Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཐོབ་ཡིག་རིན་པོ་ཆེའི་དོ་ཤལ།
   
   


 
previousཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཐོབ་ཡིག་རིན་པོ་ཆེའི་དོ་ཤལ།next

ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཐོབ་ཡིག་རིན་པོ་ཆེའི་དོ་ཤལ།


JKT023_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རཏྭཱ བ ཧཱ ར ག ལྷི རོ དཱ ར ས དྡྷ ཎྞཾ པྲབྷ ཀཱ ར ནཱ མ བི ཧ ར ཏི སྨ།
༄༅། །ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཐོབ་ཡིག་རིན་པོ་ཆེའི་དོ་ཤལ་ཅེས་བྱ་བ་བཞུགས་སོ། །


JKT023_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

། སྡེབ་སྦྱོར་མཉམ་པའི་ཕྲིཏྟ་ཡི་གེ་བཅོ་བརྒྱད་པ་བསྟན་འཛིན་གྱི་བྱེ་བྲག་མེ་ཏོག་གཡོ་བའི་འཁྲི་ཞིང་ཞེས་བྱ་བའི་ཕྲ་སྣ་རས་མཛེས་པར་བྱ་པ་དགེ། །།
གཟོད་ནས་འགྱུར་ཤིན་ཏུ་ཞི་བ་འོད་གསལ་ཆེན་པོ་ཆོས་ཀྱི་སྐུ། །ཟུང་འཇུག་ཡེ་ཤེས་མཚོགགི་རྣམརོལ་ཡན་ལག་བདུན་ལྡན་ལོངས་སྤྱོདརྫོགས། །


JKT023_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཀླས་གདུལ་བྱའི་བསམ་པའི་རྗེས་བགྲོ་སྣ་ཚོགས་གཟུགས་ཅན་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་དཔལ་ལྡན་བླ་མས་བྱང་ཆུབ་བར་དུ་སྐྱོང་གྱུར་ཅིག །བྲལ་


JKT023_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྨིན་པའི་ཡོན་ཏན་རྨད་བྱུང་དོན་གཉིས་མཐར་ཕྱིན་རྫོགས་སངས་རྒྱས། །འགོག་དང་ལམ་གྱི་བདེན་པས་བསྡུས་པ་ཞི་བསིལ་ཆགས་བྲལ་དམ་པའི་ཆོས། །རིག་གྲོལ་རྣམ་ཐར་བརྒྱད་ཀྱི་རང་གཟུགས་ཚོགས་ཀྱི་ཞིང་གྱུར་དགེ་འདུན་ཏེ། །དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གྱིས་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། ༢ །ལྷན་སྐྱེས་རྣམ་ཀུན་མཆོག་ལྡན་དབྱིངས་ལས་སྒྱུ་འཕྲུལ་དྲྭ་བའི་སྤྲིན་བཀོད་པ། །ཞི་ཆགས་ཁྲོ་བོའི་ཉམས་འགྱུར་མཐའ་ཀླས་གང་འདུལ་སྒྱུ་མའི་སྐུར་སྣང་བ། །རྒྱུད་སྡེ་དྲུག་གི་ཡི་དམ་ལྷ་དང་གནས་གསུམ་དཔའ་བོ་རྣལ་འབྱོར་མས། །མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་གནས་ལ་གེགས་མེད་ཉིད་དུ་དབུགས་འབྱིན་མཛོད། ༣ །ཀུན་བཟང་རིགས་ལྔ་གསང་བདག་དཔའ་བོ་རིགས་ཅན་དྲ་མ་རྣམ་པ་ལྔ། །དགའ་རབ་ཤྲཱི་སེང་ཛྷཱ་ན་སཱུ་ཏྲ་དཔལ་ཆེན་གྲུབ་པའི་སློབ་དཔོན་བརྒྱད། །འཛམ་གླིང་མཛེས་པའི་རྒྱན་མཆོག་དྲུག་དང་རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་སོགས། །བརྒྱུད་གསུམ་རིག་འཛིན་པཎ་གྲུབ་རྒྱ་མཚོའི་ཞབས་སེན་ནོར་བུར་ཕྱག་བགྱིའོ། ༤ །ཁྱད་པར་ཀ་དག་ཆུ་གཏེར་ཀློང་ལས་ལྷུན་གྲུབ་སྣང་བཞིའི་ཆུ་སྐྱེས་སྦུབས། །ཟུང་འཇུག་འཇའ་ལུས་རྡོ་རྗེའི་སྐུར་སྣང་སྲས་བཅས་རྒྱལ་བའི་ཕྲིན་ལས་པ། །གངས་ཅན་འགྲོ་ལ་བཀའ་དྲིན་མཚུངས་མེད་སངས་རྒྱས་གཉིས་པ་ཨོ་རྒྱན་རྗེའི། །རྣམ་པར་ཐར་པ་དྲན་


JKT023_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མོད་ནས་རབ་གུས་པདྨོ་སྙིང་དབུས་འཛུམ། ༥ །བསྟན་པའི་རྩ་བ་ཆོས་འདུལ་སྲོལ་འབྱེད་བྱང་ཆུབ་སེམས་དཔའ་ཞི་བ་འཚོ། །འཇིག་རྟེན་མིག་གཅིག་བེ་རོ་ཙ་ན་སྐ་ཅོག་ལ་སོགས་ལོ་པཎ་དང་། །རིགས་གསུམ་སྒྱུ་འཕྲུལ་ཆོས་རྒྱལ་མེས་དབོན་གཉགས་གནུབས་ཟུར་པ་རོང་ཟོམ་ཆེ། །ཉང་རལ་ཆོས་དབང་ཀུན་མཁྱེན་རྗེ་སོགས་བཀའ་གཏེར་བསྟན་འཛིན་རྒྱ་མཚོར་འདུད། ༦ །ཆེས་ཆེར་ཤིན་ཏུ་སྙིགས་མའི་དུས་འདིར་ནང་རྒྱུད་སྡེ་གསུམ་ཉིན་མོར་བྱེད། །སླར་ཡང་འདྲེན་པའི་ཤིང་རྟ་གཅིག་གྱུར་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་། །ཡབ་སྲས་བརྒྱུད་པར་བཅས་པའི་རྣམ་ཐར་ཟླ་ཤེལ་བདུད་རྩིའི་འཛུམ་དཀར་ལ། །གུས་པ་ཆེན་པོའི་ཀུ་མུ་ད་དཔལ་སྙིང་གི་དབུས་སུ་ལྷག་པར་གྲོལ། ༧ །མི་འགྱུར་འཕོ་མེད་རྣམ་ཀུན་མཆོག་ལྡན་ཡེ་ཤེས་རྡོ་རྗེའི་མཁའ་དབྱིངས་སུ། །ཐུགས་རྗེའི་རྣམ་འཕྲུལ་སྣང་བའི་མུ་ཁྱུད་གཟུགས་ཅན་བཞིན་དུ་འཆར་བའི་མོད། །བསྟན་འགྲོའི་ཕན་བདེའི་པདྨོ་རྒྱས་མཛད་དབང་གི་རྒྱལ་པོར་གྲགས་འབར་བའི། །ཞབས་སེན་བཀྲ་ཤིས་རེ་ཁཱ་གསར་པས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། ༨ །འཇམ་དཔལ་དབྱངས་དངོས་ཚུལ་གནས་ཁྲིམས་ལྡན་འདུལ་འཛིན་བྱེ་བའི་གཙུག་རྒྱན་དང་། །པདྨའི་རིང་ལུགས་ཉིན་བཞིན་གསལ་མཛད་དབང་གི་རྒྱལ་པོ་རྡོ་རྗེ་འཛིན། །ཕྲིན་ལས་ཆོས་ཀྱི་སྒྲོན་མའི་སྣང་བས་ཐར་


JKT023_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་བཟང་སྟོན་མཁས་པའི། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྣམ་གསུམ་གུས་པའི་གཙུག་གིས་རྟག་ཏུ་མཆོད། ༩ །མཁས་ཤིང་ཤིན་ཏུ་གྲུབ་པའི་ཁྱུ་མཆོག་རྒྱལ་སྲས་གཞན་ཕན་མཐའ་ཡས་དང་། །འཇམ་དབྱངས་སྙིང་རྗེའི་ཡེ་ཤེས་རྣམ་རོལ་ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་ཞབས། །ཟབ་རྒྱས་གདམས་པའི་བསྟན་པ་འཛིན་མཛད་མཁྱེན་བརྩེའི་ཡོན་ཏན་དཔལ་འབར་བའི། །བཀའ་དྲིན་ཟླ་བྲལ་འདྲེན་པ་གསུམ་ལ་གཅིག་ཏུ་བསྔགས་པའི་མེ་ཏོག་འཐོར། ༡༠ །བཅུ་ཕྲག་རིག་ལམ་སྨྲ་བའི་དབང་པོ་བསྟན་འཛིན་སྐྱེས་མཆོག་པཎྜི་ཏ། །སུམ་ལྡན་རྡོ་རྗེ་འཛིན་པའི་དེད་དཔོན་རིག་འཛིན་འགྱུར་མེད་ཚེ་དབང་ཞབས། །གཙུག་ལག་གཞུང་མང་གཟིགས་པའི་སྤྱན་ཡངས་མ་ཎིའི་མཚན་གྱི་སྒེག་འཆང་བའི། །ཐུགས་རྗེའི་དབང་ཕྱུག་མཁས་གྲུབ་གསུམ་གྱིས་རྣམ་ཀུན་ཤིས་པའི་མེ་ཏོག་སྩོལ། ༡༡ །གཞན་ཡང་ལེགས་གསུངས་མཐའ་དག་སྩོལ་མཁས་རབ་འབྱམས་སྨྲ་བ་མི་ཕམ་སོགས། །བདག་རྒྱུད་དད་གསུམ་ཞིང་ས་གཤིན་པོར་སྨིན་གྲོལ་གདམས་པའི་ཟིལ་དངར་གྱིས། །དོན་གཉིས་ཨུཏྤལ་སྙེ་མ་རྒྱས་མཛད་རིས་མེད་ཡོངས་འཛིན་མཆོག་རྣམས་ལ། །ཚད་མེད་བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་ཆེན་པོས་ཕྱག་འཚལ་ནས། ༡༢ །དེ་དག་ཐུགས་རྗེའི་འཇུག་པ་ལ་བརྟེན་ཟབ་ཅིང་རྒྱ་ཆེའི་དམ་པའི་ཆོས། །ཇི་ལྟར་ཐོབ་པའི་ཚུལ་


JKT023_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉེར་བརྩམས་བརྗོད་པ་ཉུང་ངུ་རྣམ་གསལ་བ། །ཡིད་འཕྲོག་རིན་ཆེན་དོ་ཤལ་གསར་པ་རང་ཉིད་དད་པའི་ཟུར་ཕུད་དང་། །སྐལ་བཟང་རྣ་བའི་རྒྱན་དུ་བཀོད་འདིར་དོན་གཉེར་ཚོགས་རྣམས་དགའ་བས་ཉོན། ༡༣ །ཞེས་དགེ་ལེགས་སུ་བྱ་བ་དང་བརྩམ་པར་དམ་བཅའ་བའི་ཚིག་གི་ཕྲེང་བ་ཅུང་ཟད་ཀྱིས་མདུན་བསུས་ཏེ། གང་ལས་སུ་བགྱི་བ་ནི། འདི་ལྟར་གཟོད་མ་ནས་ཤིན་ཏུ་ཞི་བའི་དབྱིངས་སུ་རིག་པའི་ཡེ་ཤེས་རང་གྲོལ་བས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལས་མ་གཡོས་བཞིན་དུ། ཚད་མེད་པའི་སྙིང་རྗེ་དང་སྨོན་ལམ་ཆེན་པོའི་གཞན་དབང་ལ་བརྟེན་ནས། རང་སྣང་ཤིན་ཏུ་རྣམ་པར་དག་པ་རྡོ་རྗེའི་འོག་མིན་དང་། ས་དགུ་པ་ལ་སྣང་བའི་འོག་མིན་ཙམ་པོ་པ་དང་། ས་བརྒྱད་པ་ལ་སྣང་བའི་བཏགས་པའི་འོག་མིན་སོགས་སུ་རིགས་དྲུག་གི་ཁྱབ་བདག་སྟོན་པ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ་ཉིད། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་རྣམ་པར་འཕྲུལ་ཞིང་། རྡོ་རྗེ་མི་ཤིགས་པ་ནཱ་དའི་རང་གདངས་ལས་ཆོས་ཀྱི་འཁོར་ལོའི་ཚུལ་རྟག་ཏུ་བསྐོར་བ་དང་། དེ་དག་གི་ཐུགས་རྗེའི་གཟུགས་བརྙན་རང་བཞིན་དང་། འགྲོ་འདུལ་སྤྲུལ་པའི་ཞིང་ཁམས་རྒྱ་མཚོར་གདུལ་བྱ་སྣ་ཚོགས་པའི་རིགས་ཅན་རྣམས་ལ་འཁོར་ལོས་བསྒྱུར་བའམ། ཆགས་བྲལ་གྱི་རྣམ་


JKT023_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་གང་འདུལ་འདོད་དགུར་བསྒྱུར་བའི་མཚན་དང་སྐུ་ཡི་རྣམ་རོལ་བསམ་གྱིས་མི་ཁྱབ་པར་སྟོན་པ་ལས། རེ་ཞིག་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་འདིར་འཛམ་བུའི་ལྗོན་པས་མཚན་པའི་ལྗོངས་སུ་ཚུ་རོལ་མཐོང་བའི་འགྲོ་བ་ཐུན་མོང་གི་སྣང་ངོར་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྟོན་པ་གཅིག་པུར་གྱུར་པ་མཉམ་མེད་ཤཱཀྱ་སེང་གེ་ཞེས་མཚན་གྱི་ཟླ་སྣང་དཀར་པོས་ས་གསུམ་དུ་ཁྱབ་པ་གང་དེས་ལེགས་པར་གསུངས་པའི་ཆོས་ཀྱི་ཕུང་པོ་དང་། ཐེག་པའི་བྱེ་བྲག་སོགས་བྱིས་པའི་བློ་གྲོས་ཀྱིས་བསམ་པར་མི་ནུས་ཀྱང་། མདོར་བསྡུ་བའི་དབང་དུ་བྱས་ན་བརྗོད་བྱའི་ངོས་ནས་བསླབ་པ་གསུམ་དང་། རྗོད་བྱེད་ཀྱི་ངོས་ནས་སྡེ་སྣོད་གསུམ་དུ་འདུ་ཞིང་། དེ་ཐམས་ཅད་ཉམས་སུ་བླང་བའི་ཚུལ་གྱི་མངོན་པར་རྟོགས་པའང་། དཔལ་མགོན་འཕགས་པ་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་རང་རང་གིས་ཇི་ལྟར་ཁས་བླངས་པའི་ཚུལ་ཁྲིམས་རྣམ་པར་དག་པས་གཞིར་བཟུང་སྟེ། ཐོས་བསམ་སྒོམ་གསུམ་ལ་རིམ་གྱིས་ཞུགས་པ་ཉིད་ཡིན་ལ། དེའི་རྒྱུ་མཚན་ཀྱང་། ཡིད་ཅན་ཐམས་ཅད་འཁོར་བར་འཆིང་བའི་རྩ་བ་ནི་འཇིག་ལྟ་དང་མཚུངས་པར་ལྡན་པའི་བདག་ཏུ་འཛིན་པ་ཁོ་ན་ལས་གཞན་མ་དམིགས་པའི་ཚུལ། དཔལ་ཆོས་ཀྱི་གྲགས་པས་ཚད་མ་རྣམ་འགྲེལ་ལས། བདག་ཡོད་


JKT023_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་ལྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་སོ། །དེའི་དངོས་ཀྱི་གཉེན་པོ་ནི་བདག་མེད་རྟོགས་པའི་ཤེས་རབ་གཅིག་པུ་ལ་རག་ལས་པ་ཡིན་ཏེ། སྔ་མ་ལས། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །སྒོམ་པ་ལྷག་མ་དེ་དོན་ཡིན། །དེ་ཡི་རང་བཞིན་དངོས་ཀུན་དང་། །འགལ་བར་རབ་ཏུ་གྲུབ་པ་ཡིན། །ཅེས་གསུངས། དེ་ལྟ་བུའི་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་བསྐྱེད་པ་ལའང་། ཐོག་མར་བསམ་བྱུང་གི་ཤེས་རབ་ཀྱིས་དོན་རང་གི་མཚན་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། ཐོས་བྱུང་གི་ཤེས་རབ་ཀྱིས་དོན་སྤྱིའི་མཚན་ཉིད་གཏན་ལ་འབེབས་པ་རྣམས་རིམ་བཞིན་སྔོན་དུ་འགྲོ་དགོས་པའི་ཚུལ། རྒྱལ་བ་གཉིས་པ་མ་ཕམ་པས། འདི་ན་དང་པོར་ཐོས་པ་ལ་བརྟེན་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་དང་། འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་སྒོམ་པ་ཡང་ནི་རབ་ཏུ་འབྱུང་། །ཞེས་དང་། ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་ཡིན་ཕྱིར་ཐོས་པ་མཆོག །ཅེས་གསུངས་པའི་ཕྱིར་དང་། གཞན་ཡང་གནས་སྐབས་སུ་ཕྱི་ནང་གི་གྲུབ་མཐའ་ཐོས་


JKT023_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པས་བླང་དོར་གྱི་གནས་ཤེས་པ་དང་། ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་པས་ཉེས་སྤྱོད་ཆེན་པོའི་གནས་ལས་ལྡོག་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ་ཐོས་པས་དོན་མེད་པའི་ཡུལ་ལ་རྣམ་པར་གཡེང་བ་སྤོང་བ་དང་། མཐར་ཐུག་ཤེས་རབ་ཀྱི་བསླབ་པ་ཐོས་པས་ཟག་ཟད་མངོན་དུ་བྱས་ཏེ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པའི་བར་དུ་འགྱུར་བ་ལ་དགོངས་ནས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤོང་བར་འགྱུར། །ཐོས་པས་མྱ་ངན་འདས་པའང་ཐོབ། །ཅེས་དང་། སྐྱེས་རབས་ལས། ཐོས་པའི་རྗེས་ཞུགས་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་སོགས་འཕགས་དང་མཁས་པའི་ཚོགས་ཀྱིས་རྒྱུ་མཚན་དུ་མའི་སྒོ་ནས་ལན་གཅིག་མ་ཡིན་པར་བསྔགས་པས་ཡིད་དྲངས་ཏེ། །ཚེ་རབས་སྔ་མ་རྣམས་སུ་ལེགས་པར་སྤྱད་པའི་འབྲས་བུ་ཅུང་ཟད་ཀྱིས་བསྔགས་འོས་དམ་པའི་རིགས་སུ་དལ་འབྱོར་གྱི་རྟེན་སྐྱོན་མེད་འཐོབ་པའི་སྐབས་འདིར་རང་གཞན་གྱི་དོན་དུ་སྙིང་པོ་ལེན་པར་འདོད་པའི་བསམ་པ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། དཔལ་ལྡན་བླ་མ་རྡོ་རྗེ་འཆང་དང་ཞལ་མི་གཉིས་པ་རྣམས་ཀྱི་ཞབས་པད་ལ་ཡན་ལག་མཆོག་གིས་གུས་པས་བཏུད་ནས། མཉེས་པ་གསུམ་གྱིས་བསྙེན་


JKT023_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་བ་དང་ཆབ་གཅིག་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཆ་ཙམ་ཞིག་ཐོབ་པའི་ཚུལ་རྣམས་རང་ཉིད་ཀྱི་བརྗེད་ངས་སྤོང་བ་དང་། དོན་གཉེར་ཅན་གཞན་དག་ལའང་སྨན་པའི་བསམ་པས་ཉུང་ངུ་རྣམ་གསལ་གྱི་ཚུལ་དུ་འགོད་པ་ལ། ཐོག་མར་བསྟན་པ་རིན་པོ་ཆེའི་སྒོར་ཇི་ལྟར་ཞུགས་པའི་ཚུལ། རྒྱུ་མཚན་ཉིད་ཀྱི་ཐེག་པ་ཅུང་ཟད་ཐོབ་ཚུལ། འབྲས་བུའི་ཐེག་པ་གསང་སྔགས་བཀའ་མའི་ཐོབ་ཚུལ། གཏེར་མ་རྗེས་འབྲངས་དང་བཅས་པའི་ཐོབ་ཚུལ། གསང་སྔགས་གསར་མ་རྗེས་འབྲངས་དང་བཅས་པའི་ཐོབ་ཚུལ། དེ་དག་ཀུན་གྱི་རྩ་བ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཐོབ་པའི་ཚུལ་ཏེ་དྲུག་ལས། དང་པོ་ནི། ༈ །འདིར་སྨྲས་པ། དཔལ་ལྡན་སྲིད་དང་ཞི་བའི་ཐིག་ལེར་བྱང་ཆུབ་སྙིང་པོ་མངོན་གྱུར་ཡང་། །དཔལ་ལྡན་འཇིག་རྟེན་དགེ་བའི་ཕྲིན་ལས་རྟག་པ་དམ་པར་འཆར་བའི་ཕུལ། །དཔལ་ལྡན་ཡོན་ཏན་བྱེ་བའི་འབྱུང་གནས་དཀོན་མཆོག་རིན་ཆེན་གསུམ་གྱི་དངོས། །དཔལ་ལྡན་བླ་མ་རྣམས་ཀྱི་བཀའ་དྲིན་སླར་ཡང་དྲན་པས་ཕྱག་བགྱིའོ། ༡ །ལྷག་བསམ་མཆོག་གི་ཆུ་གཏེར་ལས་བྱུང་བསོད་ནམས་དམ་པའི་མཚར་སྡུག་ཅན། །བླ་ན་ཡོད་མེད་མཆོད་པའི་སྤྲིན་ཕུང་ནམ་མཁའ་མཉམ་པས་མདུན་བདར་ཏེ། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་གསང་ཆེན་དམ་ཚིག་སྡོམ་པ་དང་། །ཚེ་རབས་ཀུན་ཏུ་ཆོས་ཚུལ་


JKT023_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཀླས་སྙིང་ནས་བཟུང་བའི་གཡར་དམ་ལེན། ༢ །ཐོག་མེད་དུས་ནས་ཉོན་མོངས་པ་དང་ལས་ཀྱི་ཀུན་འབྱུང་ལ་བརྟེན་ནས། །རང་བཞིན་ཉིད་དང་བཅས་པའི་སྡིག་ལྟུང་འདམ་རྫ་བ་སྟུག་པོའི་གཞན་དབང་གིས། །སེམས་ཀྱི་ཟླ་ཤེལ་ཁ་དོག་བསྒྱུར་བ་སྟོབས་བཞིའི་གངྒའི་རེག་པ་ཡིས། །སོ་སོར་བཤགས་པའི་སྦྱོར་བ་ལ་བརྟེན་སླར་ལ་དག་པའི་མཛེས་པའང་འབར། ༣ །སློབ་དང་མི་སློབ་འཕགས་པ་རྣམས་དང་སོ་སོ་སྐྱེ་བོའི་ཚོགས་རྣམས་ཀྱིས། །ལེགས་བཤད་ཉིན་མོར་བྱེད་པའི་འོད་ཀྱིས་ཚུལ་མིན་མུན་པ་བསྙིལ་བ་དང་། །བསོད་ནམས་ལམ་དང་མྱ་ངན་འདའ་བའི་སྣང་བ་མཆོག་གི་དཔལ་སྟེར་བར། །རྗེས་སུ་ཡི་རང་པུཎྜ་རཱི་ཀ་སྙིང་གི་དབུས་སུ་གྲོལ་བར་བགྱི། ༤ །གང་དག་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་སྟོབས་བཅུ་མངའ་བ་སྲས་བཅས་ལ། །འགོག་བདེན་རྟོགས་པའི་སྤྲིན་ཆེན་འཁྲིགས་ལས་ལམ་བདེན་ལུང་གི་ཆར་རྒྱུན་གྱིས། །རིགས་ཅན་གསུམ་གྱི་བློ་ཡི་ཆུ་སྐྱེས་ཐར་པའི་ཕྱོགས་སུ་གྲོལ་བའི་སླད། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་རྟག་པ་རྒྱུན་དུ་བསྐོར་བར་བསྐུལ། ༥ །ཞི་བའི་དབྱིངས་སུ་དགྱེས་པའི་ཚུལ་གྱིས་མྱ་ངན་འདའ་བར་སྟོན་བཞེད་རྣམས། །ཐོག་མར་སྐྱེ་བའི་འཇུག་པ་ཟད་ན་མཐར་གྱིས་འགགས་པ་མ་མཆིས་ཕྱིར། །ཚུར་མཐོང་བྱིས་པའི་བློ་ཅན་ངོར་ཡང་འཕོ་འགྱུར་མཚན་མ་མི་གཞེས་


JKT023_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པར། །ཡིད་ཅན་ཀུན་གྱི་སྒྲོན་མེ་གཅིག་པུར་བསྐལ་པ་རྒྱ་མཚོར་བཞུགས་གསོལ་འདེབས། ༦ །དེ་ལྟར་བསགས་ལས་བྱུང་བས་ཉེར་མཚོན་དུས་གསུམ་ལེགས་བྱས་ཆུ་ཀླུང་འབུམ། །སྤྲོས་པའི་རྡུལ་དང་མཛའ་བ་མ་ཡིན་འཇམ་དཔལ་མཁྱེན་པའི་ཡོངས་བསྔོ་དང་། །འཇུག་པ་གཅིག་པའི་ཤུལ་ལམ་ལ་ཞུགས་བྱང་ཆེན་རྒྱ་མཚོར་རོ་གཅིག་པས། །དོན་གཉིས་ཀུན་དགའི་དགའ་སྟོན་གསར་བས་ས་གསུམ་མཐའ་དག་མཛེས་གྱུར་ཅིག ༧ །ཁྱད་པར་གཞན་ཕན་ཕྲིན་ལས་མཐར་ཕྱིན་འོད་གསལ་ཆེན་པོར་སྙོམས་ཞུགས་པའི། །དཔལ་ལྡན་བླ་མ་མཆོག་རྣམས་ཟབ་དགོངས་ཆོས་ཀྱི་དབྱིངས་སུ་རྫོགས་པ་དང་། །ད་ལྟར་འཚོ་གཞེས་བཤད་དང་སྒྲུབ་པས་རིས་མེད་བསྟན་འཛིན་ཇི་སྙེད་ཀུན། །བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་ཅིང་རྣམ་དཀར་མཛད་པ་ལྷུན་གྲུབ་ཤོག ༨ །ཡང་སྲིད་ཀུན་ཏུ་མཚན་ཙམ་ཐོབ་དཀའ་དྲི་། མེད་ཐུབ་བསྟན་རིན་པོ་ཆེ། །སྤྱི་དང་བྱེ་བྲག་སྙིང་པོའི་རིང་ལུགས་ཉིན་བཞིན་གསལ་དང་ལྷན་ཅིག་པར། །དེར་འཛིན་རིག་གྲོལ་དགེ་འདུན་འདུས་པས་ཕྱོགས་ཀྱི་ཁམས་ཀུན་ཁྱབ་པ་དང་། །འཁོར་ལོ་གསུམ་གྱི་བགྱི་བ་རྨད་བྱུང་གོང་ནས་གོང་དུ་འཕེལ་གྱུར་ཅིག ༩ །དེ་མཐུས་ཕྱི་སྣོད་འཇིག་རྟེན་ཁམས་ཀུན་རྫོགས་ལྡན་དུས་ཀྱི་འབྱོར་པ་དང་། །ནང་བཅུད་འགྲོ་རྣམས་དགེ་བཅུའི་སྤྱོད་ཚུལ་ནོར་བུའི་རྔ་ཡབ་གཡོབ་


JKT023_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །གནས་སྐབས་ཚེ་བསོད་དཔལ་འབྱོར་ལ་སོགས་མཐོ་རིས་ཡོན་ཏན་ཚོགས་རྣམས་དང་། །མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་སྐུ་བཞིའི་ངལ་འཚོ་བསྟེན་པར་ཤོག ༡༠ །བདག་ཀྱང་དེང་ནས་བྱང་ཆུབ་བར་དུ་དལ་འབྱོར་མཆོག་ཐོབ་བསྟན་ལ་ཞུགས། །ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་དག་སྨོན་འཇུག་བྱང་སེམས་སྙིང་ལ་ཤར། །གསང་ཆེན་རིམ་གཉིས་ཟབ་མོའི་ལམ་གྱིས་ཟུང་འཇུག་གོ་འཕང་མྱུར་ཐོབ་ནས། །སྐུ་དང་ཡེ་ཤེས་ཕྲིན་ལས་རྨད་བྱུང་འགྲོ་ཁམས་རྒྱ་མཚོར་སྨིན་གྱུར་ཅིག ༡༡ །དེ་ལྟར་ཕན་བདེའི་གོ་འཕང་བསྒྲུབ་ལ་མི་མཐུན་བར་དུ་གཅོད་པའི་ཚོགས། །བརྒྱུད་གསུམ་རིག་འཛིན་བླ་མས་གཉེར་གཏད་ཞིང་སྐྱོང་མ་མོ་རཱ་ཧུ་ལ། །རྒྱལ་ཆེན་སྐུ་ལྔ་ཡང་ལེ་བེར་སོགས་བསྟན་སྲུང་རྒྱ་མཚོས་ཚར་བཅད་ནས། །བསམ་དགུའི་འདོད་པ་ཡིད་བཞིན་འཇོ་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། ༡༢ ། མདོར་ན་ལན་གཅིག་དྲན་པའི་མོད་ནས་སྲིད་ཞིའི་འཇིགས་པ་ཀུན་འཕྲོག་ཅིང་། །ཕུན་ཚོགས་ཤིས་དགུའི་དངོས་ཀུན་སྦྱིན་ལ་བསླུ་བ་སྤངས་པའི་གྲགས་དཀར་ཅན། །བླ་མ་མཆོག་གསུམ་ཐུགས་རྗེའི་འཇུག་པ་གཟུགས་ཅན་བཞིན་དུ་འདིར་སྣང་བས། །དགེ་ལེགས་རྟག་པ་དམ་པའི་དཔལ་གྱིས་འཇིག་རྟེན་གསུམ་ན་ཁྱབ་གྱུར་ཅིག ༡༣ །དེ་ལྟར་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་གསན་ཡིག་རིན་པོ་ཆེའི་དོ་ཤལ་


JKT023_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་འདི་ཉིད་ཀྱི་གཞུང་རྣམས་དུས་གསུམ་སྲས་བཅས་རྒྱལ་བའི་ཡེ་ཤེས་ཀྱི་སྐུ་གཅིག་པུ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པའི་གསན་ཐོ་སོགས་ལ་གཞི་མཛད་ནས་སྐྱབས་མཆོག་འཁོར་ལོའི་མགོན་པོ་ཁྲི་ཆེན་རྡོ་རྗེ་འཆང་འགྱུར་མེད་སངས་རྒྱས་ཀུན་དགའ་ཉིད་ཀྱི་ཞལ་སྔ་ནས་ལྗགས་བསྒྲིགས་གནང་འདུག་པར། སླར་གོང་འོག་གི་བརྗོད་པ་འདི་ལྟ་བུ་ཞིག་སྦྱོར་བར་གྱིས་ཤིག་ཅེས་བཀའ་སྩལ་ནོར་བུའི་ཅོན་པན་སྤྱི་བོར་བཅིངས་པ་ལ་བརྟེན་ནས། རིས་མེད་པའི་བསྟན་པ་ལ་མཆོག་ཏུ་དད་ཅིང་། མཁས་ཤིང་དངོས་གྲུབ་བརྙེས་པའི་ཡོངས་འཛིན་དམ་པ་རྒྱ་མཚོའི་ཞབས་རྡུལ་ལ་སྤྱི་བོས་རེག་པ་མང་དུ་ཐོས་པའི་ཤར་མདོ་ཁམས་ཀྱི་བཙུན་པ་ཆོས་སྨྲ་བའི་གཟུགས་བརྙན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་ཞེས་བྱ་བའི་རྒྱལ་ཁམས་ཀྱི་དཱ་རི་དྲྭས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་སྦྱར་བའི་དགེ་བས་སྐྱབས་མགོན་བླ་མ་མཆོག་ཉིད་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བ་ལ་བརྟེན་ནས། ཐུབ་བསྟན་རིན་པོ་ཆེ་སྤྱི་དང་། ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་ཕྱོགས་དང་དུས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།འཇམ་པའི་


JKT023_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དངོས་རྗེ་བཙུན་ཙོང་ཁ་པ། སྤྱན་རས་གཟིགས་དབང་འགྲོ་མགོན་ཕག་གྲུའི་ཞབས། །གསང་བའི་བདག་པོ་ཞང་སྟོན་བརྩོན་འགྲུས་གྲགས། །མཁྱེན་བརྩེ་ནུས་གཏེར་གསུམ་ལ་གསོལ་བ་འདེབས། །དམ་པ་རྣམས་ལ་གུས་པས་གསོལ་བཏབ་མཐུས། །ཡུལ་ཕྱོགས་ཀུན་ཏུ་ནད་མུག་མཚོན་འཁྲུགས་ཞི། །ཚེ་དཔལ་འབྱོར་པ་དབྱར་གྱི་མཚོ་བཞིན་འཕེལ། །བསྟན་འགྲོའི་ཕན་བདེ་རྒྱས་པར་བྱིན་གྱིས་རློབས། །ཞེས་པའང་དགེ་སློང་རྡོ་རྗེ་འཛིན་པ་མཁན་པདྨ་དྲི་མེད་ཆོས་ཀྱི་བློ་གྲོས་ཐུབ་བསྟན་སྨྲ་བའི་དབང་པོས་སྙིགས་དུས་ཀྱི་རྒུད་པ་ཞི་ཞིང་། ཕན་བདེའི་ལེགས་ཚོགས་རྒྱས་པར་སྤེལ་བའི་ཆེད་རྗེ་ཕག་ཞང་གསུམ་གྱི་སྣང་བརྙན་རིན་པོ་ཆེ་བཞེངས་པ་ལ་མངོན་དུ་ཕྱོགས་པའི་སྐབས་དམ་པ་གསུམ་གྱི་ཐུགས་དམ་སྐུལ་བའི་གསོལ་འདེབས་སྨོན་ལམ་དང་བཅས་པ་འདིའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་རསྟུ།། ༈ །།ཨོཾ་སྭ་སྟི་པྲ་ཛེ་ཐུབ་དབང་གནས་བརྟན་འཕགས་ཚོགས་ཀྱི། །བསོད་ནམས་བརྒྱ་ལས་གྲུབ་པའི་དཔལ། །མཚན་བཟང་རི་མོར་བཞེངས་པའི་དགེས། །འགྲོ་རྣམས་ཀུན་མཁྱེན་མྱུར་ཐོབ་ཤོག །ཅེས་པའང་ཕུན་སུམ་ཚོགས་པའི་དཔལ་གྱི་འབྱོར་པ་མཛོད་འཛིན་ཤེས་རབ་ལགས་ཀྱིས་བསོད་ནམས་ཀྱི་བྱ་བར་འདུ་མཛད་པའི་ཐུབ་དབང་གནས་བཅུའི་ཞལ་ཐང་གི་སྨོན་ཚིག་ཏུ་


JKT023_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།ཨོཾ་སྭ་སྟི་སིདྡྷཾ། འཕགས་པའི་གནས་བརྟན་མཆོག་རྣམས་ཀྱི། །སྣང་བརྙན་བཞེངས་པའི་བསོད་ནམས་ཀྱིས། །འགྲོ་ཀུན་རྫོགས་སྨིན་སྦྱང་གསུམ་གྱི། །མཐར་སོན་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པའང་དད་གཏོང་འབྱོར་པའི་ནོར་གྱིས་མངོན་པར་མཐོ་བ་མཛོད་འཛིན་པྲཛྙཱའི་མཚན་ཅན། གྱིས་བསོད་ནམས་བྱས་པའི་དངོས་པོ་ཡོངས་སུ་བསྔོ་བ་འདིའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་རསྟུ།། ༈ །།ཨོཾ་སུ་ཤེ་ཡནྟུ། སྦྲ་བཱི་ར་ཆེ་རྣམས་ཀྱི། །མཚན་བཟང་རི་མོར་བཞེངས་པ་ཡིས། །བསོད་ནམས་དམ་པས་འབྲེལ་ཚད་ཀུན། །དོན་གཉིས་མཐར་ཕྱིན་བཀྲ་ཤིས་སྩོལ། །ཅེས་པའང་འཕགས་ནོར་དམ་པའི་མཛོད་འཆང་ཤེས་རབ་ལགས་ཀྱིས་ལེགས་མཛད་བསོད་ནམས་ཀྱི་ཕུང་པོར་འདུ་བགྱིས་པའི་སྨོན་ཚིག་འདིའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་སུ་ཤུ་བྷ་ཡཱ་ཏྲ།། ༈ །།ཨོ་སུ་ལཀྵ་ཀུ་རྒནྟུ། འཕགས་རྣམས་དགྱེས་པའི་མཚན་དཔེའི་དཔལ། །ལེགས་བྱས་མགྲོན་དུ་འདུ་བགྱིས་པའི། །དགེ་བས་ཁམས་གསུམ་ཡིད་ཅན་ཀུན། །བྱང་ཆུབ་སྙིང་པོར་རོ་གཅིག་ཤོག །ཅེས་བསྔགས་འོས་དམ་པའི་མཛོད་འཆང་ཤེས་རབ་ལགས་ཀྱིས་རྣམ་དཀར་གྱི་འབྲས་བུ་བསྔོ་སྨོན་གྱིས་མཚམས་སྦྱར་བ་འདིའང་


JKT023_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་མངྒ་ལཾ་བྷ་བ་ཏུ།། ༈ །།ཨོཾ་སྭསྟི་ཤྲཱི་བི་ཛ་ཡནྟུ། གནས་བརྟན་ཆེ་རྣམས་གཟུགས་སྐུའི་ཟླ། །ཀཱ་ཤིའི་དྭང་མཚོར་སྣང་བྱས་པའི། །ལེགས་སྤྱད་འབྲས་བུས་འགྲོ་བ་ཀུན། །ཕན་བདེའི་དགེ་མཚན་རྒྱས་གྱུར་ཅིག །ཅེས་པའང་ལུགས་གཉིས་རྒྱ་མཚོར་དཔྱོད་པའི་བློ་གྲོས་སོགས་འཕགས་ནོར་དམ་པའི་གན་མཛོད་འཆང་བ་སྐུ་ཞབས་པྲཛྙཱའི་མཚན་ཅན་གྱི་ལེགས་བྱས་ཡོངས་སུ་བསྔོ་བ་དང་སྨོན་ཚིག་གིས་བྱང་ཆུབ་མཆོག་གི་འབྱོར་པ་རྒྱས་པར་སྤེལ་བ་འདིའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་དཱ་སུ་ཁྲེ་ཡསྤྲུཊཾ་བྷཱུ་ཡ་ཏ།། ༈ །།ཨོཾ་ཨཱཿཧཱུྃ་གུ་རུ་བྷ་ཊྚཱ་ར་ཀཱ་ཏཱ་རཱ་སིདྡྷི་ཧཱུྃ། རྗེ་བཙུན་མྱུར་མ་དཔའ་མོ་སོགས། །རྩ་གསུམ་རྒྱ་མཚོའི་ཡེ་ཤེས་བྱིན། །དམ་ཚིག་རྟེན་འདིར་རྟག་བཞུགས་ནས། །མཆོག་ཐུན་དངོས་གྲུབ་བྱིན་ཆར་ཕོབས། །ཞེས་པའང་མི་རྗེ་ཕྱག་མཛོད་ཤེས་རབ་ལགས་ཀྱི་ཐུགས་དམ་ཐང་ཀའི་ཞལ་བྱང་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་ཏེ་གསོལ་བ་བཏབ་པ་སིདྷཾ་བྷ་བ་ཏུ།། ༈ །ཨོཾ་ཨཱགུ་རུ་བཛྲ་དྷཱ་ར་ཝཱ་གིནྡྲ་སུ་དྷི་ས་མུ་དྲ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཧཱུྃ། བླ་མ་འཇིག་རྟེན་དབང་ཕྱུག་དང་། །ཆོས་སྲུང་ནོར་ལྷའི་བྱིན་རླབས་མཆོག །རྟེན་འདིར་བཞུགས་ནས་སྐལ་བཟང་གི །བསམ་སྦྱོར་ཆོས་བཞིན་འགྲུབ་མཛད་གསོལ། །ཅེས་པའང་སྐུ་ཞབས་ཕྱག་མཛོད་


JKT023_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པྲཛྙཱའི་མཚན་ཅན་གྱི་དད་རྟེན་ཐང་ཀའི་ཞལ་བྱང་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་ཤིང་གུས་པས་གསོལ་བ་བཏབ་པ་སརྦ་དཱ་སུ་ཤེ་ཡསིདྡྷི་རསྟུ།། ༈ །།ཨོཾ་སྭ་སྟི། དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེ། །སྐྱབས་ཀུན་འདུས་ཞལ་པདྨ་འོད་འབར་གྱིས། །མཁྱེན་བརྩེ་ནུས་པའི་བྱིན་རླབས་རྟེན་འདི་ལ། །རྟག་པར་བཞུགས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་པའང་རིགས་ལྡན་སའི་དབང་ཕྱུག་ཆེན་པོའི་ཐུགས་དམ་ཐང་ཀའི་ཞལ་བྱང་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་ར་སྐུ།། ༈ །།ཨོཾ་སྭ་སྟི་པྲ་ཛེ་བྱིན་རླབས་དངོས་གྲུབ་ཕྲིན་ལས་རྩ་བ་གསུམ། །ཀུན་དྲིལ་ཡིད་བཞིན་ནོར་བུའི་སྒྲུབ་པའི་རྟེན། །དམ་ཚིག་ཕྱག་རྒྱར་ཡེ་ཤེས་རྟག་བཞུགས་ནས། །མཆོག་ཐུན་གྲུབ་པ་རྒྱ་མཚོའི་བྱིན་ཆར་ཕོབས། །ཞེས་པའང་ལུང་ཟིན་སྤྲུལ་པའི་ཆོས་རྒྱལ་ཆེན་པོའི་ཐུགས་དམ་ཐང་ཀའི་ཞལ་བྱང་དུ་པདྨ་འོད་གསལ་མདོ་སྔགས་གླིང་པ་མཁྱེན་བརྩེའི་ལྷས་བྲིས་ཏེ་གསོལ་བ་བཏབ་པ་སརྦ་དཱ་སུ་ཤེ་ཡོ་བྷ་བ་ཏུ།། ༈ །།ཨོ་པདྨོ་ཡོ་གི་ནཱི་ཛྙཱ་ན་ཝཱ་ར་ཧཱི་ཧཱུྃ། ཨ་ཧོ། ཨོ་ཡིག་དྭངས་མ་ལྔ་ལྡན་བདེ་ཆེན་གྱི་པདྨོ། །ཡོ་གི་ནི་ཡི་སྐུ་ཅན་ཟུང་འཇུག་གི་ཛྷཱ་ན། །ཝཱ་ར་ཧཱི་ཞེས་ཞུ་བ་དེ་མི་རྟོག་པའི་བྱིན་ཆར། །ཧཱུྃ་གིས་


JKT023_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བས་སྒྲུབ་ལ་མངོན་སུམ་དུ་སྩོལ་ཅིག །ཅེས་པའང་སྒྲུབ་བརྩོན་ཨཱ་ནནྡའི་དམ་ཚིག་གི་བྲིས་སྐུའི་ཞལ་བྱང་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པ་མཁྱེན་བརྩེའི་ལྷས་གསོལ་བ་བཏབ་པ་སིདྡྷི་ར་སྟུ།། ༈ །།ཨོཾ་སྭསྟི། བླ་མ་ཡི་དམ་ཆོས་སྲུང་ནོར་ལྷ་ཡི། །སྣང་བརྙན་བཞེངས་པའི་དགེ་བས་དམིགས་ཡུལ་གྱི། །སྒྲིབ་གཉིས་ཀུན་བྱང་བདེ་ལྡན་ཞིང་དུ་བགྲོད། །འབྲེལ་ཚད་ཚེ་དཔལ་འབྱོར་པ་རྒྱས་གྱུར་ཅིག །ཅེས་པའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་ལྷས་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།ཨོཾ་སྭ་སྟི་སིདྡྷཾ། ཞི་ཁྲོ་རིགས་འདུས་ཡེ་ཤེས་དཀྱིལ་འཁོར་ཆེ། །ལྷག་པ་གཟུགས་བརྙན་རྟེན་འདིར་རྟག་བཞུགས་ནས། །ཏིང་འཛིན་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཡིས། །ངན་སོང་དོང་སྤྲུགས་འགྲོ་ཀུན་ཡོངས་གྲོལ་ཤོག །ཅེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པ་མཁྱེན་བརྩེའི་ལྷས་བསོད་ནམས་ཀྱི་དངོས་པོར་འདུ་བགྱིས་ཤིང་སྨོན་ཚིག་ཞལ་བྱང་དང་བཅས་དགེ་བའི་བཤེས་གཉེན་སྡོམ་བརྩོན་མདོ་རྒྱུད་འཛིན་པ་ལུང་རྟོགས་བསྟན་པའི་ཉི་མའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་རྟེན་དུ་ཕུལ་བ་མཐོང་ཐོས་དྲན་རེག་གི་འགྲོ་རྣམས་ཀུན་བཟང་རྡོ་རྗེ་སེམས་དཔའི་གོ་འཕང་ལ་འགོད་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་


JKT023_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།ཨོ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། འཆི་མེད་རྟག་པ་དམ་པའི་ཡེ་ཤེས་ཕྱག་རྒྱའི་གཟུགས་སུ་རྣམ་འཕྲུལ་བ། །རྩ་གསུམ་ཆོས་སྲུང་རྒྱ་མཚོའི་བྱིན་རླབས་རྟེན་འདིར་མངོན་སུམ་བཞིན་བཞུགས་ནས། །བསྟན་འཛིན་ཞབས་བརྟན་དགེ་འདུན་སྡེ་འཕེལ་བཤད་སྒྲུབ་ལས་གསུམ་ཕྲིན་ལས་རྒྱས། །འགྲོ་ཀུན་གྲོལ་བ་བཞི་ལྡན་ལམ་ལས་བྱང་ཆུབ་སྙིང་པོར་རོ་གཅིག་ཤོག །ཅེས་པའང་སྔ་འགྱུར་བཤད་སྒྲུབ་ཀྱི་ཆུ་གཏེར་ཆེན་པོ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་ཆོས་སྨྲ་བའི་ཁྱུ་མཆོག་སྤྲུལ་པའི་སྐུ་རིན་པོ་ཆེ་པདྨ་མདོ་སྔགས་བསྟན་འཛིན་ངེས་གསང་ཆོས་ཀྱི་སྣང་བའི་ཐུགས་བཞེད་བཞིན། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་བྲིས་པ་སརྦ་དཱ་སུ་ཤེ་ཡསྶིདྡྷི་རསྟུ།། ༈ །།ཨོྃ་བཛྲ་སཏཱ་དཔལ་ལྡན་སངས་རྒྱས་ཀུན་གྱི་ཡེ་ཤེས་འོ། དང་། །མཉམ་སྦྱོར་རིགས་ཀུན་བསྡུས་པའི་ཡེ་ཤེས་བྱིན། །རྟེན་འདིར་མངོན་སུམ་བཞིན་དུ་རྟག་བཞུགས་ནས། །བརྟན་གཡོའི་དངོས་ཀུན་ཧེ་རུ་ཀར་བྱིན་རློབས། །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་པ་ར་མ་ཨཀྟ་ར་མ་ཧཱ་སུ་ཁ་ཛྙཱ་ན་སིདྷཾ་བྷ་བ་ཏུ།། ༈ །།ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །རྟེན་འདིར་མངོན་སུམ་བཞུགས་པའི་བྱིན་རླབས་ཀྱིས། །


JKT023_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་རིག་མངའ་བདག་བསྟན་འཛིན་ཞབས་བརྟན་ཅིང་། །ལུགས་གཉིས་ཕྲིན་ལས་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་དཱ་ཨཱ་ཡུཛྙཱ་ན་སུ་བྷ་བ་སྤུ་ཊ་བྷ་བ་ཏུ།། ༈ །།ཨོ་ཨ་ཐ། གསོ་དཔྱད་གཞང་ལུགས་བྱེ་བའི་སྙིང་པོའི་ཕུལ། །རིན་ཆེན་སྨན་གྱི་ནོར་བུ་ཀུན་གྱི་གཞི། །བཅུད་རྒྱལ་བཙོ་བཀྲ་སྦྱོང་བའི་ཆོ་ག་དང་། །ཟ་འཆིང་ཁམས་ཀྱི་ལག་ལེན་རབ་གསལ་འདི། །རྒྱལ་བས་ལུང་བསྟན་བློ་གྲོས་མཐའ་ཡས་སྡེའི། །རབ་འབྱམས་ལེགས་པར་བཤད་པའི་ཆ་ཤས་ཏེ། །རིག་བྱེད་འཛིན་རྣམས་སྙིང་གི་ནོར་བུ་དང་། །ལུས་ཅན་འདོད་འཇོའི་དཔག་བསམ་མཆོག་ཏུ་གྲུབ། །སླར་ཡང་ཚེ་རབས་རིང་ནས་ཚོགས་ཟུང་གི །འབྲས་བུ་སྡེ་བཞིའི་སྙེ་མ་གཡུར་ཟ་བ། །དཔལ་ལྡན་མི་ཡི་དབང་པོའི་ཐུགས་བསྐྱེད་ཀྱིས། །ངོ་མཚར་སྤར་གྱི་གླེགས་བུ་མངོན་པར་བསྐྲུན། །དེ་ལས་བྱུང་བའི་དགེ་ཚོགས་ཟླ་བའི་འོད། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོས་པའི་མཐུས། །འཇིག་རྟེན་དབང་ཕྱུག་རྒྱལ་དབང་ཡབ་སྲས་སོགས། །བསྟན་འཛིན་སྐྱེས་བུ་ཐམས་ཅད་ཞབས་བརྟན་ཅིང་། །དགེ་འདུན་སྡེ་རྣམས་བཤད་སྒྲུབ་ཕྲིན་ལས་འཕེལ། །འགྲོ་ཀུན་གནས་སྐབས་ནད་གདོན་ཉེར་འཚེ་ཞི། །ཚེ་དཔལ་འབྱོར་པའི་སྐལ་བཟང་རབ་ཏུ་རྒྱས། །མཐར་ཐུག་ཀུན་མཁྱེན་ཡེ་ཤེས་མྱུར་ཐོབ་ཤོག །ཅེས་


JKT023_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པའང་གསོ་དཔྱད་ཀྱི་གཞུང་ལུགས་ཅུང་ཟད་ཐོས་པའི་བྱ་བྲལ་སྤོང་བ་པའི་གཟུགས་བརྙན་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ ། །སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་ནད་གདོན་བར་ཆད་སོལ། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་རྒྱས་པ་དང་། །རྣམ་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ༈ །།འཆི་མེད་མགོན་པོ་བཅོམ་ལྡན་ཚེ་མཐའ་ཡས། །འཆི་མེད་དཔལ་སྟེར་རྣམ་པར་རྒྱལ་མ་དང་། །འཆི་མེད་འཕགས་མ་ཡིད་བཞིན་འཁོར་ལོ་ཡིས། །འཆི་མེད་ཚེ་དང་ཡེ་ཤེས་བྱིན་ཆར་ཕོབས། །གནས་ཁང་འོག་མིན་རྒྱུན་གྱི་རྟག་པའི་ཞིང་། །རྟེན་གསུམ་ངེས་པ་ལྔ་ལྡན་དཀྱིལ་འཁོར་ཆེ། །སྒྲུབ་པོ་སྐལ་ལྡན་མཆོག་གི་རིག་འཛིན་དུ། །བྱིན་གྱིས་བརླབས་པའི་བཀྲ་ཤིས་དགེ་མཚན་སྩོལ། །ཅེས་བཀྲ་ཤིས་འཆི་མེད་ཁང་གསར་གྱི་བསྟི་གནས་མཛེས་པའི་རྒྱན་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་རསྟུ།། ༈ །།འཇམ་དབྱངས་བླ་མ་མཁྱེན་བརྩེའི་། དབང་པོ་ལ། །སྙིང་ནས་མོས་གདུང་དྲག་པོས་གསོལ་འདེབས་ན། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་རྣམ་འདྲེན་གྲུབ་ཐོབ་མཆོག་གི་


JKT023_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ་དམ་པ་དང་། དད་ལྡན་ཚེ་དབང་ལྷ་མོའི་བཞེད་སྐོང་དུ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ཞིང་བཀྲ་ཤིས།། ༈ །།འཆི་མེད་མཚོ་སྐྱེས་བླ་མས་བྱིན་བརླབས་པའི། །བདེ་ཆེན་པདྨ་དྲྭ་བ་མཆོག་གི་ཞིང་། །མཁའ་འགྲོ་དགྱེས་པ་རཱ་མེ་ཤྭ་རའི་ཡུལ། །རིགས་གསུམ་སེམས་དཔའི་གནས་མཆོག་ཁྱད་པར་ཅན། །རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཀུན། །དག་པ་རབ་འབྱམས་ཡེ་ཤེས་འཁོར་ལོ་དང་། །དབྱེར་མེད་མོས་གུས་གདུང་བས་གསོལ་བ་འདེབས། །བར་ཆད་ཀུན་སོལ་དངོས་གྲུབ་ཆར་བཞིན་ཕོབས། །ཞེས་པའང་དད་ལྡན་གྱི་ངོར་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ༈ །།ཨོ་མ་ཧཱ་སུ་ཁ་ཛྙཱ་ན་ཀཱ་ཡ་སརྦ་སཏཱ་བཛྲ་ཀཱ་ཝ་ཙི་སིདྡྷི་ཧཱུྃ། །བདེ་བ་ཆེན་པོ་མ་ཧཱ་སུ་ཁོ་པདྨ་འབྱུང་གནས་ཀྱི། །ཛཱ་ཡེ་ཤེས་སྐུ་ཅན་ན་ཀཱ་ཡ་རྗེས་དྲན་གསོལ་བཏབ་མཐུས། །སརྦ་སེམས་ཅན་ཐམས་ཅད་ས་ཏཱ་རིགས་འདུས་བླ་མ་ཡི། །བཛྲ་རྡོ་རྗེའི་སྐུ་གསུང་ཐུགས་ཀཱ་ཝ་ཙི་དང་དབྱེར་མེད་ཤོག །ཨི་ཏུ་སི་པདྨ་སཱུ་ཏྲ་མནྟཱ་དཱི་སེ་ན་ལེ་ཁི་ཏཾ་ཤུ་བྷཾ།། ། ཨོཾ་སྭ་སྟི། འཆི་མེད་མགོན་པོ་མཁར་བཞུགས་པའི། །འཆི་མེད་ཞི་དྲག་ཞིང་གི་ལྗོངས། འཆི་མེད་དྲང་སྲོང་བྱ་རི་ཊར། །འཆི་མེད་དགེ་མཚན་རྒྱས་ཕྱིར་བཞེངས། །སརྦ་དཱ་ཨ་མཱ་ར་སིདྡྷཾ་བྷ་བ་ཏུ།། ༈ །།རང་སྣང་རྣམ་དག་པདྨ་འོད་ཀྱི་ཞིང་། །རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །སྤྱི་བོར་བསྒོམ་ཞིང་འབྲལ་


JKT023_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གསོལ་བཏབ་མཐུས། །ཐུགས་ཡིད་གཅིག་འདྲེས་ཡེ་ཤེས་མངོན་གྱུར་ཤོག །ཅེས་པའང་དད་ལྡན་སྒྲུབ་བརྩོན་དམ་པའི་ངོར་པདྨ་འོད་གསལ་མདོ་སྔགས་གླིང་པས་བྲིས་པ་དགེ། །༅། །ན་མོ་གུ་རུ་བྷ ཤིན་ཏུ་རྣམ་དག་འོད་གསལ་ནམ་མཁའི་དབྱིངས། །རྒྱ་ཆེན་འདུས་མ་བྱས་པའི་རྡོ་རྗེའི་སྐུ། །དྲིན་ཅན་བླ་མ་པདྨ་འོད་འབར་རྩལ། །རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེན་པོར་བཞུགས། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །ལུས་དང་ལོངས་སྤྱོད་ལྟོས་མེད་མཆོད་སྤྲིན་འབུལ། །བར་ཆད་ཀུན་ཞི་བསམ་དོན་ཆོས་བཞིན་འགྲུབ། །ཡེ་ཤེས་རྩལ་ཆེན་རྫོགས་པར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་སྒྲུབ་བརྩོན་རྟོགས་ལྡན་ཤཱཀྱ་ཤྲཱིའི་ཆེད་མཁྱེན་བརྩེའི་དབང་པོས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། ༈ །།ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱ་ཧཱ། རྗེ་བཙུན་སྒྲོལ་མ་འཁོར་བཅས་ཀྱིས། །དད་ལྡན་སྒོ་གསུམ་བར་ཆད་སོལ། །བསམ་དོན་ཆོས་བཞིན་འགྲུབ་པ་དང་། །བདེ་ཅན་ཞིང་དུ་འདྲེན་མཛད་གསོལ། །ཅེས་ལྷ་ལྕམ་རྣམ་སྲས་སྒྲོལ་མའི་དད་རྟེན་ཐང་ཀའི་ཞལ་བྱང་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། ༈ །།ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱིཧཱུཾ་བཛྲ་ཛྷཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། འཆི་མེད་འཕགས་མ་འཁོར་བཅས་ཡེ་ཤེས་བྱིན། །དམ་ཚིག་རྟེན་འདིར་མངོན་སུམ་རྟག་བཞུགས་ནས། །མཆོག་ཐུན་དངོས་


JKT023_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བདུད་རྩིའི་ཆར་ཆེན་པོས། །ཕན་བདེའི་པདྨོ་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་དད་འབྱོར་ལྡན་པ་ལྕམ་རྣམ་སྲས་སྒྲོལ་མའི་ཐུགས་དམ་ཐང་ཀའི་ཞལ་བྱང་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་སྤེལ་བ་སིདྡྷཾ་བྷ་བ་ཏུ།། ༈ །།ཨོཾ་སྭ་སྟི། བདེ་གཤེགས་སོ་ལྔའི་ཐུགས་རྗེའི་ཟླ་སྣང་གི། །སྡིག་དང་ལྟུང་བའི་མུན་པ་ཀུན་ཞི་ཞིང་། །ཡང་དག་ཡེ་ཤེས་མཆོག་གི་གཟི་འབར་བས། །འབྲེལ་ཚད་བདེ་ཅན་ཞིང་དུ་དབུགས་འབྱིན་ཤོག །ཅེས་དད་ལྡན་སྒྲོན་མ་འཚོའི་བསགས་སྦྱང་གི་རྟེན་དུ་བཞེངས་པའི་ཐང་ཀའི་ཞལ་བྱང་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ཞིང་བཀྲ་ཤིས།། ༈ །།ཨོཾ་སྭ་སྟི་སིདྡྷཾ། ཐུབ་དབང་ཉེ་བའི་སྲས་བཅས་ཀྱི། །བྱིན་རླབས་བདུད་རྩིས་ཡིད་ཅན་ཀུན། །ཐར་བདེའི་པདྨོ་རབ་རྒྱས་ནས། །རྣམ་གྲོལ་འབྲས་བུས་མཛེས་གྱུར་ཅིག །ཅེས་པའང་དད་འབྱོར་ལྡན་པ་ལྕམ་རྣམ་སྲས་ལགས་ཀྱི་ཕྱག་མཆོད་རྟེན་ཐང་ཀའི་ཞལ་བྱང་དུ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ༈ །།ཨོཾ་སྭ་སྟི། ཐུབ་བསྟན་རྒྱ་མཚོའི་ཤིང་རྟ་ཆེ། །འཕགས་པའི་གནས་བརྟན་མཆོག་རྣམས་ཀྱི། །ཡེ་ཤེས་གཟིགས་པས་ཡིད་ཅན་ཀུན། །རྣམ་མཁྱེན་གོ་འཕང་ལ་འགོད་ཤོག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷཾ་བྷ་བ་


JKT023_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ།། ༈ །།ཨོཾ་སྭ་སྟི། ཤཱཀྱ་སེང་གེས་ལེགས་གསུང་གི། །རིན་ཆེན་སྒྲོམ་ལ་དབང་བསྒྱུར་བའི། །གནས་བརྟན་ཆེན་པོ་འཁོར་བཅས་ཀྱིས། །སྲིད་ཞིའི་དགེ་ལེགས་སྨིན་གྱུར་ཅིག །ཅེས་པའང་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷཾ་བྷ་བ་ཏུ།། ༈ །ཨོཾ་མ་ཎི་པདྨེ་ཧཱུཾ། འཇིག་རྟེན་དབང་ཕྱུག་འཕགས་པ་བཅུ་གཅིག་ཞལ། །རིགས་བཞི་རྩ་བརྒྱུད་བླ་མ་ཆོས་སྲུང་ནི། །ཡེ་ཤེས་གཟི་བྱིན་རྟེན་འདིར་རྟག་བཞུགས་ནས། །འབྲེལ་ཚད་བདེ་ཆེན་ཞིང་དུ་དབུགས་འབྱིན་གསོལ། །ཅེས་ས་དབང་ཆོས་རྒྱལ་ཆེན་པོའི་མཛོད་འཛིན་ཚེ་དབང་དགེ་ལེགས་ལགས་ཀྱི་སྨྱུང་བར་གནས་པའི་སྒྲུབ་རྟེན་ཐང་ཀའི་ཞལ་བྱང་དུ་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷཾ་བྷ་བ་ཏུ།། ༈ །།ཨོཾ་མ་ཎི་པདྨེ་ཧཱུྃ། འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་སྤྱན་རས་གཟིགས། །རྩ་གསུམ་རྒྱལ་བ་རབ་འབྱམས་ཡེ་ཤེས་བྱིན། །དམ་ཚིག་རྟེན་འདིར་འབྲེལ་མེད་རྟག་བཞུགས་ནས། །མཆོག་ཐུན་དངོས་གྲུབ་དཔལ་གྱིས་དགྱེས་མཛད་གསོལ། །ཅེས་པའང་མ་ཧཱ་ཙི་ནའི་ཤིང་བཟོ་མཁས་པའི་ཕུལ་ཕྱིན་དད་ལྡན་གང་དེའི་ཕྱག་མཆོད་རྟེན་བྲིས་སྐུའི་ཞལ་བྱང་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། ༈ །།ཨོཾ་སྭ་སྟི་སིདྡྷཾ། ཕྱོགས་བཅུ་དུས་བཞིའི་རྩ་གསུམ་རབ་འབྱམས་ཀྱི། །ཡེ་ཤེས་བྱིན་རླབས་རྟེན་འདིར་རྟག་བཞུགས་ནས། །


JKT023_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་ཡིས། །རྗེས་བཟུང་ས་ལམ་ཡོན་ཏན་མཐར་ཕྱིན་ཤོག །ཅེས་སྒྲུབ་བརྩོན་དགེ་སློང་པུརྱ་སཱ་ག་རའི་དད་རྟེན་ཐང་ཀའི་ཞལ་བྱང་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་བྲིས་པ་དགེ་ཞིང་བཀྲ་ཤིས།། ༈ །།ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཐུགས་རྗེ་ཆེ་མངའ་སྡུག་བསྔལ་རང་གྲོལ་གྱི། །དཀྱིལ་འཁོར་ལྷ་ཚོགས་ཡེ་ཤེས་སྣང་བ་ཡིས། །དད་ལྡན་སྒྲུབ་པོའི་སྒོ་གསུམ་བྱིན་བརླབས་ནས། །དངོས་གྲུབ་རྣམ་གཉིས་ཚེ་འདིར་འགྲུབ་མཛད་གསོལ། །ཅེས་པའང་ལྷག་པའི་ལྷ་མཆོག་འདི་ཉིད་ཀྱི་རྣལ་འབྱོར་པ་དགེ་སློང་ཐུབ་བསྟན་བསོད་ནམས་རྒྱ་མཚོའི་སྒྲུབ་རྟེན་དཀྱིལ་འཁོར་གྱི་ཞལ་བྱང་དུ་འཇམ་དབྱངས་མཁྱེན་བརྩེའི་ལྷས་སྤེལ་བ་བསྙེན་སྒྲུབ་མཐར་ཕྱིན་འབྲལ་ཚད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །མངྒ་ལཾ།། ༈ །།ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། སྐུ་གསུམ་དབྱེར་མེད་བར་ཆད་ཀུན་སེལ་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཡི། །དཀྱིལ་འཁོར་རབ་འབྱམས་ཡེ་ཤེས་གཟི་བྱིན་དམ་ཚིག་རྟེན་འདིར་རྟག་བཞུགས་ནས། །མཁའ་ཁྱབ་ཡིད་ཅན་བསྙེན་སྒྲུབ་བཞི་ལྡན་སྨིན་གྲོལ་བདུད་རྩིའི་བཅུད་ལེན་གྱིས། །ས་བཅུ་ལམ་ལྔའི་ལང་ཚོ་རབ་འབར་འཆི་མེད་རྟག་པའི་མཆོག་འགྲུབ་ཤོག །བཟོ་གནས་མིག་གི་བདུད་རྩིར་བསྒྲུབ་ཅིང་ཡོ་བྱད་ཕུན་སུམ་ཚོགས་པ་དང་བཅས་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་


JKT023_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་སྐུ། རྗེ་གཏེར་ཆེན་བླ་མ་དང་ཁོ་བོ་ཅག་ཟུང་གིས་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ཟབ་མོའི་གཏེར་རྒྱ་འགྲོལ་བའི་སྐབས་སྒྲུབ་རྟེན་དུ་བཟུང་ཞིང་། བྱིན་རླབས་ཀྱི་གཟི་འོད་འབར་བའི་རྟེན་ཁྱད་པར་ཅན་ཉིད་ཀྱི་སྒྲུབ་བརྒྱུད་བསྟན་པའི་འབྱུང་གནས་དཔལ་བདུད་རྩི་ཐིལ་གྱི་ཆོས་གྲྭར་གཏེར་གསར་རིག་འཛིན་བླ་མའི་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་གསར་དུ་ཚུགས་སྐབས་སྒྲུབ་པའི་རྟེན་དུ་ཕུལ་བ། མཐོང་ཐོས་དྲན་རེག་འགྲོ་ཀུན་ཨོ་རྒྱན་བླ་མས་རྗེས་སུ་བཟུང་བ་དང་། བསྟན་འགྲོའི་ཕན་བདེའི་དགེ་མཚན་དབྱར་མཚོ་ལྟར་རྒྱས་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་སོ། །སརྦ་དཱ་སུ་ཤེ་ཡོ་བྷ་བ་ཏུ།། ༈ །།ཨོཾ་སྭ་སྟི་སིདྡྷཾ། རབ་འབྱམས་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་ཀྱི། །ཞིང་དང་སྟོན་པ་ཀུན་ལས་ཁྱད་འཕགས་པ། །བདེ་ལྡན་མགོན་པོ་རྟེན་དང་བརྟེན་པ་ཡི། །ངོ་མཚར་མིག་གི་བདུད་རྩིར་སྣང་བའི་དཔྱིད། །བི་ཤྭ་ཀརྨའི་ཁེངས་པ་སྙིལ་བྱེད་པའི། །ཀཱ་ཤིའི་དྭངས་མཚོར་འཕོས་པའི་ལེགས་བྱས་ཀྱིས། །བདག་དང་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ཀུན། །ཚེ་འདིར་འགལ་རྐྱེན་མི་མཐུན་ཀུན་ཞི་ཞིང་། །མཐུན་རྐྱེན་ཚེ་དང་དཔལ་འབྱོར་ཡེ་ཤེས་རྒྱས། །བསམ་པའི་དོན་ཀུན་ཆོས་བཞིན་འགྲུབ་པ་དང་། །ནམ་ཞིག་


JKT023_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འཕོས་བདེ་ལྡན་ཞིང་ཁམས་སུ། །པདྨའི་སྙིང་པོར་བརྫུས་ཏེ་སྐྱེས་ནས་ཀྱང་། །སངས་རྒྱས་ཞིང་མཐོང་དམ་ཆོས་བདུད་རྩི་སྦྱོང་། །ཐེག་མཆོག་སྤྱོད་པའི་གྲོགས་དང་ལྷན་ཅིག་ཏུ། །གཞན་དོན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པའང་དགེ་སློང་དགེ་བའི་བཤེས་གཉེན་མང་ཐོས་སྤོང་བ་པའི་ཁྱུ་མཆོག་འགྲན་ཟླ་དང་བྲལ་བ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཐང་ཀའི་ཞལ་བྱང་དུ། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝའི་ཞབས་རྡུལ་ལ་དངོས་སུ་སྤྱི་བོས་རེག་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།དཔལ་དགྱེས་མཛད་རྡོ་རྗེ་མར་སྟོན་ཆེ། །རྗེ་མི་བསྐྱོད་ངོ་བོ་རས་པ་ཆེ། །མགོན་ཟླ་འོད་གཞོན་ནུ་དྭགས་སྟོན་ཆེའི། །གསང་གསུམ་གྱི་བྱིན་རླབས་རྟེན་འདིར་བཞུགས། །ཞེས་པའང་ཀརྨ་བསྟན་པའི་ཉི་མ་བཤད་སྒྲུབ་ཆོས་ཀྱི་སེང་གེས་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།ཨོཾ་སྭ་སྟི། རྗེ་བཙུན་ཡིད་བཞིན་འཁོར་ལོ་ཡི། །ཐུགས་རྗེས་རྣམ་ཀུན་བྱིན་བརླབས་པས། །བར་དུ་གཅོད་པ་ཀུན་ཞི་ཞིང་། །ཆོས་མཐུན་བསམ་དོན་ལྷུན་གྲུབ་ཤོག །ཅེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། ༈ །།ཨོཾ་གྱི་ངོ་བོ་ཏཱ་རེ་སྒྲོལ་མ། །ཏུཏྟཱ་རེ་ཞེས་གདུང་བ་སྐྱོབ་མ། །ཏུ་རེ་


JKT023_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གློག་ལྟར་ཐུགས་རྗེ་མྱུར་མས། །སྭཱ་ཧཱ་དགེ་ལེགས་ཀུན་ཏུ་སྩོལ་ཅིག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སརྦ་སུ་ཤེ་ཡསིདྡྷི་རསྟུ།། ༈ །།རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་སྟོབས་ཀྱིས། །སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །ཀུན་དགའ་ཆོས་ཀྱི་དབང་པོའི་རྣམ་འཕྲུལ་མཆོག །འཁྲུལ་མེད་མྱུར་དུ་འབྱོན་པར་བྱིན་གྱིས་རློབས། །དེ་ཡང་ཚུལ་གནས་གསན་བསམ་སྒོམ་གསུམ་རྫོགས། །བཤད་དང་སྒྲུབ་པའི་དཔལ་ལ་དབང་འབྱོར་ཞིང་། །བསྟན་དང་འགྲོ་བའི་དོན་ཆེན་ལྷུན་གྱིས་གྲུབ། །ཕན་བདེའི་སྐལ་བཟང་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་སྒྲུབ་བརྩོན་བླ་མ་ཟུང་གིས་བསྐུལ་ངོར་མཁྱེན་བརྩེའི་དབང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ་བྷ་བ་ཏུ།། ༈ །།ཨཱརྱ་མཉྫ་ཤྲཱི་ནཱ་མ་སཾ་གཱི་ཏི་མ་ཧཱ་ཏན་རཱ་ཛ་ནཱ་མཱ་སྟི། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་བཀླག་ཐབས་དང་བཅས་པ་བྲིན་རི་མགོ་བླ་མའི་སྤར་ཐུང་གི་རྒྱབ་ཡིག་སོར་བཞག་བྲི། པོ་བཞུགས་སོ། །དབུ་ལྷ་འཇམ་དབྱངས་སྐུ་མདོག་དམར་སེར། ཞལ་གཅིག་ཕྱག་། བཞི། ཕྱག་དང་པོ་གཡས་རལ་གྲི་འཕྱར་སྟབས། རྒྱུད་རྐྱང་པ་ཡིན་ན་རྒྱབ་ཡིག་འདི་ལྟར་དང་། གཡོན་པུ་སྟི་ཐུགས་ཀ །འོག་མ་གཉིས་མདའ་གཞུ་འགེངས་པ། ཞབས་རྡོར་སྐྱིལ། ཟུར་ཕུད་ལྔ་སོགས་གཞན་རྒྱན་ཆ་


JKT023_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་འཇམ་དབྱངས་དམར་སེར་སྤྱི་ལྟར་རོ། །ཞལ་བྱང་། སྲས་བཅས་རྒྱལ་ཀུན་ཡེ་ཤེས་སྐུ། །གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །གཤམ་དུ་མཆོད་རྟེན་བཀྲ་ཤིས་སྒོ་མང་གི་ཞལ་བྱང་། །བཀྲ་ཤིས་ཆོས་ཀྱི་སྒོ་མང་པོ། །འབྱུང་གནས་ཐུགས་ཀྱི་མཆོད་རྟེན་མཛེས། ༈ །ཨཱརླ་པྲཛྙཱ་པ་ར་མི་ཏཱ་སཉྩཡ་གཱ་ཐཱ་ནཱ་མཱ་སྟི། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ཞེས་བྱ་བ་བཞུགས་སོ། །དབུ་ལྷ་ཐུབ་པ་སྤྱི་ལྟར། ཞལ་བྱང་། ཤེས་རབ་ཕ་རོལ་ཕྱིན་པའི་གཞུང་། །སྟོན་མཆོག་མཚུངས་མེད་ཤཱཀྱའི་ཏོག །གཤམ་དུ་བྱང་ཆུབ་མཆོད་རྟེན་ཞལ་བྱང་། བྱང་ཆུབ་ཆོས་སྐུའི་ཡེ་ཤེས་གཟུགས། །ཐུགས་ཀྱི་རང་བཞིན་མཆོད་རྟེན་ཆེ། ༈ །ཨཱརྱ་བྷ་དྲ་ཙརྱ་པྲ་ཎི་དྷཱ་ན་རཱ་ཛ་ནཱ་མཱ་སྟི། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་བཞུགས་སོ། །དབུ་ལྷ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སྐུ་མདོག་དམར་པོ་གཡས་བུམ་པ་ནོར་བུས་གང་བ་ཐུགས་ཀའི་ཐད་དུ་གཏོད་དེ་འཛིན་པ། གཡོན་ནུ་མ་གཡོན་པའི་ཐད་སྐྱབས་སྦྱིན་གྱི་རྒྱས་མཐེབ་སྲིན་གྱིས་པདྨ་དཀར་པོའི་སྡོང་བུ་བསྣམས་པ། སྙན་གཡས་པའི་ཐད་ཁ་བྱེ་བར་ཉི་མས་མཚན་པ། ཞབས་སེམས་སྐྱིལ། དར་དང་རིན་པོ་ཆེའི་རྒྱན་སོགས་བྱང་སེམས་སྤྱི་འགྲེ། ཞལ་བྱང་། འཕགས་བཞིའི་སྨོན་ལམ་ཡོངས་གྲུབ་པ། །བྱང་སེམས་ཁྱུ་


JKT023_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཀུན་ཏུ་བཟང་། །གཤམ་དུ་རྣམ་རྒྱལ་མཆོད་རྟེན་ཞལ་བྱང་། སྲིད་ཞིའི་ཕྱོགས་ལས་རྣམ་རྒྱལ་བའི། །ཐུགས་ཀྱི་རང་བཞིན་མཆོད་པའི་རྟེན། །ཆོས་ཚན་སོ་སོའི་གཤམ་དུ་དགེ་བསྔོ། ཨོཾ་སྭ་སྟི་སིདྡྷཾ། ལེགས་གསུང་རིན་ཆེན་འདི་བཞེངས་བསོད་ནམས་ཀྱིས། །མ་ཏི་བྷ་དྲ་འབྲེལ་པར་བཅས་པ་ཀུན། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་ཡོངས་སུ་རྫོགས། །དམ་པ་གཉིས་སྐུ་མྱུར་དུ་ཐོབ་པར་ཤོག ། ཅེས་པའང་མཉྫགྷོ་ཥས་བྲིས་པ་སུ་ཤེ་ཡནྟུ།། ༈ །།ཨོཾ་སྭ་སྟི། སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ་ཅན་འཇམ་དཔལ་མཚན་དོན་བརྗོད་པའི་དབྱངས། །རྒྱུད་སྡེ་རྒྱ་མཚོའི་སྙིང་པོར་ཡོངས་སྣང་ལེགས་གསུང་སྤར་དུ་བསྒྲུབས་པའི་དགེས། །བསྟན་འཛིན་ཞབས་བརྟན་བསྟན་པ་དར་རྒྱས་སྦྱིན་བདག་སྡེ་བཞིའི་དཔལ་འབྱོར་འཕེལ། །འགྲོ་ཀུན་ཕན་བདེའི་དགའ་སྟོན་དར་བབས་ཀུན་མཁྱེན་གོ་འཕང་མྱུར་ཐོབ་ཤོག ། ཅེས་པའང་རྣམ་དཀར་སྒྲུབ་པ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་སྨྲས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།ཨོཾ་སྭ་སྟི་སིདྡྷཾ། གང་མཚན་ཐོས་དང་དད་པ་ཙམ་གྱིས་ཀྱང་། །ཞིང་ཁམས་བདེ་བ་ཅན་དུ་དབུགས་འབྱིན་པའི། །ཐུགས་བསྐྱེད་དམ་བཅའ་རྨད་བྱུང་བཅོམ་ལྡན་འདས། །འོད་དཔག་མེད་མགོན་ཆོ་ག་ཡན་ལག་བཅས། །གསུང་གི་རྡོ་རྗེ་པདྨ་སཾ་བྷ་ཝའི། །


JKT023_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དང་མན་ངག་ཇི་བཞིན་ལེགས་བཤད་པའི། །ཕྱི་མོ་གཅིག་ལས་དུ་མར་འཆར་བའི་འཕྲུལ། །བརྩོན་པས་བསྒྲུབས་པའི་བསོད་ནམས་ལ་བརྟེན་ནས། །བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་འཚོ་གཞེས་ཤིང་། །བཤད་སྒྲུབ་བསྟན་པས་ས་ཆེན་ཡོངས་སུ་ཁྱབ། །འགྲོ་ཀུན་བདེ་ཅན་ཞིང་དུ་སྐྱེས་ནས་ཀྱང་། །ཐམས་ཅད་གཟིགས་པའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ཤཱཀྱའི་དགེ་སློང་མང་ཐོས་སྤོང་བ་པའི་ཁྱུ་མཆོག་སྡེ་སྣོད་འཛིན་པ་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་གཞུང་འདིའི་སྨིན་གྲོལ་ཟབ་ཁྲིད་དང་བཅས་པ་ཁོ་བོ་ཅག་ལས་རྫོགས་པར་ནོས་ཏེ། སྒྲུབ་གནས་ཀྱི་རྒྱལ་པོ་བདེ་ཆེན་པདྨ་ཤེལ་ཕུག་ཏུ་ཆོ་ག་འདི་ཉིད་ལ་བརྟེན་ནས་སྣང་གསལ་མར་མེའི་མཆོད་པ་འབུམ་ཐེར་དང་བཅས་བཟང་པོ་སྤྱོད་པའི་སྨོན་ལམ་འབུམ་ཕྲག་ལྷག་པ་ཞལ་འདོན་དུ་མཛད་པ་སོགས་ཀུན་ཏུ་བཟང་པོའི་ལེགས་བཤད་བླ་ན་མེད་པ་ལ་གཅིག་ཏུ་གཞོལ་བའི་སྐབས་དགེ་ཚོགས་རིན་པོ་ཆེ་སྒོ་དུ་མ་ནས་རྒྱས་པར་བྱ་བའི་སླད་དུ་གཞུང་ལེ་ཚན་འདི་རྣམས་ཀྱང་ཆོས་སྦྱིན་སྤར་གྱི་ཕྱི་མོར་སྤེལ་བའི་སྤར་བྱང་སྨོན་ཚིག་ཏུ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་རསྟུ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།ན་མོ་གུ་རུ་མཉྫཤྲཱི་ཀུ་མཱ་ར་བྷཱུ་ཏཱ་ཡ། གཞི་རྒྱུད་ཟབ་གསལ་དབྱེར་མེད་འཇམ་པའི་དཔལ། །ལམ་


JKT023_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཐབས་ཤེས་ཟུང་འཇུག་འཇམ་པའི་དབྱངས། །འབྲས་རྒྱུད་སྐུ་དང་ཡེ་ཤེས་ལྷན་ཅིག་སྐྱེས། །བླ་མ་འཇམ་པའི་རྡོ་རྗེར་ཕྱག་འཚལ་ལོ། །གསང་བའི་བདག་པོས་རྫོགས་པའི་སངས་རྒྱས་ལ། །གསོལ་བཏབ་ཞལ་བཞེས་རིགས་དྲུག་སྒྱུ་འཕྲུལ་ཆེ། །རྡོ་རྗེ་དབྱིངས་དང་ཡེ་ཤེས་རྣམ་པ་ལྔའི། །ཚིགས་བཅད་བསྟོད་དང་གསང་བའི་སྔགས་དགོད་པ། །ལེགས་གསུངས་རྗེས་སུ་ཡི་རང་དང་བཅས་པའི། །རྒྱུད་ཀུན་བདག་པོ་འཇམ་དཔལ་ཡེ་ཤེས་སེམས། །དོན་དམ་མཚན་ནི་ཡང་དག་བརྗོད་པའི་མཆོག །གསུང་གཅིག་ཉིད་ལས་མཐའ་ཡས་དམ་ཆོས་ཆར། །འདོད་རྒུར་འཆར་བའི་རྫོགས་ལྡན་སྤྲིན་ཆེན་པོ། །གང་འདིར་མི་ཕྱེད་དད་པས་ཀུན་བསླངས་ཏེ། །བསོད་ནམས་བྱས་པའི་དངོས་པོ་ཇི་སྙེད་ཀུན། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བར་བགྱི། །དགེ་བ་དེ་ཡིས་བདག་གཞན་ཡིད་ཅན་ཀུན། །དལ་འབྱོར་ཁ་མཆོག་ཐོབ་ཐུབ་པའི་བསྟན་ལ་ཞུགས། །བླ་མ་འཇམ་པའི་དབྱངས་ཀྱིས་རྗེས་བཟུང་སྟེ། །ཚུལ་གནས་ཐོས་བསམ་སྒོམ་པའི་མཐར་སོན་ཤོག །བརྩེ་དང་བྱང་སེམས་གཉིས་སུ་མེད་བློ་ལྡན། །རྡོ་རྗེའི་རྣལ་འབྱོར་ཟབ་མོ་མངོན་གྱུར་ནས། །སྐུ་དང་ཡེ་ཤེས་ཕྲིན་ལས་མཐའ་ཡས་པ། །འཇམ་དཔལ་གཞོན་ནུའི་གོ་འཕང་མྱུར་ཐོབ་ཤོག །གཞན་ཡང་བསྟན་འཛིན་མཆོག་རྣམས་ཞབས་པད་བརྟན། །བཤད་སྒྲུབ་


JKT023_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རིན་ཆེན་ཕྱོགས་བཅུར་འཕེལ། །སྣོད་བཅུད་རྫོགས་ལྡན་དུས་ཀྱི་འབྱོར་པ་རྒྱས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་བསླབ་གསུམ་དད་ལྡན་ཞིང་སྒྲུབ་ལ་མཆོག་ཏུ་གཞོལ་བའི་དགེ་སྦྱོང་ཀརྨ་ལྷ་དཔལ་གྱིས་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་དད་བརྩོན་གྱིས་སྤར་དུ་བསྒྲུབས་པའི་སྐབས། རྒྱུད་ཀྱི་དགོངས་དོན་དང་བསྟུན་པའི་སྨོན་ལམ་ཁ་ཏོན་དུ་བྱས་ཆོག་པ་ཞིག་དགོས་ཞེས་བསྐུལ་བའི་ངོར། །རྒྱུད་དོན་གྱི་ས་བཅད་མདོར་བསྡུས་པ་བཅས་གཞིར་བཀོད་དེ། རིག་འཛིན་གྱི་བཙུན་པ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་གསུམ་པ་ཙཱ་འདྲ་། རིན་ཆེན་བྲག་གི་མགུལ། བཤད་སྒྲུབ་བྱེ་བའི་འབྱུང་གནས་འཇམ་མགོན་དགྱེས་པའི་གཞལ་མེད་ཁང་ཆེན་པོར་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་མངྒ་ལཾ།། ༈ །།ཨོཾ་སྭ་སྟི་སིདྡྷཾ། བཀྲ་ཤིས་མཚན་གྱི་སྤྲིངས་ཡིག་ཆ་རེས་ཀྱང་། །དུས་མིན་འཆི་བའི་འཇིགས་པ་ཀུན་བསལ་ནས། །ཕུན་ཚོགས་དངོས་གྲུབ་སྟེར་མཛད་ལྷག་པའི་ལྷ། །བདེ་ལྡན་ཞིང་གི་མགོན་པོས་དགེ་ལེགས་སྩོལ། །གང་དེའི་འཆི་མེད་སྐུ་ཡི་སྣང་བརྙན་དང་། །གསུང་གི་གསང་བ་རྨད་བྱུང་གཟུངས་ཀྱི་གཞུང་། །ཐུགས་ཀྱི་རང་གཟུགས་ཆོས་སྐུའི་མཆོད་རྟེན་བཅས། རྣམ་དཀར་ཕྱི་མོར་བསྐྲུན་པའི་ལེགས་བྱས་ཀྱིས། །བསྟན་འཛིན་


JKT023_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །བསྟན་པའི་སྦྱིན་བདག་སྡེ་བཞིའི་དཔལ་འབྱོར་རྒྱས། །བསྟན་ལ་དད་རྣམས་ཚེ་བསོད་ཡེ་ཤེས་འཕེལ། །བསྟན་པ་ཕྱོགས་བཅུར་དར་བའི་བཀྲ་ཤིས་ཤོག །ཅེས་པའང་ཤཱཀྱའི་དགེ་སློང་སྤོང་བ་པ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཚུལ་འདིའི་ལེགས་བྱས་འདུ་བགྱིས་པའི་སྐབས་རྩེ་གཅིག་ཏུ་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།ཐུབ་བསྟན་དར་རྒྱས་གླིང་གི་འོག་མིན་རིག་འཛིན་ལྷ་ཁང་འཆི་མེད་པདྨོ་བཀོད་པའི་ཞིང་ཁམས་ཆེན་པོའི་གཏམ་ངོ་མཚར་དད་པའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་བི་ཛ་ཡནྟ། དགེ་ལེགས་ཐུགས་རྗེ་རྫོགས་ལྡན་སྤྲིན་ཆེན་ལས། །ཕན་བདེའི་འདོད་རྒུ་ཆར་དུ་སྙིལ་མཛད་པ། །དཀོན་མཆོག་རིན་ཆེན་རྩ་གསུམ་ཆོས་སྲུང་གིས། །རྣམ་ཀུན་ཤིས་པའི་དགའ་སྟོན་སྦྱིན་གྱུར་ཅིག །ཅེས་དགེ་ལེགས་སུ་བྱ་བའི་ཚིག་གིས་མདུན་བསུས་ཏེ། འོག་མིན་རིག་འཛིན་ལྷ་ཁང་མཐོང་གྲོལ་འཆི་མེད་པདྨོ་བཀོད་པའི་ཞིང་ཁམས་འདི་ཉིད་ལས་བརྩམས་ཏེ་འབེལ་བའི་གཏམ་ཅུང་ཟད་ཙམ་བརྗོད་ན། འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རྗེའི་འཇུག་པས་ཡོངས་སུ་བཟུང་བའི་གངས་ཅན་བོད་ཀྱི་ལྗོངས་འདིར་སྐོར་གསུམ།


JKT023_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རུ་བཞི། སྒང་དྲུག་ཏུ་གྲགས་པའི་ཕྱི་མའི་བྱེ་བྲག་སྨར་ཁམས་ཟལ་མོ་སྒང་གི་ནོར་འཛིན་གྱི་ཐིག་ལེ། གནམ་བསྐོས་དགའ་ལྡན་ཕོ་བྲང་པ་དང་། གོང་མ་ཆེན་པོ་མཆོད་ཡོན་གྱི་ལྷ་འབངས་འདབས་འབྲེལ་བའི་ས་མཚམས་རྒྱ་སྣེ་སྟེང་གི་བྱེ་བྲག །ཡུལ་ལ་གཡང་ཆགས་པས་འདོད་རྒུའི་དགེ་མཚན་ཕུན་སུམ་ཚོགས་པས་བརྒྱན་པ་འདེབས་མ་ཞབས་ཞེས་པ་འདིར། སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཤིང་། དཀོན་མཆོག་དད་པས་འབྲས་ལ་བླ་མར་བགྱི་བའི་དད་གཏོང་ཕུན་སུམ་ཚོགས་པས་བརྒྱན་པའི་བཟོ་གནས་རྒྱ་མཚོར་བྱང་ཆུབ་པ་དབུ་མཛད་ཆེན་མོ་ཤཱཀྱའི་དགེ་སྦྱོང་ཀརྨ་དྷརྨ་བནྡྷ་ནས་ལྷག་པའི་བསམ་པ་སྟོན་ཟླ་ལྟར་དཀར་བ་དཔལ་ལྡན་བླ་མ་དམ་པ་གོང་མ་ཆོས་ཀྱི་སྤྱན་ལྡན་ཞི་བར་གཤེགས་པ་རྣམས་ཀྱི་དགོངས་རྫོགས། གོང་མ་མཆོད་ཡོན་གྱིས་གཙོས་ད་ལྟར་ཞལ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རིས་སུ་མ་ཆད་པ་དང་། བསྟན་པའི་སྦྱིན་བདག་ཆེན་པོ་རྣམས་ཀྱི་ཞབས་བརྟན། ཕྱོགས་བཅུའི་དགེ་འདུན་གྱི་སྡེ་འཕེལ་ཞིང་འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པ་དང་། རང་གཞན་འབྲེལ་ཚད་ཐམས་ཅད་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོར་མྱུར་དུ་དབུགས་འབྱིན་པའི་ལྷན་ཅིག་བྱེད་རྐྱེན་དུ་དམིགས་ཏེ། བསྟན་པ་ལ་དད་པའི་ཡོན་གྱི་བདག་པོ་རྣམས་དང་བཅས་བཀྲ་ཤིས་པའི་


JKT023_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་དང་ཀུན་དགའ་ར་བ་བཀོད་ལེགས་སུ་བསྐྲུན། རྒྱལ་བ་སྲས་དང་བཅས་པའི་སྣང་བརྙན་གཙོ་བོར་གྱུར་པའི་སྐུ་གསུང་ཐུགས་རྟེན་རྨད་དུ་བྱུང་བ་བཞེངས། དགེ་འདུན་འདུ་བའི་སྒོ་གྱ་ནོམ་པ་སྦྱར་ཏེ་བཤད་སྒྲུབ་ཟུང་འབྲེལ་གྱི་དགོན་གནས་ཐུབ་བསྟན་དར་རྒྱས་གླིང་ཞེས་གྲགས་པའི་ཡི་གེས་མཛེས་པར་བྱས་པ་དང་ཆབ་གཅིག །སླར་ཡང་ཁོ་བོ་ཅག་ལའང་ཆོས་ཀྱི་བདུད་རྩི་ཟབ་མོ་ནོས་ཤིང་མི་ཕྱེད་པའི་དད་པས་མཚམས་སྦྱར་ཏེ། གཙུག་ལག་ཁང་གི་སྟེང་ཐོག་ཏུ་རྩ་བརྒྱུད་ཀྱི་བླ་མ་གཙོ་བོར་གྱུར་པའི་འོག་མིན་རིག་འཛིན་ལྷ་ཁང་མཐོང་གྲོལ་འཆི་མེད་པདྨ་བཀོད་པའི་ཞིང་ཁམས་ཆེན་པོ་འདི་ཉིད་བཞེངས་པའི་གཡར་དམ་ལྷུར་བཞེས་ཏེ་ཕྱག་ལེན་དུ་བཏབ་པ་ན། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེས་གཞི་བཟུང་། རྡོ་རྗེའི་ཆོས་སྐྱོང་བའི་ཚོགས་དང་། དཀར་ཕྱོགས་ལ་མངོན་པར་དགའ་བའི་ལྷ་ཀླུ་མཐུ་བོ་ཆེ་རྣམས་ཀྱིས་ཕྲིན་ལས་སྩལ། ཕྱོགས་འདིའི་བླ་མ་དགེ་འདུན་དང་བསྟན་པ་ལ་དད་པའི་དབོན་འབངས་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་བའི་གྲོགས་མཛད་དེ་མཐོང་ཐོས་དྲན་རེག་གི་ཡིད་ཅན་ཐམས་ཅད་གྲོལ་བ་བཞི་དང་ལྡན་པའི་སྣང་བརྙན་ལྷ་མིའི་མཆོད་སྡོང་བསྟན་འགྲོའི་བཙས་ཆེན་པོར་གྲུབ་པ་འདི་ཉིད་ཀྱི་རྟེན་གྱི་གཙོ་བོར་སྐྱབས་གནས་ཀུན་འདུས་ཀྱི་བདག་


JKT023_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སངས་རྒྱས་གཉིས་པ་པདྨ་སཾ་བྷ་བའི་སྐྱེས་བུའི་ལུས་ཚད་ཉིས་འགྱུར། དེའི་གཡས་སུ་གངས་རིའི་ཁྲོད་ཀྱི་ཐུབ་དབང་གཉིས་པ་མཁན་ཆེན་བོ་དྷི་ས་ཏཱ། གཡོན་དུ་བསིལ་ལྡན་གྱི་ལྗོངས་འདིར་ཐུབ་བསྟན་ཉིན་བྱེད་འདྲེན་པའི་ཤིང་རྟ་ཆེན་པོ་འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཉིས་སྐྱེས་བུའི་ལུས་ཚད་ལས་ལྷག་པ་སྟེ་མཁན་སློབ་ཆོས་གསུམ་གྱི་མཚན་དཔེའི་སྣང་བརྙན་མཐོང་ན་མི་མཐུན་པ་མེད་པར་ལྷམ་མེ། ལྷན་ནེར་བཞུགས་པའི་བར་མཚམས་རྣམས་སུ་སྔ་འགྱུར་རྡོ་རྗེ་ཐེག་པའི་བླ་མ་བརྒྱུད་པ་གཙོ་བོར་བཏོན་པའི་དབང་དུ་བྱས་ཏེ། རིགས་བརྒྱའི་ཁྱབ་བདག་དཔལ་ཀུན་ཏུ་བཟང་པོ། རྒྱལ་བ་རྡོ་རྗེ་འཆང་། རྡོ་རྗེ་མི་བསྐྱོད་པ་ལ་སོགས་པའི་རྒྱལ་ཚབ་རིགས་ལྔ། ཁྱེའུ་སྣང་བ་དམ་པ་སོགས་གྲགས་ཆེན་གསལ་བའི་སྟོན་པ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིཾ་ཧ། ཛྙཱ་ན་སཱུ་ཏྲ། རྒྱལ་པོ་དྷ་ན་ཏ་ལ་སོགས་སེམས་སྡེའི་མཁས་པ་ཉེར་གཅིག །བཅོམ་ལྡན་འདས་རིགས་གསུམ་མགོན་པོ། ལྷ་གྲགས་ལྡན་མཆོག་སྐྱོང་སོགས་དམ་པའི་རིགས་ཅན་དྲ་མ་ལྔ། ཆོས་རྒྱལ་ལུང་བསྟན་རྡོ་རྗེ། མདོ་མཁན་བདེ་བ་གསལ་མཛད། སློབ་དཔོན་སྒེག་པའི་རྡོ་རྗེ། མཁའ་འགྲོ་མ་ལས་ཀྱི་དབང་མོ། ཧཱུྃ་ཀ་ར་སོགས་གྲུབ་པའི་རིག་འཛིན་བརྒྱད། བྱ་རྒྱུད་ཀྱི་སློབ་དཔོན་བྱང་ཆུབ་མཆོག །སྤྱོད་རྒྱུད་ཀྱི་བཀའ་


JKT023_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བབས་སངས་རྒྱས་གསང་བ། རྣལ་འབྱོར་རྒྱུད་ཀྱི་ཤིང་རྟ་ཆེན་པོ་ཀུན་དགའ་སྙིང་པོ། འཕགས་པ་ཀླུ་སྒྲུབ་སོགས་འཛམ་བུ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག །འདུལ་བ་གསལ་བྱེད་ཡོན་ཏན་འོད་དང་ཤཱཀྱ་འོད། དཔལ་ས་ར་ཧ་སོགས་རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་རྩ་བཞི། རྨད་དུ་བྱུང་བའི་སློབ་དཔོན་ཞི་བ་ལྷ། ཟླ་བ་གྲགས་པ། ཙནྡྲ་གོ་མི། སྤྲུལ་པའི་གུ་རུ་མཚན་བརྒྱད་མཁའ་འགྲོ་མ་གཉིས་དང་བཅས་པ། སློབ་དཔོན་བི་མ་ལ་མི་ཏྲ། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། མངའ་བདག་ཁྲི་རལ། བེ་རོ་ཙ་ན་སོགས་འབངས་རིགས་གྲུབ་ཆེན་ཉེར་ལྔ། སོ་ཡེ་ཤེས་དབང་ཕྱུག །ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས། ཟུར་གསང་བདག་སྒྲོ་ཕུག་པ་ཤཱཀྱ་སེང་གེ་སྟེ་ཟུར་པ་མེས་དབོན་གསུམ། གཏེར་ཆེན་མངའ་བདག་ཉང་། གུ་རུ་ཆོས་དབང་། རིག་འཛིན་རྒོད་ལྡེམ་སྟེ་མཆོག་གི་སྤྲུལ་སྐུ་རྣམ་གསུམ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། བོད་ཆེན་པོའི་ལྗོངས་འདིར་གསང་ཆེན་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་དམ་གཙང་བྱམས་གསུམ་བཅས་སྔ་འགྱུར་རྙིང་མའི་བླ་མ་དམ་པ་རྣམས་དང་། གཞན་ཡང་གྲུབ་མཐའ་རིས་མེད་ཀྱི་དབང་དུ་བྱས་ཏེ། བཀའ་གདམས་བསྟན་པའི་མེས་པོ་ཇོ་འབྲོམ་རྔོག་གསུམ། བཀའ་བརྒྱུད་རིན་པོ་ཆེའི་གཙུག་རྒྱན་མར་མི་དྭགས་གསུམ། དཔལ་ས་སྐྱ་པའི་ཤིང་རྟ་ཆེན་


JKT023_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ས་ངོར་ཚར་གསུམ། བཀའ་གདམས་གསར་མའི་སྲོལ་འབྱེད་རྗེ་ཡབ་སྲས་གསུམ་བཅས་དང་། སྦྱིན་པའི་བདག་པོ་རང་ཉིད་ལ་དངོས་སུ་ཆོས་ཀྱི་བདུད་རྩི་སྩལ་བའི་རྩ་བའི་བླ་མ་དམ་པ་ལྔ་བཅས་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་། ཡི་དམ་གྱི་ལྷ་རྡོ་རྗེ་སེམས་དཔའ་ཡབ་ཡུམ། ཁྲག་འཐུང་རྩ་བའི་ལྷ་ཞལ་གཅིག་ཕྱག་གཉིས་པ། ཆེ་མཆོག་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ། བཀའ་བརྒྱད་གཙོ་རྐྱང་ཞལ་གཅིག་ཕྱག་གཉིས་པ། རྣལ་འབྱོར་རྒྱུད་ཀྱི་གཙོ་བོ་དེ་བཞིན་གཤེགས་པ་རིགས་ལྔ། སྤྱོད་རྒྱུད་ཀྱི་གཙོ་བོ་རྣམ་སྣང་མངོན་བྱང་། བྱ་རྒྱུད་ཀྱི་གཙོ་བོ་རིགས་གསུམ་མགོན་པོ། སངས་རྒྱས་སྤྲུལ་པའི་སྐུ་ཤཱཀྱའི་རྒྱལ་པོ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། སངས་རྒྱས་འོད་དཔག་མེད། མགོན་པོ་ཚེ་དཔག་མེད། བཅོམ་ལྡན་འདས་སྨན་གྱི་བླ་མ། རྡོ་རྗེ་མི་འཁྲུགས་པ། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད། རང་སངས་རྒྱས་ཚོགས་ན་སྤྱོད་པ་དང་། བསེ་རུ་ལྟ་བུ་གཉིས། ཉན་ཐོས་མཆོག་གཉིས། འོད་སྲུངས་ཆེན་པོ་སོགས་བསྟན་པའི་གཏད་རབས་བདུན། ཡན་ལག་འབྱུང་སོགས་གནས་བརྟན་ཆེན་པོ་བཅུ་དྲུག །ཞབས་འབྲིང་དགེ་བསྙེན་དྷརྨ་ཏཱ་སྦྱིན་བདག་དང་བཅས་པ། གནས་གསུམ་གྱི་དཔའ་བོ་མཁའ་འགྲོའི་མཚོན་བྱེད་དཔའ་བོ་ཡབ་ཡུམ་རིགས་ལྔ། རྡོ་རྗེའི་ཆོས་སྲུང་ཕོ་རྒྱུད་ཀྱི་གཙོ་བོ་ལེགས་ལྡན་ཚོགས་ཀྱི་བདག་པོ།


JKT023_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྒྱུད་ཀྱི་གཙོ་མོ་སྔགས་སྲུང་ཨེ་ཀ་ཛཱ་ཊི། གཉིས་མེད་རྒྱུད་ཀྱི་གཙོ་བོ་དཔལ་མགོན་མ་ནིང་ནག་པོ། ནག་པོ་ཆེན་པོ་ཕྱག་བཞི་པ། ཕྱག་དྲུག་པ། གནོད་སྦྱིན་ནོར་ལྷའི་གཙོ་བོ་རྣམ་སྲས་སེར་ཆེན། ཨཱརྨ་ཛཾ་བྷ་ལ། ལྷ་མོ་ནོར་རྒྱུན་མ། གཙང་རིས་དཔལ་མགོན་གྱི་གཙོ་བོ་རྒྱལ་ཆེན་སྡེ་བཞི། གངས་རིའི་ལྗོངས་འདིའི་ཡུལ་བདག་ཐམས་ཅད་ཀྱི་གཙོ་མོ་བཀྲ་ཤིས་ཚེ་རིང་མ་དང་བཅས་པ་སྟེ། དེ་ལྟ་བུའི་སྣང་བརྙན་རྣམས་ཀྱང་དཔལ་སྡོམ་པ་འབྱུང་བའི་རྒྱུད་ལས། ཚད་ནི་ཚད་ལ་ཕབ་ཀྱིན་བཟང་། །ཞི་བ་ལ་སོགས་ཉམས་དང་ལྡན། །དེ་ལྟ་བུ་ནི་རབ་གནས་འགྱུར། །ཅེས་གསུངས་པ་ལྟར་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཇི་སྐད་གསུངས་པའི་ཚད་དང་མཚན་ཉིད་ཉམས་འགྱུར་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། ཐོག་མར་གནས་ཡུལ་དུར་ཁྲོད་དྲུག་ཅུ་རྩ་བཞིའི་ས་སྣ་གཏེར་སོན་དང་། རི་བོ་པོ་ཏ་ལའི་འབྲུ་སྨན། །པཎ་ཆེན་ཤཱ་རི་པུ་ཏྲས་བསྣམས་པའི་གནས་ཡུལ་དུར་ཁྲོད་ཐམས་ཅད་ཀྱི་ས་སྣ་ཆུ་སྣ་སྣེ་གདོང་གོང་མའི་རྟེན་སྒམ་ནས་བྱུང་བ། གྲུབ་ཆེན་ཐང་སྟོང་རྒྱལ་པོས་འཛམ་གླིང་ལན་གསུམ་བསྐོར་བའི་ས་སྣ་ཆུ་སྣས་གཙོས་འཕགས་བལ་བོད་ལྗོངས་རྒྱ་ནག་ཚུན་གྱི་གནས་ཆེན། གནས་ཕྲན། གཙུག་ལག་ཁང་སོགས་མང་པོའི་ས་སྣ་ཆུ་ཤིང་དང་། སྨན་སྣ་དང་། དཔལ་ཅན་གྱི་རྫས། རིན་པོ་ཆེ་སྣ་ཚོགས་པའི་ཕྱེ་མ་བཅས་འཇིམ་པ་


JKT023_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྦྱར་ཏེ་ལེགས་པར་བཞེངས་པའི་གཙོ་བོ་པདྨ་སཾ་བྷ་ཝའི་ནང་དུ་རིང་བསྲེལ་རྣམ་པ་ལྔ་ཞེས་གྲགས་པ་ལས། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་སངས་རྒྱས་ཀྱི་འཕེལ་གདུང་། བདེ་བར་གཤེགས་པ་ཐམས་ཅད་གྱི་གདུང་གི་རིལ་བུ་དམ་རྫས་རིན་པོ་ཆེའི་ཏོག །རིང་བསྲེལ་ཀུན་འདུས་རིལ་བུ་ནོར་བུ་ཏོག་གི་བློ་གྲོས། གུ་རུ་རིན་པོ་ཆེའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་མཐོང་གྲོལ་ཤིན་ཏུ་ཁྱད་འཕགས། ཆོས་སྐུའི་རིང་བསྲེལ་ཀུན་མཁྱེན་ཀློང་ཆེན་པའི་གདུང་ཚྭ། སྐུ་གདུང་རིང་བསྲེལ་རིག་འཛིན་དགའ་རབ་རྡོ་རྗེའི་སྤྲུལ་པའི་གདུང་རྟེན་གཏེར་བྱོན། ཨོ་རྒྱན་རིན་པོ་ཆེའི་ཤངས་མཚལ། གུ་རུ་ཡབ་ཡུམ་གྱི་བྱང་སེམས་དམ་རྫས་རོལ་པ་ཆེན་པོ། ཆོས་རྒྱལ་ཁྲི་སྲོང་གི་གདུང་རུས། སྐུ་བལ་གྱི་རིང་བསྲེལ་འོད་སྲུང་དང་ཐུབ་པའི་སྐུ་ཆོས། སློབ་དཔོན་ཀླུ་སྒྲུབ་ཀྱི་མཆིལ་ལྷམ། འཕགས་པ་ཐོགས་མེད་ཀྱི་ཆོས་གོས། གུ་རུ་རིན་པོ་ཆེའི་དབུ་སྐྲ། དབུ་ཞྭ། ན་བཟའ་ཟ་ཕེར། སྐུ་རེག །ཞབས་ལྷམ། ཡེ་ཤེས་ཀྱི་མཁའ་འགྲོ་མ་མན་རའི་ན་བཟའ། མཚོ་རྒྱལ་གསང་གོས། མཁན་ཆེན་བོདྷི་ས་ཏྭའི་ཆོས་གོས། ཆོས་རྒྱལ་ཁྲི་སྲོང་ན་བཟའ། ལོ་ཆེན་བཻ་རོ་དང་། གནུབས་སངས་རྒྱས་ཡེ་ཤེས་དབུ་སྐྲ། ནམ་མཁའི་སྙིང་པོའི་སྐུ་ཆོས་བཅས་གཏེར་བྱོན་འཁྲུལ་མེད་དང་། ཁྱད་པར་ཆོས་ཀྱི་རིང་བསྲེལ་ཨོ་རྒྱན་རིན་པོ་ཆེའི་ཕྱག་བྲིས་གཏེར་ཤོག་མཐོང་


JKT023_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་གྱིས་གཙོས་ལེ་ཚན་དུ་མ། གསར་རྙིང་གི་རྒྱུད་སྡེ་བཞི་དྲུག་དང་འབྲེལ་བའི་གསང་སྔགས། རིག་སྔགས། གཟུངས་སྔགས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། གཞན་ཡང་བཀའ་གཏེར་གསར་རྙིང་གྲུབ་མཐའ་རིས་བྲལ་སེལ་མེད་ཡིད་ཆེས་ཁུངས་བཙུན་གྱི་དམ་རྫས། དབུ་སྐྲ། ན་བཟའ། རིང་བསྲེལ་སོགས་ངོས་ཀྱི་ལག་ཏུ་གང་ཡོད་རྣམ་གྲངས་སྟོང་ཕྲག་ལྷག་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པའི་རྟེན་འདུས་ཆེན་མོ་བཅས་རིང་བསྲེལ་རྣམ་པ་ལྔས་ཕྱུར་བུར་གཏམས་པའི་ཐུགས་ཀར་གུ་རུ་རིན་པོ་ཆེའི་སྐུ་ཚབ་ཀྱི་རྒྱུ་གཏེར་བྱོན་ཁྱད་འཕགས་ལས་བཏབ་པའི་སྣང་བརྙན་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་ཤིང་། བོདྷི་ས་ཏྭ་དང་ཆོས་རྒྱལ་གཉིས་ལའང་རིང་བསྲེལ་རྣམ་ལྔ་གོང་དང་ཆ་མཚུངས་པ་ལས། ཁྱད་པར་བོ་དྷི་ས་ཏྭའི་ཐུགས་ཀར་དེ་ཉིད་ཀྱི་སྐུ་ཆོས་རྟེན་འདམ་བྱས་པ་ལས་བཏབ་པའི་སྣང་བརྙན་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གདུང་རུས་ལས་བཏབ་པའི་སཱཙྪ། ཆོས་རྒྱལ་གྱི་ཐུགས་ཀར་དེ་ཉིད་ཀྱི་གདུང་རུས་འཁྲུལ་མེད་ལས་བཏབ་པའི་སྣང་བརྙན་དང་། འཇམ་པའི་དབྱངས་ས་སྐྱ་པཎྜི་ཏའི་། གདུང་ཚྭ་བཅས་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་ཤིང་། འཁོར་གྱི་སྣང་བརྙན་ཐམས་ཅད་ལའང་རིང་བསྲེལ་རྣམ་པ་ལྔ་ཡོངས་སུ་ཚང་བས་ཕྱུར་བུར་གཏམས་པས་བྱིན་རླབས་ཀྱི་གཟི་འོད་འབར་བར་གྲུབ་


JKT023_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། ངོས་ནས་ཀྱང་སྐུ་རྒྱུ་དང་ནང་གཞུག་ལ་ཡེ་ཤེས་འབེབས་པའི་དམིགས་འདུན་ནན་ཏན་བགྱིས་ཤིང་། བཟོའི་བྱ་བ་ལེགས་པར་གྲུབ་བསྟུན་དགེ་སློང་རྡོ་རྗེ་འཛིན་པ་འདུས་པ་དང་བཅས་པས་ཀྱང་ལྷག་པར་གནས་པའི་ཆོ་གས་མངའ་ཕུལ་བས་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པར་ལྷ་དང་བཅས་པའི་གདུལ་བྱ་རྒྱ་མཚོའི་བསོད་ནམས་ཀྱི་ཞིང་ཆེན་པོར་གྱུར་པ་ལ་བརྟེན་ནས་ཡུལ་ཕྱོགས་བཀྲ་ཤིས་ཤིང་བྱིན་ཆགས་པ་དང་། རྡོ་རྗེའི་ཞིང་ཁམས་ཆེན་པོར་འགྱུར་བ་དང་། མཐོང་ཐོས་དྲན་རེག་ཐམས་ཅད་གནས་སྐབས་སུ་ཚེ་རིང་ནད་མེད་བདེ་སྐྱིད་ཆོས་ལྡན་གྱི་འབྱོར་བ་རྒྱས་ཤིང་བར་ཆད་ཐམས་ཅད་ཞི་བ་དང་། མཐར་ཐུག་ཐར་པའི་ས་བོན་རྒྱུད་ལ་ཞུགས་ཏེ་བྱང་ཆུབ་མཆོག་གི་གོ་འཕང་མངོན་དུ་འགྱུར་བར་གདོན་མི་ཟ་བས་མཆོག་དམན་ཐམས་ཅད་ནས་དང་འདོད་ཡིད་ཆེས་ཀྱི་དད་པས་ཀུན་ནས་བསླངས་ཏེ་ཕྱག་འཚལ་བ་དང་། གསོལ་བ་འདེབས་པ་དང་། མཆོད་པ་འབུལ་བ་དང་། བསྐོར་བ་བྱ་བ་དང་། གནས་སྐབས་དང་མཐར་ཐུག་གི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རྩིས་ཟིན་པས་སྨོན་ལམ་རྒྱ་ཆེན་པོ་གདབ་པས་མཚོན་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པའི་ཐབས་ཚུལ་ལ་མཆོག་ཏུ་བརྩོན་པར་བྱའོ། །སླར་སྨྲས་པ། ཨོཾ་སྭ་སྟི་བི་ཛ་ཡནྟུ། ཕྱོགས་དུས་དཀོན་མཆོག་རྩ་


JKT023_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཆོས་སྲུང་ཚོགས། །དད་པའི་ཡིད་མཁར་མངོན་སུམ་གསལ་བའི་མདུན། །བདག་གཞན་ལུས་ཅན་རྒྱ་མཚོ་ཐབས་གཅིག་ཏུ། །མི་ཕྱེད་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དངོས་ཡིད་ཀུན་བཟང་མཆོད་པའི་སྤྲིན་གྱིས་མཆོད། །སྟོབས་བཞིས་སྡིག་ལྟུང་ཚོགས་ཀུན་སྙིང་ནས་བཤགས། །འཕགས་དང་སོ་སྐྱེའི་དགེ་བར་རྗེས་ཡི་རང་། །རྣམ་འདྲེན་སྲས་དང་སློབ་མར་བཅས་པ་ཀུན། །ཆོས་འཁོར་བསྐོར་བཞིན་རྟག་པར་བཞུགས་གསོལ་འདེབས། །འདིས་མཚོན་ལེགས་བྱས་དགེ་བ་ཇི་སྙེད་ཀུན། །འཇམ་དཔལ་གཞོན་ནུའི་མཁྱེན་པའི་རྗེས་ཞུགས་ཏེ། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བར་བགྱི། །ལྷར་བཅས་བསོད་ནམས་ཞིང་མཆོག་ཟླ་མེད་པ། །རྟེན་མཆོག་འདི་རྣམས་བཞེངས་པའི་རྒྱུ་སྦྱོར་དང་། །བྱ་བྱེད་ལག་ལེན་འབྲེལ་བར་བཅས་པ་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་སྤྱོད། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །འོད་དཔག་མེད་པའི་ཞལ་མཐོང་ལུང་བསྟན་ཅིང་། །ལམ་ལྔ་ས་བཅུ་དཀའ་བ་མེད་པར་བགྲོད། རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །གཞན་ཡང་རིས་མེད་བསྟན་འཛིན་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་རྟག་ཏུ་བསྐོར། །དགེ་འདུན་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང་། །བཤད་སྒྲུབ་ཕྲིན་ལས་ས་གསུམ་ཁྱབ་གྱུར་ཅིག །དམྱལ་བ་ཚ་གྲང་སྡུག་


JKT023_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཡོངས་སུ་ཞི། །ཡི་དྭགས་བཀྲེས་སྐོམ་གདུང་བ་མཐའ་དག་བྲལ། །དུད་འགྲོ་བླུན་རྨོངས་མུན་པ་ཀུན་བསལ་ཏེ། །ངན་སོང་འགྲོ་རྣམས་བདེ་བས་འཚོ་བར་ཤོག །མི་རྣམས་བདེ་སྐྱིད་ཆོས་ལྡན་དཔལ་འབྱོར་རྒྱས། །ལྷ་མིན་འཐབ་རྩོད་ཟུག་རྔུ་རྒྱུར་བཅས་སྤངས། །ལྷ་རྣམས་བག་མེད་འཕོ་ལྟུང་ལས་གྲོལ་ཏེ། །ཀུན་ཀྱང་ཕན་བདེའི་དགེ་མཚན་འཕེལ་གྱུར་ཅིག །འཆི་མེད་པདྨོ་བཀོད་པའི་ཞིང་ཁམས་ཆེ། །རྟེན་དང་བརྟེན་པར་བཅས་པ་འདི་ཉིད་ཀྱང་། །གདུལ་བྱ་རྒྱ་མཚོའི་མགོན་དུ་རྟག་བཞུགས་ནས། །གྲོལ་བ་བཞི་ལྡན་ཕྲིན་ལས་མཐའ་ཡས་ཤོག །རྨད་བྱུང་རྟེན་འདིའི་བྱིན་རླབས་ལ་བརྟེན་ནས། །གནས་སྐབས་འགྲོ་ཀུན་བདེ་འབྱོར་ཕུན་སུམ་ཚོགས། །མཐར་ཐུག་ཕྱམས་གཅིག་སངས་རྒྱས་སར་བགྲོད་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །རྩ་བརྒྱུད་བླ་མ་མཆོག་གསུམ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྲུང་རྒྱ་མཚོའི་བདེན་སྟོབས་ཀྱིས། །ཇི་ལྟར་སྨོན་པའི་གནས་ཀུན་མྱུར་འགྲུབ་པའི། །དགེ་མཚན་བཀྲ་ཤིས་དཔལ་དུ་འབར་གྱུར་ཅིག །ཅེས་པའང་དད་གཏོང་སོགས་འཕགས་པའི་ནོར་གྱིས་མངོན་པར་མཐོ་བའི་དབུ་མཛད་ཆེན་མོ་ཀརྨ་ཆོས་འཕེལ་རང་ཉིད་ཀྱིས་ཇི་ལྟར་གསོལ་བ་བཏབ་པའི་ངོར། དྲི་མ་མེད་པའི་ཐུབ་བསྟན་རིན་པོ་ཆེ་མཐའ་དག་ལ་དད་པའི་པདྨོ་ལྷག་པར་རྒྱས་ཤིང་། ཡོངས་འཛིན་


JKT023_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་མཁས་ཤིང་གྲུབ་མཆོག་བརྙེས་པ་དུ་མས་རྗེས་སུ་བཟུང་བའི་ཤཱཀྱའི་དགེ་སྦྱོང་སྤོང་བ་པ་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའམ། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝས་བྱིན་གྱིས་བརླབས་པའི་རིག་འཛིན་གྱི་བཙུན་པ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་རྟའི་ལོའི་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་དུས་ཚེས་༡༥མཆོག་ཏུ་དགེ་བར་ཤར་མར་སྤེལ་བ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།ན་མོ་རཏྣ་ཏྲ་ཡཱ་ཡ། རབ་འབྱམས་ཞིང་ཁམས་རྒྱ་མཚོའི་སྒྲོན་མེ་མཆོག །སྐུ་གསུམ་བདག་ཉིད་སྟོན་པ་རྫོགས་སངས་རྒྱས། །དེས་གསུངས་ལུང་རྟོགས་གཉིས་ལྡན་དམ་པའི་ཆོས། །བསྟན་འཛིན་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །དགེ་བ་འདིས་མཚོན་དུས་གསུམ་ལེགས་བྱས་མཐུས། །བདག་གཞན་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །སོ་བྱང་སྔགས་ཀྱི་ཚུལ་ཁྲིམས་དག་པར་ཤོག །ཤེས་བྱའི་གནས་ཀུན་མང་དུ་ཐོས་པས་ཕྱུག །ལུང་རིག་ཟབ་མོས་བསམ་པའི་སྒྲོ་འདོགས་ཆོད། ། རྩེ་གཅིག་བསྒོམས་པས་ཏིང་འཛིན་མཐར་ཕྱིན་ཏེ། །ས་དང་ལམ་གྱི་ཡོན་ཏན་ཡོངས་རྫོགས་ཤོག །ཕ་རོལ་ཕྱིན་དང་རྡོ་རྗེ་ཐེག་པ་ཡི། །ཐུན་མོང་ཁྱད་པར་འབྲས་བུ་མཆོག་བརྙེས་ཏེ། །ཤིན་ཏུ་རྣམ་པར་གྲོལ་


JKT023_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡེ་ཤེས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་སྲིད་ལས་སྒྲོལ་བར་ཤོག །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །འཁོར་ལོ་གསུམ་གྱི་བསྟན་པ་ཕྱོགས་བཅུར་རྒྱས། །འགྲོ་ཀུན་བདེ་སྐྱིད་ཆོས་ལྡན་འབྱོར་པ་དང་། །སྲིད་ཞིའི་ལེགས་ཚོགས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པའང་འཇམ་མགོན་བླ་མ་རིན་པོ་ཆེའི་གསུང་རབ་རྨད་དུ་བྱུང་བའི་ཆོས་ཀྱི་སྒྲོམ་ཆེན་པོའི་སྙིང་པོ་ལྟ་བུ་རྡོ་རྗེའི་བདེན་ཚིག་གི་ཕྲེང་བ་འདི་ཉིད་བསླབ་གསུམ་རྣམ་དག་ལུང་རིགས་སྨྲ་བའི་ཁྱུ་མཆོག་སྤོང་བ་པ་ཆེན་པོ་ཀརྨ་བཀྲ་ཤིས་འོད་ཟེར་དང་། དད་ལྡན་ཀརྨ་བསམ་གཏན་ཟུང་གིས་རྣམ་དཀར་གྱི་ཕྱི་མོར་བསྐྲུན་པའི་སྐབས་སྤར་བྱང་སྨོན་ཚིག་དང་འབྲེལ་བར་ཁ་ཏོན་དུ་བྱས་ཆོག་པ་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། ཤེས་བྱ་ཀུན་ཁྱབ་གསུང་རབ་རིན་པོ་ཆེའི་མཛོད་ཀྱི་བསྡུས་དོན་ས་བོན་ཙམ་བརྗོད་བྱར་བྱས་ཏེ། མང་དུ་ཐོས་པའི་སྤོང་བ་པ་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྙིང་ནས་སྨོན་ལམ་དུ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།༅། །ནཱ་རོ་མཁའ་སྤྱོད་ཀྱི་གླེགས་བམ་དབུ་ལྷའི་ཞལ་བྱང་དང་མཇུག་གི་སྨོན་ཚིག་བཅས་བཞུགས། མཁའ་ཁྱབ་རྒྱལ་བ་སྲས་བཅས་ཀྱི། །རིགས་ཀུན་ཁྱབ་བདག་


JKT023_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཆོས། །འཕགས་བཞི་བསྐྱེད་དང་རོལ་པ་ཡི། །རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། །མཁས་རྣམས་གཙུག་རྒྱན་པཎ་ཆེན་མཆོག །གྲུབ་པའི་དབང་པོ་ནཱ་རོ་པ། །སྡེ་སྣོད་རྒྱུད་སྡེའི་གསང་བ་འཛིན། །ཕམ་མཐིང་ཆེན་པོ་འཇིགས་མེད་གྲགས། །འཇམ་དཔལ་དཔའ་བོས་བྱིན་བརླབས་པས། །མཁྱེན་རབ་མཐའ་ཡས་ངག་གི་དབང་། །མཁཾས་ཤིང་དངོས་གྲུབ་མཆོག་བརྙེས་པ། །ཀློག་སྐྱ་ལོ་ཙཱ་ཤེས་རབ་བརྩེགས། །སྐད་གཉིས་སྨྲ་བ་འཇིག་རྟེན་མིག །བདེ་མཆོག་གྲུབ་པ་བློ་གྲོས་གྲགས། །ཤིང་རྟ་ཆེན་པོ་ས་སྐྱ་པ། །བརྩེ་ཆེན་ཀུན་དགའ་སྙིང་པོའི་ཞབས། །གཞུང་ལུགས་ཀུན་མཁྱེན་འཇའ་ཚོན་ལུས། །རྡོ་རྗེའི་ཞིང་གཤེགས་བསོད་ནམས་རྩེ། །བོད་ཡུལ་རྡོར་འཛིན་ཀུན་གྱི་ཕུལ། །རྗེ་བཙུན་ཆེན་པོ་གྲགས་པའི་ཞབས། །འཛམ་གླིང་མཁས་ཀུན་གཙུག་གི་རྒྱན། །འཇམ་མགོན་ས་སྐྱ་པཎྜི་ཏ། །ཆོས་དང་སྲིད་ཀྱི་འཁོར་ལོས་སྒྱུར། །འཕགས་པ་བློ་གྲོས་རྒྱལ་མཚན་དཔལ། །ཟབ་རྒྱས་རྒྱུད་སྡེའི་ལམ་སྲོལ་འཛིན། །ཞང་སྟོན་ཆེན་པོ་དཀོན་མཆོག་དཔལ། །རྩེ་གཅིག་བསྒྲུབས་པས་མཆོག་བརྙེས་པ། །གྲུབ་དབང་༣ ན་བཟའ་བྲག་ཕུག་པ། །གྲུབ་རིགས་མཁས་མཆོག་ཆོས་ཀྱི་རྗེ། །མཚུངས་མེད་བསོད་ནམས་རྒྱལ་མཚན་དཔཾལ། །སྙན་བརྒྱུད་བདུད་རྩིའི་བུམ་པ་བཟང་། །ཡར་ཀླུང་སེང་གེ་རྒྱལ་མཚན་ཞབས། །མཁས་


JKT023_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གྲུབ་པའི་གཙུག་གི་རྒྱན། །དབོན་ཆེན་བསོད་ནམས་རྒྱལ་བ་མཆོག །འཇམ་པའི་དབྱངས་སུ་རབ་གྲགས་པ། །རྗེ་བཙུན་ནམ་མཁའ་རྒྱལ་མཚན་དཔལ། །བདག་ཉིད་ཆེན་པོ་རྡོ་རྗེ་འཆང་། །ཁྱབ་བདག་བློ་གྲོས་རྒྱལ་མཚན་ཞབས། །ཀུན་བཟང་ཆོས་ཀྱི་ཉི་མ་ཆེ། །ཧེ་རུ་ཀ་དཔལ་རྡོ་རིང་པ། །རྡོ་རྗེ་འཆང་ཆེན་ངུར་སྨྲིག་ཟོལ། །ཚར་ཆེན་བློ་གསལ་རྒྱ་མཚོའི་སྡེ། །འཇམ་པའི་དབྱངས་དངོས་དགེ་བའི་བཤེས། །མཁྱེན་བརྩེའི་དབང་ཕྱུག་གནས་གསར་པ། །རིག་གྲོལ་གཉིས་ལྡན་མཁན་ཆེན་རྗེ། །ལུང་རིག་སྨྲ་བ་བསླབ་གསུམ་ཞབས། །རྡོ་རྗེ་འཛིན་པའི་གསང་བ་འཆང་། །དབང་ཕྱུག་རབ་བརྟན་གྲུབ་པའི་དཔྱིད། །ཐམས་ཅད་མཁྱེན་པ་བཀའ་འགྱུར་པ། །མགོན་པོ་བསོད་ནམས་མཆོག་ལྡན་དཔལ། །མཁས་བཙུན་གྲུབ་བརྙེས་ཞྭ་ལུ་པ། །མཁན་ཆེན་བསོད་ནམས་མཆོག་གྲུབ་ཞབས། །མཁྱེན་རབ་མཐའ་ཡས་རྒྱུད་སྡེའི་བདག །བྱམས་པ་ངག་དབང་ལྷུན་གྲུབ་དཔལ། །རབ་འབྱམས་སྨྲ་དབང་རྨོར་ཆེན་རྗེ། །ངག་དབང་ཀུན་དགའ་ལྷུན་གྲུབ་ཞབས། །བསྟན་པའི་བདག་པོ་གནས་གསར་པ། །ངག་དབང་ལེགས་པའི་འབྱུང་གནས་ཆེ། །ས་ཆེན་བསྟན་པའི་ཉིན་མོར་བྱེད། །འཇམ་དབྱངས་ཀུན་དགའ་བློ་གྲོས་རྗེ། །སྐལ་བཟང་ཐར་པའི་རྩེ་མོའི་གྲོང་། །འཁྲིད་མཛད་ནམ་མཁའི་འཆི་མེད་དཔལ། །


JKT023_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསར་མཆོག་གི་སྤྲུལ་པའི་སྐུ། །ནམ་མཁའ་ལེགས་པ་ལྷུན་གྲུབ་ཞབས། །འཆི་མེད་གྲུབ་བརྙེས་རྗེ་བཙུན་མ། །མཚུངས་མེད་བསྟན་པའི་ཉི་མ་ཆེ། །བརྩོན་པས་དངོས་གྲུབ་མཆོག་བརྙེས་། པའི། །འདྲེན་མཆོག་ངག་དབང་རིན་ཆེན་ཞབས། །འཁོར་ལོ་སྡོམ་པ་ངུར་སྨྲིག་ཟོལ། །ཀུན་དགའ་བསྟན་འཛིན་རྡོ་རྗེ་འཆང་། །རྣལ་འབྱོར་དབང་ཕྱུག་སྤྲུལ་པའི་སྐུ། །འཇམ་དཔལ་བཟང་པོ་བརྩེ་བ་ཆེ། །བསྟན་ལ་སྨན་པའི་ཕྲིན་ལས་ཅན། །རྣམ་འདྲེན་དགེ་འདུན་རྒྱ་མཚོའི་སྡེ། །སྨིན་གྲོལ་མཆོག་སྩོལ་བླ་མ་རྗེ། །མཁས་གྲུབ་ཀུན་དགའ་དཔལ་འབྱོར་ཞབས། །ཡང་ངོར་ལུགས་ལྟར་ན། བླ་མ་དམ་པའི་རྗེས། གསན་བསམ་སྒོམ་པའི་མཐར་སོན་པས། །མཆོག་བརྙེས་དཔལ་ལྡན་ཚུལ་ཁྲིམས་རྗེ། །ཤེས་བྱ་ཐམས་ཅད་མཁྱེན་པའི་མཆོག །ཤར་ཆེན་ཡེ་ཤེས་རྒྱལ་མཚན་དཔལ། །རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་། །ངོར་ཆེན་ཀུན་དགའ་བཟང་པོའི་ཞབས། །འཁོར་ལོ་སྡོམ་པ་བརྩེ་བ་ཆེ། །སེམས་དཔའ་དཀོན་མཆོག་རྒྱལ་མཚན་དཔལ། །དེ་ནས་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་མན་འདྲའོ། །མཇུག་ཏུ་སྨོན་ཚིག་ནི། ཨོཾ་སྭ་སྟི་སིདྡྷི་རསྟུ། སྲས་བཅས་སྟོབས་བཅུ་མངའ་བ་ཐམས་ཅད་ཀྱི། །བགྲོད་པ་གཅིག་པའི་ལམ་བཟང་རྡོ་རྗེའི་ཐེག །ཀུན་གྱི་མཐར་ཐུག་རྣལ་འབྱོར་བླ་མེད་ཀྱི། །སྙིང་པོ་གསང་མཐའི་རྒྱུད་ཀྱི་


JKT023_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཟབ་རྩེ། ༡ །ནཱ་རོ་ཏ་པའི་ལུགས་སྲོལ་མཁའ་སྤྱོད་མའི། །མན་ངག་བདུད་རྩི་གངས་ཅན་རི་བོའི་སུལ། །འཇིགས་མེད་སྨྲ་བའི་སེང་གེ་ས་སྐྱ་པས། །ཟབ་རྒྱས་རྡོ་རྗེའི་དབྱངས་ཀྱིས་མངོན་པར་བསྒྲགས། ༢ །དེ་དོན་ཚུལ་བཞིན་འཛིན་ལ་ཟླ་མེད་པ། །ངོར་ཆེན་རྡོ་རྗེ་འཆང་དབང་ཡབ་སྲས་དང་། །སྙན་བརྒྱུད་མངའ་བདག་ཚར་ཆེན་ཆོས་ཀྱི་རྗེའི། །ལུགས་སྲོལ་འཆི་བ་མེད་པའི་བཅུད་དུ་མངར། ༣ ། ཐོས་ན་ལྷ་ཡི་རོལ་མོ་ལྟར་སྙན་ཅིང་། །བསམ་པས་ལེགས་བྲིས་ཟིལ་དངར་ལས་ཀྱང་ལྷག །བསྒོམ་ན་ཟུང་འཇུག་འཇའ་ལུས་རྡོ་རྗེའི་སར། །ཚེ་གཅིག་ཁོ་ནས་འཁྲིད་པའི་གསུང་རབ་མཆོག ༤ །དད་པས་བཞེངས་པའི་དགེ་བས་བསྟན་འཛིན་རྣམས། །ཞབས་བརྟན་བསྟན་དང་འགྲོ་བའི་དགེ་ལེགས་འཕེལ། །བདག་སོགས་འགྲོ་ཀུན་ལྷན་སྐྱེས་རྣལ་འབྱོར་མའི། །གོ་འཕང་ཚེ་འདི་ཉིད་ལ་ཐོབ་གྱུར་ཅིག །ཅེས་པའང་རྣམ་འདྲེན་བླ་མ་དམ་པ་ཀུན་དགའ་ཆོས་ཀྱི་དབང་པོའི་ཐུགས་དམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་གླེགས་བམ་གྱི་དབུ་ལྷའི་ཞལ་བྱང་དང་། སྨོན་ཚིག་འདིའང་དྲན་པས་སྙིང་གི་གདུང་སེལ་ཁྱབ་བདག་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་མཆེད་ཞལ་དང་། མཁས་གྲུབ་ཞྭ་ལུ་པ་རིན་ཆེན་བློ་གསལ་བསྟན་སྐྱོང་སོགས་ཡོངས་འཛིན་དམ་པ་རྣམ་པ་ལྔ་ལས་ཆོས་ཚུལ་འདི་ཉིད་མང་དུ་


JKT023_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པས་སྐལ་བ་བཟང་པོར་གྱུར་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།


JKT023_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཐོབ་ཡིག་རིན་པོ་ཆེའི་དོ་ཤལ།next