྱ་བ་གཉིས་སུ་མེད། །ཡོད་མེད་ཅིར་ཡང་མི་རྟོག་ངང་ལ་རྩེ་གཅིག་བཞག །ཅེས་དང་། དཔལ་ཏེ་ལོ་པས། བློ་ཡི་ཆོས་ཀྱིས་བློས་འདས་དོན་མི་མཐོང་། །བྱས་པའི་ཆོས་ཀྱིས་བྱར་མེད་སངས་མི་རྒྱ། །བློ་འདས་བྱར་མེད་དོན་དེ་རྟོགས་འདོད་ན། །རང་སེམས་རྩད་ཆོད་རིག་པ་གཅེར་བུར་ཞོག །རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ཆུག །སྣང་བ་དགག་སྒྲུབ་མི་བྱ་རང་སོར་ཞོག །སྤང་བླང་མེད་ན་ཕྱག་རྒྱ་ཆེན་པོར་གྲོལ། །ཞེས་དང་། གྲུབ་ཆེན་ནཱ་རོ་པས། སྣ་ཚོགས་སྣང་བ་དཀར་དམར་དང་། །བརྗོད་དུ་མེད་པའི་ཡེ་ཤེས་གཉིས། ཤེས་པས་རིག་ན་གཅིག་པའི་ངང་། །བསྒོམ་པའི་ཟུང་འཇུག་དེ་ལ་མཛོད། །ཅེས་དང་། རྗེ་མེ་ཏྲི་པས། ཕྱི་ནང་ཐམས་ཅད་ལྷན་ཅིག་སྐྱེས་པ་ཉིད། །མི་རྟོག་རྣལ་འབྱོར་ཆུ་བོའི་རྒྱུན་དང་འདྲ། །དེ་ཡང་སེམས་ལས་གཞན་དུ་ཚོལ་བ་མེད། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ལམ། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གདམས་


JKT023_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། རང་སེམས་གདོད་ནས་མ་སྐྱེས་པ། །འཁོར་དང་འདས་པའི་བྱེད་རྒྱུ་ཅན། །གཞན་མིན་རང་གི་སྙིང་དབུས་ནས། །བླ་མའི་ཞལ་ལས་ཤེས་པར་འགྱུར། །གང་སྐྱེས་གཉུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་མ་བརྗེད་ན། །དེ་ཤར་སྟོང་པ་ཉིད་བདག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །ཞེས་དང་། གྲུབ་ཆེན་དམ་པ་སངས་རྒྱས་ཀྱིས། གཞི་མ་བཅོས་གཉུག་མའི་སྟེང་དུ་བློ་ལ། མི་གཡོ་རང་ལུགས་སུ་བཞག་པས་ཉམས་གཏོང་བཞག་མེད་པར་འཆར་བ་འདི་ནི་ཀོ་ཎ་པཱ་དའི་གདམས་པ་ཡིན། །ཅེས་སོགས་དང་། སྟོང་པའི་ངང་དུ་རིག་པའི་མདུང་སྐོར་གྱིས། །ལྟ་བ་ཐོག་རྡུགས་མེད་དོ་དིང་རི་བ། དྲན་མེད་ངང་དུ་ཡེངས་མེད་བྱ་བ་ཐོངས། །སྒོམ་ལ་བྱིང་རྒོད་མེད་དོ་དིང་རི་བ། །ཤུགས་འབྱུང་ངང་ལས་འགགས་མེད་རྩལ་སྦྱོངས་ཀྱིས། །སྤྱོད་པ་བླང་དོར་མེད་དོ་དིང་རི་བ། །ཞེས་དང་། ཡེ་ཤེས་མཁའ་འགྲོ་ནི་གུ་མས། སྒོམ་མེད་ཡེངས་མེད་གོམས་ཤིང་བརྟན་པ་ལས། །ས་ལམ་རིམ་པ་དུས་འདིར་བགྲོད་བྱེད་དེ། །ཡིད་ལ་མི་བྱེད་སྒྲིབ་པ་རང་སར་དག །སྐུ་གསུམ་འབྲས་བུ་རང་ཤར་ལྷུན་གྲུབ་འབྱུང་། །ཞེས་དང་། མཉམ་མེད་ཇོ་བོ་དཱི་པཾ་ཀཱ་རས། རྟོག་མེད་ཚུལ་གྱིས་རྟོགས་པ་ན། །སྟོང་ཉིད་མཐོང་ཞེས་ཐ་སྙད་གདགས། །མ་མཐོང་བ་ཉིད་དེ་མཐོང་བར། །


JKT023_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་དང་། ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་དུ་མཚན་མའམ། རྣམ་པར་རྟོག་པའི་དགྲའམ། ཆོམ་རྐུན་ལ་སོགས་པ་མ་ལང་གི་བར་དུ་དེ་ལྟ་བུ་ཤེས་པ་ལ་གནས་པར་བྱའོ། །ཞེས་དང་། ཐམས་ཅད་མཁྱེན་པ་བེ་རོ་ཙ་ནས། བསྒོམ་དུ་མེད་པའི་ཆོས་དབྱིངས་རྗེན་པ་ལ། །བསམ་དུ་མེད་པའི་རིག་པ་མ་ཡེངས་ཞོག །རྟོག་པ་སྐྱེས་ན་རང་ཤར་རང་གིས་གྲོལ། །ལྟ་སྒོམ་མན་ངག་རྩ་བ་དེ་ལས་མེད། །ཅེས་དང་། རོང་ཟོམ་པཎྜི་ཏ་ཆོས་ཀྱི་བཟང་པོས། ཆོས་རྣམས་ཀུན་གྱི་རྩ་བ་ནི། །ལས་རྣམས་གང་ཡང་བཀག་པ་མེད། །བཅིངས་གྲོལ་མེད་པའི་ཆོས་ཀྱི་སྐུ། །རང་གི་སེམས་ཉིད་གཉུག་མ་ཡིན། །རང་སེམས་ཨ་ཏིར་མ་རྟོགས་ན། །གང་ལྟར་བྱས་ཀྱང་འཆིང་བའི་རྒྱུ། །ཞེས་དང་། ཧེ་རུ་ཀ་དངོས་ཟུར་ཆེན་ཤཱཀྱ་འབྱུང་གནས་ཀྱིས། །ལྟ་བ་ཞེས་མིང་དུ་བཏགས་པ་དེ། །ལྟ་རྒྱུ་བྱུང་ན་ལྟ་བ་མིན། །བལྟ་རྒྱུ་མེད་པའི་དོན་ལ་བལྟ། །ཆོས་ཉིད་བརྗོད་མེད་ལམ་དུ་ཁྱེར་། །ཞེས་སོགས་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བླ་མ་ས་སྐྱ་པ་ཆེན་པོ་ལ་གདམས་པ་ལས། འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་དང་། དེའི་དོན་རྗེ་བཙུན་གྲགས་པས། ཡོད་པར་


JKT023_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལ་ཐར་ཕ་མེད། །མེད་པར་འཛིན་ལ་མཐོ་རིས་མེད། །གཉིས་ཀར་འཛིན་པ་མི་ཤེས་པས། །གཉིས་མེད་ཀྱི་ངང་ལ་གང་དགར་ཞོག །ཅེས་དང་། དཔལ་བརྩེ་བ་ཆེན་པོས། རྣམ་པར་རྟོག་པ་ཡེ་ཤེས་ཀྱི། །དབང་དུ་གྱུར་ན་འཁོར་བ་མེད། །ཡེ་ཤེས་རྣམ་པར་རྟོག་པ་ཡི། །དབང་དུ་གྱུར་ན་གྲོལ་བ་མེད། །བསྐྱེད་རིམ་རྟོག་པ་ཡིན་མོད་ཀྱང་། །རྟོག་པའི་ངོ་བོ་སེམས་ཉིད་དེ། །སེམས་ཀྱི་རང་བཞིན་གསལ་རིག་ཡིན། །གསལ་རིག་རང་བཞིན་སྟོང་པ་ཉིད། །སྟོང་པ་གདོད་ནས་ཆོས་ཀྱི་དབྱིངས། །འཁྲུལ་པ་ཆོས་ཀྱི་དབྱིངས་ཉིད་དུ། །ཤེས་པས་རྟོག་པ་ཐམས་ཅད་ཀྱང་། །ཇི་ལྟར་བསྒོམ་ཀྱང་མི་རྟོག་ཉིད། །བཙལ་ཀྱང་འཁྲུལ་པ་ག་ལ་རྙེད། །ཡིད་ལ་འགྱུ་བ་མ་ལུས་ཀུན། །ཆོས་ཀྱི་དབྱིངས་སུ་ཡོངས་ཤེས་ན། །མི་རྟོག་ཡེ་ཤེས་ཆེན་པོ་ཡི། །འཁྲུལ་པ་ལོགས་སུ་གྲུབ་པ་མེད། །ཅེས་དང་། རྗེ་བཙུན་གྲགས་པས། སྐྱེ་དང་འགགས་དང་གནས་པ་ཡོད་མིན་པ། །བརྗོད་བྲལ་འདི་ལ་ཅི་ཞིག་བསམ་པར་བྱ། །བརྗོད་མེད་བརྗོད་པ་འདི་ལ་དོན་མེད་ཅིང་། །བསམ་མིན་བསམ་པར་བྱ་བའི་གནས་མིན་ལ། །བསྒོམ་དུ་མེད་པ་འདི་ལ་ཅི་ཞིག་བསྒོམ། །དེ་ལྟར་ཤེས་ན་འཛིན་པ་མེད་པར་འགྱུར། །ཞེས་དང་། འཇམ་མགོན་ས་སྐྱ་པཎྜི་ཏས། ཀུན་རྫོབ་སྣང་བ་རྨི་ལམ་སྒྱུ་


JKT023_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲ། །གང་ཤར་སྟོང་པ་སེམས་ཀྱི་ཁྱེར་སོ་ཡིན། །བཅོས་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་ལྟོས། །སེམས་ཀྱི་དྲན་འཛིན་གཅེས་སོ་ལོ་ཙཱ་བ། །ཞེས་དང་། རྗེ་བཙུན་མར་པ་ལོ་ཙཱ་བ་ལ་དཔལ་ས་ར་ཧས་གདམས་པ། རྣམ་པར་ཤེས་པ་ཕྱི་མ་ཡིས། །སེམས་ལ་ལྷན་པ་གདབ་ཏུ་མེད། །སྣང་སྲིད་སེམས་ཀྱི་རང་བཞིན་ཤེས། །གཉེན་པོས་བཅོས་ཏེ་བསྒོམ་དུ་མེད། །སེམས་ཀྱི་གནས་ལུགས་དྲན་དུ་མེད། །དེ་ཡང་མ་བཅོས་ངང་ལ་བཞག །ཅེས་དང་། འཁོར་བར་སྐྱོན་དུ་མི་ལྟ་ཞིང་། །མྱ་ངན་འདས་པ་ཐོབ་བྱར་མེད། །ཐ་མལ་ཤེས་པ་རང་ལུགས་དེ། །མ་བཅོས་སོ་མའི་ངང་དུ་བཞག །ཅེས་དང་། རྗེ་ཉིད་ཀྱི་ཞལ་ནས། སྐྱེ་ཤི་གཉིས་ཀྱི་བར་དོ་ལ། །རྣམ་རྟོག་སྣང་བ་ཅི་ཤར་ཡང་། །སྣང་བ་རང་བཞིན་མེད་པ་སྟེ། །འཁྲུལ་པ་བྱུང་ན་ལོག་གནོན་ཐོབ། །ལོག་གནོན་རང་གི་སེམས་ལ་ལྟོས། །བལྟས་པས་དངོས་མེད་རང་སར་གྲོལ། །ཞེས་དང་། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པས། མཐར་ཐུག་དོན་ལ་དགག་སྒྲུབ་མེད། །ཡང་དག་དོན་ལ་བསམ་དུ་མེད། །བསམ་དུ་མེད་པར་བསྒོམ་ཤེས་ན། །ཉོན་མོངས་གྲི་ཟད་བརྡར་ཟད་ཡིན། །བསམ་བློ་མང་པོ་སྐྱེས་ཕྱིན་ཆད། །ཇི་ལྟར་བསྒོམས་ཀྱང་གྲོལ་མི་ནུས། །བསམ་མེད་རྟོག་པ་ཟད་པ་ན། །སྡིག་


JKT023_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་སྨིན་ཟད་པ་ཡིན། །ཞེས་དང་། ཆོས་རྗེ་དྭགས་པོ་རིན་པོ་ཆེས། མ་བཅོས་བཞག་པའི་སེམས་ནི་སངས་རྒྱས་ཡིན། །འགྲོ་འཆག་ཉལ་འདུག་ཀུན་ཏུ་ལྷུག་པར་ཞོག །དེ་ལྟར་བཞག་པའི་སེམས་ནི་ནམ་མཁའ་འདྲ། །ནམ་ཡང་ཕྱོགས་སུ་མ་ལྷུང་ལྟ་བ་ཡིན། །ཞེས་དང་། མ་གཅིག་ལབ་ཀྱི་སྒྲོལ་མས། ཆོས་དབྱིངས་ཀློང་ཆེན་རང་གསལ་ངང་། །དྲན་རྟོག་ཅིར་སྣང་འཆར་བ་ཡིན། །དཔེར་ན་རྒྱ་མཚོ་ཆེན་པོ་ལ། །རྦ་རླབས་ལ་སོགས་འབྱུང་བ་བཞིན། །དེ་ལྟར་རྟོགས་པའི་སྐྱེས་བུ་ཡིས། །བཅས་བཅོས་མི་དགོས་རང་སར་ཞོག །ཕན་གནོད་མི་འབྱུང་དབྱིངས་སུ་གྲོལ། །ཅེས་དང་། གྲུབ་ཆེན་ཨོ་རྒྱན་པས། ཕྱོགས་མེད་ཀྱི་རིག་པ་རྟེན་མེད་དེ། །ཚོགས་དྲུག་གི་རྐྱེན་ཁར་མི་གཏོང་བར། །དོན་སྤྲོས་བྲལ་ཆེན་པོའི་ངང་ལ་འབྱམས། །དེ་གཡོ་བ་མེད་པ་ལྟ་བའི་མཆོག །ཅེས་དང་། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ་དཔལ་གསང་བའི་བདག་པོས་གདམས་པ། །བལྟ་རུ་མེད་པའི་བྱང་ཆུབ་སེམས། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྨྲ་བསམ་བརྗོད་མེད་ངང་ལ་ཞོག །བློ་ལས་འདས་པའི་ངང་ལ་ཞོག །བྱར་མེད་ལྷུག་པའི་ངང་ལ་ཞོག །ཞོག་ཅེས་བྱ་བ་བློ་ཡི་ཚིག །བཞག་དང་མ་བཞག་ཐ་སྙད་མེད། །མིང་མེད་བརྗོད་མེད་བརྟག་གཞི་བྲལ། །


JKT023_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་སྣང་བློ་ནི་དབྱིངས་སུ་ཞི། །དགག་སྒྲུབ་སྤོང་ལེན་དབྱིངས་སུ་ཡལ། །སྤྲིན་ཚོགས་མཁའ་ལ་དེངས་པ་འདྲ། །རྣམ་རྟོག་མ་སྤང་རང་སར་དག །ཅེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱིས། གདོད་མའི་ངང་འདིར་བརྗོད་འདས་བཞི་རྩ་བྲལ། །སྤང་བླང་རྩོལ་སྒྲུབ་རེ་དོགས་ཕྱོགས་རིས་མེད། །གནས་དེར་གནས་པ་ཀུན་ཀྱང་ཆོས་ཀྱི་སྐུ། །ཅོག་གཞག་རང་གྲོལ་འབད་མེད་གང་གི་ཡུལ། །གནས་ལུགས་མཐོང་ལ་གཞི་རྩ་གང་ཡང་མེད། །ཆིག་ཆོད་མཐོང་ལ་སྒོམ་པ་རྡུལ་ཙམ་མེད། །སྙེམས་དང་བྲལ་ལ་སྤྱོད་པ་ཡོད་མ་ཡིན། །ཁྲེགས་ཆོད་མཐོང་ལ་དྲན་འཛིན་གཉེན་པོ་མེད། །ཐོད་རྒལ་མཐོང་ལ་སེམས་འཛིན་བསྒོམ་པ་མེད། །རྣམ་རྟོག་བྱུང་ན་གང་ཤར་རང་གྲོལ་ཡིན། །རྩོལ་སྒྲུབ་མ་བྱེད་རང་བབས་ལྷུག་པར་ཞོག །སོ་མ་གཉུག་མ་མ་བཅོས་ཟང་ཐལ་ངང་། །ཅིར་སྣང་ཐམས་ཅད་ཆོས་སྐུའི་ཞིང་དུ་འཆར། །ཞེས་སོགས་རྒྱ་ཆེར་བཀའ་སྩལ་བ་དང་། མངའ་རིས་པཎྜི་ཏ་ཆེན་པོ་པདྨ་དབང་གི་རྒྱལ་པོའི་ཞལ་སྔ་ནས། རྟོག་པ་ཐམས་ཅད་ཡོངས་སྤངས་ནས། །མཉམ་གཞག་ཆོས་བདུན་ངང་དུ་ཀློད། །དེ་ཚེ་གཟུང་འཛིན་གཉིས་མེད་ཀྱི། །ཡེ་ཤེས་གསལ་སྟོང་འཛིན་མེད་འཆར། །དེ་ལ་སྒོམ་སྐྱོན་དང་བྲལ་ན། །ཁྲེགས་ཆོད་ལམ་གྱི་དམ་པ་ཡིན།


JKT023_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་སོགས་མ་ཐོབ་བར་དུ་ནི། །རིམ་ཅན་པ་ཡི་ཚུལ་དུ་འབྱུང་། །དྲོད་སོགས་ཐོབ་ནས་གཅིག་ཅར་དུ། །འབྱུང་བ་འདི་ལ་ཐེ་ཚོམ་མེད། །ཅེས་དང་། རྗེ་བཙུན་པྲཛྙཱ་རསྨིས། གདོད་ནས་གཞི་ཡི་བཞུགས་ཚུལ་འཁྲུལ་མེད་ནི། །ཡོད་པ་མ་ཡིན་ངེས་བཟུང་ཀུན་དང་བྲལ། །མེད་པ་མ་ཡིན་འཁོར་འདས་གང་དུའང་སྣང་། །གཉིས་ཀ་མ་ཡིན་བརྗོད་པའི་ཡུལ་ལས་འདས། །སྨྲ་བསམ་བརྗོད་མེད་གཞི་ཡི་བཞུགས་ཚུལ་ལགས། །ཡེ་ནས་གཞི་ལ་བཅོས་བསྒྱུར་མི་བྱེད་པར། །ལྟ་བའི་གནས་ལུགས་རང་བབས་ཁོ་ན་ཉིད། །འགྲོ་འོང་དང་བྲལ་རང་རིག་ཡེ་ཤེས་འདི། །གཉེན་པོས་མ་བསླད་རྩོལ་བས་མ་བསྒྲིབས་ཤིང་། །ཐ་མལ་ཡེངས་མ་ལམ་དུ་མ་སོང་བར། །ངང་བཞག་ངང་གནས་ཉིད་ལས་མ་གཡོས་བཞག །ཅེས་དང་། ཀུན་མཁྱེན་བླ་མས། གདོད་ནས་གྲོལ་བའི་རིག་པ་ཀ་དག་ནི། །༧། སྟོང་པ་ངོ་བོ་ཉིད་མེད་བསམ་བརྗོད་འདས། །མཚན་ཉིད་བློ་ཡི་བརྗོད་པས་ཐུག་པ་སྤངས། །སྨོན་པ་མེད་ལ་རིག་པའི་ཡོན་ཏན་རྫོགས། །རིག་པ་ཤེས་བྱའི་ཡུལ་ལ་མི་གནས་པས། །ང་དང་ང་ཡིར་འཛིན་པའི་ཆོས་དང་བྲལ། །དེ་ལ་སྒོམ་དང་བསྒོམ་པར་བྱ་བ་མེད། །མ་བཅོས་རྣལ་མར་བཞག་ན་རྗེན་པར་མཐོང་། །རང་གི་ངོ་བོ་གཞན་དུ་མི་འགྱུར་ན། །མ་རིག་འཛིན་པས་སྲིད་པར་འཁྲིད་མི་


JKT023_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ནུས། །ཕྱི་རོལ་ཡུལ་དང་བདག་ཏུ་ཞེན་པ་རྣམས། །བྱེད་པོས་མ་བྱས་སེམས་རྟོག་བརྟན་ལས་གྲུབ། །གཞི་དང་རྩ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད་པར་རྟོགས་། །དེ་ལས་གཞན་པའི་རྟོག་པ་ཡོད་མི་དགོས། །ཀློག་དང་འཛིན་དང་བསྒོམ་དང་བསྟན་བཅོས་སེམས། །མཐའ་དག་བློ་ཡི་གྲུབ་མཐར་ཞིག་གྱུར་ན། །ཡིད་སྨོན་མེད་པའི་སངས་རྒྱས་དེ་ཉིད་དོ། །ཞེས་པ་ལ་སོགས་པས་མཚོན་ཏེ་མདོ་རྒྱུད་བསྟན་བཅོས་ཀུན་ནས་རྒྱ་ཆེར་བཀའ་སྩལ་ཏོ། །དེ་ལྟར་རིག་པར་ཕ་མ་ལ་ནས་མ་གཡོས་པའི་ཚེ་ན། གཟུགས་ལམ་མེ་བ་དང་། སྒྲ་ལྷང་ངེ་བ་དང་དྲི་ཆིལ་ལེ་བ་སོགས་ཚོགས་དྲུག་གི་རྟོག་པ་གང་ཤར་ཡང་ཕྱིར་མི་དཔྱད། ནང་དུ་མི་འཛིན། ཤར་ས་དེ་ཀར་ཅོག་གེར་བཞག་པས་སྣང་ཡུལ་མ་འགགས་ལ་དེར་འཛིན་གྱི་རྟོག་པ་དང་བྲལ་བ་དྭངས་བའི་རྫིང་བུར་ཟླ་བའི་གཟུགས་བརྙན་ཤར་བ་ལྟ་བུ་ཞིག་འབྱུང་བས་སྟོང་པ་དང་རྟེན་འབྲེལ་དབྱེར་མེད་པའི་དོན་ལ་ངེས་ཤེས་མཆོག་ཏུ་འདྲོངས་ཤིང་། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་དང་། འཕགས་པ་ཀླུས། རྟེན་ཅིང་འབྲེལ་འབྱུང་གང་


JKT023_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པ་དག་གི་དོན་ལ་ཁ་ཕྱིར་བལྟས་ཀྱི་དཔྱད་པ་རྣོན་པོའི་འཛིན་སྟངས་ཉི་ཚེ་བས་གཞལ་བ་ཙམ་མ་ཡིན་པར་རང་རྒྱུད་ལ་མངོན་སུམ་དུ་ཉམས་སུ་མྱོང་བའི་སྒོ་ནས་འབྱོར་བ་ཡིན་ནོ། །མདོར་ན་ལམ་གྱི་རྩ་བ་དལ་འབྱོར་རྙེད་དཀར་ཤེས་པས་རྟེན་ལ་སྙིང་པོ་ལེན་པ་དང་། ཚེ་མི་།རྟག་པར་ཤེས་པར་སྒྲུབ་པ་ལ་ཕྱི་བཤོལ་མི་བྱེད་པ་དང་། བདེ་སྡུག་སྔོན་ལས་སུ་ཤེས་པས་དགེ་སྡིག་བླང་དོར་ལ་བརྩོན་པ་དང་། འཁོར་བ་སྡུག་བསྔལ་དུ་ཤེས་པས་སྲིད་པ་ལ་མངོན་པར་སྐྱོ་བ་དང་། ཡོན་ཏན་བླ་མ་ལས་འབྱུང་བས་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། མྱང་འདས་མཆོག་ཏུ་བདེ་བས་ཞི་བའི་བྱང་ཆུབ་སྒྲུབ་པ་དང་། ལམ་གྱི་དངོས་གཞི་དགེ་བའི་རྩ་བ་ཆེ་ཕྲ་ཇི་ལྟ་བུ་ཞིག་བསྒྲུབ་ཀྱང་ཐེག་ཆེན་སྙིང་རྗེ་ལ་རགས་ལས་པས་སྦྱོར་བ་སེམས་བསྐྱེད་ཀྱིས་རྩིས་ཟིན་པ་དང་། ཐམས་ཅད་ངོ་བོ་ཉིད་མེད་པས་དངོས་གཞི་དམིགས་མེད་ཀྱི་རྒྱས་གདབ་པ་དང་། དགེ་ཚོགས་ཟད་མེད་དུ་འཕེལ་ཕྱིར་རྗེས་བསྔོ་བ་སྨོན་ལམ་གྱིས་མཚམས་སྦྱོར་བ་དང་། ལམ་གྱི་སྙིང་པོ་འཁོར་འདས་རིག་པ་ལས་བྱུང་བས་རིག་པ་ངོ་ཤེས་པར་བྱས་ནས། མཉམ་རྗེས་ཀུན་ཏུ་ཐ་མལ་གྱི་ཤེས་པ་སྐད་ཅིག་མ་


JKT023_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཀའི་རྒྱུན་རྗེན་ནེ་ཡེར་རེ་སྐྱོང་བ་དང་། ཁྱད་པར་རྟོགས་པ་སྐྱེ་བ་བྱིན་གྱིས་བརླབས་ལ་རགས་ལས་ཤིང་། བྱིན་རླབས་མོས་གུས་ལ་རགས་ལས་པས་ལམ་གྱི་གེགས་སེལ་དང་བོགས་འདོན་མོས་གུས་བླ་མའི་རྣལ་འབྱོར་ཁོ་ན་ལ་འབད་པ་ནི་ཟབ་དོན་ཐམས་ཅད་ཀྱི་མཐར་ཐུག་པ་ཡིན་ཏེ། ཇི་སྐད་དུ། མདོ་སྡུད་པ་ལས། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་བྱུང་། །ཞེས་དང་། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བས་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་དང་། དཔལ་ཀྱེ་རྡོ་རྗེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། བླ་མ་སངས་རྒྱས་ཐམས་ཅད་ཀྱི། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པར་འགྱུར། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཞེས་དང་། །སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། །བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་


JKT023_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ནས་བླ་མ་བསྟེན། །འཁོར་བའི་གཡུལ་ངོ་བཟློག་ཕྱིར་རོ། །ཞེས་པ་ལ་སོགས་པས་མཚོན་མདོ་རྒྱུད་ཀུན་ལས་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་ཏུ་བསྔགས་པ་ལ་དགོངས་ནས། ཨོ་རྒྱན་ཆེན་པོས། བྱིན་རླབས་དངོས་གྲུབ་ཀུན་གྱི་རྩ་བ་སྟེ། །བླ་མ་མཆོག་ལ་མོས་གུས་གནད་དུ་བསྣུན། །ཞེས་དང་བདེ་གཤེགས་ཀུན་འདུས་ཐར་༧པའི་ལམ་མཁན་མཆོག །མཆོད་ཡུལ་གཙོ་བོ་བླ་མར་གསོལ་གདབ་བྱ། །ཞེས་སོགས་ཟབ་མོའི་ལམ་ཐམས་ཅད་ཀྱི་རྩ་བར་གསུངས་པ་དང་། གྲུབ་ཆེན་བིརླ་པས་ལམ་འབྲས་རྡོ་རྗེའི་ཚིག་རྐང་དུ། ལམ་ཟབ་བླ་མ་ཞེས་དབང་པོ་རབ་བླ་མའི་ལམ་ཁོ་ནས་དཀྲི་བར་བཞེད་ཅིང་། གཤེད་དམར་སྤྲོས་མེད་ལས་ཀྱང་། བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བྱ་སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་དགེ་འདུན་བླ་མ་སྟེ། །དངོས་གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། །ཞེས་གསུངས། རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོ་པས་དཔལ་ནཱ་རོ་པ་ལ་གདམས་ པ། ཞིང་དང་དངོས་པོ་བསམ་པ་གསུམ། །གཅིག་ཏུ་དྲིལ་ནས་གསོལ་བ་ཐོབ། །གང་འདོད་འབྲས་བུ་འབྱུང་བར་ངེས། །ལྟེམ་རྐྱང་མ་བྱེད་རྣལ་འབྱོར་པ། །གེགས་སེལ་ཀུན་གྱི་ཆོས་གཅིག་པུ། །


JKT023_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡིན་ནོ་རྣལ་འབྱོར་པ། །བོགས་འདོན་ཀུན་གྱི་ཆོས་གཅིག་པུ། །བླ་མ་ཡིན་ནོ་རྣལ་འབྱོར་པ། །ཞེས་གདམས་པས་མཚོན་བཀའ་བརྒྱུད་གོང་མ་ཐམས་ཅད་ཀྱིས་ཀྱང་འདི་ཁོ་ན་ཐུགས་དམ་གྱི་མཐིལ་དུ་མཛད། ལྷ་གཅིག་དཱི་པཾ་ཀ་རས། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མའི་མོས་གུས་ལ་བརྟེན་ནས་སྐྱེ་དགོས་ཞེས་དང་། རྗེ་བཙུན་བློ་བཟང་གྲགས་པས། དེ་ནས་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིགས་པའི་རྩ་བ་ནི། །ལམ་སྟོན་དགེ་བའི་བཤེས་གཉེན་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །མཐོང་ནས་སྲོག་གི་ཕྱིར་ཡང་མི་བཏང་བར། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད། །ཅེས་སོགས་གསུངས་ནས་བཀའ་གདམས་གསར་རྙིང་རྣམས་ཀྱིས་ཀྱང་ལམ་རིམ་གྱི་ཐོག་མར་བཤེས་གཉེན་བསྟེན་ཚུལ་ནས་འཁྲིད་པར་མཛད། གཞན་ཡང་གྲུབ་ཆེན་དམ་པ་སངས་རྒྱས་ཀྱིས། །སྐྱབས་གནས་བསླུ་བ་མེད་པ་བླ་མ་ཡིན། །འབྲལ་མེད་གཙུག་ཏུ་ཁུར་ཅིག་དིང་རི་བ། །བླ་མས་བསྐྱལ་ན་གང་འདོད་ས་རུ་སླེབ། །རྐང་གླར་མོས་གུས་ཕུལ་ཅིག་དིང་རི་བ། །ཞེས་དང་། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་སྒྱུ་མ་ལམ་རིམ་ལས། ལམ་ལྔ་ས་བཅུའི་རིམ་པ་རྣམས། །མོས་


JKT023_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གུས་སྟོབས་ཀྱིས་བགྲོད་པར་བྱེད། །བླ་མའི་སྣང་བ་མ་བྲལ་ན། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་དང་། ལམ་ཁྱེར་རྣམ་གསུམ་ལས། ཉིན་མཚན་མཉམ་རྗེས་ཐམས་ཅད་དུ། །ཅིར་སྣང་ཐམས་ཅད་བླ་མར་ཤེས། །བླ་མ་དེ་ཉིད་རང་གི་སེམས། །སྣང་སེམས་བླ་མ་དབྱེར་མེད་པའི། །གསལ་སྟོང་ཆེན་པོ་རང་ཤར་འབྱུང་། །ཞེས་སོགས་མཁས་ཤིང་གྲུབ་པའི་སློབ་དཔོན་རྣམས་ཀྱིས་ཀྱང་མགྲིན་གཅིག་ཏུ་བསྔགས་པར་མཛད་དོ། །དེ་བས་ན་ཤིན་ཏུ་དབེན་པའི་ནགས་ཀྱི་སྨན་ལྗོངས་ཉམས་དགའ་བར་རིགས་ཐམས་ཅད་ཀྱི་བདག་པོའི་ཞབས་སེན་སྤྱི་བོར་འབྲལ་མེད་དུ་བསྒོམས་ཤིང་རིག་སྟོང་རྗེན་པ་སྐད་ཅིག་མ་འདི་ཀའི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་རང་སར་གྲོལ་བའི་ཉམས་ལེན་ལ་མཉམ་རྗེས་དབྱེར་མེད་ཆུ་བོའི་རྒྱུན་བཞིན་དུ་བརྩོན་པ་ནི་རྒྱལ་བ་སྲས་དང་བཅས་པ་དགྱེས་པའི་ལམ་མཐར་ཐུག་པ་ཡིན་པས། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཚེ་འདི་ཉིད་ལ་བརྙེས་པར་འདོད་པའི་སྐལ་བཟང་རྣམས་ཀྱིས་སྙིང་གི་ཐིག་ལེ་གཅིག་ཏུ་འཛིན་འཚལ། །ཞེས་མཆོག་ཏུ་གདམས་པར་བྱས་སོ། །ཇི་ལྟར་དཔྱིད་ཀྱིས་བཟུང་བ་ཡིས། །ཨུཏྤལ་དགའ་ཚལ་དར་བབས་ལྟར། །འདིས་ཀྱང་དད་དང་བློ་ལྡན་རྣམས། །ངེས་དོན་ལང་ཚོ་རྒྱས་གྱུར་ཅིག །ཨིཏྤ་སེ་མཉྫགྷོ་ཥ་སྱ་ཀྲྀ་ཏཾ་སརྦ་དཱ་ཤུབྷོ། །


previousསྤོང་བ་བསམ་གཏན་པ་ལ་གདམས་པའི་གཏམ་ལམ་རིམ་བདུད་རྩིའི་སྙིང་པོ།next