Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
གསུང་ངག་རིན་པོ་ཆེའི་ལམ་རིམ་གསོལ་འདེབས་སྨོན་ལམ་མདོར་བསྡུས་པ་བྱིན་རླབས་དཔལ་སྟེར།
   
   
   
   


 
previousགསུང་ངག་རིན་པོ་ཆེའི་ལམ་རིམ་གསོལ་འདེབས་སྨོན་ལམ་མདོར་བསྡུས་པ་བྱིན་རླབས་དཔལ་སྟེར།next

གསུང་ངག་རིན་པོ་ཆེའི་ལམ་རིམ་གསོལ་འདེབས་སྨོན་ལམ་མདོར་བསྡུས་པ་བྱིན་རླབས་དཔལ་སྟེར།


JKT023_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །གསུང་ངག་རིན་པོ་ཆེའི་ལམ་རིམ་གསོལ་འདེབས་སྨོན་ལམ་མདོར་བསྡུས་པ་བྱིན་རླབས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །


JKT023_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རྩ་བརྒྱུད་བླ་མ་ཡི་དམ་ཀྱེ་རྡོ་རྗེ། །རྣལ་འབྱོར་མ་དཔལ་ཆོས་སྲུང་ནོར་ལྷ་སོགས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་གཞན་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །དམ་ཆོས་སྒྲུབ་པའི་རྟེན་མཆོག་ལེགས་ཐོབ་ནས། །ཐེག་ཆེན་རིགས་སད་དད་པ་རྣམ་གསུམ་གྱིས། །བཤེས་གཉེན་ཚུལ་བཞིན་བསྟེན་པར་བྱིན་གྱིས་རློབས། ཁམས་གསུམ་འཁོར་བ་མེ་འོབས་ལྟ་བུར་མཐོང་། །དལ་འབྱོར་རྙེད་དཀའ་འཇིག་སླའི་ངང་ཚུལ་རིག ། ལས་འབྲས་བསླུ་མེད་ཡིད་ཆེས་བརྟན་པོ་ཡིས། །བླང་དོར་འཁྲུལ་མེད་སྤྱོད་པར་བྱིན་གྱིས་རློབས། །མཁའ་ཁྱབ་འགྲོ་ཀུན་ཕ་མ་དྲིན་ཅན་ཕྱིར། །བྱམས་དང་སྙིང་རྗེ་བྱང་


JKT023_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་གཉིས་འབྱོངས། །འབྲས་བུའི་ཡོན་ཏན་ཐོས་པས་རྒྱུད་བསྐུལ་ནས། །གསང་ཆེན་ལམ་ལ་འཇུག་པར་བྱིན་གྱིས་རློབས། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །སྣང་སེམས་སྒྱུ་མ་རྟེན་འབྲེལ་བརྗོད་བྲལ་བའི། །འཁོར་འདས་དབྱེར་མེད་འོད་གསལ་ཕྱག་རྒྱ་ཆེ། །རྒྱུ་དུས་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །ཐ་མལ་དངོས་ཀུན་ཕྱི་ནང་ལྷ་སྐུར་ཤར། །རླུང་དང་གཏུམ་མོས་གསལ་སྟོང་ཉམས་མྱོང་སྨིན། །དཔེ་དོན་ལྷན་སྐྱེས་ཡེ་ཤེས་མངོན་བྱེད་པའི། །དབང་བཞིའི་ལམ་བཟང་བསྒོམ་པར་བྱིན་གྱིས་རློབས། །མཐར་ཐུག་རྟེན་དང་བརྟེན་པ་གནས་གྱུར་པ། །འབྲས་བུ་སྐུ་བཞིའི་གོ་འཕང་མྱུར་ཐོབ་ནས། །ཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་པ་ཡིས། །དོན་།


JKT023_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་སྒྲུབ་བརྩོན་བླ་མ་དམ་པ་འགྱུར་མེད་ཕྲིན་ལས་དཔལ་ལྡན་ནས་ཞལ་གདམས་ཤིག་དགོས་ཞེས་གསུང་ངོར་གསོལ་འདེབས་སྨོན་ཚིག་དང་འབྲེལ་བར་གསུང་ངག་རིན་པོ་ཆེའི་དགོངས་དོན་མདོར་བསྡུས་པའི་ཚུལ་གྱིས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །མངྒ་ལམ་བྷ་བ་ཏུ།། ༈ །།འཇམ་པའི་དབྱངས་སོགས་སྲས་བཅས་རྒྱལ་ཀུན་དང་། །དབྱེར་མེད་མཁྱེན་བརྩེའི་ཡེ་ཤེས་ཆེ་བརྙེས་པ། །མཁས་གྲུབ་དབང་པོ་དཔལ་ལྡན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འཁོར་བའི་གནས་ཀུན་མེ་འོབས་ལྟ་བུར་མཐོང་། །དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་རྟོགས། །ལས་འབྲས་བསླུ་བ་མེད་པར་ཁོང་ཆུད་ནས། །བླང་དོར་ཚུལ་བཞིན་བརྩོན་པར་བྱིན་གྱིས་རློབས། །བྱམས་དང་སྙིང་རྗེ་སྨོན་འཇུག་བྱང་སེམས་འབྱོངས། །ཞི་གནས་ཏིང་འཛིན་རྒྱ་མཚོར་འཇུག་ཅིང་ལྡང་། །ལྷག་མཐོང་ཟབ་མོའི་ཤེས་རབ་ཕ་རོལ་ཕྱིན། །སྤྲོས་བྲལ་གནས་ལུགས་མཐོང་བར་བྱིན་གྱིས་རློབས། །དབང་གིས་སྨིན་ཅིང་དམ་ཚིག་རྣམ་པར་དག །གཞི་རྒྱུད་འཁོར་འདས་དབྱེར་མེད་ལྟ་བ་རྟོགས། །ལམ་རྒྱུད་རིམ་གཉིས་ཡེ་ཤེས་མངོན་དུ་གྱུར། །འབྲས་རྒྱུད་སྐུ་བཞི་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་འདི་ནས་བྱང་ཆུབ་


JKT023_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་བར། །རྗེ་བཙུན་བླ་མས་འབྲལ་མེད་རྗེས་བཟུང་སྟེ། །བར་ཆད་ཀུན་ཞི་བསམ་སྦྱོར་ཆོས་བཞིན་འགྲུབ། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་དགེ་སློང་དགེ་བའི་བཤེས་གཉེན་བོ་དྷི་བྷ་དྲས་ཚུལ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར། གསུང་ངག་རིན་པོ་ཆེའི་ལམ་རིམ་མདོར་བསྡུས་པ་བརྗོད་བྱར་བྱས་ཏེ། གསོལ་འདེབས་བསླབ་བྱ་དང་འབྲེལ་བ་འདིའང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། ༈ །།ཇོ་བོ་རིན་པོ་ཆེར་གསོལ་འདེབས་སྨོན་ལམ་དང་བཅས་པ་ཕན་བདེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། བླ་མ་མཆོག་གསུམ་དབྱེར་མེད་ཞལ་སྐྱིན་དངོས། །དྲན་པ་ཙམ་གྱིས་དགོས་འདོད་ཀུན་སྩོལ་བའི། །ཡིད་བཞིན་ནོར་བུའི་ཞབས་ཀྱི་པདྨོ་ལ། །གུས་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྟོབས་བཞིས་སྡིག་ལྟུང་ཚོགས་ཀུན་བཤགས་ཤིང་བསྡམ། །འཕགས་དང་སོ་སྐྱེའི་དགེ་བར་རྗེས་ཡི་རངས། །བརྗོད་མེད་ཆོས་འཁོར་རྟག་ཏུ་བསྐོར་བཞིན་དུ། །བསྐལ་པ་རྒྱ་མཚོར་བཞུགས་པར་གསོལ་བ་འདེབས། །དེ་ལྟར་བསགས་པའི་དགེ་ཚོགས་ཅི་མཆིས་པ། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོས་པའི་མཐུས། །བདག་གཞན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །རྙེད་དཀའི་དལ་འབྱོར་རྟེན་བཟང་ཐོབ་


JKT023_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ཁྱད་པར་མཚན་ཉིད་ཀུན་ལྡན་བཤེས་གཉེན་མཆོག །དོན་ཡོད་རྣམ་བཞིས་རྟག་ཏུ་མཉེས་བྱས་ནས། །སོ་ཐར་བྱང་སེམས་རིག་པ་འཛིན་པ་ཡི། །སྡོམ་པ་གསུམ་གྱི་བཀའ་དྲིན་ནོད་པར་ཤོག ། བཅོས་མིན་དད་དང་ངེས་པར་འབྱུང་བ་དང་། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་གཉིས་འབྱོངས། །སྤྲོས་པ་ཀུན་བྲལ་ཟབ་མོ་དབུ་མའི་ལམ། །ཡང་དག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཡོ་བྱད་ཀུན་ལ་མ་ཆགས་སྦྱིན་གཏོང་ཞིང་། །ཡོན་ཏན་གཞིར་གྱུར་ཚུལ་ཁྲིམས་རྣམ་པར་དག །གནོད་པའི་ཡུལ་ལ་བཟོད་ལྡན་གཉིད་རྨུགས་དང་། །ལེ་ལོ་སྤངས་ནས་མཆོད་ཕྱིར་བརྩོན་གྱུར་ཅིག །ཞི་གནས་བསམ་གཏན་ངང་ལས་མ་གཡོས་བཞིན། །ལྷག་མཐོང་སོ་སོར་རྟོག་པའི་ཤེས་རབ་ཀྱིས། །རིས་མེད་མཁས་གྲུབ་རྒྱ་མཚོའི་གཞུང་བཟང་ལ། །ཐོས་བསམ་སྒོམ་པའི་ཕ་རོལ་ཕྱིན་པར་ཤོག །ཁྱད་པར་དབེན་ཞིང་ཉམས་དགའི་ནགས་ཀླུང་དུ། །རྒྱལ་བ་དགྱེས་པའི་སྤྱོད་ཡུལ་རྣམ་དག་ཅིང་། །རིམ་གཉིས་ཟབ་མོའི་ལམ་གྱི་ཐབས་མཁས་ལ། །བརྟེན་ནས་ཟུང་འཇུག་གོ་འཕང་འགྲུབ་གྱུར་ཅིག །གཞན་ཡང་ཚེ་འདིར་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །མྱུར་དུ་བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །མདོར་ན་ཇི་ལྟར་སྨོན་པའི་དོན་རྣམས་ཀུན། །


JKT023_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་མེད་མྱུར་བ་ཉིད་དུ་འགྲུབ་པ་ཡིས། །བསྟན་འགྲོར་ཕན་བདེའི་དགའ་སྟོན་འགྱེད་པ་ལ། །བཅོམ་ལྡན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །ཞེས་ཇོ་བོ་ཡིད་བཞིན་ནོར་བུའི་མདུན་དུ་གསོལ་འདེབས་སྨོན་ལམ་གྱི་རིམ་པའོ། །གཞན་ཡང་། ར་མོ་ཆེར། མི་བསྐྱོད་རྡོ་རྗེའི་ཞབས་ཀྱི་པདྨོ་ལ། །ཞེས་དང་། བསམ་ཡས་སུ། བྱང་ཆུབ་ཆེན་པོའི་ཞབས་ཀྱི་པདྨོ་ལ། །ཞེས་དང་། ཁྲ་འབྲུག་ཏུ། རྣམ་པར་སྣང་མཛད་ཞབས་ཀྱི་པདྨོ་ལ། །ཞེས་སོགས་རྟེན་གྱི་གཙོ་བོ་གང་ཡིན་དང་མཐུན་པའི་ཁ་བསྒྱུར་བྱས་པས་གྲུབ་པ་ཉིད་དོ། །ཞེས་པའང་དོན་གཉེར་ཅན་གྱི་ངོར་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྤེལ་བ་སརྦ་དཱ་མངྒ་ལཾ།། །།༄༅། །ལ ཀྵྨཱི བི ཡོ གབ ཀཱ ནཾ གུ ཎ སཱ གར མ ནྟ ཀཿ བུ དྡྷ ལོ ཀ སྱ ནེ ཐེ བྷི༔ སྠཱ ནཱ ཏྲཱ ཀུ རུ མ ངྒ ལཾ།།༅། །ཡེ ཥཱུ པ ཤཱ ནྟ ཙོ པ ཤྲཱི ཕུན་ཚོགས་བྲལ་དང་སྨིན་པ་ཡི། །ཡོན་ཏན་རྒྱ་མཚོའི་མཐར་སོན་པ། །སངས་རྒྱས་འཇིག་རྟེན་མགོན་པོ་ཡིས། །གནས་འདིར་ཀུན་ཏུ་ཤིས་པར་མཛོད། །གང་དུ་ཉེ་བར་ཞི་བ་དང་། །གང་གིས་ཉེར་ཞིའི་


JKT023_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ ན ཤཱ ནྟ སྱ དཱ ན ཡོཿ ས དྡྷ རྨཱ མྲཾ ཏ དཱི པྟེ བྷི སྟུ ཥྱཱ ཏྤ དྨ ཧི ཏི སུ ཁཾ། ཉྗདྨཏུཥྱཱཏྶུཡཾཧིཏཿ ཐ ཙ ཡཱ བ ཏ ནྟ རྦཻ ཛྙཱ ནཱ དྦྷུ ཏ སྱ ད རྴ ནཻ༔ ཏྲི སཱ བ ར དཔལ་སྟེར་བ། །དམ་ཆོས་བདུད་རྩིའི་སྣང་བ་ཡིས། །ཕན་བདེའི་པདྨོ་རྒྱས་གྱུར་ཅིག ། ༈ །ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་རྨད་བྱུང་བས། །སྒྲིབ་གསུམ་ཆ་བཅས་ངེས་གྲོལ་བ། ཎ ནི རྨུ ཀྟ ཪྻ ག ཎི སྶུ ཤཱུ བྷཾ ཀུ ཤ། ༄༅། །འོད་གསལ་འཆར་བའི་གསོལ་འདེབས་ཟབ་དོན་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །འཕགས་པའི་ཚོགས་ཀྱིས་དགེ་ལེགས་སྩོལ། ༄༅། །ན་མོ་གུ་རུ་བྷྱ༔ ཤིན་ཏུ་རྣམ་དག་འོད་གསལ་ཆོས་དབྱིངས་ངང་། །ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་རྣམ་རོལ་གྱིས། །སྤྲུལ་པའི་གར་མཛད་རྩ་བརྒྱུད་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བཅོས་མིན་དད་དང་ངེས་འབྱུང་སྙིང་རྗེ་དང་། །རླབས་ཆེན་བྱང་ཆུབ་སྤྱོད་པའི་མཐར་སོན་ནས། །མཆོག་གསང་རྡོ་རྗེའི་ལམ་གྱི་སྨིན་གྲོལ་གྱིས། །


JKT023_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་དོན་འོད་གསལ་མཐོང་བར་བྱིན༴ ཁྱད་པར་གཟོད་ནས་སྤྲོས་པ་ཀུན་བྲལ་བའི། །སེམས་ཀྱི་རྡོ་རྗེ་གཉུག་མའི་དེ་བཞིན་ཉིད། །ཀུན་ཁྱབ་ཀུན་གྱི་རང་བཞིན་ཕྱག་རྒྱ་ཆེ། །གཞི་ཡི་འོད་གསལ་རྟོགས་པར༔ རིལ་པོར་འཛིན་དང་རྗེས་སུ་གཞིག་པ་ཡིས། །སྣང་ཆའི་ལྷ་སྐུ་ནཱ་དར་སྙོམས་འཇུག་བཞིན། །ལྷན་ཅིག་སྲོག་རྩོལ་ཁ་སྦྱོར་རྣལ་འབྱོར་གྱིས། །རླུང་སེམས་དབུ་མར་འདུས་པར༔ དེ་མཐུས་རྣམ་ཤེས་སྣང་བ་ལ་ཐིམ་ཞིང་། །དེ་ཉིད་རིམ་པར་མཆེད་དང་ཉེར་ཐོབ་ལ། །ཐིམ་ཚུལ་ངོས་ཟིན་ཐམས་ཅད་སྟོང་པའི་ངང་། །ལམ་གྱི་འོད་གསལ་གོམས་པར ཉིན་སྣང་རྨི་ལམ་སྒྱུ་མར་རྗེས་དྲན་ཞིང་། །ཟབ་མོའི་ལམ་ལ་རྩེ་གཅིག་མཉམ་བཞག་པས། །སྣང་བཞིའི་ཕ་རོལ་སོན་པའི་ཡེ་ཤེས་དབྱིངས། །གཉིད་ཀྱི་འོད་གསལ་ཟིན་པར༔ གལ་ཏེ་གོམས་པ་སྟོབས་སུ་མ་གྱུར་ན། །སྙིང་དབུས་དྷཱ་ཏིའི་པདྨོར་ངལ་འཚོ་བའི། །མི་ཤིགས་ཡི་གེའི་སྤྲིན་གྱི་སྣང་བ་ཡིས། །ཉམས་ཀྱི་འོད་གསལ་འཆར་བར༔ དེ་ཚེ་ཉིང་འཁྲུལ་སྣང་ཆ་ཐམས་ཅད་ཀུན། །གཟུང་སྤེལ་སྒྱུ་མར་སྦྱང་བའི་ཉམས་ལེན་དང་། །སྤྲུལ་བསྒྱུར་དེ་ཁོ་ན་ཉིད་རྗེས་དྲན་པས། །གཉིས་འཛིན་རང་སར་གྲོལ་བར༔ སྔོན་འགྲོ་སྦྱང་བ་རྣམ་གསུམ་མཐར་ཕྱིན་ཅིང་། །རླུང་དང་གཏུམ་མོའི་འབར་འཛག་ལ་བརྟེན་ནས། །ཞུ་བདེས་དྲངས་པའི་ཡེ་ཤེས་མངོན་གྱུར་པ། །


JKT023_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོག་འོད་གསལ་འབྱོང་བར༔ ལུགས་འབྱུང་སྟོང་པ་རྣམ་བཞིའི་ལྷན་སྐྱེས་ལས། །ལུགས་ལྡོག་གཟུགས་སྐུར་བཞེངས་པའི་འཕེན་པ་ཡིས། །དག་པའི་སྒྱུ་ལུས་སྐུ་གསུམ་དབྱེར་མེད་པ། །འབྲས་བུའི་འོད་གསལ་འགྲུབ་པར་ཚེ་འདིར་ཟུང་འཇུག་གོ་འཕང་མ་ཐོབ་ན། །འཆི་སྲིད་འོད་གསལ་ཆོས་སྐུའི་དབྱིངས་སུ་ཐིམ། །བར་སྲིད་ལོངས་སྤྱོད་རྫོགས་སྐུའི་རྣམ་རོལ་དང་། །སྐྱེ་སྲིད་སྤྲུལ་པ་འཆར་བར༴ གཞན་ཡང་རླུང་སེམས་མི་ཕྱེད་ཐིག་ལེའི་གཟུགས། །ནང་གི་ལམ་ནས་འཕོ་བའི་རྣལ་འབྱོར་གྱིས། །འོད་གསལ་གཟུགས་སུ་ཤར་བའི་རྡོ་རྗེའི་གྲོང་། །མཁའ་སྤྱོད་ཞིང་དུ་བགྲོད་པར༔ མདོར་ན་གཏུམ་མོའི་འབར་སྣང་སྒྱུ་མར་རྫོགས། །འོད་གསལ་ངང་ལས་རྨི་ལམ་རྩལ་འབྱོངས་ཤིང་། །བར་དོའི་སྣང་བ་བསྲེ་འཕོའི་ཉམས་ལེན་གྱིས། །སྐུ་གསུམ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །དེ་ལྟར་རྩེ་གཅིག་སྨོན་པའི་གནས་སྐབས་ཀུན། །འཁོར་ལོའི་དབང་ཕྱུག་ཧེ་རུ་ཀ་དཔལ་དང་། །ཉེར་བཞིའི་ཡུལ་གྱི་དཔའ་བོ་རྣལ་འབྱོར་མས། །གེགས་མེད་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་ལམ་ཐམས་ཅད་ཀྱི་མཐར་ཐུག་འོད་གསལ་སྙིང་པོའི་རྣལ་འབྱོར་དུ་དྲིལ་ཏེ། རྡོ་རྗེའི་ལམ་གཞན་རྣམས་ཀྱང་ཞར་ལ་ཚང་བའི་དོན་བརྗོད་བྱར་བྱས་པའི་ངེས་གསང་རྒྱུད་སྡེའི་ཡང་བཅུད་ཁྱད་པར་ཅན་འདིའང་། གྲུབ་པའི་དབང་ཕྱུག་བྱེ་བ་


JKT023_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་རིང་ལུགས་ལ་མོས་པ་བརྟན་པོར་ཐོབ་པའི་རྣལ་འབྱོར་གཞོན་ནུ་འཇིགས་པ་མེད་པའི་སྡེས་སྦྱར་བ་སིདྡྷི་རསྟུ།། ༈ །།ཡེ་ཤེས་ལུས་ཅན་ལྷ་བཞི་དབྱེར་མེད་སྐུ། །དོན་གཉིས་ཆར་འབེབས་སྡེ་སྣོད་གསུམ་གྱི་གསུང་། །གྲུབ་པ་མཐར་སོན་བསླབ་གསུམ་རྣམ་དག་ཐུགས། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཟབ་རྒྱས་རྒྱུད་སྡེ་བཞི་དང་སྡེ་སྣོད་གསུམ། །འགལ་མེད་སྟན་ཐོག་གཅིག་ཏུ་ཉམས་བླངས་པས། །མཁས་ཤིང་བཙུན་ལ་གྲུབ་པའི་མཆོག་བརྙེས་པ། །བཀའ་གདམས་རྣམ་ཐར་འགྲུབ་པར་བྱིན་གྱིས་རློབས།། ༈ །།ཕྱོགས་བཅུའི་སངས་རྒྱས་ཆོས་དང་འཕགས་པའི་ཚོགས། །རྩ་གསུམ་སྲུང་མ་ཀུན་འདུས་ངོ་བོ་ཉིད། །རིགས་ཀུན་ཁྱབ་བདག་དྲིན་ཅན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་དྲན། །བློ་སྣ་ཆོས་ལ་འགྱུར་བར་བྱིན༴ ལས་འབྲས་བསླུ་མེད་འཁོར་བའི་ཉེས་དམིགས་མཐོང་། །དམ་ཆོས་ལམ་དུ་འགྲོ་བར་བྱིན༴ བྱམས་དང་སྙིང་རྗེ་སྨོན་འཇུག་བྱང་སེམས་འབྱོངས། །ལམ་གྱི་འཁྲུལ་པ་ཞི་བར་བྱིན་གཟུང་འཛིན་ལས་འདས་དོན་དམ་བྱང་སེམས་རྟོགས། །འཁྲུལ་སྣང་དབྱིངས་སུ་ཐིམ་པར་བྱིན༔ སེམས་དང་སེམས་བྱུང་འཇུག་པ་དབྱིངས་སུ་ཞི། །རྩེ་གཅིག་ཏིང་འཛིན་བརྟན་པར་བྱིན༔ ཉམས་སུ་མྱོང་ཡང་


JKT023_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་བརྗོད་ལས་འདས་པའི། །སྤྲོས་བྲལ་གནས་ལུགས་མཐོང་བར༔ སྣང་སེམས་དབྱེར་མེད་འོད་གསལ་ཕྱག་རྒྱ་ཆེ། །རོ་གཅིག་མངོན་དུ་འགྱུར་བར༴ མཉམ་རྗེས་ལས་འདས་ཁོར་ཡུག་ཆོས་སྐུའི་ཀློང་། །སྒོམ་མེད་འབྲས་བུ་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་བདག་སོགས་མཐའ་ཡས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །མྱུར་དུ་བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་འཛིན་པ་གླུ་བྲོ་དགོན་གྱི་བླ་མ་དགེ་འདུན་རྣམས་ནས་གསུངས་ངོར་ཞལ་གདམས་གསོལ་འདེབས་སྨོན་ལམ་དང་འབྲེལ་བ་འདིའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། ༈ །།ཐེག་པ་རིམ་དགུའི་སྨོན་ལམ་རྡོ་རྗེའི་ཚིག་རྐང་བཞུགས་སོ། །ན་མོ་གུ་རུ་བྷྱ༔ རྒྱལ་བའི་གདུལ་བྱའི་རྗེས་འགྲོ་ལེགས་གསུང་ཆོས། །གོང་ནས་གོང་དུ་བགྲོད་བྱེད་ཐེག་པའི་ཚུལ། །དབང་པོའི་རིམ་པ་དང་མཚུངས་རྣམ་པ་དགུ །མ་འདྲེས་ཡོངས་རྫོགས་ཉམས་ལེན་མཐར་ཕྱིན་ཤོག །ཉན་ཐོས་ཐེག་པའི་བདེན་བཞིའི་བླང་དོར་ཐོས། །རང་རྒྱལ་ཐེག་པའི་རྟེན་འབྲེལ་འཇུག་ལྡོག་བསམ། །བྱང་སེམས་ཐེག་པའི་བདེན་གཉིས་དབྱེར་མེད་བསྒོམ། །ཀུན་འབྱུང་འདྲེན་པའི་ཐེག་པས་རྒྱུད་སྦྱོང་ཤོག །ཀྲྀ་


JKT023_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཡའི་ཐེག་པས་མཐའ་བྲལ་ལྟ་བ་རྟོགས། །ཨུ་བྷའི་ཐེག་པས་ཕྱི་ནང་མཉམ་པར་བསྒོམ། །ཡོ་གའི་ཐེག་པས་སངས་རྒྱས་མཛད་པ་སྤྱོད། །དཀའ་ཐུབ་རིག་བྱེད་ཐེག་པས་རྒྱུད་སྨིན་ཤོག །མ་ཧཱའི་ཐེག་པས་གཞི་རྒྱུད་ལྷ་སྐུར་དག །ཨ་ནུའི་ཐེག་པས་ལམ་རྒྱུད་བདེ་སྟོང་རྫོགས། །ཨ་ཏིའི་ཐེག་པས་འབྲས་རྒྱུད་ཡེ་ཤེས་སྨིན། །དབང་བསྒྱུར་ཐབས་ཀྱི་ཐེག་པས་རྒྱུད་གྲོལ་ཤོག །མདོར་ན་ངེས་འབྱུང་བྱང་སེམས་གཏིང་ནས་འབྱོངས། །ལྷག་པའི་ལྷ་ཡི་བྱིན་རླབས་སྙིང་ལ་ཞུགས། །སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་ངང་། །འགྲོ་ཀུན་ཕྱམས་གཅིག་སངས་རྒྱས་སར་འགོད་ཤོག །ཅེས་པའང་རྨོག་སྟོན་གསང་བདག་ཆེན་པོའི་སྤྱན་སྔར་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅུ་བཞི་པར་རྩེད་མོའི་ཚུལ་དུ་བྲིས་པ། དགྱེས་པའི་གད་མོ་དང་བཅས་ཁྱོད་ཀྱི་འདི་ལ་ཐེག་པ་རིམ་དགུའི་སྨོན་ལམ་རྡོ་རྗེའི་ཚིག་རྐང་ཞེས་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །མངྒ་ལཾ།། ༈ །སྡོམ་པ་གསུམ་གྱི་སྨོན་ལམ་དོན་གཉིས་ངལ་བསོ་བཞུགས། །ན་མོ། རྒྱལ་བ་ཀུན་གྱི་ཐུགས་བསྐྱེད་མཁའ་ཀློང་ལས། །ཕན་བདེའི་སྤྲིན་གྱི་བླ་བྲེ་མཛེས་པའི་དབུས། །སྡོམ་གསུམ་བདུད་རྩིའི་ཆར་རྒྱུན་འཇོ་བ་ཡིས། །ཐར་པ་མཆོག་གི་མྱུ་གུ་བཞད་པར་ཤོག ༡ །མཐོན་མཐིང་ལྕང་ལོའི་ཟུར་ཕུད་བྲེགས་པ་ཡིས། །སྲིད་པའི་འཆིང་བ་མ་ལུས་བརྒལ་བྱས་ཏེ། །ངུར་སྨྲིག་བླ་


JKT023_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གོས་གསར་པའི་གཟི་འོད་ཀྱིས། །ས་གསུམ་ཕན་བདེའི་སྣང་བས་ཁྱབ་གྱུར་ཅིག ༢ །གཞི་གསུམ་ཆོ་གའི་རྩ་བ་ལེགས་བརྟེན་ཅིང་། །སྤངས་དང་འཇུག་པའི་ཚུལ་ཁྲིམས་ཡལ་ག་རྒྱས། །སྲིད་པའི་དགྲ་བཅོམ་གེ་སར་མཛེས་གྱུར་པའི། །དམ་ཆོས་འདུལ་བའི་ཚལ་བརྒྱ་འཕེལ་བར་ཤོག ༣ །གཞན་ཕན་ག་བུར་བརྩེགས་པའི་མཛའ་བཤེས་ཀྱིས། །འགྲོ་ཀུན་དགའ་བའི་ཀུན་རྒྱས་པ་དང་། །ལྷན་ཅིག་འཁོར་བའི་མུན་སྟུག་རབ་བཅོམ་སྟེ། །ཟག་མེད་བདུད་རྩིའི་དཔལ་གྱིས་འཚོ་བར་ཤོག ༤ །སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ནོར་བུའི་འཁྲི་ཤིང་ཆེར། །ཕ་རོལ་ཕྱིན་པའི་ལམ་ལ་བརྟེན་པ་ཡིས། །བྱང་ཆུབ་མཆོག་གི་འབྱོར་པས་ཕྱུག་པར་ཤོག ༥ །ལུང་དང་རྟོགས་པའི་ཆོས་ཚུལ་རྒྱ་མཚོ་ཆེ། །ཤེས་རབ་གསུམ་གྱི་གྲུ་གཟིང་གཡོ་བ་ཡིས། །རྒྱལ་གསུང་ལམ་བདེན་ཕ་མཐར་བརྒལ་བྱས་ནས། །ཐམས་ཅད་མཁྱེན་པའི་གླིང་དུ་ཕྱིན་པར་ཤོག ༦ །ལེགས་བཤད་ཉིན་བྱེད་གསར་པའི་འོད་ཟེར་གྱིས། །སྐལ་བཟང་བློ་གྲོས་པདྨོ་བཞད་པ་དང་། །ལྷན་ཅིག་ལམ་མིན་མུན་པ་བསལ་བྱས་ཏེ། །རྒྱལ་བསྟན་སྣང་བས་ཡོངས་སུ་ཁྱབ་པར་ཤོག ༧ །ཆོས་བརྒྱད་འཆིང་བ་རབ་གྲོལ་དབེན་གནས་སུ། །འདུ་འཛིའི་སྤྱོད་པ་མ་ལུས་རིང་དོར་ཏེ། །རྩེ་གཅིག་ཏིང་འཛིན་མཆོག་ལ་གཡོ་མེད་པས། །


JKT023_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་མ་ལུས་ལྷུན་གྱིས་གྲུབ་པར་ཤོག ༨ །རྡོ་རྗེ་ཐེག་པའི་བརྒྱུད་འཛིན་བུམ་བཟང་ནས། །སྨིན་བྱེད་བདུད་རྩིའི་ཐིགས་པས་བྲན་པ་ལས། །ཐར་པའི་ཞིང་ས་རབ་ཏུ་བརླན་བྱས་ཏེ། །གཡེལ་མེད་དམ་ཚིག་ས་བོན་ཆགས་པར་ཤོག ༩ །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རབ་བཟུང་ཞིང་། །ཕྲ་རགས་རྣམ་པར་དབྱེ་བ་རྒྱུད་ལ་འཆང་། །སྲུང་མཚམས་ལས་འདས་དབྱིངས་སུ་གྲོལ་བ་ཡིས། །གསང་སྔགས་ལམ་གྱི་དེ་ཉིད་མངོན་གྱུར་ཤོག ༡༠ །བསྐྱེད་རྫོགས་མཛེས་པའི་ཁ་ཕྲུས་བྲན་པ་ལས། །རྩ་རླུང་ཐིག་ལེའི་གདུང་བ་རབ་བཅིལ་ཏེ། །སྐུ་བཞིའི་པད་དཀར་རྒྱས་པའི་བསིལ་གཡབ་ཏུ། །མ་ལུས་འགྲོ་བའི་བསྟི་གནས་འབྱུང་བར་ཤོག ༡༡ །དོན་དམ་གང་དུའང་མི་གནས་ཡེ་ཤེས་སེམས། །ལྷན་ཅིག་དགའ་བའི་རྩེ་དགས་རོལ་པར་ཤོག །ཚུར་མཐོང་རྣམ་པར་གྲོལ་བའི་འཁོར་ལོ་ཆེ། །སྒྱུ་འཕྲུལ་དྲྭ་བའི་ངོ་བོར་རྟག་བརྟན་ཤོག ༡༢ །བསླབ་གསུམ་ཁྲིམས་ཀྱི་བདུད་རྩི་རྟག་རོལ་ཞིང་། །ཟུང་འཇུག་བདེ་དང་སྟོང་པས་རབ་མྱོས་པའི། །རིག་གྲོལ་གཉིས་མེད་དགེ་འདུན་འདུས་པའི་སྡེས། །སྲིད་པའི་ཁམས་ཀུན་དོག་པོར་བགྱིད་པར་ཤོག ༡༣ །དེ་མཐུས་ཚོགས་གཉིས་དཔྱིད་ཀྱིས་ཉེར་དྲངས་པའི། །རྫོགས་ལྡན་དབྱར་གྱི་འབྱོར་པར་སྤྱོད་པ་ཡིས། །འགྲོ་ཀུན་ཉོན་མོངས་ཚོགས་རྣམས་རབ་ཞི་སྟེ། །ཆོས་མཐུན་དགེ་


JKT023_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཔལ་གྱིས་འཚོ་བར་ཤོག ༡༤ །འདིས་མཚོན་རྣམ་དག་སྨོན་པའི་དྲི་བཞོན་གྱིས། །བསླབ་གསུམ་སྤྲིན་གྱི་བླ་བྲེས་བསྐུལ་བ་ལས། །མངོན་མཐོ་ངེས་ལེགས་བདུད་རྩིའི་དཔལ་འཇོ་བས། །འགྲོ་ཀུན་སྲིད་པའི་ཚ་གདུང་བཅིལ་བར་ཤོག ༡༥ །ཅེས་པའང་སྲིད་ལས་ངེས་པར་གྲོལ་བའི་བློས་བསླབ་པ་རིན་པོ་ཆེ་དམ་དུ་འཆང་བ་ནི་བསྟན་ལ་སྨོན་པ་ཡོངས་ཀྱི་ངེས་བརྗོད་དུ་སྣང་བའི་ཕྱིར། དེའི་རྗེས་སུ་སྨོན་པ་ཙམ་དུ་རྨོངས་བརྟུལ་ཨ་བྷ་ཡའི་མིང་གིས་སོ།། ༈ །།རྒྱུན་གྱི་དམ་བཅའ་སྨོན་ལམ་ཆེན་མོ་ཕན་བདེའི་ས་བོན་ཞེས་བྱ་བ་བཞུགས་སོ། །བཀྲ་ཤིས་མཚན་གྱི་དབྱངས་སྙན་ཐོས་པས་ཀྱང་། །ཕུན་ཚོགས་སྲིད་ཞིའི་དགེ་ལེགས་སྦྱིན་མཛད་པ། །རྩ་བརྒྱུད་བླ་མ་དཀོན་མཆོག་རྣམ་གསུམ་སོགས། །སྐྱབས་གནས་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །ཚེ་རབས་བསགས་པའི་སྡིག་ལྟུང་བཤགས་ཤིང་བསྡམ། །འཕགས་དང་སོ་སྐྱེའི་དགེ་བར་རྗེས་ཡི་རངས། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ། །རྟག་པར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་འདིས་མཚོན་དུས་གསུམ་ལེགས་བྱས་ཚོགས། །འགྲོ་ཀུན་ཀུན་མཁྱེན་གོ་འཕང་ཐོབ་བྱའི་ཕྱིར། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བར་བགྱི། །བསོད་ནམས་གང་དེས་བདག་གཞན་ཡིད་ཅན་ཀུན། །


JKT023_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །འཁོར་ལོ་བཞི་དང་ལྡན་པའི་རྟེན་ཐོབ་ནས། །ཐེག་མཆོག་བཤེས་དང་ནམ་ཡང་མི་འབྲལ་ཤོག །མཉེས་པ་གསུམ་གྱིས་དམ་པའི་ཞབས་བསྟེན་ནས། །ཇི་ལྟར་ཁས་བླངས་ཚུལ་ཁྲིམས་རྣམ་པར་དག །མང་དུ་ཐོས་དང་བསམ་པའི་ཕ་རོལ་ཕྱིན། །རྩེ་གཅིག་ཟབ་མོའི་དོན་མཆོག་བསྒོམ་པར་ཤོག །དལ་འབྱོར་རྙེད་དཀའ་འཇིག་སླའི་ངང་ཚུལ་ཅན། །འཁོར་བའི་སྡུག་བསྔལ་དྲན་པའི་ངེས་འབྱུང་གིས། །དགེ་སྡིག་བླང་དོར་ཚུལ་བཞིན་ལེགས་སྤྱོད་པའི། །སྔོན་འགྲོ་རྟེན་གྱི་ཆོས་ལ་བློ་འབྱོངས་ཤོག །གཟུང་བའི་ཆོས་ཀུན་རྨི་ལམ་ལྟ་བུར་རྟོགས། །འཛིན་པའི་ཤེས་པ་མ་སྐྱེས་རིག་པའི་གཤིས། །སྤྲོས་བྲལ་བློ་འདས་ངང་དུ་མཉམ་བཞག་པས། །བདེན་གཉིས་ཟུང་འཇུག་གནས་ལུགས་མངོན་གྱུར་ཤོག །བདག་གི་བདེ་དགེ་སེམས་ཅན་རྣམས་ལ་གཏོང་། །གཞན་གྱི་སྡུག་བསྔལ་ཀུན་འབྱུང་རང་ལ་བླངས། །རྣམ་པ་ཀུན་ཏུ་འགྲོ་ལ་ཕན་བརྩོན་པའི། །རླབས་ཆེན་བྱང་ཆུབ་སེམས་མཆོག་འབྱུང་བར་ཤོག །རྐྱེན་ངན་ཐམས་ཅད་བྱང་ཆུབ་ལམ་དུ་གྱུར། །ཚེ་གཅིག་ཉམས་ལེན་སྟོབས་ལྔའི་དམ་བཅའ་བརྟན། །བློ་སྦྱོང་ཚད་ཕྱིན་བསླབ་བྱ་དམ་ཚིག་རྣམས། །ནམ་ཡང་ཉམས་མེད་སྲོག་བཞིན་བསྲུང་ནུས་ཤོག །བསམས་བཞིན་གཞན་སྲོག་གཅོད་དང་མ་བྱིན་ལེན། །འདོད་པས་ལོག་


JKT023_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཡེམ་རྫུན་སྨྲ་སྤངས་པ་སྟེ། །ཡོངས་རྫོགས་དགེ་བསྙེན་སྡོམ་པའི་བསླབ་བྱ་རྣམས། །དགྲ་བཅོམ་འཕགས་པའི་རྗེས་སུ་སློབ་ནུས་ཤོག །སྡིག་ཟས་གཙོ་བོ་ཤ་ཁྲག་ལོངས་སྤྱོད་དང་། །མྱོས་བྱེད་ཆང་དང་ཐ་མ་ཁ་ལ་སོགས། །བག་མེད་རྩ་བར་གྱུར་བ་ཀུན་སྤངས་ནས། །རྟག་ཏུ་དྲན་ཤེས་བག་ཡོད་སྤྱོད་པར་ཤོག །རང་དོན་ཉི་ཚེའི་བསམ་པ་ལ་བརྟེན་པའི། །ལུས་ངག་སྦྱོར་བས་གཞན་ལ་གནོད་པ་དང་། །ཉེས་ཀུན་རྩ་བ་ངག་འཁྱལ་ཚིག་རྩུབ་སོགས། ཁ་ན་མ་ཐོའི་ཚོགས་ཀུན་སྤོང་ནུས་ཤོག །མདོར་ན་གཞན་ལ་དངོས་སུ་མ་ཕན་ཡང་། །རྣམ་པ་ཀུན་ཏུ་གནོད་པར་མི་འགྱུར་ཞིང་། །དགེ་བའི་རྩ་བ་ཅི་ནུས་བསྒྲུབ་པ་དང་། །སྡིག་པ་ཚབ་ཆེན་ནམ་ཡང་མི་བགྱིད་ཤོག །བསམ་པ་བྱང་ཆུབ་སེམས་མཆོག་རྣམ་པར་དག །སྦྱོར་བ་དམིགས་མེད་ཚོགས་གཉིས་ཟུང་འབྲེལ་སྤྱོད། །རྗེས་ཐོབ་ཡོངས་སུ་བསྔོ་བས་མཚམས་སྦྱར་ཏེ། །རང་གཞན་དོན་མཆོག་ལྷུན་གྱིས་གྲུབ་པར་ཤོག །རྩ་བརྒྱུད་བླ་མ་མཆོག་གསུམ་བྱིན་རླབས་དང་། །ཆོས་ཉིད་ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུས། །ཇི་ལྟར་སྨོན་པའི་གནས་ཀུན་ཡོངས་གྲུབ་ནས། །ཕན་བདེའི་དགེ་ལེགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་ལུགས་གཉིས་ལ་དཔྱོད་པའི་བློ་གྲོས་ཡངས་ཤིང་། སྐྱེས་བུ་ཆེན་པོའི་ལམ་ལ་དམ་བཅའ་བརྟན་པ་དྲུང་དཔོན་ཚེ་རིང་དོན་གྲུབ་བམ། འཇམ་


JKT023_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་གཞན་ཕན་ཉི་མས་རང་ཉིད་ཀྱིས་ཇི་ལྟར་ཞལ་གྱིས་བཞེས་པའི་གཡར་དམ་གྱི་གོ་ཆ་མཐར་ཕྱིན་པར་བྱ་བའི་སླད། བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་གདོང་ལོའི་དབྱུག་པ་ཟླ་བའི་དུས་ཆེན་ཡར་ཚེས་བཅོ་ལྔའི་སྔ་ཆར་བྲིས་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།ཁ་སྦྱོར་བདུན་ལྡན་རྒྱལ་བ་རྡོ་རྗེ་འཆང་། །གསང་བ་མཆོག་གིས་དགྱེས་པ་བདག་མེད་མ། །གང་དེས་རྗེས་བཟུང་གྲུབ་ཆེན་བིརླ་པ། །རྣལ་འབྱོར་དབང་ཕྱུག་ཌོམྦྷི་ཧེ་རུ་ཀ །རིམ་བརྒྱུད་བཤད་སྲོལ་གསལ་མཛད་དཔའ་བོའི་མཚན། །གངས་ཅན་བསྟན་པའི་སྣང་བྱེད་འབྲོག་མིའི་ཞབས། །རྒྱུན་བཞིའི་གདམས་པའི་རྒྱ་མཚོ་ས་སྐྱ་པ། །རྒྱལ་བས་ལུང་བསྟན་ངོར་ཆེན་ཡབ་སྲས་སོགས། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །བུ་གཅིག་པ་ལ་བརྩེ་བའི་མ་བཞིན་དུ། །མྱུར་དུ་ཡེ་ཤེས་སྤྱན་གྱིས་རབ་གཟིགས་ནས། །ཇི་ལྟར་སྨོན་པའི་གནས་འདི་མྱུར་འགྲུབ་མཛོད།། ༈ །།རྡོ་རྗེ་འཆང་དངོས་རྣལ་འབྱོར་དབང་ཕྱུག་དང་། །དཔལ་ལྡན་ས་སྐྱ་ཡབ་སྲས་བརྒྱུད་བཅས་ཀྱི། །བཤད་སྒྲུབ་བསྟན་པ་ཕྱོགས་བརྒྱར་འཕེལ་བ་ཡིས། །འགྲོ་ཀུན་བདེ་སྐྱིད་འབྱུང་བར་བྱིན་གྱིས་རློབས། །ཁྱད་པར་མཚན་


JKT023_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཐོས་པའི་རྣ་ལུང་དུ། །གྲངས་མེད་བསྐལ་པའི་བསོད་ནམས་ལས་གྲུབ་པ། །སྙིང་པོ་དགྱེས་པ་རྡོ་རྗེའི་རྒྱུད་ཟབ་མོ། །བཤད་པས་ཕྱོགས་བརྒྱར་འཕེལ་བར་བྱིན་གྱིས་རློབས། །མདོ་སྔགས་སྤྱི་དོན་བློ་གྲོས་རབ་རྒྱས་ཤིང་། །མཚན་ཙམ་གྱིས་ཀྱང་རྒྱུད་དོན་ཁོང་དུ་ཆུད། །བཤད་ཐབས་བདུན་གྱིས་སྨྲ་བའི་དབང་ཕྱུག་ཏུ། །ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །རྒྱུ་རིགས་སྤང་བྱ་རྐྱེན་ལ་ལྟོས་པ་ཡིས། །གཞི་དོན་རྒྱུད་ལ་སྒྲོ་འདོགས་ཆོད་པ་དང་། །སྤྱོད་དང་ལྟ་བ་རིམ་མཐར་བསླབ་པ་ཡིས། །བསླབ་གསུམ་རྣམ་པར་དག་པར་བྱིན་གྱིས་རློབས། །སྨིན་བྱེད་དབང་གིས་སྨིན་ནས་དམ་ཚིག་དག ། མཆོག་དང་ཐུན་མོང་གྲུབ་པའི་མངོན་རྟོགས་ཀྱིས། །ལམ་གྱི་རིམ་པའི་ཕ་མཐར་སོན་པ་ལས། །འབྲས་བུ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཐབས་ཤེས་གཉིས་མེད་དགྱེས་པ་རྡོ་རྗེ་དང་། །སྟོང་ཉིད་མཁའ་ཁྱབ་མཁའ་འགྲོ་རྡོ་རྗེ་གུར། །བདེ་སྟོང་ཡང་དག་ཡེ་ཤེས་སྦྱོར་བ་ཡི། །བཤད་པས་ཕྱོགས་ཀུན་ཁྱབ་པའི་བཀྲ་ཤིས་ཤོག །མདོར་ན་དཔལ་ལྡན་དགེས་པ་རྡོ་རྗེ་ཡི། །བཤད་སྲོལ་འཇིག་རྟེན་ཀུན་ཏུ་རྒྱས་པ་དང་། །སྙིང་པོའི་སྒྲུབ་པ་ལམ་འབྲས་ལྷུར་ལེན་པས། །དོན་གཉིས་གྲུབ་པའི་དགེ་མཚན་རྒྱས་གྱུར་ཅིག །ཅེས་པའང་ལྕགས་ཕག་སྔོན་ཟླ་བའི་ཤེར་ཕྱོགས་ཀྱི་བཟང་པོ་དང་པོར་རྒྱལ་ཁམས་ཉུལ་བའི་


JKT023_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དཱ་རི་དྭ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྒྲ་བསྒྱུར་ལོ་ཙཱ་ཕུག་གི་སྒོ་འདབས་སུ་གང་ཤར་རྩེ་གཅིག་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་གེགས་མེད་པར་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་སིདྡྷི་རསྟུ།། ༈ །།ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་སྨོན་ལམ་རྣམ་གྲོལ་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ༔ མཁའ་ཁྱབ་རྒྱལ་བ་ཀུན་གྱི་སྐུ་ཡེ་ཤེས། །གཅིག་བསྡུས་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་། །དབྱེར་མེད་ཁྱབ་བདག་དྲིན་ཆེན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་གཞན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །དལ་འབྱོར་མཆོག་ཐོབ་འཁྲུལ་མེད་བསྟན་ལ་ཞུགས། །མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །ཐོས་བསམ་སྒོམ་པའི་ཕ་རོལ་ཕྱིན་པར་ཤོག །རྣམ་དག་ངེས་འབྱུང་བདུད་རྩིའི་དོ་ཤལ་གྱིས། །སོ་ཐར་ཁྲིམས་ཀྱི་པདྨོ་བསྐྱེད་བསྲིངས་ནས། །བདེན་བཞིའི་ལམ་གྱི་མཚར་སྡུག་ཡོངས་རྫོགས་པས། །སྲིད་པའི་ཚ་གདུང་མཐའ་དག་འཇིལ་གྱུར་ཅིག །མཁའ་ཁྱབ་འགྲོ་ཀུན་མར་ཤེས་དྲིན་དྲན་ནས། །དྲིན་བཟོའི་སླད་དུ་བདེ་བ་ཀུན་ཐོབ་ཅིང་། །སྡུག་བསྔལ་བྲལ་ཕྱིར་བྱམས་དང་སྙིང་རྗེའི་བློ། །ཟུང་འཇུག་ལྷག་བསམ་མཆོག་ཏུ་འབྱོང་བར་ཤོག །དེ་ལ་བརྟེན་ནས་གཞན་ཕྱིར་བླ་མེད་པའི། །ཡང་དག་རྫོགས་པའི་བྱང་ཆུབ་དོན་གཉེར་


JKT023_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བས། །སྔོན་ཆད་རྨི་ལམ་དུ་ཡང་མ་མྱོང་བའི། །སྨོན་འཇུག་བྱང་ཆུབ་སེམས་མཆོག་བཟུང་བར་ཤོག །འགྲོ་རྣམས་གནས་སྐབས་མཐར་ཐུག་ཕན་བདེའི་ལམ། །འགོད་ཕྱིར་ཟང་ཟིང་མི་འཇིགས་དམ་ཆོས་ཀྱི། ། གཏོང་ལ་གོམས་པའི་ནོར་བུའི་སྤྲིན་ཆེན་ལས། །འདོད་དགུའི་གྲུ་ཆར་རྟག་ཏུ་འབེབས་པར་ཤོག །ཉེས་སྤྱོད་མཐའ་དག་སྡོམ་པའི་པད་དཀར་ནི། །དགེ་ཆོས་ཡོངས་སུ་སྡུད་པའི་དྲི་བསུང་དང་། །གཞན་ཕན་ཟེའུ་འབྲུའི་མཛེས་པ་དར་བབས་པའི། །ཚུལ་གནས་ཁྲིམས་ཀྱི་དགའ་ཚལ་རྒྱས་པར་ཤོག །ཡུལ་ལས་སྐྱེས་པའི་ཁྲོ་བ་དབྱིངས་སུ་ཞི། །ཆོས་ཕྱིར་དཀའ་བ་སྤྱད་ལ་ལྷག་པར་བཟོད། །ཟབ་མོའི་དོན་ལ་འཇིགས་མེད་སྤོབས་པའི་མཐུ། །འཇམ་དཔལ་གཞོན་ནུའི་རྗེས་སུ་སློབ་པར་ཤོག །བསམ་པ་གོ་མའི་བརྩོན་འགྲུས་རབ་ཏུ་བརྟན། །སྦྱོར་བ་རྒྱལ་སྲས་སྤྱོད་ལས་མི་གཡེལ་ཞིང་། །སེམས་ཅན་དོན་ལ་ངལ་བ་མི་་བསྟེན་པར། །སྲིད་པ་མཐར་བྱས་བར་དུ་འཇུག་པར་ཤོག །ལུས་སེམས་ཤིན་སྦྱངས་མཐོང་ཆོས་བདེ་བར་གནས། །སོ་སོར་རྟོག་པའི་ཡེ་ཤེས་དབང་དུ་འབྱོར། །འཕགས་པའི་ལམ་གྱི་དེ་ཉིད་མངོན་གྱུར་པའི། །བསམ་གཏན་ཏིང་འཛིན་རྒྱ་མཚོར་འཇུག་པར་ཤོག །དང་པོ་ཐོས་པས་དོན་སྤྱིའི་གནས་ལུགས་གོ །བར་དུ་བསམ་པས་དྲང་ངེས་སྒྲོ་འདོགས་ཆོད། །ཐ་མར་བསྒོམས་པས་བདེན་གཉིས་ཟུང་འཇུག་པའི། །


JKT023_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཟབ་མོའི་སྣང་བ་རྒྱས་པར་ཤོག །ཐབས་ལ་མཁས་པས་དམན་ལམ་ཟིལ་གནོན་ཞིང་། །སྙིང་རྗེའི་སྟོབས་ཀྱིས་འཁོར་བ་མི་བཏང་བར། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པ་ལས། །ཡེ་ཤེས་དམ་པའི་ཕ་རོལ་ཕྱིན་པར་ཤོག །ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་ཀུན། །རྨད་བྱུང་མཆོད་པའི་སྤྲིན་གྱིས་མཉེས་བྱས་ཏེ། །དེ་དག་རྣམས་ཀྱི་དམ་ཆོས་འཛིན་པ་དང་། །ཀུན་གྱི་འདུན་སར་རྟག་ཏུ་བསྙེན་པར་ཤོག །དེ་བཞིན་འགྲོ་དོན་རྒྱ་ཆེན་བསྒྲུབ་པ་དང་། །སེམས་ཅན་ཡོངས་སྨིན་འཇིག་རྟེན་ཁམས་ཀུན་འཇུག །ཞིང་ཀུན་ཡོངས་སྦྱངས་ཐེག་ཆེན་ལམ་འཇུག་དང་། །སྤྱོད་ཀུན་དོན་ཡོད་ཐེག་ཆེན་བསྒྲུབ་པར་ཤོག །ཁྱད་པར་ཚེ་གཅིག་ཟུང་འཇུག་གོ་འཕང་ལ། །སྦྱོར་བའི་ཁྱད་པར་བླ་མེད་རྡོ་རྗེའི་ཐེག །ཇི་བཞིན་སྟོན་མཁས་ཁྱབ་བདག་བླ་མ་ལས། །རྣམ་དག་དབང་བཞིའི་སྒོ་གསུམ་སྨིན་པར་ཤོག །གནས་སྐབས་གྲུབ་ཆེན་བརྒྱད་དང་ཕྲིན་ལས་བཞིའི། །ཕྱི་ནང་དབང་བཅུའི་ཡོན་ཏན་མཐར་ཕྱིན་ནས། །བརྟུལ་ཞུགས་སྤྱོད་པ་གསུམ་གྱིས་མཚམས་སྦྱར་ནས། །སློབ་པའི་ཟུང་འཇུག་མྱུར་དུ་ཐོབ་པར་ཤོག ། མཐར་ཐུག་ཕྱག་རྒྱའི་ཉེ་རྒྱུ་ལ་བརྟེན་ནས། །སློབ་པ་མིན་པའི་ཟུང་འཇུག་རྡོ་རྗེའི་གར། །སྐུ་དང་ཡེ་ཤེས་ཕྲིན་ལས་རབ་འབྱམས་ཀྱིས། །རང་གཞན་ཕན་པ་མཐའ་ཀླས་འགྲུབ་པར་ཤོག །གཞན་ཡང་བཤད་


JKT023_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བསྟན་པ་དར་ཞིང་རྒྱས། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །འགྲོ་རྣམས་དགེ་བཅུའི་སྤྱོད་པས་འཇིག་རྟེན་ན། །རྫོགས་ལྡན་གསར་པའི་དགའ་སྟོན་ལོངས་སྤྱོད་ཤོག །དེ་ལྟར་བདག་གི་ལྷག་པའི་བསམ་པ་ཡིས། །རྩེ་གཅིག་སྨོན་པའི་གནས་སྐབས་ཐམས་ཅད་ཀུན། །གེགས་མེད་མྱུར་བ་ཉིད་དུ་འགྲུབ་པ་ཡི། །བཀྲ་ཤིས་སྣང་བས་རྟག་ཏུ་མཛེས་གྱུར་ཅིག །ཅེས་པའང་། སྨིན་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་འོག་མིན་ཆེན་པོ་དཔལ་གྱི་བསམ་ཡས་དབུ་རྩེའི་འོག་ཁང་བྱང་ཆུབ་ཆེན་པོའི་སྤྱན་སྔར་མཆོད་པའི་སྤྲིན་གྱིས་བསྙེན་བཀུར་ཅུང་ཟད་བགྱིས་པའི་ཚེ་བཅོས་མིན་གྱི་མོས་པ་བརྟན་པོས་གསོལ་བ་བཏབ་པའི་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདིའང་རྒྱལ་ཁམས་ཀྱི་དཱ་རི་དྭ་གཙུག་ལག་སྨྲ་བའི་ཉི་མས་སོ། །སརྦ་དཱ་མངྒ་ལཾ།། ༈ །།ཐེག་པ་རིམ་དགུའི་སྨོན་ལམ་ཤིན་ཏུ་བསྡུས་པ་དོན་གཉིས་ཆུ་སྐྱེས་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། སྤངས་རྟོགས་ཡོན་ཏན་ལྡན་པའི་རང་གཟུགས་ནི། །མཚན་དཔེའི་ངོ་མཚར་གསར་པའི་འཇོ་སྒེག་ཅན། །རྒྱལ་དང་དེ་སྲས་དེས་གསུངས་དམ་པའི་ཆོས། །གང་ཉིད་འཛིན་པའི་ཚོགས་རྣམས་ཀུན་ལ་འདུད། །བག་ཡོད་ཁྲིམས་ཀྱིས་རྒྱུད་བསྡམས་སོ་ཐར་དང་། །རྟེན་འབྲེལ་འབྱུང་ལྡོག་ལམ་ཁྱེར་རང་སངས་རྒྱས། །བདག་མེད་གཞན་དོན་ལ་བརྩེ་བྱང་སེམས་ཏེ། །


JKT023_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འབྱུང་འདྲེས་པའི་ཐེག་པས་རྒྱུད་གྲོལ་ཤོག །བདག་དམན་ལྷ་ལ་མཆོག་ལྟ་བྱ་བའི་རྒྱུད། །གཉིས་མེད་གྲོགས་ཀྱི་ཚུལ་བཞིན་སྤྱོད་པ་དང་། །གཉིས་ཀ་ཡེ་ཤེས་ལྷར་བསྐྱེད་རྣལ་འབྱོར་ཏེ། །དཀའ་ཐུབ་རིག་བྱེད་ཐེག་པས་ལམ་ཁྱེར་ཤོག །སྣོད་བཅུད་དཀྱིལ་འཁོར་གསུམ་རྟོགས་མ་ཧཱ་དང་། དབྱིབས་ཡེ་གཉིས་མེད་བདེ་སྟོང་ཨ་ནུའི་ལམ། །རང་གྲོལ་ཀ་དག་འོད་གསལ་རྫོགས་པ་ཆེ། །ཐབས་ཀྱི་ཐེག་པས་མཐར་ཐུག་ལམ་འགྲུབ་ཤོག །དེ་ལྟར་སྐུ་དང་ཡེ་ཤེས་ཟབ་གསང་ལམ། །མ་དག་སྣང་བར་སྦྱོར་དང་མི་སྦྱོར་གྱིས། །རྒྱུ་འབྲས་ཐེག་པའི་རྣམ་པར་དབྱེ་བ་ཀུན། །མ་འདྲེས་ཡོངས་རྫོགས་གྲུབ་མཐའ་རྟོགས་པར་ཤོག །འདིར་ནི་བདག་གི་གཞན་དོན་སྨོན་པའི་མཐུ། །མཆོག་གསུམ་རྩ་གསུམ་སྐུ་གསུམ་དཀྱིལ་འཁོར་ལྷས། །ཡོངས་སུ་འགྲུབ་པའི་མཐུན་འགྱུར་མཛད་ནས་ཀྱང་། །ཕུན་ཚོགས་ཕན་བདེའི་དཔལ་གྱིས་འབྱོར་བར་ཤོག །ཅེས་པའང་གཞོན་ནུ་འཇིགས་མེད་ཡེ་ཤེས་རྡོ་རྗེའི་རོལ་པའི་སྒྱུ་འཕྲུལ་གྱིས་འཕྲལ་དུ་གང་དྲན་བརྗོད་པའོ། །སརྦ་མངྒ་ལཾ།། ༈ །།འཕགས་མཆོག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །སྲིད་ལས་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས། །རྙེད་དཀའ་འཇིག་སླའི་དལ་འབྱོར་དོན་ཡོད་ཕྱིར། །ལས་འབྲས་བླང་དོར་སྙིང་ནས་བརྩོན་པ་ཡིས། །ཐར་པའི་ས་བོན་ཐེབས་པར་བྱིན་གྱིས་


JKT023_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །མཁའ་ཁྱབ་འགྲོ་ཀུན་ཕ་མར་ཤེས་པའི་བློས། །ཚད་མེད་བྱམས་དང་སྙིང་རྗེ་ཆེན་པོ་དང་། །བྱང་ཆུབ་སེམས་གཉིས་བདུད་རྩིས་ཉེར་འཚོ་བས། །རྣམ་མཁྱེན་པདྨོ་རྒྱས་པར་བྱིན༔ དབང་གིས་རྒྱུད་སྨིན་སྡོམ་གསུམ་རྣམ་པར་དག །འཁོར་འདས་དབྱེར་མེད་གཉུག་མའི་དེ་ཉིད་མཐོང་། །སྣང་སེམས་ལྷ་དང་བདེ་བ་ཆེན་པོར་ཤར། །མཆོག་གི་འབྲས་བུ་འགྲུབ་པར་བྱིན༔ གནས་སྐབས་སུ་ཡང་ཆོས་བཞིན་སྤྱོད་པ་ལ། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ཕུན་སུམ་ཚོགས། །རིགས་བདག་བླ་མ་མཆོག་དང་མི་འབྲལ་བས། །རང་གཞན་དོན་གཉིས་འཕེལ་བར་བྱིན༴ དེ་ལྟར་རྩེ་གཅིག་སྨོན་པའི་གནས་རྣམས་ཀུན། །སྐྱབས་གནས་ཀུན་འདུས་བླ་མ་མཆོག་གསུམ་དང་། །ཡི་དམ་མཁའ་འགྲོ་ཆོས་སྲུང་བདེན་སྟོབས་ཀྱིས། །གེགས་མེད་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་དགེ་སློང་དགེ་བའི་བཤེས་གཉེན་འཇམ་དབྱངས་མཆོག་གྲུབ་པའི་ཆེད་དུ་བརྗོད་པ་དགེ་ལེགས་སུ་གྱུར་ཅིག། ༈ །།ན་མོ་གུ་རུ་བཛྲ་སཏྭཱ་ཡ། ཕྱོགས་བཅུ་དུས་བཞིའི་རྣམ་འདྲེན་སྲས་བཅས་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ངོ་བོ་ཉིད། །སྐྱབས་གནས་ཀུན་འདུས་གཏེར་ཆེན་རྡོ་རྗེ་འཆང་། །སྙིང་ནས་འབོད་དོ་ཡེ་ཤེས་སྤྱན་གྱིས་གཟིགས། །མི་ཕྱེད་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ལུས་དང་ལོངས་སྤྱོད་དགེ་ཚོགས་ལྟོས་མེད་འབུལ། །སྡོམ་དང་


JKT023_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཉམས་པ་མཐོལ་བཤགས་ན། །སྒྲིབ་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །བདག་ཅག་བརྒྱུད་འཛིན་སློབ་མར་བཅས་རྣམས་ཀུན། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །སྙིང་དབུས་མི་ཤིགས་ཐིག་ལེར་རྟག་བཞུགས་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་བྱིན་ཆེན་ཕོབ། །གནས་སྐབས་དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པ་དང་། །རྣམ་པར་དཀར་བའི་ལེགས་བྱས་ཇི་སྙེད་ཀྱིས། །མགོན་ཁྱོད་ཐུགས་དགོངས་ཡོངས་སུ་རྫོགས་པར་ཤོག །མཐར་ཐུག་པདྨས་ཁེབས་པའི་ཞིང་ཁམས་སུ། །བྱང་སེམས་ཁྱུ་མཆོག་པདྨའི་མྱུ་གུ་དང་། །སྟོན་འཁོར་དགོངས་པ་དབྱེར་མེད་གཅིག་གྱུར་ཏེ། །མཁའ་མཉམ་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །རྒྱལ་བ་ཀུན་དངོས་བླ་མས་རྗེས་སུ་བཟུང་། །རྒྱལ་བའི་སྲས་པོ་ཞབས་པད་བསྐལ་བརྒྱར་བརྟན། །རྒྱལ་ཁམས་དྲི་མེད་བཤད་སྒྲུབ་ཕྲིན་ལས་རྒྱས། །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག །ཅེས་པའང་ལུང་ཟིན་སྤྲུལ་པའི་དྷཱ་ཀི་ནཱིས་བཀའ་སྩལ་རིན་པོ་ཆེའི་ཕྲེང་བས་བསྐུལ་བ་ལྟར། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྙིང་ནས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། ༈ །།བླ་མའི་ཞབས་ལ་


JKT023_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །ཕྱི་རོལ་སྣང་བ་ཐམས་ཅད་ཀུན། །སེམས་ཀྱི་ཆོ་འཕྲུལ་རྨི་ལམ་འདྲ། །རང་གི་སེམས་ལ་ཚུར་བལྟས་པས། །དང་པོར་སྐྱེ་མེད་སྟོང་སང་ངེ་། །བར་དུ་འགག་མེད་གསལ་ལམ་མེ། །ཐ་མར་། གང་དུའང་མི་གནས་པར། །ཉམས་སུ་མྱོང་ཡང་བསམ་བརྗོད་འདས། །འདུ་འབྲལ་མེད་པ་གཉུག་མའི་གཤིས། །རིག་སྟོང་ཟུང་དུ་འཇུག་པ་ནི། །དོན་གྱི་མཁའ་སྤྱོད་དབང་མོ་སྟེ། །དེ་ཡི་ངང་དུ་མ་ཡེངས་ཤིང་། །བཟོ་བཅོས་མེད་པར་རྟག་ཏུ་བསྐྱང་། །འབྲས་བུའི་ལྷན་སྐྱེས་མངོན་གྱུར་ཤོག །བན་རྒན་ཡེ་ཤེས་ལའོ།། ༈ །།ཆོས་སྡེའི་བཅའ་ཡིག །ཨོཾ་སྭ་སྟི་སིདྡྷཾ། བཀྲ་ཤིས་མཚན་གྱི་སྣང་བ་ཡིས། །ཕན་བདེའི་ལམ་བཟང་གསལ་མཛད་པ། །བླ་མ་མཆོག་གསུམ་ཆོས་སྲུང་གིས། །དགེ་ལེགས་མེ་ཏོག་ཆར་དུ་བསྙིལ། །ཅེས་ཤིས་པར་བྱ་བའི་ཚིག་གིས་མདུན་བསུས་ཏེ། དེང་གི་ཆར་ཡང་། བོད་ཆེན་པོའི་ལྗོངས་འདིར་འབྲི་རྫ་ཟལ་མོ་སྒང་གི་ནོར་འཛིན་གྱི་ཐིག་ལེར་སངས་རྒྱས་ཀྱི་ཕྲིན་ལས་རིས་མེད་པར་འཇུག་པས་ཐུབ་བསྟན་རིན་པོ་ཆེ་སྒོ་དུ་མ་ནས་ལྷག་པར་རྒྱས་པའི་ནང་ཚན། ཁོ་བོ་ཅག་གི་ཡབ་མེས་གོང་མ་སྤྲུལ་པའི་ཆོས་རྒྱལ་རིམ་བྱོན་དང་། མདོ་ཁམས་རྫོགས་ཆེན་པ་སྐུ་ཕྲེང་རིམ་བྱོན་ཡོན་མཆོད་ཀྱི་རྟེན་འབྱུང་རྨད་དུ་བྱུང་བའི་ཐུགས་བསྐྱེད་དང་བཀའ་དྲིན་ལ་བརྟེན། སྦས་པའི་གནས་མཆོག་རུ་དམ་གངས་ཀྱི་ར་བའི་


JKT023_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འདབས་འབྲེལ་དུ་སྔ་འགྱུར་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་ཆུ་གཏེར་ཆེན་པོ་འོག་མིན་ཨོ་རྒྱན་བསམ་གཏན་ཆོས་གླིང་ཞེས་གྲགས་པའི་ཡི་གེས་མཛེས་པར་གྱུར་པ་འདིར། ཕྱིས་སུ་ལོ་ཆེན་བཻ་རོ་དངོས་བྱོན་རྗེ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་ཐུགས་སྲས་རྣམས་དང་བཅས་པའི་ཐུགས་རྗེ་དང་བཀའ་དྲིན་གྱི་ཤིང་རྟས་ཐུབ་བསྟན་ཡོངས་སུ་རྫོགས་པའི་ཉིན་བྱེད་ཆེན་པོ་གསར་དུ་དྲངས་པའི་ཤྲཱི་སཾ་ཧའི་ཆོས་གྲ་རིག་གྲོལ་འདུས་པའི་གླིང་གི་མགོན་དུ། འཛམ་གླིང་བསྟན་འགྲོའི་གཙུག་རྒྱན་དཔལ་ས་སྐྱ་པ་ཁྲི་ཆེན་བཀྲ་ཤིས་རིན་ཆེན། གདུང་སྲས་ཕྱོགས་ཀྱི་གླང་པོ། སྨིན་གླིང་ཁྲི་ཆེན་རིན་པོ་ཆེ། སྐྱབས་མགོན་རྫོགས་ཆེན་རྣམས་ཀྱིས་མགྲིན་གཅིག་ཏུ་ལུང་བསྟན་ཅིང་། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་ལུང་ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་གསུང་གིས་ཀྱང་གསལ་བར་བསྔགས་པ་ལྟར་བླ་མ་གོང་མ་དེ་ཉིད་ཀྱི་སྤྲུལ་པའི་སྐུ་འཁྲུལ་མེད་ཐར་རྩེ་རྡོ་རྗེ་འཆང་ཁུ་དབོན་གྱི་བཀའ་དྲིན་ལ་བརྟེན་དབུས་གཙང་དག་པའི་ཞིང་ནས་ལྗོངས་འདིའི་བསོད་ནམས་ཀྱི་མགྲོན་དུ་བྱོན་པ་འདི་ཉིད། ལྕགས་ལ་ས་དབང་ཆེན་པོ་དང་། ཁོ་བོ་ཅག་ཞང་དབོན་ཐམས་ཅད་དང་བླ་མ་གོང་མ་དེ་ཉིད་ཆོས་དམ་འབྲེལ་ཟབ་ཆེ་བར་མ་ཟད། ད་ལྟའི་སྤྲུལ་པའི་སྐུ་འདི་ཉིད་ཀྱང་བསྟན་པའི་གསལ་བྱེད་ཆེན་པོར་འབྱུང་བ་


JKT023_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་མི་ཟ་བས་མངའ་གསོལ་གཟེངས་བསྟོད་ཀྱི་འོས་སུ་གྱུར་པ་བཞིན། འདི་ནས་ཀྱང་རྗེ་རྒྱལ་བའི་སྲས་པོའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་དབང་བསྐུར་ཞིང་བསྟན་འགྲོའི་དཔལ་མགོན་མཆོག་ཏུ་མངའ་གསོལ་བ་ཡིན་པས་མཆོག་དམན་ཐམས་ཅད་ནས་ཡིད་ངེས་དང་། ལྷག་པར་དམ་པའི་སྐྱེས་བུ་རྣམས་ལ་རིགས་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་པ་ཆོས་ཉིད་ཀྱང་། ཡོན་ཏན་དེ་ཉིད་སད་པར་བྱེད་པའི་རྐྱེན་རྒྱལ་བའི་བསྟན་པ་ལ་རིམ་གྱིས་ཞུགས་ཤིང་ཡོངས་སུ་རྫོགས་པ་ཁོ་ན་ལ་རག་ལས་པས་ན། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལ་བརྟེན་ནས་གཞི་ཚུལ་ཁྲིམས་དག་པ། ལམ་གསན་བསམ་རྫོགས་པ། འབྲས་བུ་བསྒོམས་བྱུང་གི་ཤེས་རབ་ལ་དབང་འབྱོར་བས་མཚོན། མདོར་ན་ཐུན་མོང་གི་གདུལ་བྱའི་ངོར་ཡང་བླ་མ་གོང་མ་དེ་ཉིད་དང་སྤངས་རྟོགས་ཀྱི་ཡོན་ཏན་མིག་མཐོང་ལག་ཟིན་དུ་མཉམ་པ་ཞིག་མ་བྱུང་གི་བར་རང་དབང་འདུས་པར་མཛད་དེ་དགོན་སྡེ་རི་ཁྲོད་གར་དབེན་དུ་བསླབ་པ་གསུམ་གྱི་ཡོན་ཏན་མཐར་ཕྱིན་དུ་མཛད་པ་ལས། རྣམ་གཡེང་འདུ་འཛི་དང་། གྲོང་ཆོག །རྙེད་འཚོལ་སོགས་ཆུང་ངུའི་ཕྱིར་དུ་ཆེན་པོ་གཏོང་བ་རང་གཞན་གང་ཐད་ནས་བྱས་འཐུས་མེད་པ་དང་། རང་དོན་དུ་མཁྱེན་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ནས། གདུལ་བྱ་གཞན་དོན་གྱི་ཕྲིན་ལས་རབ་འབྱམས་ཕྱོགས་བྲལ་དུ་སྐྱོང་བ་དང་།


JKT023_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་ཆར་ཧྥི་སི་ཧའི་ཆོས་གྲྭ་དེ་ཉིད་ཀྱང་རྗེ་བླ་མ་གོང་མའི་ཐུགས་བཞེད། ངོས་རང་མཆོད་ཡོན་གྱི་བཅའ་ཁྲ་བཀའ་བཀོད་རིམ་ཅན་དུ་བསྩལ་དང་སྩོལ་མུས་ལྟར་སྒྲིག་ཁྲིམས་རྣམ་པར་དག་པ་དང་། རྒྱལ་བསྟན་བཤད་སྒྲུབ་ཀྱི་བྱ་བ་ཉམས་པ་སོར་ཆུད། མ་ཉམས་གོང་འཕེལ། འཕེལ་བ་བརྟན་ཅིང་སྲིད་མཐར་རྒྱས་པའི་འཁོར་ལོ་གསུམ་གྱི་ལེགས་མཛད་འཕྲལ་འཕྲལ་དུ་འཐུས་ཤོར་མེད་པར་མཛད་ནས། འདི་བྱས་འདི་བྱེད་ཀྱི་སྙན་ཞུ་ཡོད་པ་དགོས་པ་ལས་གཡེང་ལུས་ཅུང་ཟད་ཙམ་ཡང་མི་ཆོག་པ་དང་། འདི་ནས་ཀྱང་བསྟན་དོན་ལར་རྒྱུར་དགོངས་པའི་ཉེས་པ་ཚར་གཅོད་དང་། ལེགས་པ་གཟེངས་བསྟོད་ཀྱི་རྒྱབ་གཉེར་ཚུལ་བཞིན་མཛད་རྒྱུ་ཡིན་པ་བཅས་མཆོག་དམན་བར་གསུམ་ཐམས་ཅད་ཀྱི་ཡིད་ལ་ངེས་པར་བྱས་ཤིང་བསམ་སྦྱོར་གཉིས་ཀའི་སྒོ་ནས་སྤང་བླང་ཚུལ་བཞིན་དུ་ཡོང་བ་གྱིས། །ཞེས་རབ་བྱུང་བཅོ་ལྔ་པའི།། ཚེས་དགེ་བར་བླ་མ་གོང་མ་རྣམས་དང་། སྤྲུལ་པའི་ཆོས་རྒྱལ་རིམ་བྱོན་གྱིས་བྱིན་གྱིས་བརླབས་པའི་གནས་ལྕང་ར་ལྷ་ཀླུ་འཆི་མེད་དགའ་ཚལ་གྱི་ཕོ་བྲང་ནས་སྤེལ་བ་སརྦ་དཱ་སུ་ཐེ་ཡོ་བི་ཛ་ཡནྟུ།། ༈ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གངས་ཅན་བསྟན་པའི་མངའ་བདག་ས་སྐྱ་པ། །རྒྱལ་བས་ལུང་བསྟན་ངོར་ཆེན་རྡོ་རྗེ་འཆང་། །སྙན་བརྒྱུད་རྒྱ་མཚོའི་མངའ་བདག་ཚར་ཆེན་རྗེ། །བརྒྱུད་པར་བཅས་པས་


JKT023_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཀུན་དགེ་ལེགས་སྩོལ། །མདོ་ཁམས་ལྷོ་རྫ་ལྷ་གཉན་ཆེན་པོ་རྒྱམ་རྒྱལ་རྡོ་ཐི་གངས་དཀར་གྱི་འདབས་འབྲེལ་གདོང་དགོན་ཆོས་འཁོར་གླིང་འདི། ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེ་འཛིན་པ་བསྟན་འཛིན་ཕུན་ཚོགས་དང་། ཀུན་རྡོར་སྤྲུལ་པའི་སྐུ་གོང་འོག་སོགས་ཀྱི་ཕྲིན་ལས་ཀྱིས་གསར་དུ་ཆགས་ཤིང་། དཔལ་སའི་ཚངས་པ་སྡེ་དགེ་ཆོས་རྒྱལ་ཆེན་པོ་དང་མཆོད་ཡོན་གྱི་འབྲེལ་རྒྱུན་ལ་བརྟེན་ད་ལྟའི་བར་མ་ཉམས་གོང་འཕེལ་ལྟར། རྗེ་བཙུན་ས་སྐྱ་ཁྲི་ཆེན་རིན་པོ་ཆེ། རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད། སྡེ་དགེ་ཡབ་རྗེ་རིན་པོ་ཆེ་རྣམས་ཀྱི་བཅའ་ཡིག །གྲ་ཡིག ། ལེགས་སྤེལ་ཉེས་བསྲུང་ཀྱི་བཀའ་གཏན་ཆེ་ཕྲ་རིམ་སྩལ་དང་། ལུང་ཟིན་སྤྲུལ་པའི་ཆོས་རྒྱལ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེས་ཀྱང་རྒྱབ་གནོན་དམིགས་བསལ་གནང་འགྱུར་བཅས་ཀྱི་དགོངས་དོན་ལྟར། རིག་པ་འཛིན་པའི་དགེ་འདུན་བཙུན་པ་ཞེས་སོ་སོ་ཐར་པའི་འདུལ་ཁྲིམས་གཙང་མས་གཞི་བཟུང་། བྱང་ཆུབ་སེམས་གཉིས་ཀྱིས་རྒྱུད་སྦྱངས། དམ་ཚིག་དང་སྡོམ་པ་རྣམ་པར་དག་ཅིང་བསྐྱེད་རྫོགས་ཟབ་མོ་ལ་ཉམས་མྱོང་ཡོད་པ་ཞིག་གཞིར་བཞག་དགོས་པ་ཤེས་གསལ་ལྟར་དང་། སྐབས་དོན་བྱེ་བྲག་གྲྭ་རིགས་རྣམས་ཐོག་མར་དགོན་དུ་ཞུགས་ནས་བཟུང་དཔེ་ཆ་བསླབ་སྦྱང་ཆིག་རྒྱུགས་ཕེར་བ། ཐིག་རྡུལ་ཚོན།


JKT023_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བཟོ། འབུད་བརྡུང་། དབྱངས་རོལ་འཆམས་སོགས་བློ་ཚོད་དང་བསྟུན་པའི་བསླབ་སྦྱང་དང་། བསླབ་ཕྱིན་ལག་ལེན་ཁུངས་དག་ཤེས་ངེས། ལོ་ཚོད་ལ་སླེབས་ནས་ངོར་ཨེ་ཝཾ་དུ་གྲྭ་སར་འགྲོ། མར་སླེབས་འཕྲལ་ཀྱེ་རྡོར་གཞི་བསྙེན་དང་། ཀུན་རིག་བསྙེན་པ་སྟན་ཐོག་གཅིག་ཏུ་ཚར་ངེས་ཁ་སྐོང་གི་སྦྱིན་སྲེག་བཅས་ཚད་ལྡན་གཏོང་། དུས་རྒྱུན་གྲྭ་བ་རྣམས་དགོན་ནང་སྡོད་ཚུགས་པ་ཤིན་ཏུ་གལ་ཆེ། མོ་ཁྲིམས་ཆང་ཁྲིམས་དམ་ངེས་བསྡམ། དུས་རྒྱུན་གྲྭ་ཆས་འབྲལ་མེད་ལས་སྐྱ་ཆས། སོག་ཆས། སྐྲ་རིང་པོར་བཞག་པ། འཛིང་མོ་འུར་ཞོག །ཚོང་བུན་བསྐྱེད་སོགས་མི་བྱེད་པར་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་། ཞི་དུལ་དྲན་ཤེས་བག་ཡོད་བརྟན་པས་མི་སྨོན་རང་སྐྱིད་འདི་ཕྱིར་བདེ་བ་ཞིག་ལ་བློ་རྩེ་གཏད་དགོས། ལྷ་ཁང་གད་བརྡར་མཆོད་འབུལ། གྲ་ཚག་ཁང་ཚག་སོགས་ལོ་རེ་བཞིན་དུ་ཞིབ་དཔྱོད་ཀྱིས་མཐའ་ཐུབ་ངེས་བྱེད། རང་ལུགས་ལྟ་གྲུབ་སྤྱོད་གསུམ་གཙང་མ་ལས་ཉ་དང་ཉུང་མ་བསྲེ་བའི་ལག་ལེན་འཆོལ་སྤྱོད་སུས་ཀྱང་མི་བྱེད། གལ་སྲིད་བསྒྲིགས་དང་འགལ་བ་བྱུང་ན་དྲག་ཞན་སུ་ཡིན་རུང་ཡན་པོར་མི་བཞག་པར་ཉེས་པའི་བབས་དང་བསྟུན་པའི་བཤགས་སྦྱང་ཁྲིམས་གཅོད་འཕྲལ་དུ་གཏོང་། ཆེ་བཙན་རྒྱབ་ཁུར་གྱི་ངན་ཤེད་འཐབ་འཛིང་གྱོད་སྦྱར། ཕྱི་སྣེ་ནང་ཁྲིད། ནག་ཆང་རྐུན་གསུམ་ལྟ་


JKT023_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ངན་སྤྱོད་མངོན་མཚན་ཆེ་བར་བྱུང་ན་ལུས་སྟེང་མནར་སྦྱངས་དང་། ཆད་ལས་ཀྱིས་མཚམས་སྦྱར་ནས་དགོན་པ་ནས་མདོ་སྒྲུབ་དང་བཅས་གནས་དབྱུང་ངན་པ་ཕྱི་ལམ་ལེགས་ངེས་བྱེད་པ་ལས་མི་ངོ་རྒྱུ་ངོ་ལྟ་བུའི་ཅི་ལོ་ཅི་ཉན་དེ་འདྲ་གཏན་ནས་མི་བྱེད། སྔར་ཡོད་འཚོགས་སྒོ་སྒྲུབ་མཆོད་དང་། ངེད་ནས་ཀྱང་རྟེན་སྐལ་དུ་རྗེ་བཙུན་སྒྲོལ་མའི་སྣང་བརྙན་གསེར་ཟངས་ལས་གྲུབ་པ་ཁྲུ་ཚད་ཆེ་བ་སྒྲོས་ལེགས་བྱིན་ཅན་དང་། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་དང་། འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་དབང་བསྐུར་ཞིང་དབྱར་དགུན་ལན་གཉིས་སུ་རས་བྲིས་དང་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་གསར་བཙུགས་ཞལ་འདེབས་རྒྱ་དངུལ་སྲང་བཅུ། དབྱར་མཆོད་སྐབས་བཟང་སྤྱོད་ཉིན་ཚོགས་བརྒྱ་མཆོད་དངོས་གཙང་དང་བཅས་པའི་རྟེན་དངུལ་སྲང་བཅུ་བདུན་སྤྲད་པ་བཅས་འདི་རིགས་ཇི་སྲིད་བསྟན་པ་ནམ་གནས་པར་ཚོགས་བཙུགས་སྒོ། འགྱེད་མང་ཇ། མར་མེ་ཞལ་ཟས་སོགས་ཡར་ལྡན་དུ་དགོས་པ་ལས་གཏོང་རྩ་ཉམས་ཆག །གཏོང་སྒོ་ཆག་འཕྲི་དཔུས་ཞན་རྒྱུ་ངན་སོགས་གཏན་ནས་བྱེད་མི་ཆོག་པ་བཅས་དགོན་པ་རང་ནས་ངེས་རྒྱུ་དང་། གཞན་གྲྭ་རྩ་ཆོས་བརྒྱུད། དཀོར་ས་དགེ་ཁུངས་སོགས་བཀའ་གཏན་རིམ་ཆོད་ལ་སུས་ཀྱང་རྩོད་ནོག་མི་ཆོག་པ་གཞིར་བཅས་སུ་མ་ཟད། བདག་པོའི་སྡིག་ཐམ་ངོ་མ་དང་འབྲེལ་བའི་བཀའ་


JKT023_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་དམིགས་བསལ་བྱུང་ན་མ་གཏོགས། ཕྱི་ནང་ཆེ་བཙན་སུས་ཀྱང་སློང་མོ། སྒོ་བཞག །དཔུས་བསྒྱུར། ལག་གཡར། ས་ཚིགས་ཁྲལ་འདེད་སོགས་བྱེད་པ་ཤར་ཚེ་འདེད་མཁན་དང་། སྤྱོད་མཁན་གཉིས་ཀར་གསེར་སྲང་ལྔའི་འབའ་བཞག་པ་ཡིན་པར་མ་ཟད། རྡོ་རྗེའི་ཆོས་སྲུང་དྲག་རྩལ་ཅན་རྣམས་ལ་གཉེར་དུ་གཏད་ཡོད་པས་ཐམས་ཅད་ནས་ཡིད་ངེས་ཀྱིས་འདི་ཕྱི་ཁྲིམས་གསུམ་ལས་མི་འགལ་བ་བྱེད་དགོས། དམ་པའི་ཆོས་དང་ལྡན་པའི་མཛད་པ་གོང་འཕེལ་གནང་ན་དགོན་སྡེ་གྲ་རིགས་ཀྱིས་མཚོན་འབྲེལ་ཚད་ཐམས་ཅད་གནས་སྐབས་སུ་བར་ཆད་ཞི། བསམ་དོན་འགྲུབ། ཡུལ་ཕྱོགས་དགེ་ཞིང་བཀྲ་ཤིས། མཐར་ཐུག་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ། བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གདོན་མི་ཟ་ཞིང་། ངོས་ནས་ཀྱང་བླ་མ་དཀོན་མཆོག་ལ་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་འདུན་སྨོན་རྩེ་གཅིག་བགྱི་བ་ལགས། །བཤད་སྒྲུབ་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །ཆོས་ལྡན་རྒྱལ་པོའི་མངའ་ཐང་འཕེལ་བར་ཤོག །འགྲོ་ཀུན་ཕན་བདེའི་དགའ་སྟོན་དར་གྱུར་ཅིག །ཀུན་ཀྱང་བྱང་ཆུབ་སྙིང་པོ་མྱུར་ཐོབ་ཤོག །ཅེས་པའང་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བསྟན་པ་རིན་པོ་


JKT023_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་ལྷག་པའི་བསམ་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།དེ་སྔ་ཕན་གྱི་གླེང་གཞི་བརྗོད་པའི་ཡི་གེ །རྫོང་སར་དགོན་གསར་རྙིང་བླ་ཆོས་སྤྱི་གསར་རྙིང་བཅས་ཐམས་ཅད་ནས་ངེས་རྒྱུར། རྫོང་སར་དགོན་འདི། བདག་པོའི་མངའ་འོག་ས་དགོན་སུམ་ཅུ་སོ་དགུའི་ནང་ནས་ཨངྒི་གཉིས་པ། དགེ་འདུན་ཞལ་གྲངས་ཉིས་བརྒྱ་ཡོད་རྒྱུའི་བཀའ་དེབས་ཅན་མཁར་མདོའི་མཚན་མ་དེ་ཡིན་འདུག་པ་ལྟར། ངེད་རང་ནས་ཀྱང་ས་ངོར་གྱི་བསྟན་པའི་མཛེས་རྒྱན་དང་། བདག་པོའི་ཞབས་བརྟན་རང་གཞན་ཚོགས་རྫོགས་ལ་དམིགས་པའི་བསམ་པ་བཟང་པོ་ཟོལ་མེད་པས་ཐུབ་དབང་གནས་བཅུ་ལྷ་ཁང་ངོ་མཚར་ཀུན་ཏུ་གཟིགས་ཀྱི་ཞིང་ཁམས་ཆེན་པོ་སྟེང་ཤོད་རྟེན་དང་བརྟེན་པར་བཅས་པ་རྒྱ་དངུལ་རྡོ་ཚད་སུམ་ཅུ་ལྷག་གི་རྒྱུ་རྩས་བསྐྲུན་པ་དང་། ལམ་འབྲས་ལྷ་ཁང་། དེ་དག་གི་མཆོད་རྒྱུན། ཁྱད་པར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གཙོས་རང་དང་གཞན་བསྐུལ་གྱིས་དབང་ལུང་ཁྲིད་གསུམ་འཆད་སྤེལ། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་སོགས་ཆོས་དང་ཟང་ཟིང་སྒོ་དུ་མས་ཅི་ནུས་སུ་བསྐྱང་། དགེ་འདུན་རྣམས་དགོན་པར་སྡོད་ཚུགས་པས་གཞི་བཟུང་། མོ་ཁྲིམས་སོགས་དམ་པར་བསྡམ། བློ་ཆེ་བ་རྣམས་ཀྱིས་ཕྱི་ནང་གི་རིག་གནས། ཆུང་བ་རྣམས་ཀྱིས་ཀྱང་ཆོ་ག་ཕྱག་ལེན་བསླབ་སྦྱང་། གྲྭ་སར་


JKT023_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྒྱུ། མཚམས་བསྙེན་སྒྲུབ་སོགས་དལ་འབྱོར་ལན་གཅིག་ཐོབ་པ་སྟོང་ལོག་མ་སོང་ཙམ་གྱི་ཚེ་འདི་ཕྱི་གཉིས་ཀའི་དོན་དུ་རང་གིས་རང་ལ་ཤ་ཚ་སྙིང་རྗེས་རང་དྲིན་རང་ལ་ཆེ་བ་ཞིག་དགོས་རྒྱུ་རེད་ཅེས་ལྕེ་མ་བྱང་། རྣ་བ་མ་སུན་བར་སྔ་ཕྱིར་ལོ་གྲངས་བཅོ་ལྔ་ལྷག་ཏུ་བཤད་བཤད། ཉན་ཉན་པ་ཡིན་མོད་ཀྱང་། དུས་དབང་གིས་ཡིན་ནམ་ལོ་རེ་ལས་ལོ་རེ་ཇེ་ཞན་གྱིས་ཆོས་དམ་ཚིག །འདི་ཕྱི་ལས་འབྲས་ཁྲེལ་ཁྲིམས་ངོ་ཚ་སོགས་སྟོན་ཀའི་ཐན་སྤྲིན་བཞིན་དུ་དེངས་པ་ཞིག་ཕྱོགས་སྤྱི་དང་བྱེ་བྲག་ཕལ་ཆེར་ཐམས་ཅད་དུ་བྱུང་ནས། བསོད་ནམས་ཀྱི་མཐས་གཏུགས་པའི་ཡུལ་དུས་གང་ཟག་གི་ཉེ་བར་ལེན་པའི་རང་གཟུགས་ལས། བོད་ཕུང་དམ་སྲིའི་གཙོ་བོ་ཉག་རོང་པས་ཉེན་བསླངས་ཏེ་ཕྱི་ནང་གི་སྒོ་དུ་མ་ནས་རྐྱེན་སྦྱར་བས་དུས་ངན་ཆུ་ཕག་ལོའི་ཟླ་༣ཚེས་༡༤ལ་ཆུ་ཚོད་བཅུ་དྲུག་གི་ཡུན་གྱིས་བསྟན་དགོན་གྱང་རོལ་ཆེན་པོ་འཇིགས་སུ་རུང་བའི་དམ་གྲོག་མེ་ལྕེའུ་རུ་རུ་འབར་ཞིང་ཐལ་ཕུང་ཕྱུ་རེ་བ་བལྟ་བས་མི་བཟོད་པའི་སྐབས་ཀྱང་ཞུམ་པ་མེད་པའི་སྙིང་སྟོབས་བསྐྱེད། དཀོན་མཆོག་ལ་བདེན་པར་གསོལ་ཏེ་ཕྱི་གཙུག་ལག་ཁང་མེའི་འཇིགས་པ་ལས་བསྲུངས། ཉག་རོང་མགོ་བྱེད་བི་ན་ཡ་ཀ་ཆེན་པོ་དག་བདེན་པའི་ཚིག་དང་། ཀ་ཅའི་ཡས་སྟགས་ཀྱིས་ཚིམ་པར་བྱས་ཏེ་ནང་རྟེན་གསུམ་མཆོད་ཆ་ཙམ་དུ་མ་ཟད། སྤྱི་ཁང་ཞེས་མིང་དོན་


JKT023_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་དགོན་ཡུལ་ཐམས་ཅད་ཀྱི་སྤྱི་མཛོད་ཆེན་པོ་དེ་གྲ་མ་ཆག་གྲུ་མ་ཉམས་པར་བྱས། དམ་སྲིས་བརླམས་པ་ཁ་ཅིག་ན་རེ། ཁྱེད་རང་འདིར་བསྡད་ན་ད་དུང་ཉག་རོང་གིས་ཁྲི་མུན་དུ་བཅུག་སྟེ་མཐར་ཆུ་ལ་བསྒྱུར་སྐད་ཀྱི་འཇིགས་འཇིགས་རྔམ་རྔམ་ཅི་ཟེར་རུང་རྣ་བའི་ཕྱིར་ཕྱོགས་ལ་མ་ཉན་པར་འཇིགས་པ་མེད་པའི་དཔའ་བསྐྱེད་དེ། ཆོས་ཁྲིམས་བློ་གྲོས་གྲགས་པས་ཅི་ཟེར་ཉན་པ་ལྟར་བསླབ་བྱ་བཀོད་འདོམས་ཀྱིས། དེ་འཕྲལ་ཟླ་༤ ཚེས་༡༣ལ་ངེད་རང་ནས་ཤིང་སློང་བའི་ཆོ་ག་བགྱིས་པས་ནག་ཕྱོགས་པའི་འཚུབས་འགྱུར་ཆེན་པོས་ལག་པར་སྐྱ་ལྷོག་ཟིན་ཏེ་འཆི་ལ་ཐུག་པ་བྱུང་ཡང་ཇི་མི་སྙམ་པའི་བརྟུལ་ཞུགས་ཀྱིས། །ཆོས་རྗེ་རྣམ་གཉིས་མན་ལ་ཞ་རྟེན་དང་བཅས་ཞུ་བ་ཕུལ་ཏེ། སྔ་ཕྱིར་ཉག་རོང་ལ་འཇིགས་སྐྱོབ་ཞ་རྟེན་ཨ་མ་ཞིག་ཡིན་རྩིས་དོན་མེད་དང་། དགོན་པ་གསར་ཆགས་ཀྱི་དོན་དང་། འཚོ་རྟེན་དུ་དམིགས་མ་ཎི་་འདོན་ཡོན་ཡན་ཆད་ཀྱི་དོན་ཡོད་པ་བཅས་གང་ལྟར་ཡང་དངོས་ཇ་འཁོར་དྲུག་བཞི་བརྒྱ་ཐམ་པའི་རྒྱུ་ཚོགས་བཏང་ནས་ལོ་དེར་བླ་བྲང་གཉིས་ཀྱིས་གཙོ་བྱས་གྲ་གཤག་བཞི་བཅུ་ཙམ་གྲུབ། ཕྱི་ལོ་ཤིང་བྱི་ལོར་ངེད་ན་བ་དང་། ཉག་བོད་ཀྱི་དུས་གཟེངས་གསར་པས་ཐམས་ཅད་སྒྱིད་ལུག་སྟེ་ལུས། ཤིང་གླང་ལོར་འཕྲོ་མཐུད་དེ་ཟླ་བ་ལྔ་པ་ནས་ལྕགས་རི་བཅས་ཆེ་ལམ་གྲུབ། དེ་ནས་རིམ་པར་མདའ་དཔོན་པད་ཚལ་བ།


JKT023_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བློན་ཆེན་པོ་ཕུ་ལུང་བ། ཞོལ་གཉེར་བྲག་དཀར་པོ་སོགས་ཀྱི་བཀའ་བཀོད་རིམ་ཅན་དང་། བདག་པོ་རིན་པོ་ཆེ་ཡར་ཕེབས་འཕྲལ་ཡར་ལམ་བཀའ་ཤོག་དང་གཉེར་བཀྲ་དོན་ནས་ཞིབ་བསེད་ཀྱི་བཀོད་པ། དེ་རྗེས་མེ་སྟག་ལོར་གཞུང་ས་ཆེན་པོའི་སྐུ་ངོ་ཞབས་པད་ས་དབང་རིན་པོ་ཆེ། གོང་མ་ཆེན་པོའི་བཀས་མངགས་རྒྱ་དཔོན་རྨ་ཏཱ་ལོ་ཡེ། སྤྲུལ་པའི་ཆོས་རྒྱལ་སྡེ་དགེ་བཅས་ཀྱི་བཀའ་ཁྲ་གཏན་ཚིག་ཆེན་མོ་རྒྱབ་གནོན་དང་བཅས་ངེད་ཀྱི་ལག་ཏུ་སྩལ་བ་གུས་པས་སྤྱི་བོར་མཆོད་དེ། ཞིབ་མོའི་བརྡ་སྤྲད་པ་ཡང་ནས་ཡང་དུ་མོལ་པར་མ་ཟད། མེ་སྟག་ཟླ་༩ཚེས་༡༤་ས་མཆོད་ཆེན་མོའི་ཉིན། འཇམ་དཔལ་དམར་སེར་གྱི་རྗེས་གནང་སྔོན་དུ་འགྲོ་བས་བཀའ་ཁྲ་བཅའ་ཡིག་ཞིབ་ཀློག་གིས་དེ་དག་གི་དགོངས་དོན་རང་ནས་གང་ཤེས་ཚིག་དོན་རེ་རེ་བཞིན་གལ་པོ་ཆེ་ཐང་དགུའི་དཔེ་ལྟར་ལན་གྲངས་མང་དུ་བསྐྱར་ཏེ། སྐྱ་འདུ་སེར་ཚོགས་སུམ་བརྒྱ་ལས་མི་ཉུང་བར་བཤད་བཤད་པ་དེ་རྣ་བ་དྲུག་བརྒྱ་སུན་སུན་དུ་གོ་རྒྱུ་དེ་རེད། དེའི་འགགས་དོན་གཙོ་བོ་ནི། མོ་ཁྲིམས་དམ་པར་བསྡམ་པ་དང་། ༡ གྲ་ཁྲལ་གསར་རྙིང་ཞིབ་སྡུད་དང་། ༢ གྲ་ཁང་ཉམས་གསོ་གསར་བཞེངས་མཐའ་བསྡུ་རྒྱུ་བཅས་དང་། ༣ དཔེ་ཆ་བསླབ་གཉེར་གདངས་དབྱངས་རོལ་མོ་སོགས་སྦྱང་རྩོལ་དང་། ༤ ལོ་ཚོད་སླེབས་པ་ཐམས་ཅད་གྲ་


JKT023_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སར་རྡེལ་བཀོད་བྱེད་ནས་མངག་རྒྱུ་དང་། ༥ མར་སླེབས་ནས་བསྙེན་པ་ཆེ་ཆུང་སྡོད་རྒྱུ་དང་། ༦ གཞན་དགོན་ནང་དུ་སྡོད་ཚུགས་པ་དང་བསྒྲིག་ལམ་ཀུན་སྤྱོད་ཐ་ན་སྐ་རག་འཆིང་ལུགས་ཀྱིས་མཐའ་རྟེན་པ་ཚུན། ། ཕོ་ཚོག་ལབ་ཡམ་ཙམ་གྱི་ཧེ་རུ་ཀའི་ཆེ་བསྒོས་མ་ཡིན་པར་ལས་བྱེད་རྣམས་ནས་རེ་རེ་བཞིན་ཞིབ་ཅ་དགོས་རྒྱུ་དེ་རེད་ཀྱང་། དེ་ནས་བཟུང་སྟེ་དེ་སྔ་ལོ་ཧྲིལ་པོ་གསུམ་རེད་སོང་སྟེ་འདི་བྱས་ཆེན་པོ་ཅི་ཡོད་ངས་ནི་ཆེར་མ་ཤེས། ཕར་ཟེར་ཚུར་གཏམ་ཚིག་གཅིག་ཀྱང་མ་བྱུང་། ཐ་ན་མོ་ཁྲིམས་གཅིག་པོའི་ཐད་ནས་ཀྱང་། ཡུལ་པའི་ཁ་རྒྱགས་རྣམས། རྫོང་སར་དགོན་པའི་མོ་ཁྲིམས་དང་འདྲ། དགུན་ཁ་བསྡམ། དབྱར་ཁ་བཤིག །ཇོ་མོའི་ཁྲིམས་ལུག་ཐུག་ཁེབས་རྒེབ་སྟངས་བྲེམ་རྒྱུ་དེ་རེད། ཞག་སྡོད་ཚུན་ཆོད་བྱེད། དགོངས་པ་ཨམ་ཞིག་ཀྱང་ཞུ་ཞུ་གནང་གནང་ངོ་གནང་ཆོག་མཁན་དེ་ཤཱཀྱ་ཐུབ་པའི་གྲལ་མགོར་སྡོད་མཁན་ཞིག་ལོས་ཡིན། ན་ཉིན་ངོར་གྱི་གདན་ས་ཆེན་པོ་ནས་བླ་ཁག་སྤྱིའི་བཀའ་བགྲོས་ཆེན་མོས། བདག་པོའི་མདུན་དུའང་སྤྱིར་བཏང་གི་ཞུ་རྒྱ་ནན་ཏན་དང་། རྫོང་སར་དགོན་པར་དམིགས་བསལ་གྱི་གྲ་རྒྱུན་མངགས་དགོས་སོགས་བཀའ་ཤོག་ཞིབ་ནན་རྟེན་བཅས་སྩལ་བ་ལའང་ཞུ་ལན་ཙམ་ཡང་ཕུལ་སྐད་མ་ཐོས་པ། གཞན་ཕར་ཞོག །རང་གི་རྩ་བའི་གྲ་ས་དེའི་བཀོད་པ་སྣ་


JKT023_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཀྱི་རླུང་ལྟར་བྱེད་པ་ཆོས་དམ་ལའང་ཨེ་བཏུབ་ན་སྙམ་སྟེ། ཡིན་པའི་ནི་ལོས་ཡོད། དེ་ལྟར་ཡན་གྱི་ལོ་རྒྱུས་འདི་རྣམས་ངས་བྱས་ངས་རྒོད་ཀྱི་ཡུས་ཆེ་འཚང་བ་ནི་མིན་ཡང་། ངེད་རང་ལྟ་བུ་ཕུ་འབྲོག་མདའ་ཞིང་། འཁོར་སྒེར་དུད་སོགས་ལྟ་ཅི། ས་ཆ་སྦར་མཐིལ་ཙམ་ཡང་མེད་པའི་རྒྱལ་ཁམས་ཀྱི་བྱ་བྲལ་གྲ་རྐྱང་ཉམ་ཆུང་ཞིག་གིས་ལྷག་བསམ་དེ་ཙམ་བྱས་པའང་དཔལ་ལྡན་ས་ངོར་གྱི་ཆོས་དམ་ཚིག་དང་། བདག་པོའི་མཚན་དབུ་ན་ཁོ་ན་ལ་བསམ་པ་ལས། ངེད་རང་རང་ངོས་ནས་ནི་ཁྱེད་རྫོང་སར་དགོན་པའི་མངའ་ཐང་ལ་དེ་སྔའང་རེ་བ་ཕྲ་མོ་ཞིག་བྱས་པ་མེད། ད་ནི་དེ་ལས་ག་ན་ཡོད། བན་རྒན་ནད་པ་འཆི་རན་པ་ཞིག་གིས་ཕ་རྒན་ཞེན་ཆགས་ཆེན་པོས་བུ་ཚ་ལ་ཁ་ཆེམས་ཀྱི་དཔེ་ལྟར་འདི་ཙམ་བྱས་དུས་མི་ཚེ་ལ་དཀོར་ཟན་དམར་ཧྲིལ་ལེགས་ཉེས་ཅུང་ཟད་དཔྱོད་ཤེས་མཁན་རྣམས་ཀྱིས་བསམ་མནོ་རེ་རེ་ཙམ་བཏང་ཨི་སྲིད་སྙམ་དུ། མ་བྱས་བྱས་སྐད་ཀྱི་ཁ་ཧམ་མིན་པར་གཟུ་བོའི་བློས་དྲང་པོའི་ཚིག་རྒྱས་ཙམ་སྨྲས་པ་ལས། ཚིག་ངན་བརྡུང་བ་ནི་མིན་ཡང་། གལ་ཏེ་མ་བཟོད་ན། སེམས་ཅན་ལས་ངན་སྤྱོད་པ་ལ། །སངས་རྒྱས་ཀྱིས་ཀྱང་ཅི་བྱར་ཡོད། །ཅེས་པ་དེ་གདའ་བས་མ་ཎི་འདོན་པ་ལས་འོས་ཅི་ཡོད། དེ་ཡན་གྱིས་སྔོན་གྱི་བྱུང་བ་བརྗོད་པའི་གླེང་གཞི་དེ་ཐལ། ད་དགོས་ཀྱི་དོན་ཧྲིལ་


JKT023_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དྲིལ་བའི་ཡིག་ཆུང་ཟུར་ན་ཡོད་པ་དེ་ལྟོས་ཤིག །ཨོཾ་མ་ཎི་པདྨེ་ཧཱུྃ། ༈ །མཆོག་གླིང་ལ་ཕུལ་བའི་ཀརྨ་ལྷ་སྟེང་བཅའ་ཡིག །སྲས་བཅས་སྟོབས་བཅུ་མངའ་བ་ཡོངས་ཀྱི་ཕྲིན་ལས་པ་ཆེན་པོ་སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་མཆོག་གི་ཞབས་ཀྱི་པདྨོའི་ཉེ་དྲུང་དུ། གུས་པ་ཆེན་པོས་ནང་ལུགས་སྟབས་བདེར་ལྷག་བསམ་རྩེ་གཅིག་པས་གང་དྲན་སྤྱི་བརྟོལ་བསྐྱེད་དེ་ཞུ་གསོལ། དེང་། མཁས་པའི་འབྱུང་གནས། གྲུབ་པའི་འདུན་ས། མ་ཧཱ་བྷོ་ཊའི་མཛེས་རྒྱན་གཅིག་པུ་གཉིས་སུ་མ་དམིགས་པས་སྤྱོད་གསུང་གི་འཁོར་ལོའི་སྤྲུལ་པའི་ལྷ་ཁང་ཆེན་མོ་དང་ཉེ་བའི་རི་སུལ་དུ། འོག་མིན་རྡོ་རྗེ་བཀོད་པའི་ཕུན་སུམ་ཚོགས་པ་ལྔ་ཀའི་གསང་བ་ཆེན་པོ་མངོན་པར་སྣང་བའི་རྫུ་འཕྲུལ་གྱིས། ལུང་སྡེ་སྣོད་གསུམ་གྱི་བཤད་པ་དང་། མངོན་རྟོགས་བསླབ་པ་གསུམ་སྒྲུབ་པའི་འདུས་པ་ཆེན་པོའི་སྡེ་བཀོད་པ་དང་། འཆི་མེད་པདྨ་དྲྭ་བའི་མཚོ་གླིང་། མི་འགྱུར་གངས་ཀྱི་རི་བོའི་ཐིག་ལེ། དཔའ་བོ་ཌཱ་ཀི་དགྱེས་རྒུར་སྤྱོད་པའི་གནས་སུ་འོད་གསལ་རྡོ་རྗེ་སྙིང་པོའི་རྣལ་འབྱོར་གྱི་འདུ་བས་འཇའ་ལུས་རྡོ་རྗེའི་ལམ་སྲོལ་གསར་དུ་བཏོད་པ་སོགས་རྒྱལ་བའི་བསྟན་པ་ལ་མདོ་སྔགས་ཀྱི་སྟོན་བཟུང་གི་ཕྲིན་ལས་དུས་གཅིག་ཏུ་འཆར་བའི་དགེ་ལེགས་གྱི་སྣང་བས་ས་གསུམ་ཁྱབ་པར་མཛད་པའི་ངོ་མཚར་དང་བཀའ་དྲིན་ནི་ཚངས་ཆེན་འབུམ་


JKT023_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བློས་བསམ་ནའང་ཆ་ཙམ་རྫོགས་པའི་མཐའ་མ་དམིགས་ན། སྐྱབས་འོག་ཐ་ཆུང་པ་བདག་ལྟ་བུའི་འདུ་ཤེས་གསུམ་པ་དད་སྤྲོའི་པདྨོ་ཉིན་རེ་བཞིན་ཡང་དང་ཡང་དུ་ཁ་བྱེ་བ་ལ་མཚར་དུ་ཅི། ད་སྟེ་ཞུ་གསོལ་སྙིང་པོར། ཉིད་རིན་པོ་ཆེ་སྤྲུལ་པའི་གཏེར་སྟོན་ཆེན་པོ་འགྲན་ཟླ་དང་བྲལ་བ་ཞིག་གི་གདན་ས་དང་མཛད་པ་ཕྱག་རྗེས་ཡིན་དུས། ས་དགེ་ཀར་གསུམ་གྱི་ལུགས་གང་ཡང་ཡིན་དོན་མེད། སྔ་འགྱུར་རྙིང་མ་འཁྲུལ་མེད་ཅིག་ཡིན་དགོས། གསར་མིན་རྙིང་མིན། རྙིང་མ་ཉི་ཚེ་བ་དེ་འདྲ་ཞིག་གིས་ཅིའང་མི་ལོ། འོ་ན་རྙིང་མ་དོན་ཐ་སྙད་གཉིས་ཀ་མ་འཁྲུལ་བ་དེ་གང་ཡིན་སྙམ་ན། གཙོ་བོར་མདོ་སྒྱུ་སེམས་ཀློང་སོགས་བཀའ་མས་གཞུང་བསྲང་། གཏེར་ཁ་གོང་འོག་སོགས་གཏེར་མས་ཟུར་བརྒྱན་པ་ཞིག་ཡིན། དེའི་རིང་ལུགས་འཛིན་པ་ལ་འགྲན་ཟླ་མེད་པའི་མཁས་གྲུབ་ཀུན་གཟིགས་རོང་ཟོམ་པ། རྒྱལ་བ་ཀློང་ཆེན་པ། མངའ་རི་མ་ཧཱ་པཎྜིཏ་རྣམས་ཡིན། དེས་ན་ཀུན་རྫོབ་ཀྱི་ཐ་སྙད། དོན་དམ་གྱི་འཇོག་ཚུལ། སྙིང་པོའི་ཉམས་གཞེས་རྣམས་དམ་པ་དེ་རྣམས་ཀྱི་རྗེས་སུ་འབྲངས་དགོས། ཁྱད་པར་ཕྱི་དུས་འདིར་བཀའ་གཏེར་རྒྱ་མཚོའི་རིང་ལུགས་བཀའ་ཡོད་ལ་བསླད་མེད་པར་འཛིན་མཁན་དེ་ཨོ་རྒྱན་སྨིན་གྲོལ་གླིང་པ་ཡིན། བླུན་པོ་འགའ་རེས་སྨིན་གླིང་པའི་བསྒྲིགས་ལམ་ཀུན་སྤྱོད་ཀྱང་གཏེར་བདག་གླིང་པ་ཞལ་


JKT023_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

འཁོས་བཟང་། ལོ་ཆེན་ཐུགས་རབ་བཟང་། ཡིད་བཞིན་ལེགས་གྲུབ་གསུང་སྐད་དང་སྐུ་གཟུགས་བཟང་བས་ལྟར་སྣང་ཅི་མཛེས་གཙོ་བོར་བཏོན་པ་ཡིན་སྙམ་པ་གདའ་སྟེ། དེ་འདྲ་ཡིན་མིན་སྒྱུ་འཕྲུལ་རྩལ་འཆམས་དང་། བཀའ་བརྒྱད་ཀྱི་གདངས་ཡིག་ཁོ་ན་ལ་དཔྱད་ཀྱང་སོ་ཟུར་གནུབས་གསུམ་དང་། གཏེར་ཁ་གོང་འོག་སོགས་ཀྱི་ཕྱག་རྒྱུན་རྣམ་དག་རེ་རེ་བཞིན་དཀའ་བ་དང་འབད་པ་ཆེན་པོས་བླངས་ཏེ་བྱི་དོར་མཛད་ཚུལ་བརྒྱུད་ཡིག་ཚུན་ཞིབ་ཆ་མཛད་པ་དེ་ལྟ་བུ་ལས་འཕྱོན་མའི་བུ་བཞིན་ཁུངས་མེད་གཟུ་ལུམ། སྣང་ཞལ་འཕྱར་གཡེང་། མཁས་པའི་རང་བཟོ། བླུན་པོའི་ཚུགས་ཁྱེར། རྨོངས་ཧམ་སྤྱི་བརྟོལ། གཞན་ལས་བརྐུས་པ། ཞལ་གཟིགས་ལུང་བསྟན་ལ་བསྙད་པ་ཙམ་ཡང་མིན་པ་དབྱིངས་རིན་པོ་ཆེར་མངའ་བ་ལྟར་ལགས་ན། གདངས་དབྱངས་རོལ་མོ་བསྒྲིགས་ལམ་ཀུན་སྤྱོད་སོགས་ཕྱག་བཞེས་ཆེ་ཕྲ་ཐམས་ཅད་གཏེར་གསར་རང་ལུགས་དམིགས་བསལ་ཡོད་པ་རྣམས་དེ་ཁོ་ན་བཞིན་ཅིས་ཀྱང་མཛད་དགོས་པ་གཞིར་བཅས་ལ། སྤྱིར་བཏང་ཐམས་ཅད་སྨིན་གླིང་པའི་ལུགས་སོར་བཞག་དང་། ཁྱད་པར་སོ་ཐར་གྱི་སྡོམ་རྒྱུན་ཡང་མཚན་བརྗོད་པར་དཀའ་བ་བོད་ཀྱི་ཤཱཀྱ་ཐུབ་པ་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པ་ཞིག་ངེས་པར་དགོས་མོད། རེ་ཞིག་མཁན་སློབ་སོགས་ཀྱི་སྟབས་འགྲིགས་མིན་ཇི་ལྟར་རུང་། གཞི་


JKT023_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཕྱག་བཞེས་འདོན་ཆ་ལོ་མགོ་འཛིན་ཚུལ་ཚུན་ལོ་ཆེན་རིན་པོ་ཆེའི་གསུང་རབ་སོར་བཞག་དང་། འཆད་ཉན་གྱི་གཙོ་བོའང་རྙིང་མ་ལས་ཆེས་རྙིང་མའི་གཞུང་རིག་པ་དང་གཙུག་ལག་མཐའ་དག་གི་ཕྱི་མོ་སུམ་རྟགས་གཉིས་ཀྱི་བཤད་པ་དང་འབྲི་ཀློག་པ་བྱང་ཆུབ་པ་གཞིར་བཞག་པའི་སྟེང་། སྡོམ་གསུམ་རྣམ་ངེས་རྩ་འགྲེལ་དང་། རྒྱུད་གསང་བ་སྙིང་པོ་ཁོ་ན་རྩལ་དུ་བཏོན་ནས་འཆད་ཉན་མཛད་ན་སྔ་འགྱུར་བའི་མདོ་སྔགས་བསྟན་པའི་ལམ་གནད་དང་ཉམས་ལེན་ཐམས་ཅད་དེར་མ་འདུས་པ་མེད་པས་ལས་སླ་ལ་ཆོད་ཆེ་བ་ཞིག་ཡིན། དེས་ན་སྡོམ་གསུམ་རྩ་བ། གསང་སྙིང་རྒྱུད། དགོངས་རྒྱན་དབུའི་སྤྱི་དོན་ཏེ། འདི་གསུམ་བསྒྲིགས་དེར་ཞུགས་ཚད་ཀྱི་ཐོག་མ་ནས་ཁེར་རྒྱུགས་ཕེར་ངེས་བློར་བཟུང་། ཚེས་སྡོམ་གསུམ། བརྒྱད། བཅོ་རྒྱུད། ལྔ། གནམ་སྤྱི་དོན་གང་ལྟ་བུར་ཚོགས་འདོན་གྱི་སྲོལ་བཙུགས་ན་མ་མཐའ་ཚིག་བྱང་བར་ཤེས་པ་དེ་ཙམ་ཡང་ཐོས་བསམ་གྱི་འཇུག་སྒོར་ཁྱད་ཤིན་ཏུ་ཆེ། དེ་མིན་བློ་གྲོས་ཆེ་བ་རྣམས་ཀྱིས་གཞུང་ཆེ་བ་དང་། རིག་གནས་སོགས་མང་པོ་ཇི་ཙམ་ཤེས་ན་ལོས་བཟང་སྟེ། དེང་དུས་བློ་གྲོས་དང་བརྩོན་འགྲུས་གཉིས་ཀ་འཛོམ་པ་ཤིན་ཏུ་དཀོན་པས། གཞུང་ལུགས་དང་ཉམས་ལེན་གང་ལའང་ཚ་རན་མིན་བལྟ་བ་འདྲ་མོ་དེ་གཅིག་ཏུ་འབྲེལ་འཇོག་ལྟ་བུའི་ལེགས་པོ་ཡིན་པའང་སྲིད་མོད། གཉིས་


JKT023_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བོན་སྣེ་མང་། མི་འགྲུབ་དྲན་རྒྱ། སྤྲང་པོའི་ཕྱེ། འབལ་མོའི་ཟས་ལྟ་བུ་བྱ་དཀའ་ལ་ཆོད་ཆུང་བ། དོན་མེད་ལ་ཡིད་སྨོན་གྱིས་སུན་པའི་དབུལ་པོ་ཚོང་དུས་སུ་ཕྱིན་པའི་དཔེ་ལས་ཅི་ཡང་མེད་པ་ལགས། །གཞན་ཡར་ངོའི་ཚེས་བཅུར་གཏེར་གསར་རང་གི་ཐུགས་སྒྲུབ་རིགས་དང་། མར་ངོའི་ཚེས་བཅུར་ཟབ་བདུན་སྐོར་སོགས་ཡི་དམ་རིགས་འདོན་རེས་ཀྱི་ཚོགས་སྐོར་རེ་ཙམ་དང་། ཚེས་བརྒྱད་ལ་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག །ཉེར་དགུར་ཆོས་སྐྱོང་དགོངས་འདུས་ལྟ་བུས་མཚོན་ཟླ་འདོན་དང་། སྤྲེལ་ཟླའི་ཚེས་བཅུ་རྒྱས་པ་དང་། ཉི་ལྡོག་གམ་དབུ་ཆེན་ལྟ་བུར་བཀའ་བརྒྱད་གཏོར་ཟློག་རེ་ཙམ་གྱིས་མཚོན་དུས་མཆོད་དངོས་གཙང་ཞིང་མི་མང་བ་ཞིག་མཛད་ན་ལེགས་སྙམ། བྱུང་ན་བཀའ་མའི་འདུས་པ་མདོའམ། སྒྱུ་འཕྲུལ། མ་མཐའ་འང་ཡང་དག་རེ་ཙམ་གྱི་སྒྲུབ་མཆོད་ཞིག་བྱུང་ན་སྤྱན་ལྟོས་ལ་ཤིན་ཏུ་ཕན་ཡང་རིམ་གྱིས་། བབས་གཟིགས་དང་། རྒྱུན་ཇ་བསྟར་ཆགས་ཡོད་ཚེ། སྔ་དྲོའི་ཚོགས་ཐེངས་ལ་རྒྱུན་ཆགས་གསུམ་པ་དང་། འཕྲོག་མའི་གཏོར་བསྔོ། ཡན་ལག་བདུན་པའི་རིམ་པ་གཙོ་བོར་བཏོན་ངོས། ཐུབ་བསྟོད་སྤྱི་དང་། །ཁྱད་པར་འཕགས་བསྟོད། ལྷ་ལས་ཕུལ་བྱུང་གི་བསྟོད་པ། གནས་བརྟན་ཕྱག་མཆོད། ལེའུ་བདུན་མའི་ལེའུ་རེ་རེ་ཙམ་གྱིས་མཚོན་གསུང་རེས། ཉིན་གུང་གུང་ཚིགས་ཀྱི་འདོན་ཆ་མདོ་ཟབ་མདོ། བསྔོ་དང་


JKT023_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དང་། སྒྲོལ་མ་ལྟུང་བཤགས་སོགས། སྡོམ་གསུམ་ལྟ་བུའི་གཞུང་ལེའུ་ཆ་ཤས་རེ་གསུང་རེས། ཕྱི་དྲོ་ཐུགས་སྒྲུབ་ཕྲིན་ལས་སྙིང་པོ་ལྟ་བུའི་གཞུང་བསྲངས་ནས། དམ་ཅན་སྤྱི་གཏོར་ལ་གཏེར་གསར་གྱི་སྲུང་མ་ཁྱད་པར་བ་རྣམས་བསྣན་པ་ལྟ་བུའི་གཏོར་བསྔོ་ཉུང་བསྡུས་ཚོགས་མཆོད་བཅས་ཀྱི་མཐར་བཟང་སྤྱོད་དང་། བྱམས་སྨོན་སོགས་འདོན་རེས་དང་། ཡང་ཟློག་གམ་ལོཀྟི་ལྟ་བུའི་བྱད་ཟློག་ཐུང་ཙམ་རེ་མཛད་ན་སྨིན་གླིང་པའི་ཕྱག་བཞེས་དང་སྒོ་མཐུན་པའི་སྐབས་སུ་བབ་པ་འོང་སྙམ་ཞིང་། སྔ་དྲོའི་སྐབས་སྒྲོལ་དཀར་ལྟ་བུའི་ཚེ་སྒྲུབ་གང་རུང་གི་སྒོམ་བཟླས་ཉུང་ཙམ་མཛད་ནའང་ལེགས་སོ། །། འོན་ཀྱང་འདོན་རྒྱུ་མང་ན་ཟབ་མདོ་བརྗེད་པའི་དཔེ་ལྟར། ཧ་ཅང་ཚོགས་འདོན་མང་བ་བཞག་ནས་གཞུང་གི་འཆད་ཉན་གཙོ་བོར་འདོན་དགོས། མདོར་ན་སྡོམ་པ་གསུམ་གྱི་ཁས་བླངས་རྣམ་པར་དག་པས་གཞི་བཟུང་། མདོ་སྔགས་ཀྱི་འཆད་ཉན་གཙོ་བོར་བཏོན། རྒྱུད་སྡེ་ཆེན་པོ་དང་མཐུན་པའི་རིམ་གཉིས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བའི་དགེ་སློང་རྡོ་རྗེ་འཛིན་པ་གཅིག་བྱུང་ནའང་སྙིགས་དུས་འདིར་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་འདྲ་བའི་བཤེས་གཉེན་ཆེན་པོར་ངེས་ན། དེ་ལྟ་བུ་མང་དུ་ཚོགས་པ་ནི་ལྟ་སྨོས་ཀྱང་ཅི་དགོས་པས་སྲིད་ཞིའི་ཕན་བདེ་མ་ལུས་པ་འབྱུང་བའི་སྒོ་བཀྲ་ཤིས་ཀྱི་དགེ་མཚན་བྱེ་བསྙེད་


JKT023_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱ་མཚོ་ཆེན་པོར་ངེས་པ་ཉིད་དོ། །ཞེས་པའང་སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝ་ཡབ་སྲས་ཀྱི་ཐུགས་རྗེའི་སྐྱབས་འོག་ཏུ་ངལ་འཚོ་བ་རིག་འཛིན་གྱི་བཙུན་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་དྲང་པོའི་བློས་བསམ། གཟུ་བོའི་རིགས་པས་དཔྱད། ལྷུག་པའི་ཚིག་གིས་ལུང་རིགས་མན་ངག་དང་མཐུན་པར་གསོལ་བ་འདེབས་པའི་རྟེན་བཀྲ་ཤིས་པའི་ལྷ་གོས། བཅས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུས་པ་ལགས་ན། སྐྱབས་མགོན་མཆོག་ཉིད་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཕྲིན་ལས་མཁའ་ཁྱབ་ཏུ་རྟག་པ་དང་། ཕུན་སུམ་ཚོགས་པའི་དགེ་འདུན་གྱི་འདུ་བ་འབུམ་ཕྲག་མང་པོས་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་དྲི་མ་མེད་པ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་སྲིད་མཐར་རྒྱས་པར་མཛད་པའི་དགེ་ལེགས་གྱི་སྣང་བས་འགྲོ་རྣམས་བདེ་སྐྱིད་ཆོས་འབྱོར་གྱི་དགའ་སེ སྟོན་ལ་དུས་རྟག་ཏུ་ལོངས་སྤྱོད་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousགསུང་ངག་རིན་པོ་ཆེའི་ལམ་རིམ་གསོལ་འདེབས་སྨོན་ལམ་མདོར་བསྡུས་པ་བྱིན་རླབས་དཔལ་སྟེར།next