Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
སྤང་བླང་གི་བསླབ་བྱ་མདོར་བསྡུས་པའི་གཏམ་ཆོས་ཚུལ་བདུད་རྩིའི་སྤྲིན་ཆར།
   
   
   
   
   


 
previousསྤང་བླང་གི་བསླབ་བྱ་མདོར་བསྡུས་པའི་གཏམ་ཆོས་ཚུལ་བདུད་རྩིའི་སྤྲིན་ཆར།next

སྤང་བླང་གི་བསླབ་བྱ་མདོར་བསྡུས་པའི་གཏམ་ཆོས་ཚུལ་བདུད་རྩིའི་སྤྲིན་ཆར།


JKT023_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སྤང་བླང་གི་བསླབ་བྱ་མདོར་བསྡུས་པའི་གཏམ། ཆོས་ཚུལ་བདུད་རྩིའི་སྤྲིན་ཆར་ཞེས་བྱ་བ་བཞུགས་སོ། །


JKT023_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་སྭ་སྟི་སིདྡྷཾ། དཔག་ཡས་རྒྱལ་བ་སྲས་བཅས་རྣམས་དང་བླ་མ་འཕགས་པ་འཇམ་དབྱངས་ལ། །མཁའ་ཁྱབ་བགྲང་ཡས་མ་རྣམས་དང་བཅས་བདག་ཅག་དད་པས་ཕྱག་བྱས་ནས། །གཞན་ཕན་ལ་ཆགས་ལྷག་བསམ་བཟང་ལྡན་ཁ་བ་པད་རྩ་ལྟར་དཀར་བས། །སྤང་བླང་གནས་འགའ་ཤས་ཙམ་བསྙད་གང་ཡང་དག་དགའ་བས་མཉན་བྱ་ལགས། །ཀི་སོགས་ངག་གི་ཅ་ཅོའི་ཚེར་མ་སྣ་ཚོགས་ཡིད་ཀྱི་རྣམ་གཡེང་དང་། །ཁུ་འཕང་ལྟ་བུའི་ལུས་ཀྱི་སྤྱོད་ལམ་གནས་ངན་ལེན་བཅས་ཀུན་བསལ་ནས། །གེ་སར་འབྲས་བུས་རྣམ་པར་བརྒྱན་པ་དྲང་སྲོང་དགྱེས་པའི་རི་ངོགས་སུ། །ངོ་མཚར་ཀློག་དང་སྤོང་བའི་བྱ་བས་དམ་པའི་རྗེས་སུ་སློབ་པར་མཛོད། །


JKT023_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལྟར་ཁས་བླངས་ཚུལ་ཁྲིམས་རྣམ་དག་སོ་ཐར་བསླབ་གཞིའི་རྩ་བ་བརྟན། །ཆུ་སྐྱེས་ཇི་བཞིན་ཡིད་དུ་འོང་བའི་སྨོན་འཇུག་བྱང་སེམས་ཡལ་ག་རྒྱས། །ཇེ་ཞིག་མ་ཡིན་ཐ་མལ་དངོས་ཀུན་སྔགས་སུ་སྡོམ་པའི་འབྲས་བུས་དུད། །ཉོ་ཚོང་ལ་སོགས་བྱ་བ་ཀུན་སྤངས་འཕགས་བཞིའི་རིགས་སུ་བསྙེན་པར་མཛོད། །ཏི་ར་ཕྱུགས་ལྟ་བུར་བླང་དོར་གནས་ལ་རྨོངས་པའི་གཞན་དབང་རིང་བཅད་ཕྱིར། །ཐུ་མིའི་གཞུང་ལུགས་རྣམ་གཉིས་ནས་བཟུང་ཐུན་མོང་རིག་ལམ་ཇི་སྙེད་དང་། །དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་སྡེ་སྣོད་རྒྱུད་སྡེའི་ངེས་གསང་ཀུན། །ནོ་པི་སྒྲུབ་པ་ཀ་ཡི་ཆེད་དུ་བསླབས་པས་མཁས་པ་དགྱེས་པའི་དཔལ་ཐོབ་མཛོད། །པི་ཝཾ་


JKT023_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་པའི་འགྱུར་བས་མི་མཚོན་གཞུང་ལུགས་རྒྱ་མཚོ་འཆད་ལ་དབང་། །ཕུ་ཆུ་ལྷུང་ལྷུང་དལ་འབབས་ཇི་བཞིན་འཛད་མེད་རྩོམ་ཕྲེང་མགྲིན་པར་བརྒྱན། །བེ་ཏ་པ་ཡི་ཡལ་ག་ལྟར་གཟེངས་ཕས་རྒོལ་སྟོང་གི་དམ་བཅའ་ཀུན། །རྨོངས་པ་མོ་ཧའི་ཤུལ་དུ་རྐང་པ་འགོད་བྱེད་རྩོད་ངག་སེང་གེའི་སྒྲ་སྒྲོགས་མཛོད། །ཙི་ཏྲ་ཀ་བཞིན་གདུང་བ་སྐྱེད་པའི་ཉེས་པ་ལྔ་པོ་བསལ་སླད་དང་། །ཚུ་རོལ་མཐོང་བས་ནམ་ཡང་མི་མཚོན་འཕགས་པའི་ཡེ་ཤེས་མངོན་བྱེད་ཕྱིར། །ཛེ་ཏའི་ཚལ་མཚུངས་ཞི་བའི་ནགས་སུ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པས། །ཕོ་ཆུ་ལྷ་ཛི་ཧཱས་ཀྱང་སྨྲ་བར་མི་ནུས་བསམ་གཏན་བདེ་བས་སིམ་པར་མཛོད། །ཞི་ལ་མ་ཆགས་སྲིད་མཐར་མི་གནས་བརྩེ་དང་རིག་པས་འཁོར་འདས་མཐའ། །ཟུ་ཆ་མཉམ་པའི་བརྡ་རྙིང་གུ་ལུགས་སུ་དབུ་མར་འཛུད་བྱེད་ཤེས་རབ་ཟབ་མོར་མི་ཕྱེད་པས། །འེ་ཞེས་སྙན་པའི་སྨྲ་བ་དང་བཅས་སྦྱིན་སོགས་ཕར་ཕྱིན་ཀུན་སྤྱོད་ཅིང་། །ཡོ་ག་ཆེན་པོའི་ལམ་མཆོག་ལ་བརྟེན་ཚེ་འདིར་ཟུང་འཇུག་ཐོབ་པར་མཛོད། །རི་དབང་ལྟར་བརྟན་བྱང་ཆུབ་སེམས་དང་ཤེས་རབ་སྙིང་རྗེའི་མཐུས་བསྐུལ་ཏེ། །ལུ་མའི་ཆུ་བཞིན་རྒྱུན་མི་འཆད་པར་གཞན་ཕན་སྙིང་སྟོབས་གོ་ཆ་བགོ །ཤེ་མུན་སྟུག་པོ་ཉམ་ངར་འཁྱམས་པའི་མ་རྣམས་ཐར་པའི་ལམ་བཟང་ལ། །སོ་སོར་འགོད་པའི་གཡར་


JKT023_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བརྟན་པོས་སྲས་བཅས་རྒྱལ་བ་དགྱེས་པར་མཛོད། །ཧི་ཁ་བ་མའི་ཕུང་པོ་ཇི་བཞིན་རབ་དཀར་ཀུན་སློང་བཟང་པོས་གཞི་བཟུང་ནས། །ཨུ་ད་དྷི་ཆུ་འཛིན་ལྟར་སྙན་པའི་ངག་གིས་ཆོས་ཚུལ་བདུད་རྩིའི་ཆར་ཕབ་མཐུས། །ཀྱེ་ཧེ་ཞེས་ཚིག་གིས་བསྐུལ་བའི་མོད་ལ་འགྲོ་ཀུན་ཕན་བདེའི་ལམ་ཞུགས་ཏེ། སྨན། ཨོ་ཥ་དྷི་ལྟར་ཉོན་མོངས་ནད་སེལ་ཀུན་མཁྱེན་གོ་འཕང་མྱུར་ཐོབ་ཤོག །ཅེས་དབྱངས་ཨ་ངེས་པ་དང་། བོད་ཀྱི་ཡི་གེ་སུམ་ཅུ་ལ་ཨཱ་ལི་གསལ་བྱེད་བཞིས་བརྒྱན་པ་དང་སྤེལ་བས་རྗོད་བྱེད་བྱ་དཀའ་ཞིང་། བརྗོད་བྱ་བློ་གསལ་ཐར་འདོད་རྣམས་ཀྱི་སྤང་བླང་གི་བསླབ་བྱ་ཐམས་ཅད་མདོར་བསྡུས་ཏེ་མཚོན་པར་ནུས་པའི་གཏམ་གྱི་སྦྱོར་བ་ཉུང་ངུ་འདིའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རབ་ཚེས་དཀར་པོའི་གནམ་ལོ་གསར་དུ་འཆར་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉིན་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། ༈ །།ཨོཾ་སྭ་སྟི། སྤང་བླང་གི་བསླབ་བྱ་མདོར་བསྡུས་པའི་གཏམ་གྱི་སྦྱོར་བ་འདིའི་བསྡུས་དོན་ཅུང་ཟད་འཆད་ན་གསུམ། ཀླད་དང་། གཞུང་དང་། མཇུག་གོ །དང་པོ་ལ་བཞི། མཚན་བསྟན་པ། ཤིས་པར་བརྗོད་པ། ཕྱག་བྱ་བ། བརྩམ་པར་དམ་བཅའ་བ་རྣམས་རིམ་པར། །སྤང་བླང་སོགས་དང་། ཨོཾ་སྭ་སྟི་སིདྡྷཾ་


JKT023_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དཔག་ཡས་སོགས་དང་། གཞན་ཕན་སོགས་ཀྱིས་བསྟན་ཅིང་། ཕྱི་མ་འདིའི་ཁོངས་སུ་དངོས་པོ་ངེས་བསྟན་ཡང་ཚང་ངོ་། །གཉིས་པ་ལ་གསུམ། སྤང་བླང་གི་གནས་མདོར་བསྡུས་ཏེ་བསྟན་པ། བླང་བྱའི་གནས་རྒྱས་པར་བཤད་པ། གཞན་ལ་ཕན་པ་སྒྲུབ་པའི་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ནི། ཀི་སོགས་ངག་གི་སོགས་སོ། །གཉིས་པ་ལ་གཉིས། རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་འཇུག་ཚུལ་དང་། ཞུགས་པའི་རྟེན་དེས་ཐོས་བསམ་སྒོམ་གསུམ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། ཅི་ལྟར་སོགས་སོ། །གཉིས་པ་ལ་གཉིས། ཀློག་པ་ཐོས་བསམ་གྱི་ཚུལ་ལ་བསྐུལ་བ་དང་། སྤོང་བ་བསམ་གཏན་གྱི་ཚུལ་ལ་བསྐུལ་བའོ། །དང་པོ་ལ་གཉིས། རང་དོན་དུ་ཐོས་བསམ་ཇི་ལྟར་བྱ་བའི་ཚུལ་དང་། གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཚུལ་ཏེ། ཏི་ར་སོགས་དང་། པི་ཝང་སོགས་སོ། །གཉིས་པ་ལ་གཉིས། ཞི་གནས་བསམ་གཏན་བསྒོམ་ཚུལ་དང་། ལྷག་མཐོང་ཤེས་རབ་བསྐྱེད་ཚུལ་ཏེ། ཙི་ཏྲ་ཀ་སོགས་དང་། ཞི་ལ་མ་ཆགས་སོགས་ཀྱིས་བསྟན་ཅིང་། ཕྱི་མའི་ཁོངས་སུ་སྦྱིན་སོགས་ཕར་ཕྱིན་གཞན་དང་རྡོ་རྗེ་ཐེག་པ་ལ་བསླབ་ཚུལ་ཡང་མཚོན་ནོ། །གསུམ་པ་ནི། རི་དབང་ལྟར་བརྟན་སོགས་ཏེ། བྱ་བ་ལས་ཀྱི་འཁོར་ལོའང་མཚོན་པ་ཡིན་ནོ། །གསུམ་པ་


JKT023_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་གི་དོན་ལ་གསུམ། བསམ་སྦྱོར་ཇི་ལྟ་བུས་བརྩམས་ཚུལ། བརྩམས་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ། སྦྱར་བྱང་གིས་མཇུག་བསྡུ་བ་སྟེ། ཧི་མའི་སོགས་དང་། ཧེ་ཞེས་སོགས་དང་། ཅེས་དབྱངས་ཨ་ངེས་པ་སོགས་སོ། །ཞེས་པའང་མཉྫགྷོ་ཥ་རང་ཉིད་ཀྱིས་བྲིས་པ་དགེ། ༈ །།ཨོཾ་སྭ་སྟི་སིདྡྷཾ། རིགས་ཀུན་ཁྱབ་བདག་བླ་མ་ལ། །རྩེ་གཅིག་གུས་པས་ཕྱག་བཙལ་ནས། །ཟབ་ལམ་སྙིང་པོར་དྲིལ་བའི་གཏམ། །དད་ལྡན་ཉམས་ལེན་གསོས་སུ་སྦྱིན། །རང་རེ་རྣམས་ཀྱིས་རྙེད་པ་ཡི། །དལ་བརྒྱད་འབྱོར་བཅུ་ལྡན་པའི་ལུས། །འདི་འདྲ་རྙེད་དཀའ་དོན་ཆེ་བས། །སྙིང་པོ་ལེན་པའི་ཐབས་ལ་འབད། །དེ་ཡང་ངེས་པར་འཆི་བ་དང་། །ནམ་འཆི་ཆ་མེད་འཆི་བའི་ཚེ། །ཆོས་མིན་གང་གིས་མི་ཕན་པས། །དམ་ཆོས་མྱུར་དུ་བརྩོན་པས་བསྒྲུབ། །འཆི་བའི་འོག་ཏུ་དཀར་ནག་ལས། ཁོ་ནའི་རྗེས་སུ་འབྲང་བས་ན། །དགེ་སྒྲུབ་སྡིག་སྤང་དམ་བཅའ་ནི། །རྟག་ཏུ་སྙིང་ལ་རི་མོ་བྲིས། །འཁོར་བའི་གནས་རིས་གར་སྐྱེས་ཀྱང་། །སྡུག་བསྔལ་བསམ་གྱིས་མི་ཁྱབ་པས། །དེ་ལས་རང་གཞན་སེམས་ཅན་ཀུན། །མྱུར་དུ་ཐར་བར་འདོད་པའི་བློས། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང་། །སྨོན་འཇུག་བྱང་ཆུབ་སེམས་གཉིས་བསྐྱེད། །སྒྲིབ་སྦྱོང་རྡོར་སེམས་སྒོམ་


JKT023_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་དང་། །ཚོགས་གསོག་མཎྜལ་རྣལ་འབྱོར་བྱ། །ཁྱད་པར་བྱིན་རླབས་མྱུར་འཇུག་པས། །ལྷན་སྐྱེས་ཡེ་ཤེས་རྟོགས་པའི་ཐབས། །མོས་གུས་བླ་མའི་རྣལ་འབྱོར་ནི། །དུས་རྣམས་ཀུན་ཏུ་བརྩོན་པས་བསྒོམ། །སྤྱི་བོར་པད་ཉི་ཟླ་བའི་སྟེང་། །སྐྱབས་གནས་ཀུན་འདུས་བླ་མར་གསལ། །གདུང་ཤུགས་དྲག་པོས་གསོལ་གདབ་ཅིང་། །དབང་བཞི་བླངས་ཤིང་ཐུགས་ཡིད་བསྲེ། །ལུས་གནད་རྣམ་སྣང་ཆོས་བདུན་ལ། །ངག་གི་རླུང་གནད་དལ་བར་བསླབ། །མིག་གནད་བར་སྣང་གཡོ་མེད་གཏད། །ཡིད་གནད་དུས་གསུམ་སྤྲོས་པ་བཅད། །དེ་ཚེ་འདས་པའི་རྣམ་རྟོག་འགགས། །མ་འོངས་རྣམ་རྟོག་མ་སྐྱེས་ཤིང་། །ད་ལྟའི་ཤེས་པ་སྐད་ཅིག་མ། །ཉམས་སུ་མྱོང་བཞིན་བསམ་བརྗོད་བྲལ། །གསལ་སྟོང་ཟུང་འཇུག་རིག་པའི་གཤིས། །འདི་ཀ་གདོད་མའི་གནས་ལུགས་ཏེ། །བཅོས་མའི་བློ་ཡིས་མ་བསླད་པར། །རང་བབས་སྤྲོ་བསྡུ་བྲལ་བར་བསྐྱང་། །དེ་ཡི་ངང་ལས་གཟུང་འཛིན་གྱི། །རྣམ་པར་རྟོག་པ་ཅི་ཤར་ཡང་། །དྭངས་པའི་ཤེལ་ལ་ཚོན་རིས་ལྟར། །མ་འདྲེས་འཛིན་མེད་རང་སར་གྲོལ། །དུས་དང་གནས་སྐབས་ཐམས་ཅད་དུ། །གསལ་རིག་དེ་ཀའི་རྒྱུན་བསྐྱངས་ནས། །བསྒོམ་མེད་ཡེངས་མེད་ཆེན་པོའི་ངང་། །མཐར་ཐུག་བཙན་ས་ཟིན་པར་མཛོད། །


JKT023_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་ཅིར་སྣང་ལྷ་ཡི་སྐུ། །སྒྲར་གྲགས་གསང་སྔགས་རྡོ་རྗེའི་སྒྲ། །དྲན་རྟོག་དབྱིངས་ལས་མ་གཡོས་ན། །མཆོག་དངོས་ཚེ་འདིར་འགྲུབ་པར་ངེས། །དེ་སྐད་དད་ལྡན་མོས་པའི་ངོར། །རྣལ་འབྱོར་འཇིགས་པ་མེད་པའི་སྡེས། །གང་ཤར་ཡི་གེར་སྤེལ་བའི་དགེས། །གདོད་མའི་གྲོལ་གཞི་མངོན་གྱུར་ཤོག །སརྦ་མངྒ་ལཾ།། ༈ །།ན་མོ་གུ་རུ་བྷྱ༔ སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དབྱེར་མེད་དཔལ་ལྡན་བླ་མ་ཡི། །ཡེ་ཤེས་གཟིགས་པའི་བྱིན་རླབས་ཀྱིས། །ཁྱོད་ལ་རྟག་ཏུ་སྲུང་གྱུར་ཅིག །རྒྱལ་བས་གདུལ་བྱའི་བསམ་པ་དང་། །རྗེས་མཐུན་དམ་པའི་ཆོས་ཀྱི་སྒོ། །མཐའ་ཀླས་སྣང་བར་མཛད་པ་ཡང་། །བསྡུ་ན་སྡེ་སྣོད་གསུམ་དུ་འདུ། །དེ་དག་ཀུན་གྱི་བརྗོད་བྱའི་དོན། །བསླབ་པ་གསུམ་དུ་ལེགས་རྟོགས་ནས། །གྲོལ་བ་འབའ་ཞིག་དོན་གཉེར་བློས། །ལམ་སྟོན་བཤེས་གཉེན་འབད་པས་བསྙེན། །དལ་དང་འབྱོར་བ་རྙེད་དཀའ་ཞིང་། །ནམ་འཆིའི་ངེས་པ་མ་མཆིས་ཕྱིར། །ལས་འབྲས་བླང་དོར་བརྩོན་པ་དང་། །སྲིད་ལས་ངེས་འབྱུང་རྟག་ཏུ་བསྒོམ། །མཐའ་ཡས་ཡོན་ཏན་དཔག་བསམ་ལྗོན། །བསྐྱེད་ཅིང་འཕེལ་བའི་ས་གཞི་ནི། །ཇི་ལྟར་ཁས་བླངས་ཚུལ་གནས་ཁྲིམས། །རྣམ་པར་དག་པའི་ཐབས་ལ་འབད། །ཤིན་ཏུ་ཞི་བའི་དབེན་གནས་སུ། །


JKT023_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ལྔ་སྤངས་འདུ་བྱེད་བརྒྱད། །བསྟེན་པའི་ཡན་ལག་རྫོགས་པ་ཡིས། །སེམས་གནས་རྣམ་དགུའི་ཏིང་འཛིན་སྒྲུབས། །བདག་དང་ཕུང་པོ་རྣམ་རིག་གི །སྤྲོས་པའི་སྦྱོར་བ་ལས་འདས་པ། ། སྣང་དང་སྟོང་པ་འགལ་མེད་པའི། །དོན་དམ་རྟོགས་པའི་ཤེས་རབ་བསྐྱེད། །ཀུན་རྫོབ་ཏུ་ཡང་ཆོས་རྣམས་ཀུན། །བདེན་གཉིས་དབྱེར་མེད་ངེས་བྱས་ནས། །དེ་ཀུན་ལྷ་དང་ཡེ་ཤེས་ཀྱི། །བསྐྱེད་རྫོགས་ཟུང་འཇུག་ཆེན་པོར་སྦྱང་། །མདོར་ན་ངེས་འབྱུང་སྙིང་རྗེ་དང་། །མོས་གུས་དྲག་པོས་མཚམས་སྦྱར་ནས། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་དང་། །ཡེ་ཤེས་ཆོས་སྐུར་ལམ་ཁྱེར་འཚལ། །རང་ལ་བསླབ་དང་གྲོལ་བ་ཡི། །ཡོན་ཏན་ཅུང་ཟད་མེད་མོད་ཀྱི། །ལྷག་བསམ་དག་པས་གསོལ་འདིས་ཀྱང་། །དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་ཤྲཱི་པརྦ་ཏ་ཐེག་པ་མཆོག་གི་གླིང་ནས་བློ་གསལ་པྲཛྙཱའི་མཚན་ཅན་གྱིས་ཆེད་དུ་བསྐུལ་བ་ཡིད་ལ་དྲན་པས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རིང་མོའི་ལམ་ནས་གདམས་པ་དགེ་ལེགས་སུ་གྱུར་ཅིག། ༈ །། རྒྱལ་རྣམས་གཞན་དོན་སངས་རྒྱས་ཕྱིར། །བདག་ཅག་ཁོ་ནར་ཐུགས་བརྩེ་བས། །ལམ་སྟོན་དགེ་བའི་བཤེས་གཉེན་དུ། །སྣང་ལ་དངོས་པོ་ཀུན་གྱིས་འདུད། །ལུང་མ་བསྟན་ལས་ཀུན་བསླང་


JKT023_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །སེམས་ནི་དགེ་ལ་མངོན་བཞག་ནས། །དེ་ནས་ཀུན་ཏུ་སྤྱོད་པ་ཡང་། །རྣམ་པར་དག་པའི་ཐབས་ལ་འབད། །བསམ་པ་ཕུན་སུམ་ཚོགས་པ་ཡིས། །སྦྱོར་བ་གང་ལ་འཇུག་གྱུར་ཡང་། །གསེར་འགྱུར་རྩི་ཡིས་ཐེབས་པ་ཡི། །དངོས་བཞིན་དོན་དང་བཅས་པར་འགྱུར། །རྣམ་པར་མ་གྱུར་ཀུན་འབྱུང་ལས། །རྣམ་འགྱུར་སྡུག་བསྔལ་ནད་ཆེན་འདི། །ཐབས་གང་གིས་ནི་བཟློག་འགྱུར་ཅེས། །ཉིན་མཚན་རྟག་ཏུ་བསམ་པ་ན། །དམ་པའི་ཆོས་ཀྱི་སྨན་ཆེན་ལས། །གཞན་མིན་དེ་ཡང་སྨན་པ་མཆོག །དགེ་བའི་བཤེས་ལ་རག་ལས་ཤིང་། །ངེས་པ་བརྟན་པོ་རྙེད་པའི་ཚེ། །ལྟ་དང་སྤྱོད་པ་རྣམ་དག་ཅིང་། །རྗེས་སུ་འཛིན་པའི་སྙིང་བརྩེ་ནས། །སྐྱེས་བུ་དམ་པ་ངེས་བཙལ་ནས། །མཉེས་པ་གསུམ་གྱིས་བསྟེན་པར་བྱ། །དེ་ནས་ཉེས་སྤྱོད་སྤོང་བ་ཡི། །ཚུལ་གནས་ཁྲིམས་ཀྱིས་གཞི་བཟུང་སྟེ། །དགེ་ཆོས་ཕུན་ཚོགས་སྡུད་མཁས་པ། །ཐོས་བསམ་ཤེས་རབ་བསྐྱེད་ནས་ཀྱང་། །ཇི་ལྟར་དཔྱད་པས་གྲུབ་པའི་དོན། །རང་རྒྱུད་འདུལ་བའི་ཐབས་ཁོ་ནར། །སྦྱར་ཏེ་ཞི་བའི་ནགས་ཀླུང་དུ། །བསྒོམ་པའི་བདུད་རྩི་མི་ཕྱེད་བཏུང་། །སྔོན་དུ་འགྲོ་བའི་རྩིག་ངོས་སུ། །དངོས་གཞིའི་རི་མོ་ལེགས་འབར་བ། །རྗེས་སུ་བསྐྱངས་པའི་ཐབས་མཁས་ཀྱིས། །འཇིག་རྟེན་གསུམ་གྱི་


JKT023_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རང་གཞན་དོན་གཉིས་ཕུན་ཚོགས། སྡོང་འགྲུབ། །ཁྱད་གཞི་དང་ནི་ཁྱད་ཆོས་ཀྱི། །དལ་འབྱོར་རྙེད་དཀའི་ཚུལ་རྟོགས་ནས། །ཕྲ་བའི་མི་རྟག་ལེགས་བསམས་ན། །སྤྱོད་ཡུལ་དོན་མེད་ཇི་ལྟར་བཟོད། །ཀྱེ་མ་འཁོར་བ་སྡུག་བསྔལ་ཏེ། །ལྟར་སྣང་བདེ་བའང་བསླུ་བའི་རྒྱུ། །དེ་བས་འབད་པ་ཐམས་ཅད་ཀྱིས། །སྲིད་པའི་རྩ་བ་བཅད་པར་བྱ། །རང་དོན་མཐར་ཕྱིན་འགྲོ་ཀུན་ལ། །ཕན་བཞེད་ཐབས་དང་བཅས་པ་ཡི། །རྫོགས་སངས་རྒྱས་ལ་སྐྱབས་སོང་ནས། །ཆོས་དང་དགེ་འདུན་དག་ཀྱང་བསྙེན། །འབྱུང་རྔུབས་དབང་པོ་བློ་དག་གི །རིག་པས་སྔ་མའི་སྐྱེ་ཡོད་པར། །འགྲུབ་ཅིང་དེ་ཡང་ཐུག་མེད་ཕྱིར། །འགྲོ་ཀུན་ཕ་མར་ངེས་བྱས་ཏེ། །དྲིན་བཟོའི་ཚུལ་ལ་རྣམ་བརྟགས་ན། །བྱམས་དང་སྙིང་རྗེ་ལྷག་བསམ་དང་། །སྨོན་དང་འཇུག་པའི་བདག་ཉིད་ཀྱི། །བྱང་ཆུབ་སེམས་རྣམས་རིམ་བཞིན་སྐྱེས། །དེ་མཐར་འཁོར་རྩ་བདག་འཛིན་དང་། །དངོས་གཉེན་བདག་མེད་རྟོགས་པ་ཡི། །ཤེས་རབ་ཉིད་ལས་གཞན་མིན་ཕྱིར། །འདི་ཉིད་རྟོགས་པའི་ཐབས་ལ་འབད། །གང་ཚེ་ངར་འཛིན་ལྷན་སྐྱེས་ཉིད། །ཕུང་སོགས་རྟེན་དང་གཅིག་པའམ། །ཐ་དད་གང་ཡིན་དཔྱད་པ་ན། །གཅིག་ན་དངོས་ཀུན་གཅིག་ཏུ་འགྱུར། །ཐ་དད་ཉིད་ན་གདགས་གཞི་རྣམས། །བློ་ཡི་གུད་དུ་


JKT023_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་བ་ན། །བདག་འཛིན་རྫ་ས་གཞན་མ་དམིགས་ཕྱིར། །གཞི་མེད་འཁྲུལ་པོ་ཉིད་དུ་ཟད། །དེ་ནས་གདགས་གཞིའི་ཕུང་པོ་སོགས། །དོན་དང་སེམས་སུ་ལེགས་བསྡུས་ནས། །ཕྱོགས་དང་ཕྲད་པ་བརྟག་པ་སོགས། །བློ་གྲོས་ཞིབ་མོས་དཔྱད་པ་ན། །ཐག་ཁྲ་སྦྲུལ་དུ་འཛིན་པའི་ཚེ། །ཐག་པ་ཉིད་དང་སྐུད་པ་དང་། །རྡུལ་དང་ཆ་མེད་རིམ་པ་བཞིན། །བདག་མེད་རྣམ་གཉིས་མངོན་དུ་བྱེད། །དེ་ལྟར་ན་ཡང་ཆོས་རྣམས་ཀུན། །བརྟེན་ནས་གདགས་པ་ཙམ་ཉིད་དང་། །དེ་ཡང་དཔྱད་མཐར་མི་སོན་པའི། །བརྗོད་བྲལ་བློ་འདས་དགོངས་པར་འཇུག །གང་ཚེ་དོན་དམ་གྲུབ་ཚད་དང་། །ཉམས་སུ་མྱོང་བ་མི་ཕྱེད་པའི། །སྟོང་དང་རྟེན་འབྱུང་འགལ་མེད་པས། །རྨི་ལམ་ལྟ་བུའི་བསོད་ནམས་སྤྱད། །མཛད་འཕྲོ་ལུས།། ༈ །།བདག་མེད་རྣམ་གཉིས་ལས་བརྩམས་པའི་གདམས་པ་མདོར་བསྡུས་བདུད་རྩིའི་ཟེག་མ་ཞེས་བྱ་བ། ཤེས་དང་ཤེས་བྱ་རོ་གཅིག་པར། །ཐུགས་སུ་ཆུད་པའི་རྒྱལ་བའི་སྲས། །གཞན་ཕན་ཕ་མཐའ་ཡས་པ་ཡིས། །ཁྱེད་ལ་ཤིས་པ་སྦྱིན་གྱུར་ཅིག །བྱང་ཆུབ་མཆོག་ལ་རབ་དམིགས་ནས། །སྲིད་ལས་ཇི་ལྟར་ཐར་འགྱུར་ཞེས། །ངེས་འབྱུང་བློ་འདི་ཐོག་མ་ནས། །འབད་པས་བསྐྱེད་པར་བྱ་བ་ཉིད། །དེ་ཚེ་སྲིད་པའི་རྩ་བ་ནི། །གང་ཡིན་ལེགས་པར་


JKT023_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་བྱས་ཏེ། །དེ་ཉིད་གཅོད་པའི་རིག་པ་ལས། །བསྟེན་གོམས་བྱ་ཞེས་མཁས་རྣམས་གསུངས། །འདི་ནི་གཅིག་ཏུ་འཐད་པ་སྟེ། །ཇི་ལྟར་སྲོག་འཕྲོག་དུག་སོགས་ཀྱི། །རྩ་བ་དྲུངས་ནས་མ་བྱུང་ན། །མྱུ་གུ་བཅད་ཀྱང་སླར་ལ་སྐྱེ། །དེ་བས་ཁམས་གསུམ་ཡིད་ཅན་ཀུན། །འཇིགས་ཚོགས་ལྟ་དང་མཚུངས་ལྡན་པའི། །བདག་ཏུ་འཛིན་པ་ལ་བརྟེན་ནས། །ཕ་མཐའ་མི་མངོན་འཁོར་བར་འཁྱམས། །དེ་ལ་ཐབས་ཀྱི་ཕྱོགས་གཞན་གྱིས། །དངོས་སུ་གནོད་པ་ནུས་མིན་ཏེ། །གང་དང་འཛིན་སྟངས་འགལ་བ་ཡི། །བདག་མེད་རྟོགས་པའི་ཤེས་རབ་བརྟེན། །འདི་ལྟར་ཕུང་པོ་ཚོགས་ཙམ་ལ། །བསྟེན་པའི་ངར་འཛིན་ལྷན་སྐྱེས་དང་། །གཞན་སྡེས་གསར་དུ་བཏགས་པ་ཡི། །བདག་དེ་རིག་པས་རྣམ་དཔྱད་ན། །བེམ་ཤེས་ལྡན་མིན་འདུ་བྱེད་དེ། །རྣམ་པ་གསུམ་ལས་འདའ་བ་མེད། །དེ་དག་ཀྱང་ནི་རྡུལ་ཕྲན་དང་། །སྐད་ཅིག་བར་དུ་བསིལ་བྱས་ནས། །ཕྱོགས་དང་དུས་ཀྱི་ཆ་ཤས་ཀྱི། །ངེས་པས་ལེགས་པར་བརྟགས་པ་ན། །གདགས་གཞི་ཉིད་ཀྱང་མ་གྲུབ་ཕྱིར། །གདགས་པ་ཇི་ལྟར་འགྲུབ་པར་འགྱུར། །འོ་ན་མངོན་སུམ་སྣང་བ་འདི། །ཇི་ལྟར་ཞེ་ན་ཐོག་མེད་ནས། །འཁྲུལ་པའི་གཉིད་ཀྱིས་བསླད་པ་ཡི། །རྫུན་པའི་རི་མོ་ཙམ་དུ་ངེས། །གལ་ཏེ་ཡུལ་ཉིད་བདེན་མིན་


JKT023_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །དེ་འཛིན་ཤེས་པ་བདེན་ཅེ་ན། །རྨི་ལམ་སྣང་དང་ཤེས་པ་བཞིན། །གང་བདེན་གང་ནི་འཁྲུལ་པར་འགྱུར། །མདོར་ན་སྣང་ཙམ་མི་འགོག་ཀྱང་། །བདེན་ཞེན་བློ་ནི་དགག་བྱ་ཉིད། །མཐར་ཐུག་གཉིས་ཀ་མ་དམིགས་ཕྱིར། །བློ་ཡི་ཡུལ་ལས་ཤིན་ཏུ་གྲོལ། །ཨེ་མ་རྟེན་ཅིང་འབྲེལ་འབྱུང་གི །རྐྱེན་ལས་སྐྱེས་ཕྱིར་དེ་མ་སྐྱེས། །འོན་ཏང་འགགས་པའང་མ་མཆིས་པའི། །ཟུང་འཇུག་ཚུལ་འདི་རྟོགས་པར་མཛོད། །དེ་ལྟར་གནས་དང་སྣང་ཚུལ་གྱི། །ངེས་པས་མཐའ་གཉིས་མུན་བསལ་ཏེ། །བསོད་ནམས་ཡེ་ཤེས་ཚོགས་ཟུང་གིས། །གློ་བུར་དྲི་མ་བསལ་ལ་བརྩོན། །བློ་གྲོས་མཆོག་ཏུ་གྱུར་པ་ན། །ད་གཟོད་དཔྱད་པས་མི་མཚོན་པའི། །ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་ཆེ། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་བསྐྱེད། །གང་གི་ཤེས་རབ་ཟབ་མོ་དང་། །ཐབས་ཀྱི་ཁྱད་པར་མི་ཕྱེད་པས། །ཚེ་གཅིག་ཁོ་ནས་ཟུང་འཇུག་གི །གོ་འཕང་མངོན་དུ་བརྙེས་གྱུར་ཅིག །ཅེས་པའང་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་མཛད་ས་མནྟས་ཆེད་དུ་བསྐུལ་བ་བཞིན་རྣལ་འབྱོར་འཇིགས་པ་མེད་པའི་སྡེས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་གདམས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ༈ །།བླ་མ་ལ་གསོལ་བ་འདེབས་པ་ཞལ་གདམས་དང་འབྲེལ་བ་བཞུགས་སོ། །ན་


JKT023_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མཤཱི་མཱི་གུ་རུ་བྷྱ༔ སྲས་བཅས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡུས་ནས། །འགྲོ་བ་འདྲེན་ཕྱིར་བཤེས་གཉེན་མཆོག་གི་སྐུར། །ཡོངས་ཤར་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཁྱོད་སྐུ་དགེ་འདུན་གསུང་གསང་དམ་པའི་ཆོས། །ཐུགས་ནི་སངས་རྒྱས་ཡོན་ཏན་ཕྲིན་ལས་རྣམས། །མཁའ་འགྲོ་ཆོས་སྐྱོང་ངོ་བོར་ཤེས་པའི་བློས། །སྙིང་ནས་འབོད་དོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདག་དང་མགོན་མེད་འགྲོ་བ་མ་ལུས་ལ། །རྗེ་བཙུན་ཁྱོད་ལས་སྐྱབས་གཞན་མ་དམིགས་ཕྱིར། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །འབྲལ་མེད་བྱིན་གྱིས་རློབས་ཤིག་བླ་མ་རྗེ། །དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་དྲན། ཁམས་གསུམ་འཁོར་བ་སྡུག་བསྔལ་ཕུང་པོར་རིག །ལས་འབྲས་བླང་དོར་ཚུལ་བཞིན་གོམས་པ་ཡིས། །ཐུན་མོང་སྔོན་འགྲོ་འབྱོང་བར་བྱིན་གྱིས་རློབས། །བླ་མ་དཀོན་མཆོག་བསླུ་མེད་སྐྱབས་སུ་ཤེས། །བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་གཉིས་བསྐྱེད། །ཚོགས་བསགས་སྒྲིབ་སྦྱོང་བླ་མའི་མོས་གུས་ཀྱིས། ། ཁྱད་པར་སྔོན་འགྲོ་འབྱོང་བར་བྱིན་གྱིས་རློབས། །འཁོར་འདས་ཆོས་ཀུན་སེམས་ཀྱིས་བཏགས་པ་སྟེ། །སེམས་ཙམ་སྐྱེ་འགག་གནས་གསུམ་སྤྲོས་པ་བྲལ། །སྤྲོས་བྲལ་ངང་ལས་གསལ་རིག་འགགས་


JKT023_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི། །ཡེ་ཤེས་ཉམས་སུ་མྱོང་བར་བྱིན་གྱིས་རློབས། །མཉམ་གཞག་ཀུན་རྟོག་རླུང་གིས་མི་གཡོ་ཞིང་། །རྗེས་ཐོབ་ཉམས་མྱོང་རྩི་དང་མ་བྲལ་བར། །ཞི་ལྷག་ཟུང་དུ་འཇུག་པའི་རྣལ་འབྱོར་གྱིས། །མཆོག་དངོས་ཚེ་འདིར་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་རྣམ་ཀུན་ཆོས་བཞིན་སྤྱོད་པ་ལ། །བར་ཆད་མཚན་མ་ནམ་ཡང་མི་འབྱུང་ཞིང་། །ཐོས་བསམ་སྒོམ་པའི་ཆོས་སྤྱོད་མཐར་ཕྱིན་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་བླ་མ་ལ་གསོལ་འདེབས་ཞལ་གདམས་དང་འབྲེལ་བ་འདི་ཡང་དོན་གཉེར་ཅན་གྱི་ངོར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེས་ཆུ་བྱི་དབོ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་གང་ཤར་བྲིས་པ་འགྲུབ་པར་གྱུར་ཅིག །མངྒ་ལཾ།། ༈ །།དོན་གྱི་རྟོགས་བརྗོད་མདོར་བསྡུས་གདམས་པ་དང་འབྲེལ་བ་གཞན་ཕན་བདུད་རྩིའི་སྤྲིན་ཆར་ཞེས་བྱ་བ། ཨོཾ་སྭ་སྟི་སིདྡྷི་རསྟུ། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མའི་སྐུ་གཅིག་པུ་དཔལ་ལྡན་བླ་མ་རྣམས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐྱེ་བ་ནས་ཚེ་རབས་ཀྱི་ཕྲེང་བ་ཐམས་ཅད་དུ་བྱིན་གྱིས་བརླབ་ཏུ་གསོལ། །ཕྱི་ལྟར་ན་རིག་པའི་གནས་འགའ་ཞིག་གི་མིང་ཙམ་ཐོས་པའི་གཙུག་ལག་སྨྲ་བའི་གཟུགས་བརྙན། ནང་ལྟར་ན་


JKT023_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་ཕན་པའི་སེམས་ཁོ་ན་ཡིད་ལ་འཆང་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཟོལ་ཅན། གསང་བ་ལྟར་ན་ཁྱབ་བདག་བླ་མ་དམ་པ་མཁས་ཤིང་དངོས་གྲུབ་བརྙེས་པ་དུ་མས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབས་པའི་ཐེག་པ་མཆོག་གི་རྣལ་འབྱོར་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་བགྱི་བའི་གཏམ། ཕུན་སུམ་ཚོགས་པའི་བླ་མ་དགེ་འདུན་པ་རྣམས་ཀྱི་སྙན་ལམ་དུ་གསོལ་པ། ཁོ་བོ་ཅག་ཆུང་ངུ་ནས་རབ་ཏུ་བྱུང་བའི་ངང་ཚུལ་ལ་དད་ཅིང་། ཅུང་ཟད་ནར་སོན་པ་ན་རིག་པའི་གནས་འགའ་དང་། ལྷག་པར་བཀའ་དྲིན་ཆེ་བའི་ཡོངས་འཛིན་དམ་པ་ཉི་ཤུ་རྩ་གསུམ་གྱིས་མཚོན་ཆོས་སྨྲ་བའི་བཤེས་གཉེན་བརྒྱད་ཅུ་རྩ་ལྷག་ལས་སྡོམ་པ་གསུམ་གྱི་རྒྱུན་རྣམ་པར་དག་པ་ཐོབ་ཅིང་། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ཟབ་རྒྱས་གདམས་པའི་བདུད་རྩི་ངོམ་པ་མེད་པར་བཏུང་། དེ་དག་གི་དོན་ལ་ཅུང་ཟད་དཔྱད་པས། ནམ་འཆི་ཆ་མེད་དང་། ཅེས་ཀྱང་དགོས་མེད་སྙམ་པའི་བློ་སྣ་ཐུང་དེ་བས་གཞི་བཟུང་། སོ་ཐར་གྱི་དབང་དུ་བྱས་ན་རྩ་བཞི་ཆང་བག་མེད་བཏུང་བ་སྟེ་ལྔ་སྤོང་བ་དང་། བྱང་ཆུབ་སེམས་དཔའི་དབང་དུ་བྱས་ན་གཞན་ལ་ཞེ་ཐག་པ་ནས་གནོད་པའི་སེམས་སྤངས་ཤིང་། ཕན་པ་ཁོ་ན་རྒྱུད་ལ་བསྟེན་པ། གསང་སྔགས་ཀྱི་དབང་དུ་བྱས་ན་བླ་མ་དམ་པ་


JKT023_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྙིང་ནས་སྨོད་པའི་ལོག་ལྟ་སོགས་རྨི་ལམ་དུའང་སྤངས་ཤིང་། དག་སྣང་ཅི་ནུས་སྦྱང་བས་སྡོམ་པ་གསུམ་གྱི་རྩ་བ་ལ་ཉེས་པས་མ་གོས་ཤིང་། ཡན་ལག་ཕྲ་ཞིབ་རྣམས་བཤགས་སྡོམ་སོགས་ཀྱི་འདུན་པ་ལ་སྦྱོར། དུས་ནམ་དུའང་སུའི་ཁ་ལ་མི་ཉན་ཅིང་ཉེ་ཆེ་བ་དང་། མཁོན་ཆེ་བ་གཉིས་ཀའི་ཕྱོགས་སུ་མ་ལྷུང་བས་བསྟན་པ་དང་སེམས་ཅན་ལ་ཕན་པ་མ་འགྲུབ་ཀྱང་རུང་། གནོད་ཚབ་ཆེ་བ་རང་མ་གྱུར་ཅིང་། གང་དུ་གནས་ཀྱང་བློ་བདེ་ཞིང་སྐྱིད་པ་བདོག་པ་ནི་སྔར་ཕན་ཡོན་ཏན་དུ་རློམ་པའི་རྟོགས་པ་བརྗོད་པ་ལགས་ཤིང་། སླད་ནས་ཅི་འགྱུར་བླ་མ་དང་དཀོན་མཆོག་གི་ཐུགས་རྗེ་ལ་རགས་ལས་པ་ཡིན་མོད། གཞན་སུ་ལའང་རེ་དོགས་མེད། ཉིད་རྣམས་ནས་ཀྱང་དལ་འབྱོར་གྱི་རྟེན་ལན་གཅིག་ཐོབ་པ་འདི་རྙེད་དཀའ་ཞིང་ཕན་འདོགས་ཆེ། ནམ་འཆི་བའི་ཆ་མེད། ཤི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་ངེས་པས་ནམ་འཆི་ཆ་མེད་ཀྱི་དྲན་ཤེས་དང་མ་བྲལ་བའི་ངང་སྡོམ་པ་གསུམ་གྱི་རྩ་བ་གོང་དུ་བཤད་པ་རྣམས་ལ་སྲུང་སྡོམ་སྲོག་དང་བསྡོས་ཏེ་བྱ།། རང་རེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་པས་དགོན་པར་སྡོད་ཅི་ཚུགས་སུ་བྱ་བ་ལས། གྲོང་ནག་ཏུ་འཁྱམས་པ་ལ་དགེ་མཚན་ཅི་ཡང་མེད། དགྲ་འདུལ། གཉེན་སྐྱོང་། ཁྱིམ་གྱི་འཚོ་


JKT023_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཆིས། ཚོང་དང་སོ་ནམ། ཆགས་སྡང་རེ་དོགས་སོགས་བྱ་བ་ངན་ངོན་ཅུང་ཟད་ལ་ཆགས་ནས་དེ་ཉིད་མཆོག་ཏུ་འཛིན་པ་ནི་ཁྱི་ལུད་ལ་གསེར་དུ་འཁྲུལ་ནས་གཅེས་སྤྲས་སུ་བྱེད་པ་དང་མཚུངས་ངེས་པ་ཡིན་པས། སྙིང་ཡོད་རྣམས་ཀྱིས་མནོ་བསམ་ཐོངས། དེ་བས་ན་དལ་འབྱོར་སྟོང་ལོག་མི་ཚེ་ཅི་ཆོད་དུ་མ་སོང་བར། གཙོ་བོར་རང་དོན་དུ་ཐོས་བསམ་སྒོམ་གསུམ་ཅི་ནུས་དང་། ལས་རྒྱུ་འབྲས་ལ་ཞིབ་ཏུ་དཔྱད། འཁོར་བ་ལ་ངེས་འབྱུང་། སེམས་ཅན་ལ་སྙིང་རྗེ། བླ་མ་ལ་མོས་གུས། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རྣམས་ལ་མྱོང་བ་ཅི་ཐོན་དུ་བྱ། ལྷག་པར་ཆོས་སྡེའི་བསྒྲིགས་ཀུན་སྤྱོད་དང་མ་འགལ་བའི་ངོས། བསམ་པ་བཟང་པོ་ཁོ་ན་ཐེག་ཆེན་ལམ་དུ་ཞུགས་ཚད་ཐམས་ཅད་ཀྱི་ལམ་གྱི་རྩ་བ་ཡིན་པས་དགོངས་འཚལ། དེ་ཙམ་ལས་ལྷག་པའི་ཞུ་བ་མང་པོ་ནི་བཀའ་དང་བསྟན་བཅོས་རྒྱ་མཚོ་ལྟ་བུ་ལ་གཟིགས་པས་ཁྱབ་པའི་ཕྱིར་འདིར་སྙིང་པོར་དྲིལ་བ་ལགས་སོ། །ཨ་ཧོ་རང་ལ་ཡོན་ཏན་མ་མཆིས་ཀྱང་། །རྗེ་བཙུན་བླ་མ་རྣམས་ཀྱི་བྱིན་རླབས་དང་། །ལྷག་བསམ་བསམ་པ་བཟང་པོས་ཚིག་འགའ་ཞིག །བླ་མེད་དགེ་འདུན་བཅས་པའི་སྙན་དུ་གསོལ། ཁོ་བོ་ཕྱོགས་མེད་རྒྱལ་ཁམས་བྱ་བྲལ་བ། །གཏད་མེད་ཀུན་ཏུ་རྒྱུ་བའི་ཐ་མའི་ཚིག །གསོན་ཡང་ལབ་གླེང་དེ་ལས་མ་མཆིས་


JKT023_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །ཤི་ཡང་ཁ་ཆེམ་སྙིང་པོ་འདི་ཀ་ལགས། །ཀྱེ་མ་བསྟན་འཛིན་མཆོག་རྣམས་ཞིང་གཞན་གཤེགས། །བཤད་སྒྲུབ་བསྟན་པ་མིང་གི་ལྷག་མར་གྱུར། །འགྲོ་བའི་བདེ་སྐྱིད་ནམ་མཇུག་སྦྲང་བུ་ལྟར། །གྱུར་པའི་ཚུལ་འདིར་སུ་ཞིག་སྐྱོ་མི་བྱེད། །དེ་སླད་ཚེ་ལྷག་ཅི་ཙམ་མཆིས་པ་འདིར། །ཚེ་འདིའི་སྣང་བའི་རྗེས་སུ་མི་འབྲང་བར། །འཆི་ཆོས་སྙིང་ནས་ནུས་པ་བླ་མ་དང་། །དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་བརླབ་མཛོད། །རང་རེ་དཔོན་སློབ་ཆོས་དམ་འབྲེལ་བའི་མཐུས། །ཚེ་འདིར་ཡང་ཡང་མཇལ་ཞིང་ཆོས་མཐུན་གྱི། །བསམ་སྦྱོར་མཐའ་དག་གེགས་མེད་འགྲུབ་པ་དང་། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྙིང་ནས་དད་པ་ཐོབ་པའི་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བོད་ཆེན་པོའི་ལྗོངས་ནས་དབུས་གཙང་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་སུ་བསྐྱོད་པའི་ཚེ་གང་དྲན་སྨྲས་པ་ཀུན་ལ་ཕན་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། ༈ །།རྫོགས་པ་ཆེན་པོ་གཞི་ལམ་འབྲས་གསུམ་ལས་འཕྲོས་པའི་གཏམ་ཉུང་ངུ་བཞུགས། །ན་མོ་གུ་ར་ཝེ། གང་གི་རང་བཞིན་གཟུང་འཛིན་སྤྲོས་པའི་ཚོགས། །མ་ལུས་ཤར་གྲོལ་དུས་མཉམ་དབྱིངས་སུ་ཐིམ། །ད་ལྟའི་ཤེས་པ་


JKT023_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་བརྗོད་བྲལ་བའི་གཤིས། །འོད་གསལ་སེམས་ཀྱི་རྡོ་རྗེས་ཁྱོད་བྱིན་རློབས། །རྒྱལ་བས་གདུལ་བྱ་རྒྱ་མཚོའི་ཁམས་དབང་དང་། །བསམ་པའི་རྗེས་མཐུན་བགྲང་ཡས་ཐེག་པའི་རིམ། །བསྟན་ཀྱང་དབང་པོ་ཤིན་ཏུ་རྣོན་པོ་ལ། །ངེས་དོན་རྫོགས་པ་ཆེན་པོའི་ཆོས་ཆར་ཕབ། །དེ་ཕྱིར་ཐེག་བརྒྱད་བློ་ཡི་གྲུབ་མཐའི་ཕྱིར། །དེ་ལས་བསྟན་པའི་སྡོམ་པ་རྣམ་གསུམ་དང་། །ཕར་ཕྱིན་དྲུག་དང་ས་བཅུ་ལམ་ལྔ་སོགས། །ཀུན་ཀྱང་ཤིན་ཏུ་རྣལ་འབྱོར་རྐང་སྟེགས་ཡིན། །དེ་ལྟའི་ཐུན་མོང་མ་ཡིན་ཚུལ་འདིར་ཡང་། །གཞི་རྒྱུད་འཁོར་འདས་བསལ་བཞག་མ་གྲུབ་པའི། །ཀ་དག་ནང་གསལ་གཞོན་ནུ་བུམ་སྐུའི་གཤིས། །ཕྱིར་གསལ་ལྷུན་གྲུབ་སྒོ་བརྒྱད་སྤྲིན་དུ་ཤར། །དེ་ཉིད་རང་ངོ་རིག་པའི་སྐད་ཅིག་ཏུ། །གཞི་ལས་འཕགས་པའི་གཞི་སྣང་ཡེ་ཤེས་སུ། །ཁྱད་ཆོས་དྲུག་དང་ལྡན་པར་སངས་རྒྱས་པ། །ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོའོ། །དེ་ལྟར་མ་རྟོགས་གཉིས་སུ་འཛིན་པའི་བློས། །མ་རིག་གསུམ་གྱིས་འཁོར་བའི་ཐོག་མ་བཀོད། །རྐྱེན་བཞིས་འཁོར་བའི་ལས་སྣང་འདུ་བྱས་པས། །མུ་མཐའ་མེད་པའི་སྲིད་ཁམས་རྒྱ་མཚོར་འཁྱམས། །ལམ་དུས་དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །རིག་སྟོང་རྗེན་པ་མངོན་སུམ་ངོ་འཕྲོད་ནས། །ཅོག་བཞག་བཞི་ཡི་ལྷུམས་སུ་ཞུགས་པ་


JKT023_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །གྲོལ་བཞིའི་གདེང་ཐོབ་གཉིས་ཆོས་རིག་ངོར་ཡལ། ཁྱད་པར་སྟོང་ངོས་ཀ་དག་ཉམས་ལེན་ནི། །འཛིན་པའི་ཆོས་ཀུན་ཟད་པར་བྱེད་པ་སྟེ། །གཟོད་ནས་དག་པའི་མཚན་གྱིས་མོས་པས་ན། །འཁོར་ལོ་བར་ཉིད་ལྟ་བ་མཐར་ཐུག་ཡིན། །སྣང་ངོས་ལྷུན་གྲུབ་ཐོད་རྒལ་ལམ་གྱི་མཆོག །ཉམས་བླངས་གཟུང་བའི་ཡུལ་ཀུན་གྲོལ་བྱེད་དེ། །བདེ་གཤེགས་སྙིང་པོའི་རང་རྩལ་མངོན་མཐོང་ཕྱིར། །འཁོར་ལོ་ཐ་མའི་བཞེད་གཞུང་དྲི་བྲལ་ལགས། །དེས་ན་ཤིན་ཏུ་རྣལ་འབྱོར་གྲུབ་མཐའ་ནི། །ཀུན་དང་མཐུན་ལ་ཀུན་ལས་ཁྱད་འཕགས་ཤིང་། །ཀུན་གྱིས་ཕྱོགས་རེ་ཙམ་ལས་མ་མཐོང་ཕྱིར། །འདི་ཉིད་ཁོ་ནས་ངེས་དོན་མཆོག་ཏུ་གྲུབ། །འབྲས་དུས་ངོ་བོ་ཡེ་ནས་དག་པ་ལ། །གློ་བུར་དྲི་མའི་རང་བཞིན་རྟོགས་སྒོམ་གྱིས། །བསྐྱར་ནས་དག་སྟེ་ཆོས་སྐུ་དམ་པའི་གྲོང་། །ཟུང འཇུག་རབ་ཏུ་མི་གནས་ཆེན་པོར་གྲོལ། །དེ་ལས་མ་འགག་རོལ་པའི་སྙིང་རྗེའི་སྤྲིན། ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས་པ་དང་། །སྣ་ཚོགས་སྤྲུལ་པའི་རྣམ་གྲོལ་མཐའ་ཀླས་ཀྱིས། །མཁའ་ཁྱབ་འགྲོ་བའི་དོན་ལ་རྟག་པར་འཇུག །མདོར་ན་དེ་ལས་མང་དུ་སྨོས་ཅི་དགོས། །ལྟ་བ་བྱར་མེད་བསྒོམ་པ་བློ་དང་བྲལ། །འབྲས་བུ་མཉམ་རྗེས་ལས་འདས་ཆོས་ཉིད་ཀློང་། །འདུ་འབྲལ་མེད་པའི་ཚུལ་


JKT023_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ངལ་བསོས་ཤིག །དེ་ལྟར་ཐེག་རྩེ་མན་ངག་སྡེ་པ་ཡི། །དགོངས་དོན་གཞི་ལམ་འབྲས་བུའི་ཆོས་ཀྱི་གཏམ། །བློ་དམན་དགའ་བ་བསྐྱེད་ཕྱིར་ཚིག་གི་ཕྲེང་། །ཅུང་ཟད་ཙམ་དུ་བསྡུས་ཏེ་རབ་སྤེལ་མདོ། །གཞན་དུ་བཅུ་བདུན་རྒྱུད་དང་དེའི་དགོངས་འགྲེལ། །ཤིང་རྟ་ཆེན་པོ་དྲི་མེད་འོད་ཟེར་དང་། །ཡེ་ཤེས་སྐུ་ཅན་འཇིགས་མེད་གླིང་པ་སོགས། །དམ་པའི་བཞེད་གཞུང་རྣམས་ལ་ཐོས་བསམ་མཛོད། །ཤིན་ཏུ་གླེང་བར་འོས་པའི་སྤྲིངས་ཡིག་འདིས། །ཡིད་ལ་གྲུབ་པའི་ལང་ཚོ་འཛིན་གྱུར་ཏེ། །བྱང་ཆུབ་མཆོག་གི་རྒྱལ་སར་རོ་གཅིག་པར། །མི་ཕྱེད་རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་ཤོག ། རང་བཞིན་རྫོགས་པ་ཆེན་པོ་གཞི་ལམ་འབྲས་གསུམ་གྱི་ཚུལ་ལས་འཕྲོས་པའི་གཏམ་ཉུང་ངུ་འདི་ཡང་དཔྱོད་ལྡན་པརྱ་དྷརྨ་བྷ་དྲས་དགྱེས་པ་བསྐྱེད་པའི་ཕྱིར་དུ་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་ལ་མོས་པ་བརྟན་པོས་ཆོས་འདིའི་རིགས་སུ་སད་པའི་སྐལ་བཟང་ཐོབ་ཀྱང་། སྙོམ་ལས་ཁོ་ནའི་བྲན་དུ་གྱུར་པ་སེར་གཟུགས་ཐ་ཤལ་ལས་ཀྱང་ཆེས་ཐ་ཤལ་བ་འཇིགས་མེད་མཁྱེན་བརྩེའི་ཟློས་གར་དུ་སྒྲོ་བཏགས་པས་སྣང་གསལ་ཞིག་གི་ངོགས་སུ་གང་ཤར་འདི་ཀ་ལྟར་བྲིས་ཏེ་ཕུལ་བ་སརྦ་སུ་ཛ་ག་ཏཱཾ། ༈ །།ན་མཤྲཱི་གུ་ར་ཝེ། གང་གི་མཚན་ཙམ་ལན་གཅིག་དྲན་པས་ཀྱང་། །གཟུང་འཛིན་སྙིང་གི་མུན་པ་ཀུན་


JKT023_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་ནས། །བློ་གྲོས་པདྨ་མཆོག་ཏུ་རྒྱས་མཛད་པ། །བླ་མ་འཇམ་དཔལ་གཞོན་ནུས་ཤིས་པར་མཛོད། །དམར་སེར་མཛེས་སྐུའི་སྣང་བརྙན་མངོན་སུམ་དུ། །སྐལ་བཟང་མིག་གི་བདུད་རྩིར་བཏུང་བ་དང་། །ལྷན་ཅིག་རྡོ་རྗེའི་གསུང་གིས་དབུགས་དབྱུང་བའི། །དགེ་མཚན་མཆོག་གིས་རྟག་ཏུ་སྐྱོང་གྱུར་ཅིག །གཟོད་ནས་མཐའ་བཞིའི་སྤྲོས་པ་ལས་འདས་པའི། །འོད་གསལ་སེམས་ཀྱི་རྡོ་རྗེ་འཇམ་པའི་དབྱངས། །སྙིང་དབུས་ཐིག་ལེར་སད་པའི་སྣང་བ་ཡི། །སྲིད་ཞིའི་རྒུད་པ་མཐའ་དག་སེལ་བར་ཤོག །དེ་ཚེ་ཐ་མལ་འཁྲུལ་བའི་རྟོག་ཚོགས་ཀུན། །འཇམ་དཔལ་ཡེ་ཤེས་སེམས་དཔས་བྱིན་བརླབས་པས། །སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་ཉིད་ཀྱི། །དག་པའི་རྣམ་རོལ་གཅིག་ཏུ་འཆར་གྱུར་ཅིག །མཐར་ཐུག་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །བཅོམ་ལྡན་རྡོ་རྗེ་རྣོན་པོའི་གསང་གསུམ་དང་། །དབྱེར་མེད་རྣམ་པ་ཉི་ཤུའི་བྱང་ཆུབ་པའི། །སྒྱུ་འཕྲུལ་དྲྭ་བའི་གོ་འཕང་བསྙེས་པར་ཤོག །ཅེས་པ་འདིའང་འཇམ་དབྱངས་མཁྱེན་བརྩེས་ཐོལ་བྱུང་དུ་སྨྲས་སོ།། ༈ །།ཨ་ཧོ། སྐྱབས་ཀུན་འདུས་ཞལ་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །བྱིན་རླབས་ཆར་ཆེན་ཕོབས་ཤིག་རིག་འཛིན་གྱི་བླ་མ། །དལ་འབྱོར་རྙེད་དཀའ་ཐོབ་པ་ད་རེས་ཙམ་ཡིན་ནོ། །དོ་ནུབ་ཁོ་ནར་མི་འཆིའི་


JKT023_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གདེང་ཚད་ཀྱང་མེད་པས། །སྲིད་ལས་ངེས་པར་འབྱུང་བའི་སྐྱོ་ཤས་དང་འགྲོགས་ནས། །དཀར་ནག་ལས་འབྲས་བླང་དོར་ཚུལ་བཞིན་དུ་འབད་འཚལ། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་གནས་སུ་བཟུང་ནས། །སྨོན་འཇུག་བྱང་ཆུབ་སེམས་གཉིས་འབྲལ་མེད་དུ་བསྐྱེད་ཅིང་། །བླ་མ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་བརྟེན་ནས། །སྡིག་སྒྲིབ་ཉེས་ལྟུང་ཚོགས་ཀུན་ལྷག་མེད་དུ་སྦྱོངས་ཤིག །སྐུ་གསུམ་མཆོད་པའི་སྤྲིན་གྱི་མཎྜལ་ལ་བརྟེན་ནས། །ཚོགས་གཉིས་ཡོངས་སུ་རྫོགས་པའི་ཐབས་མཁས་ལ་འབད་ཅིང་། །ཁྱད་པར་མོས་གུས་བླ་མའི་རྣལ་འབྱོར་ལ་བརྟེན་ནས། །དབང་བཞིའི་ཡེ་ཤེས་འགྲུབ་པའི་ལམ་བཟང་ལ་བསྙེན་ཅིག །འཁོར་འདས་ཆོས་ཀུན་སེམས་ཉིད་གཅིག་པུ་ཡི་ཆོ་འཕྲུལ། །སེམས་ཀྱང་རིག་སྟོང་ཟུང་འཇུག་བློ་བྲལ་གྱི་རང་བབས། །མ་ཡེངས་མི་བསྒོམ་གཉུག་མའི་དྲན་པ་དང་འགྲོགས་ནས། །གདོད་མའི་བཙན་ས་ཟིན་པའི་སྨོན་ལམ་ཞིག་ཞུའོ། །ཞེས་ཕྱོགས་མེད་རིས་མེད་ལྟོས་མེད་ཀྱི་བྱ་བཏང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། ༈ །ཨ། །ད་ལྟའི་ཤེས་པ་མ་བཅོས་གཉུག་མའི་གཤིས། །གསལ་སྟོང་ཟུང་འཇུག་བརྗོད་པའི་མཐའ་ལས་འདས། །འདི་ཀ་དོན་གྱི་བླ་མ་ཡི་དམ་སྟེ། །མ་ཡེངས་མི་བསྒོམ་ངང་དུ་ལྷུག་


JKT023_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞོག །དེ་ཚེ་བླ་མ་རྣམས་དང་འདུ་འབྲལ་མེད། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་མ་བསྒྲུབ་འགྲུབ། །རེ་དོགས་ཐམས་ཅད་ངོ་བོའི་སྟེང་དུ་ཆོད། །གཟུང་འཛིན་རྟོག་ཚོགས་རང་གྲོལ་དབྱིངས་སུ་ཐིམ། །མདོར་ན་རིག་སྟོང་ཟུང་འཇུག་འོད་གསལ་ངང་། །དུས་གསུམ་འདུ་འབྲལ་མེད་པའི་ཉམས་ལེན་གྱིས། །འཆི་མེད་སྐུ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ། །བློ་འདས་གོ་འཕང་མངོན་འགྱུར་བཀྲ་ཤིས་ཤོག ༈ །།ཨ། རང་བྱུང་རིག་པ་སྟོང་གསལ་འདུས་མ་བྱས། །སྨྲ་བསམ་བརྗོད་མེད་བློ་ལས་འདས་པའི་ངང་། །བཅས་བཅོས་སྤང་བླང་མེད་པར་རང་བཞག་པས། །འཁོར་འདས་གཉིས་སྣང་མཚན་མ་དབྱིངས་སུ་གྲོལ། །དེ་ཕྱིར་ད་ལྟའི་ཤེས་པ་སྐད་ཅིག་མ། །འདི་ཉིད་ངང་དུ་རང་བབས་ཀློད་ལ་ཞོག །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དང་། །འདུ་འབྲལ་མེད་པའི་ཡེ་ཤེས་རང་ལ་ཤར། །དང་པོ་མ་སྐྱེས་བར་དུ་གནས་པ་མེད། །ཐ་མ་འཆི་མེད་དོན་གྱི་པདྨ་འབྱུང་། །ངོ་ཤེས་ཐག་ཆོད་བརྟན་པ་ཐོབ་པ་ཡིས། །གདོད་མའི་བཙན་ས་ཟིན་པའི་བཀྲ་ཤིས་ཤོག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྨྲས་པ་དགེ་ལེགས་སུ་གྱུར་ཅིག། ༈ །།ཕྱོགས་དུས་རྒྱལ་བ་སྲས་བཅས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མ་ལུས་འདུས་པའི་


JKT023_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དངོས། །དྲན་པས་གདུང་སེལ་དཔལ་ལྡན་བླ་མ་ལ། །མི་ཕྱེད་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །གསོལ་བ་འདེབས་སོ་དྲིན་ཅན་ཆོས་ཀྱི་རྗེ། །བྱིན་གྱིས་རློབས་ཤིག་རྩ་བརྒྱུད་བླ་མའི་ཚོགས། །དངོས་གྲུབ་སྩོལ་ཅིག་དམ་ཅན་རྒྱ་མཚོའི་ཚོགས། །སྙིང་ནས་དྲན་ནོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་དང་། །འཁོར་བའི་སྡུག་བསྔལ་དྲན་པའི་ངེས་འབྱུང་གིས། །ལས་འབྲས་བླང་དོར་ཚུལ་བཞིན་བརྩོན་པ་དང་། །བྱང་ཆུབ་སེམས་གཉིས་འབྱོང་བར་བྱིན་གྱིས་རློབས། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་པའི་རིམ་པས་ཅིར་སྣང་ལྷ་སྒྱུར་ཤར། །རྫོགས་རིམ་ཟབ་མོས་རླུང་སེམས་དབུ་མར་ཐིམ། །བདེ་ཆེན་ཡེ་ཤེས་འགྲུབ་པར་བྱིན་གྱིས་རློབས། །ཀ་དག་ཁྲེགས་ཆོད་གནས་ལུགས་མངོན་དུ་གྱུར། །ལྷུན་གྲུབ་ཐོད་རྒལ་རིག་པ་ཚད་ལ་ཕེབས། །ཟུང་འཇུག་ཁྱད་ཆོས་དྲུག་ལྡན་གཉུག་མའི་ཀློང་། །གདོད་མའི་གཏན་སྲིད་ཟིན་པར༔ གཟུང་འཛིན་སྤྲོས་བྲལ་དབུ་མ་ཆེན་པོའི་གཞི། །རང་བྱུང་རིག་པ་ཕྱག་རྒྱ་ཆེན་པོའི་ལམ། །དབྱིངས་རིག་དབྱེར་མེད་འོད་གསལ་རྫོགས་པ་ཆེའི། །འབྲས་བུ་མངོན་དུ་འགྱུར་བར བསམ་གྱིས་མི་ཁྱབ་ལྟ་བའི་གནས་ལུགས་མཐོང་། །དེ་ཉིད་ངང་གཞག་སྒོམ་པའི་རྩལ་ཆེན་རྫོགས། །


JKT023_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་གྲོལ་དུས་མཉམ་སྤྱོད་པ་མཐར་ཕྱིན་ནས། །འཁོར་འདས་སྤང་བླང་བྲལ་བར༴ ངོ་བོ་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན། །རང་བཞིན་ལོངས་སྤྱོད་རྫོགས་སྐུའི་ཡེ་ཤེས་དང་། །ཐུགས་རྗེ་སྤྲུལ་པའི་རྣམ་འཕྲུལ་བསམ་ཡས་ཀྱིས། །རང་གཞན་དོན་གཉིས་འགྲུབ་པར་བྱིན༴ གཞན་ཡང་གནས་སྐབས་ཆོས་བཞིན་སྤྱོད་པ་ལ། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །མ་ལུས་ཕུན་སུམ་ཚོགས་པ་ཡིས། །དགེ་མཚན་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཞལ་གདམས་སྨོན་ལམ་གྱི་ཚུལ་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །མངྒ་ལཾ། ༈ །རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་པ་མེད། །ལས་ཀྱི་འབྲས་བུ་ནམ་ཡང་མི་བསླུ་ཞིང་། །འཁོར་བ་གར་སྐྱེས་སྡུག་བསྔལ་རང་བཞིན་ཕྱིར། །ངེས་འབྱུང་དྲག་པོས་སྲིད་ལས་འདའ་བར་མཛོད། །རང་ཉིད་གཅིག་པུར་འཁོར་བ་ལས་ཐར་ཡང་། །ཉན་རང་དམན་པའི་ལམ་ལས་མ་འདས་པས། །མ་གྱུར་འགྲོ་ལ་བྱམས་དང་སྙིང་རྗེ་དང་། །སྨོན་འཇུག་བྱང་ཆུབ་སེམས་གཉིས་རྟག་ཏུ་བསྐྱེད། །གཟུང་བའི་ཡུལ་ཀུན་རྨི་ལམ་སྒྱུ་མ་འདྲ། །འཛིན་པའི་སེམས་ཀྱང་སྟོང་གསལ་འདུས་


JKT023_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས། །སྤྲོས་མེད་ངང་ནས་སྣང་གྲག་རྟོག་ཚོགས་ཀུན། །ལྷ་སྔགས་ཆོས་ཉིད་གཉུག་མར་ལམ་ཁྱེར་འཚལ། །ཞེས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གདམས་པ་དོན་དང་ལྡན་པར་གྱུར་ཅིག། ༈ །།ཞལ་གདམས་སྨོན་ཚིག་བཞུགས། དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་སྐུ། །གཅིག་བསྡུས་དཔལ་ལྡན་བླ་མ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས། །དལ་དང་འབྱོར་པ་རྙེད་དཀའི་རྟེན། །ཡིད་བཞིན་ནོར་བུ་ལས་ཀྱང་ལྷག །དེ་ཕྱིར་སྙིང་པོ་ལེན་པའི་བློས། །ཐར་པའི་ལམ་ལ་འཇུག་པར་ཤོག །འདུས་བྱས་ཐམས་ཅད་མི་རྟག་ཅིང་། །ཆོས་མིན་ཕན་མེད་པས། །འཆི་ཆོས་སྙིང་ནས་སྒྲུབ་པར་ཤོག །དཀར་ནག་ལས་ཀྱི་འབྲས་བུ་ནི། །ནམ་ཡང་བསླུ་བ་མེད་པའི་ཕྱིར། །དགེ་སྡིག་བླང་དོར་མ་ནོར་བར། །དྲན་ཤེས་བརྟན་པོས་ཉམས་ལེན་ཤོག །འཁོར་བའི་གནས་རིས་མཐོ་དམན་ཀུན། །སྡུག་བསྔལ་གསུམ་གྱི་རང་བཞིན་དུ། །ཤེས་ནས་ངེས་པར་འབྱུང་བའི་བློས། །བདེན་བཞིའི་ཡུལ་ལ་འཇུག་པར་ཤོག །བླ་མ་དཀོན་མཆོག་རྣམ་གསུམ་ལ། །དང་འདོད་ཡིད་ཆེས་དད་པ་ཡིས། །སྙིང་ནས་སྐྱབས་སུ་འགྲོ་བ་དང་། །བསླབ་བྱ་ཚུལ་བཞིན་སློབ་པར་ཤོག །ཁྱད་པར་


JKT023_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་མཉམ་སེམས་ཅན་ཀུན། །དྲིན་ཅན་ཕ་མར་ཤེས་པའི་བློས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །བཅོས་མིན་རྒྱུད་ལ་སྐྱེ་བར་ཤོག །མདོར་ན་འདི་ཕྱི་བར་དོ་ཀུན། །རེ་ས་བླ་མ་ལས་གཞན་མེད། །ཐུགས་ཡིད་གཅིག་ཏུ་འདྲེས་པ་དང་། །བསམ་དོན་ཆོས་བཞིན་འགྲུབ་པར་ཤོག །ཅེས་པའང་གོང་རྗེ་ཆོས་རྒྱལ་ཆེན་པོའི་མདུན་ན་འདོན་རྣམ་པར་དཀར་བའི་ཐུགས་བསྐྱེད་ཅན་བཀྲ་ཤིས་ཚེ་འཕེལ་ལགས་ནས་ཞལ་གདམས་ཤིག་དགོས་ཞེས་བསྐུལ་བ་ལྟར་སྨོན་ཚིག་དང་འབྲེལ་བར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


JKT023_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousསྤང་བླང་གི་བསླབ་བྱ་མདོར་བསྡུས་པའི་གཏམ་ཆོས་ཚུལ་བདུད་རྩིའི་སྤྲིན་ཆར།next