Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
མདོ་ཁམས་སྨར་ཁམས་སྒང་གི་ཆར་གཏོགས་རྒྱ་སྣེ་སྟེང་ཐུབ་བསྟན་དར་རྒྱས་གླིང་གི་བཅའ་ཁྲིམས་སྙིང་པོར་དྲིལ་བའི་གཏམ་ཕན་བདེའི་ས་བོན།
   
   
   


 
previousམདོ་ཁམས་སྨར་ཁམས་སྒང་གི་ཆར་གཏོགས་རྒྱ་སྣེ་སྟེང་ཐུབ་བསྟན་དར་རྒྱས་གླིང་གི་བཅའ་ཁྲིམས་སྙིང་པོར་དྲིལ་བའི་གཏམ་ཕན་བདེའི་ས་བོན།next

མདོ་ཁམས་སྨར་ཁམས་སྒང་གི་ཆར་གཏོགས་རྒྱ་སྣེ་སྟེང་ཐུབ་བསྟན་དར་རྒྱས་གླིང་གི་བཅའ་ཁྲིམས་སྙིང་པོར་དྲིལ་བའི་གཏམ་ཕན་བདེའི་ས་བོན།


JKT023_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །མདོ་ཁམས་སྨར་ཁམས་སྒང་གི་ཆར་གཏོགས་རྒྱ་སྣེ་སྟེང་ཐུབ་བསྟན་དར་རྒྱས་གླིང་གི་བཅའ་ཁྲིམས་སྙིང་པོར་དྲིལ་བའི་གཏམ་ཕན་བདེའི་ས་བོན་ཅེས་བྱ་བ་བཞུགས་སོ།།


JKT023_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་སྭ་སྟི་སིདྡྷཾ། བཀྲ་ཤིས་མཚན་གྱི་སྣང་བ་ཆ་རེས་ཀྱང་། །སྒྲིབ་གཉིས་མུན་སྟུག་ཀུན་ནས་བསལ་བ་དང་། །ཐར་བདེའི་ལམ་བཟང་རབ་ཏུ་མཚོན་མཛད་པ། །དཀོན་མཆོག་རིན་ཆེན་གསུམ་གྱིས་ཤིས་པ་སྩོལ། །ཅེས་དགེ་ལེགས་སུ་བྱ་བའི་ཚིག་གིས་མདུན་བསུས་ཏེ་བདག་ལེགས་སུ་འདོད་པའི་སྐལ་བཟང་རྣམས་ལ་ཆོས་དང་འབྲེལ་བའི་གཏམ་ཅུང་ཟད་ཅིག་སྙན་དུ་གསོལ་ན། རང་རེ་རྣམས་ཀྱིས་རྙེད་དཀའ་ལ་ཕན་འདོགས་ཆེ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པས་རྗེས་སུ་བཟུང་། ཆོས་བྱེད་དབང་ཡོད། བྱེད་ཐབས་ཤེས་པའི་དུས་འདིར་གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་


JKT023_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དལ་འབྱོར་ལ་སྙིང་པོ་ལེན་པའི་ཆོས་རྣམ་པར་དག་པ་རེ་ཅི་ནས་ཀྱང་བྱ་དགོས། དེའང་སང་བྱ་གནང་བྱའི་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་སོང་ན་སྐྱེས་པའི་ཐ་མ་ངེས་པར་འཆི། ནམ་འཆི་ཆ་མེད། ཤི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན། ཤི་ནས་ཅང་མེད་དུ་མི་འགྲོ་བར་ལས་དང་ལས་ཀྱི་འབྲས་བུ་འབའ་ཞིག་གི་རྗེས་སུ་འབྲངས་ཏེ། མ་བྱས་པའི་ལས་དང་མི་འཕྲད་བྱས་པ་ཆུད་མི་ཟ་བར་ཚོགས་ཤིང་དུས་ལ་བབ་པའི་ཚེ་ཕྲ་ཞིང་ཕྲ་བ་ནས་རང་རང་གིས་མྱོང་དགོས། དེའང་མི་དགེ་བའི་ལས་ལ་བརྟེན་ནས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་བཟོད་པའི་བླག་མེད། ཟག་བཅས་ཀྱི་དགེ་བ་ལྟར་སྣང་ཙམ་ལ་བརྟེན་ནས་


JKT023_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་རིས་གསུམ་དུ་སྐྱེས་ནའང་སྡུག་བསྔལ་ལས་མ་འདས། དེས་ན་སྡུག་བསྔལ་ཅན་གྱི་འཁོར་བ་དེ་ལས་ཅི་ནས་ཀྱང་ཐར་བ་ཞིག་བྱ་དགོས་ནའང་རང་གཅིག་པུ་ཐར་བས་མི་ཕན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན་པས་དེ་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་སླད་དུ། སྐྱབས་གསུམ་སྔོན་དུ་འགྲོ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཅི་བྱེད་གཞན་དོན་དུ་འགྱུར་བ་ཞིག་བྱ་དགོས། དེ་ལའང་ལུས་དང་བསམ་པའི་རྟེན་གཉིས་གལ་ཆེ་བས། ལུས་ཀྱི་རྟེན་སྤྱིར་དལ་འབྱོར་གྱི་ལུས་རྟེན་ཕུན་སུམ་ཚོགས་པ་གཞིར་བཞག་སྟེ། རང་གཞན་གྱི་དོན་རླབས་པོ་ཆེ་བསྒྲུབ་པ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཁོ་ན་བསྔགས་པས། དོན་གྱི་དབང་གིས་དེ་གཟིགས་ནས་དགེ་འདུན་འདུ་བའི་གཙུག་ལག་ཁང་དང་། ཀུན་དགའ་ར་བ་བཞེངས་པ་ཉིད་རྫས་ལས་བྱུང་བའི་བསོད་ནམས་ཐམས་ཅད་ཀྱི་ཕུལ་དུ་གྱུར་པར་བདག་གི་སྟོན་པས་རྒྱ་ཆེར་གསུངས་པ་ལྟར། བཟོ་སྤྲུལ་པའི་སྐུའི་རིག་ལམ་རྒྱ་མཚོར་བྱང་ཆུབ་ཅིང་། རྣམ་པར་དཔྱོད་པའི་ཤེས་རབ་དང་། ལྷག་པའི་བསམ་པ་ཁྱད་པར་ཅན་འཆང་བ་སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་འཛིན་པའི་བཤེས་གཉེན་ཀརྨ་ཆོས་འཕེལ་ནས། བསྟན་འཛིན་གྱི་


JKT023_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་དམ་པ་རྣམས་ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་དང་། ཕྱོགས་བཅུའི་དགེ་འདུན་གྱི་སྡེ་འཕེལ་ཞིང་བཤད་སྒྲུབ་ལས་གསུམ་གྱི་དགེ་མཚན་བརྟན་པ་དང་། འཇིག་རྟེན་གྱི་ཁམས་ཀུན་དགེ་ལེགས་ཆེན་པོས་ཁྱབ་ཅིང་རང་གཞན་འབྲེལ་ཚད་ཐམས་ཅད་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཏེ་རྣམ་གྲོལ་གཏན་གྱི་བྱང་ཆུབ་ལ་འགོད་པའི་ལྷག་བསམ་རྩེ་གཅིག་པས་བོད་ཆེན་པོའི་ལྗོངས་ཀྱི་ནང་ཚན། མདོ་ཁམས་སྨར་ཁམས་སྒང་གི་བྱེ་བྲག་ཡུལ་གྱི་དགེ་བཅུའི་བཀོད་པ་མ་ཚང་བ་མེད་པ་རྒྱ་བོད་ཀྱི་ས་མཚམས་རྒྱ་སྣེ་སྟེང་གི་ཆ་འདེབས་མ་ཞབས་ཞེས་པའི་ནོར་འཛིན་གྱི་ཐིག་ལེར་བཀྲ་ཤིས་པའི་གཙུག་ལག་ཁང་ཐུབ་བསྟན་དར་རྒྱས་གླིང་རྟེན་དང་བརྟེན་པར་བཅས་པ་ཕུལ་དུ་བྱུང་བའི་གཏོང་བ་དང་། རྟག་སྦྱོར་དང་གུས་སྦྱོར་གྱི་བརྩོན་པས་བཞེངས་པ་ལ། ངོས་ནས་ཀྱང་རྣམ་དཀར་རྒྱ་ཆེན་པོ་ལ་རྗེས་སུ་ཡི་རང་བའི་ཀུན་སློང་བཟང་པོས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྣང་བརྙན། མདོ་སྡེ་བསྐལ་བ་བཟང་པོའི་གླེགས་བམ། རྡོ་རྗེ་དང་དྲིལ་བུ་བཅས་ཕུལ་ནས་སྨོན་ལམ་བཟང་པོའི་མཚམས་སྦྱོར་བགྱིས་པ་ལྟར། འདིར་འཁོད་པའི་བླ་མ་དགེ་འདུན་པ་རྣམས་ཀྱི་ལས་སུ་བྱ་བ་མདོར་བསྡུ་ན། དཔལ་མགོན་འཕགས་པ་དབྱིག་གཉེན་གྱིས། །ཚུལ་གནས་ཐོས་དང་བསམ་


JKT023_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར། ཐོག་མ་ཉིད་དུ་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ལ་རག་ལས་པས། དགོན་སྡེ་འདིར་ཞུགས་མ་ཐག་ནས་བླ་མ་མཁན་སློབ་གང་འོས་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པ་ལ་གཙུག་ཕུད་ཕུལ་ཏེ་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཕྱིན་ཆད་ཁྱིམ་གྱི་བྱ་བ་དང་། གྲོང་སྔགས་པའི་ལད་མོ་སོགས་རྒྱང་བསྲིངས་ཏེ་དམ་པའི་ཆོས་འདུ་བ་ལས་ཇི་སྐད་གསུངས་པ་བཞིན་དྲན་ཤེས་བག་ཡོད་བརྟན་པོས་ཡི་གེའི་ཕྱི་མོ་ནས་བརྩམས་ཏེ་བསླབ་སྦྱང་གསེང་ལུས་མེད་པར་བྱེད། ལོ་ཚོད་ལ་སླེབ་པ་ན་ངེས་འབྱུང་དང་། བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ་དགེ་ཚུལ་དང་། དགེ་སློང་གི་བར་གྱི་སྡོམ་པ་རྣམ་པར་དག་པ་ཞུ། སྤང་བླང་ཕྲ་ཞིབ་ནས་མཉན་ཅིང་ལག་ཏུ་ལེན། ཁྱད་པར་དུ་རྩ་བ་བཞི་ཆང་དང་བཅས་པ་སྲོག་ལ་བབ་ཀྱང་སྤང་། ཕམ་ལྷག་གི་ཆར་གཏོགས་པ་རྣམས་ཀྱང་སྤོང་བའི་གོ་ཆ་བརྟན་པོ་དང་། སྤང་ལྟུང་སོགས་ཅི་ནུས་ཀྱིས་བསྲུང་། གལ་སྲིད་ཉེས་པས་གོས་ན་བཤགས་པར་འོས་པ་རྣམས་བཤགས། སྡོམ་པར་འོས་པ་རྣམས་བསྡམ། བྱིན་གྱིས་རློབ་པར་འོས་པ་རྣམས་བྱིན་གྱིས་བརླབས་ཏེ་ཉེས་ལྟུང་དང་ཞག་གཅིག་ཀྱང་མི་འགྲོགས་པའི་གཡར་དམ་ལྷུར་ལེན་པ་གཞིར་བཞག །བྱམས་པ་དང་སྙིང་རྗེ་དང་། །


JKT023_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་ལེགས་པར་སྦྱངས་ཏེ་སེམས་ཅན་ལ་གནོད་པའི་ལས་རྨི་ལམ་དུའང་མི་བྱ་བར་བསམ་པ་བཟང་པོས་གཞན་ལ་ཅི་ཕན་དུ་བྱ་བ་ནི་ཐེག་པ་ཆེན་པོའི་གང་ཟག་གི་བསམ་པའི་རྟེན་གྱི་གཙོ་བོ་དང་། ཁྱད་པར་སྔགས་ཀྱི་དབང་བསྐུར་བ་ཐོབ་ཕྱིན་ཆད་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་དང་མ་བྲལ་བའི་སྒོ་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་སྲོག་དང་བསྡོས་ཏེ་བསྲུང་བ་ནི་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཡིན། དེ་ལྟར་རྒྱུད་སྡོམ་པ་གསུམ་གྱིས་ལེགས་པར་བསྡམས་ཏེ། ཐོག་མར་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོ་ཡི་གེ་འབྲི་ཀློག་ནན་ཏན་དུ་སྦྱང་། དེ་ནས་རིམ་པར་ཆོ་ག་ཆོས་སྤྱོད་བློ་འཛིན། གདངས་དབྱངས་ཕྱག་རྒྱ་རོལ་མོ་བྲིས་ཐིག་གཏོར་བཟོ་ཚུན་ཕྱག་ལེན་ཆེ་ཕྲ་གང་དགོས་ཐམས་ཅད་བྱང་ཆུབ་པ་ཆིག་རྐྱ་ཕེར་བ་བསྟན་པའི་མིག་རྒྱན་དུ་འགྱུར་བ་དང་། དོན་གྱི་སྙིང་པོ་ངེས་འབྱུང་གིས་རྒྱུད་བསྐུལ། བྱང་ཆུབ་སེམས་ཀྱིས་གཞི་བཟུང་། བསྐྱེད་རྫོགས་ཟབ་མོའི་གནད་ལ་ཐོས་བསམ་སྒོམ་གསུམ་སྐྱེས་བུའི་རྩལ་ཅི་ཡོད་ཀྱི་སྒོ་ནས་རང་དོན་དུ་ཉམས་རྟོགས་ཀྱི་ཡོན་ཏན་འཕེལ་བ། གཞན་དོན་དུ་གདུལ་བྱ་འབྲེལ་ཚད་དོན་ལྡན་ཞིག་མཛད་ན་རིག་པ་འཛིན་པའི་དགེ་འདུན་པ་ཞེས་མཚན་དང་དོན་མཐུན་པ་ཚེ་འདི་ལ་བདེ་ཞིང་ཕྱི་མར་


JKT023_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ། མི་སྨོན་རང་སྐྱིད་དལ་འབྱོར་ཐོབ་པ་ལ་དགོས་པ་བྱུང་བ་ཡིན་པས་དེ་ལྟར་ཐུགས་ལ་བཞག་ནས་གྲྭ་ས་ཆེན་པོ་རྣམས་ལ་སྤྱིན་ཡར་བལྟས་ཀྱིས་དོན་དམ་གྱི་ལྟ་བ། ཀུན་རྫོབ་ཀྱི་སྤྱོད་པ། །སྙིང་པོའི་ཉམས་བཞེས་ཐམས་ཅད་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དང་གངས་ཅན་གྱི་ལྗོངས་སུ་བྱོན་པའི་བླ་མ་གོང་མ་མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱི་གསུང་རབ་ལས་ཇི་སྐད་འབྱུང་བ་བཞིན་ཐོས་པས་ཚིག་སྤྱི་དང་། བསམ་པས་དོན་སྤྱི་གཏན་ལ་དབབ། བསྒོམས་པས་དོན་རང་གི་གནས་ལུགས་མངོན་དུ་འགྱུར་བ་ལ་བསླབ། གཞན་ཡང་ཆོས་སྒོར་ཞུགས་ཕྱིན་ཆད་དགོན་སྡེ་རང་དུ་སྡོད་ཚུགས་པ་ལས་གྲོང་ནག་ཏུ་འཁྱམས་པ་ནི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན། གལ་སྲིད་ཕ་མའི་དོན་ལྟ་བུར་མི་འགྲོ་ཀ་མེད་བྱུང་ནའང་བླ་མ་དགེ་བརྐོས་ལ་དགོངས་པ་ཞུ་བ་མ་གཏོགས་རང་གར་མི་འགྲོ་ཡུན་རིང་དུ་མི་སྡོད། དགོན་དུ་སྡོད་སྐབས་གྲྭ་ཆས་ཚད་ལྡན་ལས་སོག་ཆས་སོགས་ཆ་ལུགས་མི་མཐུན་པ་དང་། ཐ་མ་ཁ་འཐེན་པ། རྟ་རྒྱུག །མདའ་རྩེད། ཤྭ་དང་མིག་མང་རྩེ་བ། ཀུ་ཅོ་མཆོང་རྒྱུག །ཁ་འཐབ་རྩོད་གླེང་སོགས་མ་རབས་ཀྱི་ཀུན་སྤྱོད་ངན་པ་རྒྱང་རིང་དུ་དོར་ནས་དྲན་པ་དང་། ཤེས་བཞིན་དང་བག་ཡོད་པས་རང་གཞན་ཐམས་ཅད་དྭང་བ་འདྲེན་པ་བྱ། གལ་སྲིད་གོང་དུ་


JKT023_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་པའི་བསླབ་བྱ་ལས་འདས་ན་ཆོས་དང་འགལ་ཞིང་། འཇིག་རྟེན་དང་མི་མཐུན་པ་ཡིན་པས་འཇིག་རྟེན་པ་རྣམས་ཀྱིས་ཀྱང་ངན་པ་ངན་པའི་གྲངས་སུ་བགྲངས་ནས་སྨད་པའི་གནས་དང་། །དགོན་སྡེའི་བླ་ཆོས་ཡུལ་གྱི་དཔོན་པོས་ཆད་ལས་འབྱུང་བར་མ་ཟད། རྒྱལ་བ་སྲས་དང་བཅས་པས་ཐུགས་ཀྱིས་ཁྲེལ་ཞིང་། རྡོ་རྗེའི་ཆོས་སྲུང་རྣམས་ཀྱི་བཀའ་ཆད་དྲག་པོ་བཅས་ཚེ་འདིར་མི་འདོད་པ་ཐམས་ཅད་འབྱུང་བ་གདོན་མི་ཟ་ཞིང་ཕྱི་མ་ངན་སོང་གི་སྡུག་བསྔལ་བཟོད་བླག་མེད་པ་མྱང་དགོས་པས་རང་གིས་རང་ལ་ཤ་ཚ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་རྣམ་པ་ཀུན་ཏུ་རང་རྒྱུད་དག་པར་བྱ་དགོས། སྤང་བླང་རྣམས་ཆོས་ནས་བཤད་པ་བཞིན་བྱས་ན་རྒྱལ་བ་སྲས་དང་བཅས་པས་ཐུགས་ཀྱིས་རྗེས་སུ་དགོངས། རྡོ་རྗེའི་ཆོས་སྲུང་བ་དང་དཀར་ཕྱོགས་ཀྱི་ལྷ་མཐུ་བོ་ཆེ་རྣམས་ཀྱིས་ཀྱང་སྲུང་ཞིང་མཐུན་རྐྱེན་སྒྲུབ། འཇིག་རྟེན་པ་རྣམས་ཀྱིས་ཀྱང་གུས་ཤིང་ཡོན་སྦྱར་བ་སོགས་འཕྲལ་གྱི་བདེ་བ་ཕུན་སུམ་ཚོགས་པ་ཉམས་སུ་མྱོང་སྟེ། ཕྱི་མར་བདེ་ནས་བདེ་བར་འགྲོ་བ་ལགས་པས་དེ་ལྟ་བུའི་ཁེ་ཉེན་རྣམས་ཤེས་པས་ཇི་སྐད་སྨྲས་པའི་དོན་ལ་སྤང་བླང་ཚུལ་བཞིན་དུ་མཛད་པར་ཞུ་ཞིང་། ཁོ་བོས་ཀྱང་བླ་མ་དང་དཀོན་མཆོག་རིན་པོ་ཆེར་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་དགོན་གནས་འདིར་


JKT023_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ཐམས་ཅད་ཚེ་རིང་ནད་མེད་བདེ་སྐྱིད་ཆོས་ལྡན་གྱི་འབྱོར་པ་གོང་ནས་གོང་དུ་འཕེལ་ཏེ་འདི་ཕྱི་ཀུན་ཏུ་ཕན་བདེའི་ལེགས་ཚོགས་དབྱར་མཚོ་ལྟར་རྒྱས་པ་དང་། ཐུབ་བསྟན་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་ཁྱབ་ཅིང་རྟག་པའི་འདུན་སྨོན་ནན་ཏན་བགྱི་བ་ལགས་ན་ཡི་གེ་འདི་ཞལ་བཤུས་ནས་ཀུན་གྱི་སྤྱན་ལམ་དུ་སྦྱར་ཏེ་སྤང་བླང་ཚུལ་བཞིན་ཨཱདུ་མཛད་འཚལ། སླར་སྨྲས་པ། ཕན་བདེའི་འབྱུང་གནས་ཐུབ་བསྟན་རིན་པོ་ཆེ། རྨད་བྱུང་དགེ་འདུན་སྡེ་ལ་རག་ལས་ཤིང་། །ཚུལ་གནས་གསན་བསམ་སྒོམ་ལྡན་གང་ཟག་ལ། །སྲས་བཅས་རྒྱལ་བས་བསྔགས་པའི་མེ་ཏོག་འཐོར། །དེ་ཕྱིར་རྙེད་དཀའི་དལ་འབྱོར་ཐོབ་དུས་འདིར། །ངེས་འབྱུང་བྱང་ཆུབ་སེམས་ཀྱིས་ཀུན་བསླངས་ནས། །བསླབ་གསུམ་རྣམ་དག་རང་གཞན་ཕན་དང་བདེར། །འགོད་པའི་གཡར་དམ་བརྟན་པོ་ལྷུར་བཞེས་གསོལ། །དེ་ལྟར་ལྷག་བསམ་དག་པས་སྨྲས་པའི་དགེས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དང་། །འཇིག་རྟེན་བདེ་ཞིང་མཐའ་ཡས་འགྲོ་བ་ཀུན། །ཕན་བདེའི་དགེ་ལེགས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པའང་བཟོ་གནས་སྤྲུལ་པའི་སྐུའི་རིག་ལམ་རྒྱ་མཚོར་བྱང་ཆུབ་ཅིང་། དཀོན་མཆོག་དང་ལས་འབྲས་ལ་རྩེ་གཅིག་ཏུ་གུས་


JKT023_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་བའི་བཤེས་གཉེན་ཀརྨ་ཆོས་འཕེལ་གྱི་ཐུགས་བཞེད་ལྟར། རིས་མེད་པའི་བསྟན་པ་ལ་དག་པའི་སྣང་བ་གཅིག་ཏུ་དཀར་ཞིང་། དམ་པའི་སྐྱེས་བུ་དུ་མས་རྗེས་སུ་བཟུང་བ་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་རབ་ཚེས་ལྕགས་ཕོ་རྟའི་ལོའི་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་ཤར་མར་སྤེལ་བ་དོན་དང་ལྡན་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །


JKT023_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousམདོ་ཁམས་སྨར་ཁམས་སྒང་གི་ཆར་གཏོགས་རྒྱ་སྣེ་སྟེང་ཐུབ་བསྟན་དར་རྒྱས་གླིང་གི་བཅའ་ཁྲིམས་སྙིང་པོར་དྲིལ་བའི་གཏམ་ཕན་བདེའི་ས་བོན།next