Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེའི་སྣང་བརྙན་གསར་དུ་འཁྲུངས་པའི་གཏམ་ལེགས་བྱས་སྤྲིན་གྱི་རོལ་མོ།
   


 
previousསངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེའི་སྣང་བརྙན་གསར་དུ་འཁྲུངས་པའི་གཏམ་ལེགས་བྱས་སྤྲིན་གྱི་རོལ་མོ།next

སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེའི་སྣང་བརྙན་གསར་དུ་འཁྲུངས་པའི་གཏམ་ལེགས་བྱས་སྤྲིན་གྱི་རོལ་མོ།


JKT023_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེའི་སྣང་བརྙན་གསར་དུ་འཁྲུངས་པའི་གཏམ་ལེགས་བྱས་སྤྲིན་གྱི་རོལ་མོ་ཅེས་བྱ་བ་བཞུགས་སོ།།


JKT023_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །འཆི་མེད་གདོད་མའི་མགོན་པོ་ཡེ་ཤེས་ནི། །འཆི་མེད་བདེ་ཆེན་རྡོ་རྗེའི་རྣམ་རོལ་ཅན། །འཆི་མེད་གྲུབ་པའི་གཟུགས་སུ་ཡོངས་ཤར་བ། །འཆི་མེད་མཚོ་སྐྱེས་བླ་མས་རྟག་ཏུ་སྐྱོངས། །བྲལ་སྨིན་ཡོན་ཏན་རྒྱ་མཚོའི་མཐར་སོན་སྟོན་པ་མཚུངས་མེད་རྫོགས་སངས་རྒྱས། །དེས་གསུངས་འགོག་དང་ལམ་གྱིས་བསྡུས་པ་ཞི་བསིལ་ཆགས་བྲལ་དམ་པའི་ཆོས། །དེ་འཛིན་རིག་གྲོལ་ཡོན་ཏན་རྨད་བྱུང་ཚོགས་ཀྱི་མཆོག་གྱུར་དགེ་འདུན་ཏེ། །དཀོན་མཆོག་གསུམ་ཞེས་གྲགས་པའི་སྣང་བས་དགེ་མཚན་མེ་ཏོག་ཆར་དུ་བསྙིལ། །སྐུ་གསུམ་སྟོན་པའི་ཆུ་གཏེར་ལས་འོངས་ནང་བརྒྱུད་ནོར་བུའི་ཀཎིཀ །རྣ་ལུང་དཔྱངས་པའི་ངལ་འཚོ་ཁོ་ནས་གྲུབ་གཉིས་འདོད་


JKT023_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇོ་བའི་གཏམ། །ཕྱོགས་ཀྱི་བུ་མོའི་འགྲམ་པར་འགོད་མཁས་སྔ་འགྱུར་རིག་འཛིན་བྱེ་སྙེད་ཀྱི། །རྣམ་པར་ཐར་པ་དྲན་པའི་མོད་ནས་མཆོག་ཏུ་གུས་པའི་བ་སྤུ་ཟིང་། །ཁྱད་པར་སྲས་བཅས་རྒྱལ་བ་ཀུན་གྱི་སོ་སོར་རྟོགས་པའི་ཡེ་ཤེས་ནི། །གཅིག་བསྡུས་མཁྱེན་རབ་ཕ་མཐའ་ཡས་པའི་སྔོན་མེད་ལེགས་གསུང་སེང་གེའི་སྒྲས། །འཕགས་བོད་མཁས་ཀུན་བརྟན་པ་འཕྲོག་མཛད་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། །བརྒྱུད་པར་བཅས་པའི་ཞབས་སེན་ཅོད་པན་གཙུག་ཏོར་ནོར་བུའི་འཁོར་ལོར་བསྙེན། །རྡོ་རྗེའི་ཡེ་ཤེས་འབར་བའི་སྣང་བ་ཆས། །ཡིད་སྲུབས་སྙིང་ལ་མུན་པ་སྐབས་སྟེར་བ། །དམ་ཅན་ཆོས་སྲུང་རྒྱ་མཚོའི་ཕྲིན་ལས་ཀྱིས། །སྡེ་བཞིའི་སྒོ་


JKT023_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་གསར་པ་དེང་ཕྱེ་ཞིག །ཅེས་ཤིས་པར་བརྗོད་པའི་ཚིག་གི་མེ་ཏོག་ཕྲ་མོ་ཙམ་སྔོན་དུ་འཐོར་བས་ལམ་ཡངས་པར་བྱས་ཏེ། རྣམ་དཔྱོད་ཀྱི་ཆུ་སྐྱེས་དད་པའི་བདུད་རྩིས་ཁ་ཡོངས་སུ་བྱེ་བ་རྣམས་ཀྱི་སྙན་ལམ་དུ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་སྣང་བརྙན་ཡིད་བཞིན་ནོར་བུ་འདི་ཉིད་གསར་དུ་འཁྲུངས་པའི་ཚུལ་ལས་བརྩམས་ཏེ་གཏམ་གྱི་སྦྱོར་བ་ཉུང་ཟད་གསོལ་ན། གང་གི་ཚེ་གཟོད་མ་ནས་སྒྲིབ་གསུམ་ཆ་དང་བཅས་པ་ཤིན་ཏུ་ཞི་བ་ཆོས་སྐུའི་ཡེ་ཤེས་དང་མི་གཉིས་པ་ལས། སྨོན་ལམ་དང་སྙིང་རྗེའི་རྣམ་པར་རོལ་པ་ཚད་མེད་པས་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཞིང་ཁམས་ཆེན་པོ་སྤྲིན་བཀོད་པའི་ནང་གསེས། བླ་ན་མེད་པའི་ཆོས་ཀྱི་བདུད་རྩིའི་སྣོད་དུ་རུང་བ་མི་མཇེད་འཇིག་རྟེན་གྱི་ཁམས། འཛམ་གླིང་ལས་ཀྱི་ས་པ་བྱང་ཆུབ་སྙིང་པོ་རྡོ་རྗེའི་གདན་གྱི་གནོད་གནས་དབང་པོའི་ཕྱོགས། བོད་ཆེན་པོ་ནོར་འཛིན་གྱི་ཐིག་ལེ་འབྲི་རྫ་ཟལ་མོ་སྒང་ཞེས་པའི་སའི་ཆ། ཡུལ་གྱི་དགེ་བཅུའི་དཔྱད་པ་མ་ཚང་བ་མེད་པའི་གཏེར་ལྟ་བུར་གྱུར་པས་ཡིད་ཅན་རྣམས་ཀྱི་རྟོགས་ལ་ཕྱོགས་དེ་ཉིད་དུ་ལྷུང་བའི་འབབས་སྟེགས་སུ་གྱུར་པ་ག་ལ་བར། སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཟབ་མོ་དང་རྗེས་སུ་འབྲེལ་བར་སྤོང་བ་བསམ་གཏན་གྱི་འཁོར་ལོ་ལ་གཅིག་ཏུ་


JKT023_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གཞོལ་བའི་སྒྲུབ་སྡེ་སྐྱེ་བོ་ཐུན་མོང་བའི་འདོད་རྒྱལ་གྱི་སྒྲར་ཁང་མདོ་གུ་རུའི་སྒྲུབ་ཕུག་གམ། གྲུབ་པའི་སྤྱན་རས་གསལ་བའི་སློབ་དཔོན་དག་གིས། པདྨ་བཀའི་ཐང་ཡིག་ལས། མཁའ་འགྲོ་ཕུག་པར་ཟླ་བ་བཞི༔ ཞེས་རྡོ་རྗེའི་ལུང་གིས་དབང་པོར་བྱས་པའི་མདོ་ཁམས་མཁའ་འགྲོ་ཕུག་ཏུ་ངོས་འཛིན་གནང་བར་མ་ཟད། རིག་འཛིན་བདུད་འདུལ་རྡོ་རྗེའི་གདུང་རབས་ལྔ་པ་རྒྱལ་སྲས་མཐུ་སྟོབས་དབང་ཕྱུག་དང་། རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གདུལ་བྱའི་སྐལ་པ་དང་འཚམས་པར་གང་འདུལ་སྤྲུལ་པའི་རྣམ་རོལ་དུ་ཤར་བའི་གྲུབ་དབང་རྫོགས་ཆེན་བཞི་པ་འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་ཕྲིན་ལས་རྣམ་རྒྱལ་རྡོ་རྗེ་སོགས་དམ་པ་དུ་མས་དག་བྱེད་ཡེ་ཤེས་ཀྱི་གཟིགས་ངོར་ནུབ་ཕྱོགས་སྤྲུལ་པའི་ཞིང་མཆོག་ཨོ་རྒྱན་དྷ་མ་ཐ་ལ་དང་། འཆི་མེད་པདྨ་འོད་ཀྱི་ཕོ་བྲང་མངོན་སུམ་པར་གཟིགས་ཤིང་ངོ་མཚར་གྱི་གསལ་སྣང་གཏན་ལ་འབེབས་པར་མཛད་པས་མཚོན། གང་ལྟར་ཡང་དུས་གསུམ་མཁྱེན་པ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་ཞབས་ཀྱིས་བཅགས་ཤིང་རྫུ་འཕྲུལ་རྡོ་རྗེའི་བཀོད་པ་ཟད་མི་ཤེས་པས་བྱིན་གྱིས་བརླབས་པ་ལ་བརྟེན་ནས། བྲག་རིའི་བ་གམ་ཐམས་ཅད་ཀྱང་དེ་བཞིན་གཤེག་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་བརྒྱན་གྱི་


JKT023_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་རང་གཟུགས་མངོན་སུམ་མིག་གི་བདུད་རྩིར་ཤར་བའི་རང་བྱོན་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པས་གཏམས་པ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཉི་མ་གྲགས་པ་རྩལ་དང་། གྲུབ་དབང་ཕྱུག་རིག་རྩལ་ཐོགས་མེད་གླིང་པས་ཀྱང་རྫས་གཏེར་གྱི་ཆ་ཤས་སྤྱན་དྲངས་ཤིང་། དུས་ཀུན་ཏུ་རིག་པ་འཛིན་པའི་ས་ལ་གནས་པའི་དཔའ་བོ་དང་ཊཀྐིའི་འདུ་བ་སྤྲིན་བཞིན་དུ་གཏིབས་པའི་གནས་མཆོག་ཁྱད་པར་ཅན་གྱི་ལྟེ་བ་རང་བྱུང་རྡོ་རྗེའི་བྲག་གི་ཀེའུ་ཚང་འདི་ཉིད་དུ། གངས་ཀྱི་རི་བོའི་སུལ་ན་སྟོན་པ་བདེ་བར་གཤེགས་པའི་དོན་བཟང་པོ་ཚིག་འབྲུ་བཟང་པོ། མ་འདྲེས་ཤིང་ཡོངས་སུ་རྫོགས་པའི་གསུང་གི་གསང་བ་རབ་འབྱམས་ཇི་བཞིན་དུ་གཟིགས་ནས་སྨྲ་བ་ལ་ལག་ན་རལ་གྲི་འཆང་བའི་བློ་གྲོས་དང་གཉིས་སུ་མི་ཕྱེད་པས་འཛམ་བུ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་། །རྨད་དུ་བྱུང་བའི་སློབ་དཔོན་གཉིས་ཀྱི་རྒྱལ་ཐབས་ལ་རང་སྟོབས་ཀྱིས་འཛེགས་ཤིང་། མཁས་པ་དང་གྲུབ་པའི་སྐྱེས་བུ་གྲངས་མེད་པའི་གཙུག་གི་ནོར་བུས་ཞབས་བསྟེན་གྱི་པདྨོ་ལ་ཕྱག་བྱས་པ། སྨྲ་བའི་ཉི་མ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ཞེས་མཚན་གྱི་སྤྲིངས་ཡིག་སྲིད་ཞིའི་བླ་ན་མངོན་པར་མཐོ་བ་དེ་ཉིད། སླར་ཡང་ཐེག་མཆོག་སྙིང་པོའི་རིང་ལུགས་ཉིན་མོ་ལྟར་གསལ་བའི་སླད་


JKT023_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་གཞན་དུ་བསྒྱུར་བ་ན། སོ་སོ་ཡང་དག་པ་རིག་པ་བཞི་ལ་སྤོབས་པའི་གཏེར་མཛོད་ཆེན་པོ་བརྒྱད་ཡོངས་སུ་གྲོལ་བས་ལེགས་གསུངས་ཀྱི་ཆ་ཤས་ཕྲ་མོ་རེས་ཀྱང་། རང་གཞན་གྱི་སྨྲ་བ་མཆོག་ཏུ་རློམ་པ་རྣམས་ཀྱི་ཁེངས་པའི་རུ་ཚོན་དབྱིངས་སུ་བརྟུལ་ནས་ཆེད་དུ་བརྗོད་པའི་སྐབས་གསར་དུ་ཕྱེ་བ་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པའི་ཐུགས་སྲས་ཀྱི་ཐུ་བོ། ལྷ་སྲས་རྒྱལ་པོའི་རྣམ་པར་རོལ་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་འཇིགས་མེད་ཕྲིན་ལས་འོད་ཟེར་དང་། དེ་ཉིད་ཀྱི་གསང་བའི་མཛོད་འཛིན་པ་གངས་ཁྲོད་གྲུབ་རིགས་རྒྱ་མཚོའི་གཙུག་རྒྱན་རྗེ་བཙུན་བཞད་པ་རྡོ་རྗེའི་སྤུན་ཟླར་འོས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དམ་ཚིག་རྡོ་རྗེ་ཟུང་གི་ཞབས་ཀྱི་ཆུ་སྐྱེས་མཉེས་པ་གསུམ་གྱི་ཐོར་ཚུགས་ཀྱིས་བསྟེན་ནས། ཐེག་མཆོག་གདམས་པའི་སྨིན་པ་རང་གྲོལ་བའི་བདུད་རྩི་གསན་བསམ་གྱི་སྙིམ་པས་ངོམས་པ་མེད་པར་གསོལ་བ་དང་ཆབས་ཅིག །ཕྱོགས་བྲལ་གྱི་དབེན་པའི་རི་ངོགས་ལྷ་དང་དྲང་སྲོང་གྲུབ་པའི་ཚོགས་ཀྱིས་བསྟེན་པ་རྣམས་སུ་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ཉམས་དང་རྟོགས་པའི་པུཎྜ་རི་ཀ་ཅིར་ཡང་གྲོལ་བའི་བྱ་བྲལ་བླ་མ་དམ་པ་ནམ་མཁའ་རྡོ་རྗེ་ནས། ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་།


JKT023_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཚད་ཀྱི་འགྲོ་བ་རྣམས་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་པར་ལེགས་པའི་གོ་འཕང་ལ་དབུགས་འབྱིན་པའི་སླད་དུ། ལྷག་པའི་ཐུགས་བསྐྱེད་རྣམ་པར་དག་པ་ཟླ་བ་ཞུན་མའི་ཕུང་པོ་ལྟར་གཅིག་ཏུ་དཀར་བས་ཀུན་ནས་བསླངས་ཏེ། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར། རིག་འཛིན་བླ་མ་ཀུན་གྱི་གཙུག་རྒྱན། ཡི་དམ་ཞི་ཁྲོ་ཡོངས་ཀྱི་ཁྱབ་བདག །དཔའ་བོ་དང་ཌཱཀྐི་རྒྱ་མཚོའི་འཁོར་ལོས་སྒྱུར་བ། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང་། ཁྱད་པར་གངས་ཅན་པའི་འགྲོ་བ་རྣམས་ཀྱི་སྐྱབས་དང་། རྟེན་དང་། གླིང་དང་། མགོན་དང་། དཔུང་གཉེན་གཅིག་པུར་གྱུར་པ་གང་གི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རྣམ་འཕྲུལ་གྱི་རོལ་མོ་མཐའ་ཀླས་པའི་ཡིད་ཅན་གྱི་མོས་པའི་རྗེས་སུ་འགྲོ་བའི་ཕྱིར་བསམ་པར་མི་ནུས་ཀྱང་། རེ་ཞིག་དུས་ཀྱི་རྒུད་པ་གློ་བུར་བ་རྒྱུ་དང་བཅས་པ་ཞི་ནས། བསྟན་འགྲོའི་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ལ་ལོངས་སུ་སྤྱོད་པའི་རྟེན་འབྲེལ་དུ། འཁོར་འདས་དང་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པ་བདུད་དཔུང་འདུལ་བའི་ཆ་བྱད་ཅན་གཙོ་འཁོར་གསུམ་པའི་མཚན་དཔེའི་སྣང་བརྙན་ཁྱད་པར་ཅན་ཞིག་བཞེངས་པ་ལ་དྲན་པ་ཉེ་བར་བཞག་


JKT023_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཨེ་ཡུལ་རིག་པའི་འབྱུང་གནས་སུ་སྐྱེ་བའི་འཁྲི་ཤིང་བཟུང་ཞིང་། ཐལ་མོ་དང་གདོང་པས་གཞལ་བའི་ཆ་ཚད་ལ་བློ་གྲོས་ཀྱི་པདྨོ་བྱེ་བ། སོར་མོས་ཟློས་གར་གྱིས་ལྷ་དང་བཅས་པའི་ཡིད་འཕྲོག་པ་བཟོ་ཡི་རིག་བྱེད་ལ་མཆོག་ཏུ་བྱང་ཆུབ་པ། ཇི་ལྟར་བསྒོ་བའི་ལས་ལ་རྟག་གུས་ཀྱི་བརྩོན་པ་མི་ལྷོད་པའི་ངང་ཚུལ་ཅན་པུཎེའི་མིང་ཅན་ཕ་བུ་གཉིས་ཆེད་དུ་བོས་ནས། རབ་བྱུང་བཅུ་བཞི་པའི་ནང་ཚན་སྣ་ཚོགས་དབྱིག་ཅེས་པ་ཤིང་མོ་སྦྲུལ་གྱི་ལོའི་ཁྱུ་མཆོག་ཅན་གྱི་ཟླ་བའི་དུས་ཚེས་མཆོག་ཏུ་དགེ་བ་ནས་བརྩམས། རྒྱུན་དང་ཁྱད་པར་གྱི་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་བཅས་ཏེ་ཞག་གི་ཕུང་པོ་རྩེ་མོའི་གྲངས་ཙམ་གྱི་ནང་དུ་བྱ་བ་ང་དུ་བྱ་བ་མཐར་ཕྱིན་པར་གྱུར་པ་ལ། གཙོ་བོར་རིག་འཛིན་དམ་པ་ཉིད་ཀྱིས་བརྩོན་པས་བསྒྲུབས་པའི་རྒྱུད་སྡེ་བཞིའི་གཟུངས་ཀྱི་རིགས་གཏོས་ཆེ་བ་དང་། ཁྱད་པར་འཕགས་མཆོག་སེམས་ཉིད་ངལ་གསོའི་ཞལ་སྐྱིན་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཉི་མ་གྲགས་པ་རྩལ་བསམ་བཞིན་དུ་སྲིད་པ་ཉེ་བར་བཟུང་བའི་སྐུ་ཕྲེང་བཞི་པ། རིག་པ་དང་གྲོལ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་མངའ་བདག་མཆོག་སྤྲུལ་རྡོ་རྗེ་འཆང་ཨོ་རྒྱན་བསྟན་འཛིན་ཉི་མ། དཔལ་ཀཿཐོག་རྡོ་རྗེའི་གདན་གྱི་སེངྒེའི་ཁྲི་ལ་ཆོས་ཀྱི་འཁོར་ལོས་སྒྱུར་བ་རྨོག་སྟོན་ཧེ་རུ་ཀའི་


JKT023_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཕྲུལ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། སི་ཏུ་སྤྲུལ་པའི་སྐུ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་སོགས་ཕྱོགས་ཀྱི་དམ་པ་རྣམས་ཀྱིས་སྩལ་བ་དང་། དགོན་སྡེ་འདི་ཉིད་ཀྱི་བླ་མ་གྲྭ་ཚང་རྣམས་ཀྱི་ཕྱག་ཏུ་བཞུགས་པ་དང་། ཁོ་བོ་ཅག་གི་ལག་ན་ཡོད་རིགས་བཅས་ཁུངས་དང་འབྲེལ་ངེས་པའི་རིང་བསྲེལ་རྣམ་པ་བཞིའི་ཚོགས་ཀྱིས་ཕྱུར་བུར་གཏམས་པའི་བཞུགས་ཚུལ་ནི། རྟེན་གྱི་གཙོ་བོ་སློབ་དཔོན་རིན་པོ་ཆེར། ཐོག་མར་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ལ། རྭ་སྟོན་སྟོབས་ལྡན་རྡོ་རྗེས་བསྒྲགས་ཡོངས་རྫོང་དུས་དགྲའི་དབང་པོའི་ཕོ་བྲང་ནས་སྤྱན་དྲངས་པའི་རྫོགས་པའི་སངས་རྒྱས་གསེར་ཐུབ་ཀྱི་འཕེལ་གདུང་། རིག་འཛིན་བདུད་འདུལ་རྡོ་རྗེ་དང་། དྭགས་པོ་གཏེར་ཆེན་རྡོ་རྗེ་རྒྱལ་པོའི་གཏེར་བྱོན་སངས་རྒྱས་འོད་སྲུང་གི་འཕེལ་གདུང་། གཏེར་ཆེན་པདྨ་འགྲོ་འདུལ་རྩལ་གྱི་ཕྱག་ནས་བྱུང་བའི་འོད་སྲུང་གི་འཕེལ་གདུང་། རྨོག་གྲུབ་རིན་པོ་ཆེས་སྩལ་བའི་འཕེལ་གདུང་ཁྱད་འཕགས་བཅས། སྐུ་གདུང་གི་རིང་བསྲེལ་ལ། དྭགས་པོ་གཏེར་ཆེན་རིན་པོ་ཆེའི་གཏེར་བྱོན་རྫོགས་པའི་སངས་རྒྱས་ཀྱི་དབུ་ཀླད། གཏེར་ཆེན་ཉི་མ་གྲགས་པའི་གཏེར་བྱོན་གུ་རུ་ཡབ་ཡུམ་གྱི་བྱང་སེམས་ཨ་ཐོ་མ། རིག་འཛིན་ཆོས་རྗེ་གླིང་པ་དང་། དེ་ཉིད་ཀྱི་ཡང་སྲིད་གཏེར་ཆེན་ཀུན་བཟང་འོད་ཟེར་གྱི་གཏེར་བྱོན་


JKT023_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཡབ་ཡུམ་གྱི་བྱང་སེམས་རིལ་བུ། ཀློང་ཆེན་རོལ་པ་རྩལ་གྱི་གཏེར་བྱོན་གུ་རུའི་ཤངས་མཚལ་རིལ་བུ། རིག་འཛིན་པདྨ་གླིང་པའི་གཏེར་བྱོན་སྐྱེ་བདུན་རིལ་བུ། བདུད་འདུལ་གཏེར་བྱོན་བྲམ་ཟེ་སྐྱེ་བདུན་སྐུ་ཤ །གཏེར་ཆེན་ཉི་མ་གྲགས་པས་རྩ་གསུམ་གསང་བ་སྙིང་ཏིག་དང་ལྷན་ཅིག་ཏུ་སྤྱན་དྲངས་པའི་སྤྱན་རས་གཟིགས་སྤྲུལ་བྲམ་ཟེ་དུང་ཕྲེང་ཅན་དང་། མདོ་ཁམས་ཀློང་ཐང་སྒྲོལ་མ་བྲག་ནས་སྤྱན་དྲངས་པའི་བྲམ་ཟེ་དྲི་མེད་སྙིང་པོའི་སྐུ་གདུང་། ཆོས་གླིང་ཀུན་བཟང་འོད་ཟེར་གྱི་གཏེར་བྱོན་བྲམ་ཟེ་སྐྱེ་བདུན་སྐུ་ཤ །དྭགས་པོ་རྒྱལ་སྲས་བདེ་ཆེན་གླིང་པའི་གཏེར་བྱོན་སྐྱེ་བདུན་རིལ་བུ། ཆོས་གླིང་ཀུན་བཟང་འོད་ཟེར་གྱི་གཏེར་བྱོན་ཡེ་ཤེས་སྤྲུལ་པའི་བྱ་ཁྱུང་ག་རུ་ཌའི་དབུ་ཐོད། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་གདུང་རུས། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་གདུངས། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་གདུང་རུས། རིག་འཛིན་གཏེར་བདག་གླིང་པའི་ཤངས་མཚལ་རིལ་བུ། མི་བསྐྱོད་རིལ་བུ། གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་གྱི་ཐུགས་ལྗགས་སྤྱན་གསུམ་མེས་མ་རྨས་པར་བྱོན་པའི་ཆ་ཤས། ཉི་གྲགས་གཏེར་ཆེན་རིན་པོ་ཆེའི་སྐུ་གདུང་གི་ཆ་ཤས། ཉི་སྤྲུལ་གསུམ་པ་རིན་པོ་ཆེའི་ཕྱག་ཏུ་ཕེབས་པའི་ཀུན་མཁྱེན་འཇིགས་


JKT023_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གླིང་པའི་སྐུ་གདུང་སྐྱེ་བདུན་ཁྱད་འཕགས། རྫོགས་ཆེན་གསུམ་པ་རིན་པོ་ཆེ་ངེས་དོན་བསྟན་འཛིན་བཟང་པོའི་ཤངས་མཚལ་རིལ་བུ། སི་ཏུ་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཀྱི་ཤངས་མཚལ། གྲུབ་དབང་ནམ་མཁའ་རྒྱ་མཚོའི་སྐུ་ཤ །དྭགས་པོ་གཏེར་ཆེན་རིན་པོ་ཆེའི་ཤངས་མཚལ། ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱི་གདུངས། གཏེར་ཆེན་པདྨ་འགྲོ་འདུལ་རྩལ་གྱི་གདུང་རུས་ལས་གྲུབ་པའི་བྱིན་སྐུ། གྲུབ་པའི་དབང་ཕྱུག་ཆེན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་ཀྱི་ཤངས་མཚལ་རིལ་བུ། མི་བསྐྱོད་རིལ་བུ། རྣམ་སྣང་རིལ་བུ། འཇིགས་མེད་རྒྱལ་བའི་མྱུ་གུའི་ཤངས་མཚལ་རིལ་བུ། ཉི་གྲགས་གདན་ཚབ་བསྟན་འཛིན་མཆོག་སྤྲུལ་རིན་པོ་ཆེའི་དབུ་ཐོད། རྫོགས་ཆེན་པ་གྲུབ་དབང་བླ་མ་སངས་རྒྱས་ལགས་ཀྱི་གདུང་རུས་ལས་བྱོན་པའི་རིང་བསྲེལ་བཅས། གཞན་ཡང་དམ་ཚིག་གི་རྫས་མྱོང་གྲོལ་རིལ་བུའི་སྐོར་ལ། དྭགས་པོ་གཏེར་ཆེན་རིན་པོ་ཆེའི་གཏེར་བྱོན་མྱོང་གྲོལ་ཨ་རྒྱ་ཅན། འཆི་མེད་བདུད་རྩིའི་རིལ་བུ། རྩྭ་མཆོག་ཀླུ་བདུད་རྡོ་རྗེའི་རིལ་བུ། རྒྱལ་སྲས་བདེ་ཆེན་གླིང་པས་རཏྣ་ཀོ་ཥའི་མཚོ་འགྲམ་ནས་སྤྱན་དྲངས་པའི་བདེ་བ་རྒྱས་པའི་རྩ་མཆོག་མྱོང་གྲོལ། ཆོས་གླིང་ཀུན་བཟང་འོད་ཟེར་གྱི་གཏེར་རྫས་ཨ་ཐོ་མ། གཏེར་ཆེན་རཏྣ་གླིང་པའི་ཚེ་རིལ།


JKT023_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་དམ་རྫས་རིལ་བུ། རིག་འཛིན་འཇའ་ཚོན་སྙིང་པོ། རྡོ་རྗེ་བྲག་རིག་འཛིན་ཆེན་པོ། པདྨ་མདོ་སྔགས་གླིང་པ། ཀུན་མཁྱེན་འཇིགས་མེད་གླིང་པ། ཉི་གྲགས་གཏེར་ཆེན་སྐུ་ཐོག་སྔ་ཕྱི། དྭགས་པོ་གཏེར་ཆེན་རིན་པོ་ཆེ། རྒྱལ་སྲས་བདེ་ཆེན་གླིང་པ། ཀློང་ཆེན་རོལ་པ་རྩལ། གཏེར་ཆེན་པདྨ་འགྲོ་འདུལ་རྩལ་རྣམས་ཀྱིས་བསྒྲུབས་པའི་མྱོང་གྲོལ་བདུད་རྩི་ཆོས་སྨན་ཁྱད་འཕགས། ཉི་སྤྲུལ་བཞི་པ་རིན་པོ་ཆེས་གཏེར་གསར་པདྨ་དྲག་ཁྲོས་དང་། འཇམ་དབྱངས་དཀར་པོའི་སྒོ་ནས་བསྒྲུབས་པའི་རིལ་བུ། རྡོར་སྨིན་དཔལ་རི་ལྷ་ལུང་རྣམས་ཀྱི་མྱོང་གྲོལ་རིལ་བུ་དང་། བདུད་རྩི་ཆོས་སྨན། དཔལ་ཀཿཐོག་པ་རྫོགས་ཆེན་གསང་སྔགས་ཆོས་གླིང་། རྒྱལ་རོང་རྟག་བརྟན་སྒྲུབ་སྡེ་རྣམས་སུ་སྔ་ཕྱིར་བསྒྲུབས་པའི་བདུད་རྩི་ཆོས་སྨན་དང་། མྱོང་གྲོལ་རིལ་བུ། ཀཿཐོག་བླ་རབས་བཅུ་གསུམ་ཚུན་ཆད་ཀྱི་བུམ་ཆུ་རིལ་བུ། ཞི་ཁྲོ་ཁྲི་མཆོད་མང་པོ་དང་། སྔ་འགྱུར་བཀའ་མའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་བསྒྲུབས་པའི་བུམ་ཆུ་རིལ་བུ། ཉི་གྲགས་གཏེར་ཆེན་རིན་པོ་ཆེ། ཉི་སྤྲུལ་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོ། ཉི་སྤྲུལ་བཞི་པ་བཅས་ཀྱིས་རིམ་པར་གཏའ་སྤེལ་གནང་བའི་རྟེན་འདུས་རིལ་བུ་ཁྱད་འཕགས། དཔལ་ཀཿཐོག་པའི་རྟེན་འདུས་རིལ་


JKT023_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བུ། རྒྱ་གར་གྱི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ནས་བཟུང་རིམ་པར་སྤེལ་བའི་དཔལ་ས་སྐྱའི་རྟེན་འདམ་དཔེ་བྲལ་མ་ཞེས་ཤིན་ཏུ་ཁྱད་འཕགས། བསེ་འབག་ཞལ་བཞུགས་ཀྱི་བདུད་རྩི་རིལ་བུ་དང་། གོང་མ་སོ་སོས་ཕྱག་དྲིལ་གནང་བས་མཚོན་བདུད་རྩི་རིལ་བུ་བྱིན་ལྡན། ངོར་ཨེ་ཝཾ་པའི་པཎ་ཆེན་ག་ཡ་དྷ་རའི་བུམ་ཆུ། ཞྭ་ལུ་རི་སྦུགས་ཀྱི་པཎ་ཆེན་ག་ཡ་དྷ་རའི་བུམ་ཆུ་དང་བཅས་པ། ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་རྒྱུད་སྡེ་བཞིའི་སྒྲུབ་མཆོད་གནང་བའི་བུམ་ཆུ་རིལ་བུ། ཚར་ཆེན་བློ་གསལ་རྒྱ་མཚོས་རྟ་མགྲིན་ཡང་གསང་ཁྲོས་པའི་དཀྱིལ་འཁོར་དུ་བསྒྲུབས་པའི་བདུད་རྩི་ཆོས་སྨན། །རིགས་གསུམ་མགོན་པོའི་སྒོ་ནས་བསྒྲུབས་པའི་དངོས་གྲུབ་རིལ་བུ། འཇམ་དབྱངས་སྨྲ་བའི་སེངྒེའི་རིལ་བུ། ཀརྨ་པའི་དམ་རྫས་མྱོང་གྲོལ་རིལ་ནག་ཆེན་མོ། རྗེ་སྒམ་པོ་པའི་མྱོང་གྲོལ་རིལ་ནག་གི་ཕབ་རྒྱུན། དཔལ་སྟག་ལུང་པའི་རྟེན་འདུས། དགེ་ལུགས་པའི་མ་ཎི་རིལ་བུ། ཇོ་བོ་རིན་པོ་ཆེའི་སྐུ་ལ་ཁྲུས་ཆབ་གསོལ་བའི་རིལ་བུ། ཉི་སྤྲུལ་རིན་པོ་ཆེ་ནས་དབུས་གཙང་སྤྲུལ་པའི་ཞིང་གི་རྟེན་གསུམ་ཁྱད་པར་ཅན་རྣམས་ལ་སྐུ་ཁྲུས་གསོལ་བའི་རིལ་བུ། ཕོ་བྲང་ཆེན་པོ་པོ་ཏཱ་ལའི་གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས་པའི་ཚེ་སྦྱར་བའི་རྟེན་འདུས་ཁྱད་འཕགས་ཀྱི་ཕབས་རྒྱུན་གྲུབ་


JKT023_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་རིས་མེད་ཀྱི་རྟེན་འདུས་རིལ་བུའི་ཕབ་གཏའ་བཅས། སྐུ་བལ་གྱི་རིང་བསྲེལ་ལ། གཏེར་ཆེན་ཀུན་བཟང་འོད་ཟེར་གྱིས་གཏེར་བྱོན་སློབ་དཔོན་རིན་པོ་ཆེའི་ཟབ་བེར། དྭགས་པོ་གཏེར་ཆེན་གྱི་གཏེར་བྱོན་མཁན་ཆེན་བོ་དྷི་ས་ཏྭའི་ཆོས་གོས་ཀྱི་ཚལ་བུ། ཡེ་ཤེས་ཀྱི་ཌཱ་ཀི་ནཱི་འཆི་མེད་མནྡཱ་ར་བ་དང་། བདེ་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་དབུ་སྐྲ། རྒྱ་གར་གྱི་གྲུབ་ཆེན་ཏེ་ལོ་པའི་བཞུགས་གདན་ཀྲྀཥཱ་སཱ་རའི་པགས་པའི་དུམ་བུ། རྗེ་བཙུན་དམ་པ་རྒྱ་གར་གྱི་སྒོམ་ཐག །དཔལ་ལྡན་ཨ་ཏཱི་ཤའི་ཆོས་གོས་ཀྱི་ཚལ་བུ། གྲུབ་དབང་མར་པ་ཡབ་སྲས་ཀྱི་གདུང་རས། གཏེར་ཆེན་གུ་རུ་ཆོས་དབང་གི་ཕྱག་དར། དབུ་ཞྭ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སླེ་བེར་གྱི་ཚལ་བུ་དང་ཕྱག་མཁར་གྱི་ཆ་ཤས། ཁྲི་སྲོང་རྣམ་འཕྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་ན་བཟའ། རྡོ་བྲག་རིག་འཛིན་པདྨ་ཕྲིན་ལས་ཀྱི་ན་བཟའ། དབུ་སྐྲ་ཕྱག་ཕྲེང་གི་ཐགས་པ། སྐལ་བཟང་པདྨ་དབང་ཕྱུག་ན་བཟའ། རིག་འཛིན་ཁམས་གསུམ་ཟིལ་གནོན་གྱི་དབུ་སྐྲ། གྲུབ་དགོན་པ་འཇིགས་མེད་ཆོས་གྲགས་ན་བཟའ་། སྔ་འགྱུར་བསྟན་པའི་སྲོག་ཤིང་གཅིག་པུར་གྱུར་པ་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ན་བཟའ། དབུ་སྐྲ། ལོ་ཆེན་དྷརྨ་ཤྲཱིའི་ཆོས་གོས། གཏེར་ཆེན་འཇའ་ཚོན་སྙིང་པོའི་ན་བཟའ། རིག་


JKT023_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བདུད་འདུལ་རྡོ་རྗེའི་ཕུར་དར། ཕྱག་ཕྲེང་། སྐུ་བེར། སྟག་བླ་པདྨ་མ་ཏིའི་ན་བཟའ། གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་གྱི་ན་བཟའ། དབུ་ཞྭའི་ཚལ་བུ། དཔོན་སློབ་ནམ་མཁའ་འོད་གསལ་གྱི་ན་བཟའ། གཏེར་ཆེན་ཉི་མ་གྲགས་པ་དང་། ཉི་སྤྲུལ་གཉིས་པ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ན་བཟའ། དབུ་སྐྲ། ཉི་སྤྲུལ་གསུམ་པའི་ན་བཟའ། རྗེ་དབོན་རིན་པོ་ཆེ་པདྨ་ཀུན་གྲོལ་རྣམ་རྒྱལ་གྱི་ན་བཟའ། དཔོན་སློབ་རིན་པོ་ཆེ་པདྨ་གསང་སྔགས་བསྟན་འཛིན་དང་། ངེས་དོན་བསྟན་འཛིན་བཟང་པོའི་གདུང་རས། རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ན་བཟའ་དང་། དབུ་སྐྲ། ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱི་སྐུ་རེག །དབུ་ལྗོན། དྭགས་པོ་གཏེར་ཆེན་རིན་པོ་ཆེའི་དབུ་སྐྲ། ན་བཟའ། གཏེར་ཆེན་པདྨ་འགྲོ་འདུལ་རྩལ་གྱི་ན་བཟའ་དང་། དབུ་སྐྱ། སྐུ་རེག །ཉི་གྲགས་གཏེར་ཆེན་རིན་པོ་ཆེའི་ཀརྨ་མུ་དྲ། ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་ཀུན་བཟང་དབང་མོའི་དབུ་སྐྲ། གདན་ཚབ་བསྟན་འཛིན་མཆོག་སྤྲུལ་རིན་པོ་ཆེའི་དབུ་ཞྭ། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པ། འཇིགས་མེད་ཕྲིན་ལས་འོད་ཟེར། འཇིགས་མེད་རྒྱལ་བའི་མྱུ་གུ། ཕྱག་ན་པདྨོ་དམ་ཚིག་རྡོ་རྗེ་རྣམས་ཀྱི་ན་


JKT023_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ། དབུ་སྐྲ། རིག་འཛིན་པདྨ་བཤེས་གཉེན་གྱི་ཕུར་དར། སྤྲུལ་པའི་གཏེར་སྟོན་རིག་འཛིན་ཀློང་གསལ་སྙིང་པོའི་ན་བཟའ། བཞུགས་གདན། རིག་འཛིན་ཀུན་བཟང་ཤེས་རབ། །རྒྱལ་སྲས་བསོད་ནམས་ལྡེའུ་བཙན། རིག་འཛིན་ཚེ་དབང་ནོར་བུ། དྲི་མེད་ཞིང་སྐྱོང་མགོན་པོ། རྒྱལ་སྲས་རྟ་མགྲིན་དབང་ཆེན། རྨོག་གྲུབ་ནམ་མཁའ་ཆོས་དབང་རྣམས་ཀྱི་ན་བཟའ། རྨོག་གྲུབ་རིན་པོ་ཆེའི་ཕྱག་ཕྲེང་། འགྱུར་མེད་ཚེ་དབང་མཆོག་གྲུབ། ཀུན་བཟང་ངེས་དོན་དབང་པོ། འཇིགས་མེད་རིག་འཛིན་མགོན་པོ་རྣམས་ཀྱི་ན་བཟའ་དང་། དབུ་སྐྲ་བཅས། གཞན་ཡང་གྲུབ་མཐའ་རིས་མེད་ཀྱི་སྐོར་ལ། ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་ན་བཟའ་དང་། དབུ་ཞྭའི་ཚལ་བུ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག །ཡོངས་འཛིན་དཀོན་མཆོག་འཕེལ་བ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཚར་ཆེན་བློ་གསལ་རྒྱ་མཚོ། པཎ་ཆེན་ནམ་མཁའ་དཔལ་བཟང་། བྲང་ཏི་ནམ་མཁའ་སངས་རྒྱས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ནམ་མཁའ་བསམ་འགྲུབ། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། ཤར་ཆེན་མི་འགྱུར་རྒྱལ་མཚན། འཇམ་མགོན་དབང་སྡུད་སྙིང་


JKT023_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པོ། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། མཁན་ཆེན་ནམ་མཁའ་འཆི་མེད་བཅས་ཀྱི་ན་བཟའ་ཚལ་བུ་བཅས་དང་། རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེ། ཆོས་དབྱིངས་རྡོ་རྗེ། ཞྭ་དམར་ཆོས་ཀྱི་དབང་ཕྱུག །སི་ཏུ་ཆོས་ཀྱི་འབྱུང་གནས་དཔའ་བོ་གཙུག་ལག་དགའ་བ། འབྲུག་པ་རིན་པོ་ཆེ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་རྣམས་ཀྱི་ན་བཟའ། དྭགས་པོ་རིན་པོ་ཆེ་འཛམ་གླིང་ནོར་བུ་རྒྱན་པའི་ན་བཟའ་། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་ན་བཟའ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ན་བཟའ། རྒྱལ་དབང་ལྔ་པ་རིན་པོ་ཆེ་ངག་དབང་བློ་བཟང་རྒྱ་མཚོའི་དབུ་སྐྲ། བདུན་པ་བསྐལ་བཟང་རྒྱ་མཚོའི་འགན་སྦྱར། རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོའི་སྤུར་རས། རྒྱལ་ཚབ་དེ་མོ་རིན་པོ་ཆེའི་དབུ་སྐྲ་བཅས་སོ།། །།ཆོས་སྐུའི་རིང་བསྲེལ་དུ་གཏོགས་པའི་གཏེར་བྱོན་གྱི་ཤོག་སེར་སྐོར་ལ། མངའ་བདག་ཉང་གི་གཏེར་བྱོན་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཤོག་སེར། གུ་རུ་ཆོས་དབང་གཏེར་བྱོན་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་ཤོག་སེར། རིག་འཛིན་རྒོད་ལྡེམ་དང་། འཇའ་ཚོན་སྙིང་པོའི་གཏེར་ཤོག །གཏེར་ཆེན་བདུད་འདུལ་རྡོ་རྗེའི་སྒྲོལ་དཀར་ཤོག་སེར། རིག་འཛིན་ཉི་མ་གྲགས་པའི་རྟ་མགྲིན་དྲེགས་པ་ཟིལ་གནོན་དང་


JKT023_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ཡེ་ཤེས་རབ་འབར་རྩ་རྒྱུད་ཀྱི་ཤོག་སེར། གཏེར་སྟོན་མ་ཏི་རཏྣའི་སེར་གདོང་བདུད་འདུལ་དྲག་མོའི་ཤོག་སེར། ཆོས་གླིང་ཀུན་བཟང་འོད་ཟེར་གྱི་གཏེར་བྱོན་རྡོ་རྗེ་གྲོ་ལོད་གནམ་ལྕགས་མེ་འཁོར་གྱི་ཤོག་སེར། རྒྱལ་སྲས་བདེ་ཆེན་གླིང་པའི་གཏེར་ཁོག་ལ་སེར་གྱི་སྒྲོམ་བུའི་ཚལ་བུ། སྤྲུལ་པའི་གཏེར་སྟོན་པདྨ་འགྲོ་འདུལ་རྩལ་གྱི་གཏེར་ཤོག །ལོ་ཆེན་བཻ་རོའི་ཕྱག་བྲིས་ཀྱི་རྒྱ་དཔེ་ལེ་ཚན་གསུམ་དང་། ཤེར་ཕྱིན་བཅས། ཁྱད་པར་ཆོས་སྐུའི་རིང་བསྲེལ་དངོས་གཟུངས་ཀྱི་རིམ་པ་ནི། སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་བཤད་སྒྲུབ་ཀྱི་ཆུ་གཏེར་ཆེན་པོ་རྫོགས་ཆེན་གསང་སྔགས་ཆོས་གླིང་དང་། བེ་རི་བསྟན་རྒྱས་གླིང་། ཉག་བྲག་མགོའི་འདུས་སྡེ་རྣམས་སུ་བཞུགས་པའི་འཕྲུལ་ཆེན་པར་གྱི་ཕྱི་མོ་ལ་ཉེ་བར་དྲངས་པ་ལ། ཐོག་མར་སྡོམ་པ་གསུམ་གྱི་བླ་མ་བརྒྱུད་པའི་མཚན་སྔགས་ནས་བརྩམས་ཏེ། རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྒྱུད་སྔ་འགྱུར་ལ་འདུས་པ་ཆེན་པོའི་མདོ། །རྒྱུད་སྡེ་སྒྱུ་འཕྲུལ། སྒྲུབ་སྡེ་བཀའ་བརྒྱད། བླ་མ་ཞི་དྲག་སོགས་ཀྱིས་མཚོན་བཀའ་གཏེར་གྱི་། རིང་ལུགས་རྒྱ་མཚོ་ལྟ་བུ་དང་། ཕྱི་འགྱུར་གསར་མ། གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་དང་སྒྱུ་འཕྲུལ་དྲྭ་བ། མ་རྒྱུད་འཁོར་ལོས་སྒྱུར་བ་དྲུག །ཕ་རྒྱུད་རིགས་དྲུག་ལ་།


JKT023_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བོད་དུ་འགྱུར་རོ་ཅོག་གི་རྒྱུད་སྡེ་ཕལ་མོ་ཆེའི་རྩ་སྔགས། སྙིང་པོ། ཉེ་སྙིང་། རྣལ་འབྱོར་གྱི་རྒྱུད་རྩ་བཤད་ཆ་མཐུན་དང་བཅས་པ། སྤྱོད་རྒྱུད་རིགས་གསུམ། བྱ་རྒྱུད་སྒོ་དྲུག་རྣམས་ཀྱི་གཟུངས་སྔགས། གཟུངས་ཆེན་སྡེ་ལྔ། རྡོ་རྗེའི་ཆོས་སྲུང་རྒྱ་མཚོ། གནོད་སྦྱིན་ནོར་ལྷ་ཇི་སྙེད་པའི་སྙིང་པོ། མཐའ་རྟེན་འདོད་གསོལ་བསྔོ་སྨོན་ཤིས་བརྗོད་དང་བཅས་ཚར་དུ་མ་དྲི་བཟང་དང་བདུད་རྩིའི་ཕུར་མས་ཁྱབ་པར་བྱུགས་ཤིང་། དྲིལ་ལུགས་ན་བཟའ་སོགས་ཞིབ་མོ་རྣམ་པར་འཐག་པའི་བཅའ་ག་དང་ལྡན་པ། གཞན་ཡང་སྐུ་གསུང་ཐུགས་རྟེན་ཀྱི་རིགས་སྣ་ཚོགས་ལ། སྐུ་རྟེན་དུ་ཐུབ་དབང་སྐུ་ཚབ་རྒྱ་གར་ལི་མ། བོད་ལི་དང་རྒྱ་ནག་ལི་མའི་ཐུབ་སྐུ་རེ་རེ། དབུས་ལི་ལས་གྲུབ་པའི་ཡུམ་ཆེན་མོའི་སྐུ། ཟངས་གསེར་ལས་གྲུབ་པའི་འོད་དཔག་མེད། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་སྒྲོལ་མ་རྣམས་ཀྱི་སྣང་བརྙན། རྫོགས་ཆེན་རིན་པོ་ཆེའི་ཕྱག་པར་ཚེ་དཔག་མེད་ཀྱི་སྐུ། རྨོག་གྲུབ་རིན་པོ་ཆེའི་ཕྱག་པར་རྟེན་འདམ་ལས་གྲུབ་པའི་ཚེ་དཔག་མེད། སྒྲོལ་མ་དཀར་སྔོན། རྗེ་བཙུན་མི་ལའི་སྣང་བརྙན། སི་ཏུ་རིན་པོ་ཆེའི་ཕྱག་པར་སློབ་དཔོན་ཆེན་པོའི་སྐུ། རིག་འཛིན་འཇིགས་མེད་དཔའ་བོའི་ཕྱག་པར་མཚོ་སྐྱེས་རྡོ་རྗེའི་སྐུ། རྒྱལ་སྲས་བདེ་ཆེན་གླིང་པའི་ཕྱག་པར་གུ་རུ་


JKT023_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འཁོར་གསུམ་གྱི་སྣང་བརྙན་སྨན་འདམ་ལས་གྲུབ་པའི་བིར་ཝ་པ་དང་། ས་ཆེན་ཀུན་དགའ་སྙིང་པོའི་སྐུ་འདྲ་བཅས་སོ།། །།གསུང་རྟེན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གླེགས་བམ་བཅུ་གཉིས། མདོ་སྡེ་བསྐལ་པ་བཟང་པོ། རྡོ་རྗེ་གཅོད་པ་གསེར་བྲིས། རིན་ཆེན་གཉིས་པས་བྲིས་པའི་སློབ་དཔོན་རིན་པོ་ཆེའི་རྣམ་ཐར། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད། །alདྲི་མེད་བཤགས་རྒྱུད་ཆ་གཉིས། དཔང་སྐོང་ཕྱག་རྒྱ་པ་བཅས། འོད་དཔག་ཏུ་མེད་པའི་བཀོད་པ་བསྟན་པའི་མདོ་མཚལ་བྲིས། སོ་སོར་ཐར་པའི་མདོ། ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་ཐང་ཡིག་སྡེ་ལྔ། མངའ་རིས་མ་ཧཱ་པཎྜི་ཏ་པདྨ་དབང་རྒྱལ་རྡོ་རྗེའི་སྡོམ་གསུམ་རྣམ་ངེས་རྩ་འགྲེལ་གཞི་གསུམ་གྱི་ཆོ་ག །ཤྲཱི་ཧེ་བཛྲའི་སྒྲུབ་དཀྱིལ། འོག་མིན་ཚོགས་ཆེན་འདུས་པའི་སྒྲུབ་ཁོག །གཏེར་ཆེན་རཏྣ་གླིང་པའི་ཕུར་པ་ཡང་གསང་བླ་མེད། སྨིན་གླིང་གཏེར་བྱོན་ཚེ་དཔག་མེད་འཆི་མེད་ཡང་སྙིང་། བདུད་འདུལ་སྒྲོལ་དཀར། ཕྱག་རྡོར། རིག་འཛིན་ཉི་གྲགས་པའི་བླ་མ་རྩ་གསུམ་གསང་བ་འདུས་པ། ཡི་དམ་པདྨ་དྲག་པོ། སྨན་བླ་བདུད་རྩི་ཐིགས་པ་རྣམས་ཀྱི་སྒྲུབ་སྐོར། ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ཐོས་གྲོལ་ཚོར་བ་རང་གྲོལ། གཏེར་ཆེན་པདྨ་འགྲོ་འདུལ་རྩལ་གྱི་གཏེར་བྱོན་བླ་མ་


JKT023_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུའི་སྐོར་ཆ་ཚང་། བདེ་བ་ཅན་གྱི་ཞིང་བཀོད་སྨོན་ལམ། གསོལ་འདེབས་བསམ་པ་ལྷུན་གྲུབ་བཅས། ཐུགས་རྟེན་དུ། བདེ་གཤེགས་མཆོད་རྟེན་བརྒྱད། ཇོ་བོ་སྨྲི་ཏི་ཛྙཱ་ནའི་ཕྱག་པར་སཱཙྪ་རྣམས་ཏེ། དེ་ཡང་ཐོག་མར་སྲོག་ཤིང་མཚན་ཉིད་ལྡན་པར་གནས་སོ་སོའི་སྔགས་ཀྱིས་མཚོན་འབྲི་བར་འོས་པ་རྣམས་ལྷག་ཆད་མེད་པར་བཀོད་པ་ཉིད་སྐུ་དབུས་དྲང་པོར་བཙུགས་པའི། སྤྱི་བོ་ནས་བཟུང་གདན་ཁྲིའི་བར་སོ་སོའི་ནང་གཟུངས་ཀྱི་རིམ་པ་རྣམས་གོང་འོག་མ་འཁྲུལ་པ་དང་། སྨིན་མཚམས་སུ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་རྒྱལ་བ་རིག་འཛིན་གྱི་སྲོག་འཁོར། ཡུམ་ཀའི་མཐོང་གྲོལ་ཙཀྲ། སངས་རྒྱས་སྲས་གཅིག་གི་རྒྱུད་སོགས་དང་། སྐྱིལ་ཀྲུང་གི་མཚམས་སུ་འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་གསུངས་པའི་གནོད་སྦྱིན་ཕོ་དགུ་མོ་དགུའི་འཁོར་ལོ་དུ་མ། དེ་ཡི་འོག་ཏུ་གཏེར་ཆེན་པོའི་བུམ་པ་དང་། ཕྱོགས་མཚམས་ཀུན་ཏུ་འཕགས་བལ་བོད་ལྗོངས་མ་ཧཱ་ཙི་ན་སོགས་ཀྱི་གནས་རྟེན་མང་པའི་ས་སྣ། ཆུ་སྣ། ཤིང་སྣ། དུག་རིགས་མ་འདྲེས་པའི་སྨན་སྣ་ཚོགས། མེ་ཏོག་སྣ་ཚོགས། འབྲུ་སྣ་ཚོགས། རིན་པོ་ཆེ་དང་། དར་ཟབ་སྣ་ཚོགས། དཀྱིལ་འཁོར་མང་པོའི་རྡུལ་ཚོན། རབ་གནས་ལན་གྲངས་དུ་མས་བསྒྲུབས་པའི་མེ་ཏོག་སོགས་བཀྲ་ཤིས་


JKT023_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བྱིན་ཆགས་པའི་དངོས་གྲུབ་ཀྱི་རྫས་མ་ཚང་བ་མེད་པས་ཁོར་ཡུག་ཏུ་ཁྱབ་པར་བགྱིས་པས་མཚོན། མདོར་ན་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་རྣམས་ཀྱི་ཞལ་ལུང་དང་། །མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམ་པར་དག་པ་ལ་བརྟེན་ནས་ཚུལ་བཞིན་དུ་བཞུགས་སུ་གསོལ་བ་དང་། སྐུའི་གཡས་སུ་བདག་ཅག་གི་སྟོན་པ་བདེ་བ་ཆེན་པོ་པདྨ་ཀ་རའི་སྤྱན་སྔར་འཆི་མེད་སྒྲུབ་པའི་དགྱེས་སྡེ་མན་ར་བ། མཁས་གྲུབ་ཁྱུང་པོའི་དུས་སུ་ཌཱཀྐི་ནཱི་གུ་མ། གྲུབ་དབང་མར་པ་ལོ་ཙཱའི་དུས་སུ་ཆུ་ཤིང་གི་སྙེ་མ་ཅན། གཉན་ལོ་ཙཱ་བའི་དུས་སུ་རི་སུལ་གྱི་རྣལ་འབྱོར་མ། རྗེ་བཙུན་འཇའ་ཚོན་སྐུ་ཅན་རས་ཆུང་ཞབས་ཀྱིས་མཇལ་བའི་ཚེ་མ་གཅིག་གྲུབ་པའི་རྒྱལ་མོ་སོགས་མཚན་དང་སྐུའི་རྣམ་འགྱུར་འདོད་དགུར་བསྒྱུར་བ་ཡེ་ཤེས་ཀྱི་མཁའ་འགྲོ་བྱེ་བའི་གཙུག་རྒྱན་དེ་ཉིད་དང་། སྐུའི་གཡོན་དུ་སངས་རྒྱས་གཉིས་པ་ཨོ་ཌི་ཡ་ནའི་སློབ་དཔོན་ཆེན་པོ་ཉིད་བསིལ་ལྗོངས་ཀྱི་གདུལ་བྱ་རྣམས་ལ་ཐུགས་ལྷག་པར་བརྩེ་བས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་ལྔ། བྲག་ཕུག་ཆེན་པོ་བརྒྱད། གངས་ཆེན་ཉི་ཤུ་རྩ་གཅིག་སོགས་སྦས་པའི་གནས་ཆེན་བསམ་གྱིས་མི་ཁྱབ་པ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་བྱིན་གྱིས་བརླབས་ཏེ་གཏེར་ཁ་གྲངས་མེད་པ་སྦས། ཟབ་པ་དང་རྒྱ་ཆེ་བའི་ཆོས་


JKT023_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོ་མཐའ་ཀླས་པར་བསྐོར་བ་རྣམས་ཀྱི་བཀའི་བསྡུ་བ་པོ་གཅིག་པུ་མི་བརྗེད་གཟུངས་ཐོབ་དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་ཏེ་རྣམ་པ་གཉིས་ལའང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་སོགས་ཀྱིས་མཚོན་སྔ་མ་དང་ཆ་མཚུངས་པའི་ནང་གཟུངས་རྨད་དུ་བྱུང་བ་དང་། ཁོ་བོ་ཅག་གིས་ཆེད་དུ་བསྐུལ་ཏེ་བཞེངས་པའི་སྟོན་མཆོག་ཐུབ་པའི་དབང་པོའི་སྣང་བརྙན་ཡིད་བཞིན་བསམ་འཕེལ། འཁོར་འཕགས་པའི་གནས་བརྟན་བཅུ་དྲུག་དྷརྨ་ཏཱ། རྒྱལ་ཆེན་སྡེ་བཞི། སྦྱིན་བདག་ཧ་ཤང་དང་བཅས་པ་རྣམས་ལས། གཙོ་བོའི་ཐུགས་ཀར་ཐུབ་པའི་དབང་པོའི་ཞལ་སྐྱིན་ལི་དཀར་ལས་གྲུབ་པས་མཚོན་རིང་བསྲེལ་རྣམ་པ་བཞི་ཏིལ་གྱི་གོང་བུ་ལྟར་གཏམས་ཏེ་བཞུགས་པ་ཡིན་ནོ།། །།དེ་ལྟ་བུའི་དགེ་ཚོགས་རིན་པོ་ཆེའི་བྱ་བ་ལ་ཐོག་མར་འཇུག་པ་ནས། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་ཀྱི་གཟིགས་པས་ལྷག་པར་དགོངས་པའི་བྱིན་རླབས་ཀྱིས། ནག་པོའི་རྩ་ལག་སྡེ་དང་བཅས་པའི་བར་ཆད་ཀྱི་མཚན་མ་ཕྲ་མོ་ཙམ་གྱིས་ཀྱང་བརྫི་བར་མེད་པར་བཟོ་ཡི་བྱ་བ་ལེགས་པར་མཐར་ཕྱིན་པ་དང་། རབ་ཏུ་གནས་པའི་རྒྱུད་ལས། །རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱིས་ནས་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། གཞན་དག་ཀྱང་ནི་མཆོད་པར་བགྱི། ཞེས་


JKT023_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་བཟོ་གནས་ཀྱི་རིག་པ་འཛིན་པ་ཉིད་ཟང་ཟིང་གི་བདོག་པ་གྱ་ནོམ་པས་ཤིན་ཏུ་མགུ་བར་བགྱིས་ཤིང་། སྔ་མ་ལས། ཆོ་ག་དང་ནི་ནུས་པ་ཡི། །བརྟག་པ་ལས་གསུངས་ཚུལ་ལེགས་པ། །དེར་བྱས་བསོད་ནམས་ཆེ་བ་ཡིན། ཞེས་དང་། སློབ་དཔོན་ཆེན་པོས། ཕྱིར་བས་རྟེན་གསུམ་བཞེངས་པ་རྣམས། །གྲུབ་དང་རབ་གནས་མཉམ་དུ་བྱ། ཞེས་སོགས་རྒྱ་ཆེར་གསུངས་པའི་དོན་ཐུགས་ལ་བཅགས་ཏེ་བྱ་བྲལ་བླ་མ་དམ་པ་ཉིད་ནས་ཁོ་བོ་ཅག་ལ་ནན་ཏན་གྱིས་ཆེད་དུ་བསྐུལ་བ་བཞིན་ཚོགས་ཀྱི་སློབ་དཔོན་གྱི་ཁུར་བཟུང་སྟེ། མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་རྡོ་རྗེ་སོགས་ངོས་ཅག་འདུས་པ་རྣམས་ཀྱིས་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་གཟའ་སྐར་བྱེད་སྦྱོར་ཕུན་སུམ་ཚོགས་པ་ནས་བརྩམས་ཏེ། རིག་འཛིན་བླ་མ་ཐམས་ཅད་འདུས་པའི་བདག་ཉིད་རྩ་གསུམ་རྒྱ་མཚོའི་ངོ་བོ་འཆི་མེད་པདྨ་ཀ་རའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བ་སྔོན་དུ་འགྲོ་བས། རབ་གནས་ཀྱི་ཆོ་ག་རྨད་དུ་བྱུང་བའི་ལེགས་བཤད་ཀྱི་གཏེར་ཆེན་པོ་བཀྲ་ཤིས་འདོད་འཇོ་དགོངས་དོན་མ་འཁྲུལ་བར་དངོས་སྟ་ཉིན་གསུམ་དང་། རྒྱས་པའི་སྦྱིན་སྲེག་སོགས་མཐའ་རྒྱས་སུ་བསྒྲུབས་ཤིང་། སླར་ཡང་རྒྱུད་ལས། བསྙེན་རྫོགས་


JKT023_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ལྡན་རྣལ་འབྱོར་པས། །གཟིགས་པས་རབ་གནས་དམ་པ་ཆགས། ཞེས་གསུངས་པ་ལྟར། དཔལ་གསང་བའི་བདག་པོ་རིག་གྲོལ་ངུར་སྨྲིག་ཟློས་གར་ལ་རྩེན་པ་རྨོག་གྲུབ་རིན་པོ་ཆེ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་དང་། བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་འཇམ་དཔལ་དབྱངས་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོ་སོགས་དམ་པའི་སྐྱེས་བུ་དུ་མས་ཀུན་རྫོབ་བརྡའི་ཆོ་ག་དང་། །དོན་དམ་ཆོས་དབྱིངས་མཉམ་པ་ཆེན་པོ་ཡེ་ཤེས་རྡོ་རྗེས་ལྷག་པར་གནས་པས་ཡེ་ཤེས་པ་མངོན་དུ་བཞུགས་པར་མཛད་པའི་སྣང་བརྙན་འདི་རྣམས་ཀྱི་སྤྱན་སྔར། ཆོས་སྣང་བའི་སྒོ་དང་པོར་གྱུར་པ་མི་ཕྱེད་དད་པའི་ཡིད་ཀྱིས་མདུན་བདར་ཏེ། ཡན་ལག་བདུན་པ་དང་། མཎྜལ་དང་། ཚོགས་ཀྱི་མཆོད་པ་དང་། རྡོ་རྗེའི་རྣལ་འབྱོར་ཟབ་མོ་ལ་མཉམ་པར་བཞག་པ་སོགས་རྣམ་པར་དཀར་བའི་ལས་ལ་གཅིག་ཏུ་མཛའ་བར་བྱས་པའི་ཕན་ཡོན་ནི། ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱི་རྡོ་རྗེའི་གསུང་ལས། ཉོན་ཅིག་ལྷ་མོའི་གཟུགས་ཅན་ཡིད་འོང་མ༔ ང་དང་མ་འཕྲད་མ་འོངས་སེམས་ཅན་རྣམས༔ མ་རིག་མུན་པའི་སྒྲོན་མེ་སྐུ་འདྲས་བྱེད༔ པད་འབྱུང་སྐུ་ཚབ་མཆོད་པའི་རྟེན་བཞེངས་པ༔ སྐུ་གསུམ་དོན་ལྡན་བསྟན་པའི་རྒྱལ་མཚན་འཛུག །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་གནས་སྐབས་སུ་ནད་གདོན་


JKT023_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སོགས་ཇི་ལྟར་བསམ་པ་དང་མཐུན་པའི་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པས་མཚོན་དགོས་འདོད་མཐའ་དག་ཡིད་བཞིན་དུ་འགྲུབ་པར་མ་ཟད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ལག་རྩེར་སྩོལ་བའི་བདག་ཉིད་ཅན་དུ་གདོན་མི་ཟ་བའི་ཕྱིར། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྐྱེས་བུ་ཆེན་པོའི་བློ་གྲོས་ཀྱིས་གནས་འབྲེལ། ཕྱག་སྐོར། མཆོད་འབུལ་སོགས་ཚོགས་བསགས་སྒྲིབ་སྦྱོང་སྒོ་དུ་མ་ནས་བརྩོན་པ་དང་། དེ་ཐམས་ཅད་ཀྱང་བཟང་པོ་བཞི་དང་ལྡན་པའི་ཡོངས་སུ་བསྔོ་བ་དང་སྨོན་ལམ་རྒྱ་ཆེན་པོས་མཚམས་སྦྱོར་འཕགས་པ་ཀུན་ཏུ་བཟང་པོའི་རྗེས་སུ་འབྲང་བར་རྩེ་གཅིག་པའི་ཡིད་ཀྱིས་གསོལ་བ་འདེབས་པ་ལགས་སོ།། །།སླར་ཡང་སྨྲས་པ། ཨེ་མ་དད་བརྩོན་ནོར་བུའི་ས་གཞིར་སངས་རྒྱས་གཉིས་པ་མཚོ་སྐྱེས་རྗེའི། །མཚན་དཔེའི་སྣང་བརྙན་གསར་དུ་འཁྲུངས་པའི་ལེགས་བྱས་གཏམ་གྱི་སྤྲིངས་ཡིག་གིས། །རྒྱལ་ཀུན་སོ་སོར་རྟོགས་པའི་རང་གཟུགས་འོད་སྣང་མཐའ་ཡས་ཡེ་ཤེས་བྱིན། །སིནྡྷུའི་པདྨོ་སྙིང་པོར་སྨིན་པའི་ངོ་མཚར་སླར་ཡང་འོངས་པ་


JKT023_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་། །གང་ལ་བསྙེན་པའི་ཡིད་ཀྱི་ཤིང་རྟ་ཕུན་ཚོགས་འབྱོར་པས་འགེངས་པ་ལ། །དཔག་བསམ་རྐང་འཐུང་གསར་པའི་དཔལ་དང་ཙིནྟ་མ་ཎིར་རྣམ་བརྟགས་ཀྱང་། །སྒྲིབ་གསུམ་ཚ་གདུང་སྟུག་པོ་འཇིལ་དང་ཀུན་མཁྱེན་སྣང་བ་སྟེར་མཁས་ཕྱིར། །ཀུན་བཟོད་འདི་ན་མཚུངས་པ་མེད་ཅེས་བསོད་ནམས་སྤྲིན་གྱི་རོལ་མོར་འཁྲོལ། །དེ་ལས་བྱུང་བའི་དགེ་ཚོགས་དྲི་མེད་ཟླ་ཤེལ་བདུད་རྩིའི་རྗེས་འགྲོ་བས། །རྒྱལ་བསྟན་ཆུ་གཏེར་ཕྱོགས་བརྒྱར་འཕེལ་ཞིང་བསྟན་འཛིན་མཆོག་རྣམས་ཞབས་པད་བརྟན། །ཡངས་པའི་འཇིག་རྟེན་དགེ་བཅུའི་སྤྱོད་པས་རྫོགས་ལྡན་དུས་སྟོན་རྒྱས་པ་དང་། །ལྷན་ཅིག་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་ཆེན་པོར་འཇུག་གྱུར་ཅིག །ཁྱད་པར་བསིལ་ལྗོངས་བཀའ་དྲིན་མཚུངས་མེད་གྲུབ་པའི་སློབ་དཔོན་ཨོ་རྒྱན་རྗེས། །བྱིན་རླབས་སྣང་བས་རྟག་ཏུ་མཛེས་བྱས་ངོ་མཚར་རྡོ་རྗེའི་གནས་ཆེན་པོར། །འོད་གསལ་སྙིང་པོའི་དོན་ལ་དབང་འབྱོར་ཐེག་མཆོག་རིག་འཛིན་འདུས་པའི་གླིང་། །བཤད་སྒྲུབ་ཟུང་གི་བགྱི་བ་དང་བཅས་ཕྱོགས་དུས་ཀུན་ཏུ་རྒྱས་པར་ཤོག །མདོར་ན་སྲིད་དང་ཞི་བའི་ལེགས་བྱས་ཨུཏྤལ་གཞོན་ནུའི་སྙེ་མ་ནི། །ཡོངས་སུ་བསྔོ་བའི་བདུད་རྩིས་བརླན་པའི་དགེ་མཚན་ཕུན་སུམ་ཚོགས་པའི་དཔྱིད། །ཡིད་ཅན་རྒྱ་མཚོའི་ཉེར་འཚོ་གཅིག་གྱུར་ཕན་


JKT023_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་དགའ་སྟོན་དར་བབས་པའི། །བཀྲ་ཤིས་སྣང་བ་དམ་པའི་དཔལ་གྱིས་ས་གསུམ་ཀུན་ཏུ་ཁྱབ་གྱུར་ཅིག །ཅེས་པའང་རྣམ་དཀར་གྱི་ཕྲིན་ལས་རྨད་དུ་བྱུང་བའི་བདག་པོའི་རྐྱེན་རིག་འཛིན་བླ་མ་དམ་པ་ཉིད་ནས་ཟིན་ཐོ་དང་བཅས་ཡང་ཡང་བཀའ་སྩལ་གནང་བ་ལས་རྒྱལ་ཁམས་ཕྱོགས་མེད་ཀྱི་བྱ་བྲལ་བ་ཤཱཀྱའི་དགེ་སློང་ཐེག་པ་མཆོག་གི་རྣལ་འབྱོར་པ་འཆད་རྩོད་རྩོམ་པའི་ཚུལ་ལ་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་ཤར་བ་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་གཙུག་ལག་སྨྲ་བའི་ཉི་མ་ཞེས་བགྱི་བས་སྦྱར་བ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


JKT023_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousསངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེའི་སྣང་བརྙན་གསར་དུ་འཁྲུངས་པའི་གཏམ་ལེགས་བྱས་སྤྲིན་གྱི་རོལ་མོ།next