Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བའི་གཏམ་བསོད་ནམས་སྤྲིན་གྱི་རྒྱུད་མང་།
   
   
   
   
   
   
   
   
   
   
   
   


 
previousདགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བའི་གཏམ་བསོད་ནམས་སྤྲིན་གྱི་རྒྱུད་མང་།next

དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བའི་གཏམ་བསོད་ནམས་སྤྲིན་གྱི་རྒྱུད་མང་།


JKT024_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བའི་གཏམ། བསོད་ནམས་སྤྲིན་གྱི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །


JKT024_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སྲིད་དང་ཞི་བའི་ལེགས་བྱས་ཇི་སྙེད་ཀུན། །སེམས་ཅན་རྣམས་ལ་ཡོངས་སུ་བསྔོ་བའི་གཏམ། །གཞན་ལས་ཁྱད་པར་འཕགས་པའི་སེང་གེའི་སྒྲས། །སྟོན་མཛད་ཟས་གཙང་སྲས་ཀྱིས་དགེ་ལེགས་སྩོལ། །གང་དེའི་རྣམ་པར་བཞག་པ་ལས་བརྩམས་པའི། །གླེང་བ་བསོད་ནམས་སྤྲིན་གྱི་ཏམྦུ་རས། །དཔྱོད་ལྡན་མདོངས་མཐའི་སྙིང་དང་རྣ་བ་ལ། །བདུད་རྩིའི་དགའ་སྟོན་གསར་པ་བསྒྲུབ་པར་བྱ། །དེ་ལ་འདིར་རང་གཞན་གྱི་དགེ་ཚོགས་ཡོངས་སུ་བསྔོ་བས་རྒྱས་འདེབས་པའི་ཐོག་མར་འདི་སྐད་ཅེས་གླེང་བར་བྱ་སྟེ། དེ་ལ་འདིར་རང་རེ་རྣམས་ཀྱི་སྟོན་པ་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་གཉེན་གྱིས་ལེགས་པར་གསུངས་


JKT024_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྟན་པ་རིན་པོ་ཆེའི་བཤད་སྒྲུབ་དྲི་མ་མེད་པར་གནས་ཤིང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་དུས་ཕུན་སུམ་ཚོགས་པའི་སྐབས་འདིར། མཚུངས་མེད་འདིར་སྦྱིན་བདག་གི་ཆེ་བ་བརྗོད་དགོས་ན་སྐབས་སུ་གང་འོས་སྤྲེལ། མཆན། བསྟན་པའི་སྦྱིན་བདག་ཆེན་པོ་གང་ནས། བསམ་པ་དང་སྦྱོར་བ་གཉིས་ཀ་རྣམ་པར་དག་པས་ཁོ་བོ་ཅག་ལ་ཡུལ་དམ་པར་བཟུང་ནས་བསྙེན་བཀུར་བླ་ན་མེད་པ་བསྐྲུན་པ་ལ། རྒྱུ་སྦྱོར་བ། བྱ་བ་བྱེད་པ། ལག་ཏུ་ལེན་པ། སྒོ་གསུམ་གྱི་འབྲེལ་ཐོགས་དང་བཅས་པའི་རྒྱུད་ལ་དགེ་ཚོགས་ཇི་སྙེད་ཅིག་འཕེལ་བ་རྣམས་བར་མ་དོར་ཆུད་མི་ཟ་བ་དང་། གོང་ནས་གོང་དུ་འཕེལ་བའི་ཕྱིར་ཡོངས་སུ་བསྔོ་བས་


JKT024_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གདབ་པ་ནི་ནང་པ་སངས་རྒྱས་པའི་ཁྱད་པར་འཕགས་པའི་ཆོས་གཅིག་ཡིན་ཏེ། སློབ་དཔོན་མཐོ་བཙུན་གྲུབ་རྗེས། བསོད་ནམས་བྱས་པའི་དངོས་པོ་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །བཅོམ་ལྡན་འདས་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་དེ་ལྟ་བུའི་རྣམ་པར་བཞག་པ་མདོ་དང་བསྟན་བཅོས་རྣམས་ལས་རྒྱ་ཆེར་འབྱུང་བའི་དོན་སྙིང་པོར་དྲིལ་ཏེ་ཅུང་ཟད་ཅིག་སྙན་དུ་གསོལ་ན་གསུམ། མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་མཚན་ཉིད་ནི། མངོན་པར་འདུ་བྱས་པའི་དགེ་བའི་རྩ་བ་གང་ཞིག་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་ཡོངས་སུ་བསྒྱུར་བའི་ཐབས་ཁྱད་པར་ཅན་གང་ཡིན་པ་སྟེ། མགོན་པོ་བྱམས་པས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། གཉིས་པ་སྒྲ་དོན་ནི། ལེགས་སྦྱར་གྱི་སྐད་དུ་པ་རི་ཎཱ་མ་ཞེས་པའི་སྒྲ་ལས་དྲངས་ན། ཡོངས་སུ་བསྒྱུར་བའམ། སྤེལ་བ་ལ་འཇུག་སྟེ། དགེ་བའི་རྩ་བ་བྱང་ཆུབ་ཀྱི་རྒྱུར་ཡོངས་སུ་བསྒྱུར་བ་དང་། དེ་མ་ཐོབ་ཀྱི་བར་དུ་གོང་ནས་གོང་དུ་སྤེལ་བའི་ཕྱིར་དེ་སྐད་དོ། །གསུམ་པ་དབྱེ་བ་ལྔ་ལ། གང་ཞིག་བསྔོ་བའི་དགེ་བ། གང་དུ་བསྔོ་བའི་ཡུལ། ཇི་ལྟར་བསྔོ་བའི་ཚུལ། དེ་ལྟར་བསྔོས་པའི་ཕན་ཡོན། སྐབས་སུ་བབས་


JKT024_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྔོ་བ་དངོས་སོ། །དང་པོ་གང་ཞིག་བསྔོ་བའི་དགེ་བ་ནི། སྤྱིར་དགེ་བའི་མིང་གིས་སྨོས་པ་ཐམས་ཅད་བསྔོ་བས་བསྒྱུར་དུ་རུང་ངམ་སྙམ་ན་མ་ཡིན་ཏེ། མངོན་པའི་གཞུང་རྣམས་ལས། དེ་བཞིན་ཉིད་ལའང་དགེ་བའི་མིང་གིས་སྨོས་པ་ཡོད་མོད། དེ་ནི་དགོས་དབང་གིས་བཏགས་པ་ཙམ་མ་གཏོགས་དགེ་བའི་མཚན་ཉིད་པ་མ་ཡིན་པས་བསྔོ་བྱར་མི་རུང་སྟེ། བསྔོས་ཀྱང་འགྱུར་བ་མེད་པའི་ཕྱིར་རོ། །དེས་ན་བསྔོ་རྒྱུའི་དགེ་རྩ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གསུངས་པ་ལྟར། རྒྱུ་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་སེམས་ཀྱིས་ཀུན་ནས་བསླངས་ཤིང་བསྐྱེད་པའི་ལས་གང་ཞིག །འབྲས་བུ་བདེ་བ་བསྐྱེད་པ་སྟེ། དེ་ལའང་བསོད་ནམས་བྱ་བའི་སྒོ་ནས་དབྱེ་ན། སྦྱིན་པ་དང་། ཚུལ་ཁྲིམས་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་སྟེ་གསུམ་དུ་འགྱུར་བ་ལས། འདིར་སྐབས་སུ་བབ་པའི་དགེ་བའི་རྩ་བ་འདི་ནི་གཙོ་བོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབུལ་བ་འདོར་བར་བྱེད་པ། ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་དང་། བྱམས་པའི་སྦྱིན་པ་བཞིས་བསྡུས་ཤིང་། ཁྱད་པར་དུ་བསམ་པ་རྣམ་པར་དག་པ་དང་ལྡན་པའི་གཏོང་བ་པོ་དམ་པས། ཚུལ་


JKT024_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་སོགས་ཉམས་པ་མེད་པའི་ལེན་པ་པོ་དམ་པ་ལ། གཞན་ལས་བརྐུས་པ་དང་འཕྲོག་པ་ལ་སོགས་པ་མ་ཡིན་པའི་ལོངས་སྤྱོད་དམ་པས་བསྙེན་བཀུར་བགྱིས་པ་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་གང་ཡིན་པ་དང་། དེ་ཙམ་དུའང་མ་ཟད་དུས་གསུམ་དུ་རང་ཉིད་ཀྱིས་བསགས་པ་དང་། གཞན་ལ་བསག་ཏུ་བཅུག་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་སུ་ཡང་རུང་བས་་མ་མངོན་པར་འདུ་བྱས་པའི་དགེ་བའི་རྩ་བ་ཇི་སྙེད་ཅིག་ཡོད་པ་རྣམས་ཏེ། ཕལ་པོ་ཆེ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་རེག་གྱུར་ཅིག །ཅེས་གསུངས་པའི་ཕྱིར། གཉིས་པ་གང་དུ་བསྔོ་བའི་ཡུལ་ནི། མགོན་པོ་བྱམས་པས། ཁམས་གསུམ་གཏོགས་པ་མ་ཡིན་དང་། །ཞེས་གསུངས་པ་ལྟར། ཚངས་པ་དང་། བརྒྱ་བྱིན་དང་། འཁོར་ལོས་སྒྱུར་བ་ལ་སོགས་པས་མཚོན། མདོར་ན་ཁམས་གསུམ་ན་ཆེན་པོར་གྲགས་པའི་འཁོར་བའི་བདེ་འབྲས་ཀྱི་སར་མི་བསྔོ་སྟེ། དེ་རྣམས་ནི་དངོས་དང་བརྒྱུད་པའི་སྒོ་ནས་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ལས་མ་འདས་པའི་ཕྱིར་དེ་ཙམ་དུའང་མ་ཟད། ཤེར་ཕྱིན་ལས། དགེ་བའི་རྩ་བ་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་མ་གཏོགས་


JKT024_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་བསྔོར་མི་འཇུག་གོ །ཞེས་རང་ཉིད་གཅིག་པུ་ཞི་བ་ཙམ་གྱི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་བའང་མ་ཡིན་ཏེ། དེ་དག་ནི་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པ་ལ་གེགས་བྱེད་པའི་ཕྱིར་རོ། །དེ་བས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་ས་འབའ་ཞིག་ཏུ་བསྔོ་བ་ནི་རྒྱལ་བ་དགྱེས་པའི་ལམ་སྲོལ་རྨད་དུ་བྱུང་བ་ཡིན་ཏེ། མཁས་མཆོག་དཔའ་བོས། དགེ་བའི་རྩ་པ་བསྒྲུབས་པ་དེ་དག་ཀྱང་། །གྲགས་དང་། སྙན་དང་ལྷ་མིའི་བདེ་འབྲས་དང་། །རེ་བཅས་འཁོར་བའི་བསམ་པ་རྣམས་བྲལ་ཏེ། །འཇིག་རྟེན་འདས་པ་ཁོ་ནའི་རྒྱུར་བསྔོའོ། །ཞེས་གསུངས་པའི་ཕྱིར། འོ་ན་འཇིག་རྟེན་འདིར་ཚེ་རིང་བ་དང་། ལོངས་སྤྱོད་རྒྱས་པ་ལ་སོགས་པའི་རྒྱུར་གཏན་ནས་བསྔོ་མི་རུང་བ་ཡིན་ནམ་སྙམ་ན། དེ་ནི་མ་ཡིན་ཏེ། མཐར་ཐུག་གི་འབྲས་བུ་རྣམ་མཁྱེན་ཁོ་ན་ལ་དམིགས་ཏེ། དེ་ཉིད་མངོན་དུ་མ་གྱུར་པའི་གནས་སྐབས་ཐམས་ཅད་དུ་མཐོ་རིས་ཀྱི་ཡོན་ཏན་བདུན་ལ་སོགས་པའི་བདེ་འབྲས་ཕུན་སུམ་ཚོགས་པ་འབྱོར་པའི་སླད་དུ་བསྔོ་བ་ནི་མི་འགལ་བའི་ཕྱིར་རོ། །གསུམ་པ་ཇི་ལྟར་བསྔོ་བའི་ཚུལ་ནི། མ་ཧཱ་པཎྜིཏ་


JKT024_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བུདྡྷ་ཤཱིས། དམ་པ་གསུམ་གྱིས་བསོད་ནམས་བསགས། །རྒྱ་ཆེན་ཐབས་ཀྱིས་ཡང་དག་སྤེལ། །ཤེས་རབ་ཟབ་མོས་རྣམ་པར་དཔྱད། །ཟུང་འཇུག་བསྔོ་བས་རྒྱས་གདབ་པོ། །ཞེས་གསུངས་པ་ལྟར་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་གཞན་དོན་དུ་བསྔོ་བ་སྟེ་དམ་པ་གསུམ་ལྡན་གྱི་སྒོ་ནས་བསགས་པའི་སྐབས་དོན་གྱི་དགེ་བའི་རྩ་བ་འདི་ཉིད་ཀྱིས་མཚོན་རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་ཏེ། དེ་དག་ལ་རྗེས་སུ་ཡི་རང་བརྒྱ་ཆེན་པོས་ཐབས་ཀྱིས་ཡང་དག་པར་སྤེལ་བ་སྔོན་དུ་འགྲོ་བ་དང་བཅས་འགལ་རྐྱེན་དམིགས་པའི་དུག་སྤོང་བ་དང་། མཐུན་རྐྱེན་ཐབས་ཤེས་ཀྱི་རྩིས་ཟིན་པའི་སྒོ་ནས་ཡོངས་སུ་བསྔོ་བར་བྱ་སྟེ། དེ་ལ་དང་པོ་ནི། བསོད་ནམས་བྱས་པའི་དངོས་པོ་དེ་ཐམས་ཅད་ལ་འཁོར་གསུམ་མཚན་མར་འཛིན་པའི་འདུ་ཤེས་ཅན་གྱིས་བསྔོ་བ་དེ་ནི་དུག་དང་བཅས་པ་སྟེ། བརྒྱད་སྟོང་པ་ལས། དམིགས་པའི་འདུ་ཤེས་ཅན་ལ་ཡོངས་སུ་བསྔོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པའི་དུག་དང་བཅས་པས་སོ། །ཞེས་གསུངས་པའི་ཕྱིར་རྣམ་པ་ཀུན་ཏུ་སྤང་བར་བྱའོ། །གཉིས་པ་ནི། ཐབས་ཤེས་ཀྱིས་ཟིན་པའི་བསྔོ་བས་ཡོངས་སུ་བསྔོས་ན་བཟང་པོ་བཞི་ལྡན་གྱི་བསྔོ་བར་འགྱུར་ཏེ། དམིགས་པ་བཟང་དང་སྟོན་པ་བཟང་། །


JKT024_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་བཟང་བ་དང་ངེས་འབྱུང་དང་། །སྤྱོད་པ་བཟང་པོའི་བདག་ཉིད་ཀྱིས། །ཡང་དག་སྨོན་ལམ་ཡིན་པར་བཤད། །ཅེས་པ་ལྟར་ཤེས་རབ་བདག་མེད་པའི་ལྟ་བ་དང་། ཐབས་བྱང་ཆུབ་སེམས་ཀྱིས་ཟིན་པ་སྟེ། དང་པོ་ནི། དོན་དམ་པར་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་སྤྲོས་པ་དང་བྲལ་བའི་ཕྱིར་གང་དུ་བསྔོ་བའི་བྱང་ཆུབ་དང་། གང་བསྔོ་རྒྱུའི་དགེ་རྩ་དང་། གང་གི་སྔོ་བ་བྱེད་པ་པོ་གསུམ་ཀ་ལ་མཚན་མར་འཛིན་པ་དང་། དགེ་བའི་རྩ་བ་འདི་ནི་བཟང་པོའོ་སྙམ་པའི་རློམས་སེམས་ལ་སོགས་པ་སྤངས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་ངོ་ན་འཁོར་གསུམ་གྱི་རྣམ་རྟོག་གང་ཡང་མི་དམིགས་པ་དེ་བཞིན་དུ་ཤེས་པའི་ངང་ནས་བསྔོ་སྟེ། མགོན་པོ་བྱམས་པས། དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། །དེའི་ངང་ལས་ཐ་སྙད་ཀུན་རྫོབ་ཏུ་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་ལྟར་སྣང་ལ་རང་བཞིན་མེད་པར་ཤེས་པའི་བློས་ཆེད་དུ་བྱ་བ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཕྱིར་ཡོངས་སུ་བསྔོ་བ་སྟེ། མགོན་པོ་ཞི་བ་ལྷས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །


JKT024_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ཚུལ་གྱིས་བསྔོ་བའི་ཚེ་ན། མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར། མདུན་གྱི་ནམ་མཁར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དཔང་པོར་བཞུགས་ནས་ཇི་ལྟར་བཏབ་པའི་བསྔོ་བ་དང་སྨོན་ལམ་དེ་ལྟར་དུ་འགྲུབ་པར་བྱིན་གྱིས་རློབ་པའི་མོས་པའང་བྱའོ། །བཞི་པ་དེ་ལྟར་བསྔོས་པའི་ཕན་ཡོན་ནི། སྤྱིར་བསགས་སྦྱངས་སྤེལ་བའི་གནད་ཐམས་ཅད་ཡན་ལག་བདུན་གྱི་ཁོངས་སུ་བསྡུ་བའི་ཚེ་ན། ཕལ་པོ་ཆེ་ལས་དམན་པའི་མཆོག་གོ་རིམ་གྱིས་གསུངས་པ་ཡིན་ཏེ། དེ་ཡང་ཕྱག་འཚལ་བ་ལས་མཆོད་པ་ཕན་ཡོན་ཆེ་བ་ནས་བཟུང་། བསྔོ་བའི་བར་དུ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཕན་ཡོན་ཆེ་བས་ན་ཕན་ཡོན་གྱི་སྒོ་ནས་མཆོག་ཏུ་འགྱུར་བ་དང་། ཁྱད་པར་དགེ་བའི་རྩ་བ་ཆུང་ངུ་ཞིག་ཡིན་ཀྱང་འཇིག་རྟེན་གྱི་བདེ་འབྲས་དང་། ཉན་རང་ལ་སོགས་པ་དམན་པའི་བྱང་ཆུབ་ཀྱི་རྒྱུར་མི་ལྷུང་བར་སངས་རྒྱས་ཁོ་ནའི་ཉེར་ལེན་དུ་འགྱུར་བ་དང་། བྱེ་བྲག་ཏུ། ཤེས་རབ་འཁོར་གསུམ་མི་དམིགས་པའི་རྩིས་ཟིན་པས་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ནི། ཁོང་ཁྲོ་ལ་སོགས་པ་འཛད་པའི་རྐྱེན་རྣམས་ཀྱིས་ནམ་དུ་ཡང་ཟད་པར་མི་ནུས་ཏེ། བློ་


JKT024_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས། དེ་ལྟར་མི་ཟད་པ་ཙམ་དུ་མ་ཟད། ཐབས་བྱང་ཆུབ་སེམས་ཀྱིས་ཟིན་པས་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ནི་འབྲས་བུ་ཅན་གྱི་ལྗོན་ཤིང་བཞིན་གོང་ནས་གོང་དུ་འཕེལ་བ་ཡིན་ཏེ། མགོན་པོ་ཞི་བ་ལྷས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་སྤྱད་པས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་བྱེད། །ཅེས་གསུངས། གཞན་ཡང་སེམས་ཅན་གྱི་ཁམས་མཐའ་ཀླས་པའི་ཆེད་དུ་བསྔོས་པས་ཀྱང་དེ་སྙེད་ཀྱི་བསོད་ནམས་ཚད་མེད་པ་ཐོབ་པ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། སེམས་ཅན་ཁམས་ནི་ཚད་མེད་པར། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས་པའི་ཕྱིར་རོ། །ལྔ་པ་སྐབས་སུ་བབ་པའི་བསྔོ་བ་དངོས་ནི། དེ་ལྟ་བུའི་ཡོངས་སུ་བསྔོ་བའི་རྣམ་པར་བཞག་པ་ཇི་སྐད་བཤད་པ་དེ་དག་ཐུགས་ལ་བཞག་ནས། ཕུན་སུམ་ཚོགས་པའི་དགེ་འདུན་རྣམས་ཀྱིས་བསྔོ་བ་དང་སྨོན་ལམ་ལ་སོགས་པའི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ། ཞེས་མཚམས་སྦྱར་ནས་བསྔོ་བ་དངོས་ལ་


JKT024_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་བྱའོ། །ཚོགས་གཉིས་འཛམ་བུའི་ལྗོན་པའི་སྙེ་མ་ནི། །ཡོངས་སུ་བསྔོ་བའི་མ་དྲོས་མཚོར་ལྷུང་བས། །བྱང་ཆུབ་མཆོག་གི་གསེར་དུ་བསྒྱུར་བའི་གཏམ། །སྔོན་བྱོན་མཁས་པའི་དགོངས་པ་ཇི་བཞིན་བཤད། །དེ་ལས་བྱུང་བའི་རྣམ་དཀར་ཁ་བ་ཡིས། །རེག་པ་གངྒཱའི་དཔལ་མོའི་འཛུམ་རླབས་ཀྱིས། །ལུས་ཅན་སྒྲིབ་གཉིས་དྲི་མ་ཀུན་སྦྱངས་ཏེ། །ཕན་བདེའི་ངལ་འཚོ་མཆོག་ཏུ་རྒྱས་གྱུར་ཅིག །ཅེས་པའང་མཁན་ཆེན་ཐམས་ཅད་མཁྱེན་པའི་བཀའ་ཡི་ཅོད་པན་སྤྱི་བོར་སྩལ་བ་ལས་རྟེན་ནས། ཤཱཀྱའི་དགེ་སློང་མཁྱེན་བརྩེའི་དབང་པོས་རང་ལོ་ཉེར་གསུམ་པར་དམ་པ་སྔ་མ་རྣམས་ཀྱི་གསུང་རབ་ལས་ཤིན་ཏུ་བསྡུས་ཤིང་བརྗོད་བདེ་བའི་ཚུལ་གྱིས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།ཨོཾ་སྭསྟི། སངས་རྒྱས་བཀྲ་ཤིས་ཆོས་སྐུའི་དཀྱིལ་འཁོར་ཟླུམ། །དམ་ཆོས་བཀྲ་ཤིས་སྦྱོར་བཞིའི་འོད་སྟོང་འབར། །དགེ་འདུན་བཀྲ་ཤིས་མཁྱེན་གསུམ་ཕྱོགས་ཀུན་གསལ། །མཆོག་གསུམ་ཉི་མའི་བཀྲ་ཤིས་དེང་འདིར་ཤོག །བླ་མའི་བཀྲ་ཤིས་བྱིན་རླབས་བདུད་རྩིས་གཏམས། །ཡི་དམ་བཀྲ་ཤིས་དངོས་གྲུབ་ཟིལ་དངར་འབེབས། །མཁའ་འགྲོའི་བཀྲ་ཤིས་ཕྲིན་ལས་ཆུ་གཏེར་རྒྱས། །རྩ་གསུམ་ཟླ་བའི་བཀྲ་ཤིས་དེང་འདིར་ཤོག །ཆོས་སྐུའི་བཀྲ་ཤིས་འགྱུར་མེད་བྱིན་


JKT024_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཆགས། །ལོངས་སྐུའི་བཀྲ་ཤིས་ལྷུན་གྲུབ་བཀོད་རེ་ལེགས། །སྤྲུལ་སྐུའི་བཀྲ་ཤིས་གང་འདུལ་རྒྱ་རེ་ཆེ། །སྐུ་གསུམ་ལྷུན་པོའི་བཀྲ་ཤིས་དེང་འདིར་ཤོག །ཅེས་གནས་ཁང་གཡང་ཆགས་ཤིང་། སྦྱིན་བདག་བཀྲ་ཤིས་པའི་རྟེན་འབྲེལ་དུ་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། པདྨ་གར་དབང་བློ་གྲོས་མཐའ་ཡས་ལྷན་ཅིག་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།ཚེ་དཔག་མེད་མགོན་ཕྱག་གི་བུམ་བཟང་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་ཞིང་། །རྣམ་པར་རྒྱལ་མས་སྣ་ཚོགས་རྡོ་རྗེས་མི་མཐུན་ཕྱོགས་ཀུན་ཡོངས་སུ་བཅོམ། །ཡིད་བཞིན་འཁོར་ལོའི་སྐྱབས་སྦྱིན་ཨུཏྤལ་བྱིན་རླབས་ཟིལ་དངར་གཡོ་བ་ཡིས། །སྐལ་ལྡན་རྣམས་ཀྱི་སྙིང་ལ་སིམ་པས་འཆི་མེད་གྲུབ་པའི་བཀྲ་ཤིས་ཤོག །དགེའོ།། ༈ །།འབྱུང་བར་དཀོན་པའི་སངས་རྒྱས་སྤངས་རྟོགས་མཆོག །ཐོས་པར་དཀོན་པའི་དམ་ཆོས་ཆགས་བྲལ་མཆོག །བསྒྲུབ་པར་དཀོན་པའི་དགེ་འདུན་ཚོགས་ཞིང་མཆོག །དཀོན་པའི་མཆོག་གྱུར་གསུམ་གྱི་བཀྲ་ཤིས་ཤོག །དད་ལྡན་བྱིན་རླབས་རྩ་བ་བླ་མ་རྗེ། །སྐལ་ལྡན་དངོས་གྲུབ་རྩ་བ་ཡི་དམ་ལྷ། །དམ་ལྡན་ཕྲིན་ལས་རྩ་བ་མཁའ་འགྲོའི་ཚོགས། །ཕན་བདེའི་རྩ་ལག་གསུམ་གྱི་བཀྲ་ཤིས་ཤོག །ཆོས་ཉིད་ཞི་བ་དམ་པ་དོན་གྱི་སྐུ། །ཆོས་ཅན་རྟག་པའི་ལོངས་


JKT024_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བརྡ་ཡི་སྐུ། །དབྱེར་མེད་གང་འདུལ་སྒྱུ་འཕྲུལ་སྤྲུལ་པའི་སྐུ། །རབ་འབྱམས་སྐུ་གསུམ་རྒྱ་མཚོའི་བཀྲ་ཤིས་ཤོག །དགེའོ།། ༈ །།ལྷ་དབང་ལྷ་ཡི་འབྱོར་བ་ཆེན་པོས་མཐོ། །ཀླུ་དབང་ཀླུ་ཡི་ནོར་བུ་ཆེན་པོས་བརྗིད། །མི་དབང་མི་ཡི་ལོངས་སྤྱོད་ཆེན་པོས་ཁེངས། །འཇིག་རྟེན་ཆེན་པོ་གསུམ་གྱི་བཀྲ་ཤིས་ཤོག །གེ་སར་མངོན་ཤེས་རྫུ་འཕྲུལ་འགྲན་ཟླ་མེད། །ཞལ་ལུ་སྙིང་སྟོབས་དཔའ་རྒོད་འགྲན་ཟླ་མེད། ཁྲོ་ཐུང་འཕྲུལ་དང་བཀྲ་ལག་འགྲན་ཟླ་མེད། །འགྲན་མེད་མི་ཕོ་གསུམ་གྱི་བཀྲ་ཤིས་ཤོག །རྒྱ་བཟས་རྒྱ་ཡི་རྟེན་མཆོག་ཐབས་ཀྱིས་དྲངས། །བལ་བཟས་བལ་པོའི་མཆོད་སྡོང་བརྫོངས་སུ་ཐོབ། །འབྲུག་མོས་འབྲུག་ལྟར་གྲགས་པའི་གཏམ་བརྒྱུད་བཞག །ཡ་མཚན་བུད་མེད་གསུམ་གྱི་བཀྲ་ཤིས་ཤོག །ངོ་བོ་སྟོང་པ་སྤྲོས་བྲལ་དབུ་མ་ཆེ། །རང་བཞིན་གསལ་བ་བདེ་སྟོང་ཕྱག་རྒྱ་ཆེ། །ཐུགས་རྗེ་ལྷུན་གྲུབ་འོད་གསལ་རྫོགས་པ་ཆེ། །གཞི་རྒྱུད་ཆེན་པོ་གསུམ་གྱི་བཀྲ་ཤིས་ཤོག །ཐ་མལ་སྣང་ཞེན་སྦྱང་བ་བསྐྱེད་པའི་རིམ། །ལྷར་སྣང་བདེ་ཆེན་བསྒྱུར་བ་རྫོགས་པའི་རིམ། །བདེ་བ་སྟོང་པར་མི་ཕྱེད་རྫོགས་རིམ་ཆེ། །ལམ་རྒྱུད་རིམ་པ་གསུམ་གྱི་བཀྲ་ཤིས་ཤོག །ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་སྐུ། །མ་འགག་རོལ་པར་འཆར་བ་རྫོགས་པའི་སྐུ། །གདུལ་བྱའི་སྐལ་བར་འཚམས་པ་སྤྲུལ་པའི་སྐུ། །


JKT024_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་རྒྱུད་སྐུ་གསུམ་དབྱེར་མེད་བཀྲ་ཤིས་ཤོག །སརྦ་མངྒ་ལ།། ༈ །།ཨོཾ་སྭསྟི། སངས་རྒྱས་བཀྲ་ཤིས་སྒྲིབ་གཉིས་རྡུལ་དང་བྲལ། །དམ་ཆོས་བཀྲ་ཤིས་བདེན་གཉིས་འདོད་རྒུར་འཆར། །དགེ་འདུན་བཀྲ་ཤིས་ཚོགས་གཉིས་གཟུགས་མང་འཛིན། །མཆོག་གསུམ་ནོར་བུའི་མེ་ལོང་བཀྲ་ཤིས་ཤོག །སངས་རྒྱས་བཀྲ་ཤིས་སྤངས་རྟོགས་སྙིང་པོའི་བཅུད། །དམ་ཆོས་བཀྲ་ཤིས་ཞི་བསིལ་སྨན་གྱི་མཆོག །དགེ་འདུན་བཀྲ་ཤིས་ཉོན་མོངས་གདུང་སེལ་ཕུལ། །མཆོག་གསུམ་གི་ཝཾ་བཟང་པོའི་བཀྲ་ཤིས་ཤོག །སངས་རྒྱས་བཀྲ་ཤིས་རིགས་ཁམས་རྣམ་པར་དག །དམ་ཆོས་བཀྲ་ཤིས་དག་བྱེད་ཟིལ་མངར་མཆོག །དགེ་འདུན་བཀྲ་ཤིས་ཐར་བདེའི་ལང་ཚོ་རྒྱས། །མཆོག་གསུམ་རབ་དཀར་ཞོ་ཡི་བཀྲ་ཤིས་ཤོག །སངས་རྒྱས་བཀྲ་ཤིས་སྐུ་གསུམ་རྩ་བ་བརྟན། །དམ་ཆོས་བཀྲ་ཤིས་འཆི་མེད་ཡལ་འདབ་རྒྱས། །དགེ་འདུན་བཀྲ་ཤིས་རྣམ་གྲོལ་བཅུད་ལེན་གྲུབ། །མཆོག་གསུམ་དཱུརྱའི་མྱུ་གུའི་བཀྲ་ཤིས་ཤོག །སངས་རྒྱས་བཀྲ་ཤིས་སྐུ་བཞིའི་འབྲས་བུ་སྨིན། །དམ་ཆོས་བཀྲ་ཤིས་ལུང་རྟོགས་གྲིབ་མ་བསིལ། །དགེ་འདུན་བཀྲ་ཤིས་བསླབ་གྲོལ་དོན་ཀུན་གྲུབ། །མཆོག་གསུམ་བིཝའི་ལྗོན་བའི་བཀྲ་ཤིས་ཤོག །སངས་རྒྱས་བཀྲ་ཤིས་མཚན་དཔེ་གཡས་སུ་འཁྱིལ། །དམ་ཆོས་བཀྲ་ཤིས་བདེན་བཞིའི་


JKT024_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་སྙན་སྒྲོགས། །དགེ་འདུན་བཀྲ་ཤིས་སྲིད་པའི་རིམས་ནད་གཅོད། །མཆོག་གསུམ་ཆོས་དུང་དཀར་པོའི་བཀྲ་ཤིས་ཤོག །སངས་རྒྱས་བཀྲ་ཤིས་འགྲོ་ལ་རྗེས་ཆགས་མདངས། །དམ་ཆོས་བཀྲ་ཤིས་ཤེས་བྱ་རང་དབང་བསྒྱུར། །དགེ་འདུན་བཀྲ་ཤིས་བསླབ་གཞིའི་རྒྱལ་སྲིད་བརྟན། །མཆོག་གསུམ་ལི་ཁྲིའི་ཐིག་ལེའི་བཀྲ་ཤིས་ཤོག །སངས་རྒྱས་བཀྲ་ཤིས་རྒྱུན་གྱིས་རྟག་པ་གྲུབ། །དམ་ཆོས་བཀྲ་ཤིས་ཕན་བདེའི་མཐུ་ཆེན་ཐོབ། །དགེ་འདུན་བཀྲ་ཤིས་ཡིད་སྲུབས་གཡུལ་ལས་རྒྱལ། །མཆོག་གསུམ་གྲུབ་པའི་ཡུངས་ཀར་བཀྲ་ཤིས་ཤོག །ཅེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྲིད་ཞིའི་དགེ་མཚན་ཀུན་གྱི་སྙིང་པོར་བྱིན་གྱིས་བརླབས་པའི་བཀྲ་ཤིས་རྫས་མཆོག་བརྒྱད་ལས་ཉེ་བར་དྲངས་ཏེ་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ཕུན་སུམ་ཚོགས་པའི་དབྱངས་ཀྱི་ཡན་ལག་སྙན་པར་བསྒྲགས་པ་འདིའང་བསྟན་པ་རྒྱ་མཚོའི་ཤིང་རྟ་མཁས་ཤིང་གྲུབ་པ་བརྙེས་པའི་ཁྱུ་མཆོག་དཔལ་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་ཆོས་ཀྱི་རྗེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའི་འཛམ་གླིང་བཤད་སྒྲུབ་བསྟན་པའི་ཆུ་ཀླུང་མཐའ་དག་གཅིག་ཏུ་འཁྱིལ་བའི་མ་དྲོས་ཀྱི་རྒྱ་མཚོ་ཆེན་པོ་དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊི་དབུས་མ། ཙཱ་རི་ཏྲ་སྙིང་པོ་དཔལ་ཆེན་དགྱེས་པའི་ཐུགས་ཀྱི་ཕོ་བྲང་


JKT024_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་སྡེ་རྣམས་ཀྱི་སྤྱོད་ཡུལ་གྱི་གྲོང་ཁྱེར། ཕྱ་གཡང་ཆོས་ཀྱི་གཞིས་ཀ་བཀྲ་ཤིས་བདེ་གནས་གཡུང་དྲུང་འཁྱིལ་བའི་གཞལ་མེད་ཁང་ཆེན་པོར་རྟེན་དང་བརྟེན་པ་ཁོར་ཡུག་དང་བཅས་པ་བཀྲ་ཤིས་ཤིང་དགེ་མཚན་གྱི་སྣང་བ་རྒྱུན་གྱིས་རྟག་ཅིང་འདོད་དགུར་གྲུབ་པའི་སླད་དུ་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྐྱབས་གནས་མཆོག་གསུམ་རྒྱ་མཚོ་མངོན་སུམ་བཞིན་ཡིད་ལ་བཀོད་དེ་མི་ཕྱེད་དད་པའི་ཤུགས་རབ་ཏུ་རྒྱས་པས་རྩེ་གཅིག་ཏུ་གསོལ་བ་བཏབ་པ་ལྟར་སྡེ་སྣོད་འཛིན་པ་ཆེན་པོ་ཀརྨ་བཀྲ་ཤིས་ཞི་བའི་སྙིང་པོ་བློ་གྲོས་རྒྱས་པའི་སྡེས་ཡི་གེར་བྲིས་པ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་དོན་གྲུབ་ཅིང་དགེ་ལེགས་བཀྲ་ཤིས་ཀྱི་དགའ་སྟོན་ཡོངས་སུ་རྒྱས་པར་གྱུར་ཅིག། །།སརྦ་མངྒ་ལ།། ༈ །།ཨོཾ་སྭསྟི་སིདྡྷཾ། སངས་རྒྱས་བཀྲ་ཤིས་སྤངས་རྟོགས་ནོར་བུས་བརྗིད། །དམ་ཆོས་བཀྲ་ཤིས་ལུང་རྟོགས་དར་ཤམས་གཡོ། །དགེ་འདུན་བཀྲ་ཤིས་རིག་གྲོལ་ཡུ་བ་བརླིང་། །མཆོག་གསུམ་གསེར་གྱི་གདུགས་མཛེས་བཀྲ་ཤིས་ཤོག །བླ་མའི་བཀྲ་ཤིས་བྱིན་རླབས་ཆུ་གཏེར་ཆེ། །ཡི་དམ་བཀྲ་ཤིས་ཡེ་ཤེས་སྤྱན་རས་གསལ། །མཁའ་འགྲོའི་བཀྲ་ཤིས་ཕྲིན་ལས་གཤོག་རྩལ་བསྒྱུར། །རྩ་གསུམ་གསེར་གྱི་ཉ་མོའི་


JKT024_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཤོག །ཆོས་སྐུའི་བཀྲ་ཤིས་འོད་གསལ་ལྟོ་བ་ཟླུམ། །ལོངས་སྐུའི་བཀྲ་ཤིས་ཁ་སྦྱོར་རྒྱན་གྱིས་སྤྲས། །སྤྲུལ་སྐུའི་བཀྲ་ཤིས་གང་འདུལ་འདོད་རྒུར་འཆར། །སྐུ་གསུམ་བུམ་པ་བཟང་པོའི་བཀྲ་ཤིས་ཤོག །སྐུ་ཡི་བཀྲ་ཤིས་མཚན་དཔེའི་འདབ་སྟོང་བཞད། །གསུང་གི་བཀྲ་ཤིས་ཞི་བསིལ་བདུད་རྩིས་གཏམ། །ཐུགས་ཀྱི་བཀྲ་ཤིས་སྒྲིབ་གཉིས་རྡུལ་དང་བྲལ། །གསང་གསུམ་པདྨ་དཀར་པོའི་བཀྲ་ཤིས་ཤོག །རྣམ་མཁྱེན་བཀྲ་ཤིས་བྲལ་སྨིན་གཡས་སུ་འཁྱིལ། །ལམ་ཤེས་བཀྲ་ཤིས་ལམ་གསུམ་དབྱངས་སྙན་སྒྲོག །གཞི་ཤེས་བཀྲ་ཤིས་སྲིད་པའི་རིམས་ནད་གཅོད། །མཁྱེན་གསུམ་ཆོས་དུང་ཆེན་པོའི་བཀྲ་ཤིས་ཤོག །དབུ་མའི་བཀྲ་ཤིས་སྤྲོས་བྲལ་ཁོང་སེང་ཡངས། །ཕྱག་ཆེན་བཀྲ་ཤིས་ཟབ་གསལ་རི་མོས་མཛེས། །རྫོགས་ཆེན་བཀྲ་ཤིས་དབྱིངས་རིག་འོད་དུ་འབར། །ཆེན་པོ་གསུམ་ལྡན་དཔལ་བེའུའི་བཀྲ་ཤིས་ཤོག །གཞི་རྒྱུད་བཀྲ་ཤིས་རིགས་ཁམས་རྩ་བ་བརྟན། །ལམ་རྒྱུད་བཀྲ་ཤིས་བསྐྱེད་རྫོགས་དར་འཕན་འཕྱོ། །འབྲས་རྒྱུད་བཀྲ་ཤིས་སྐུ་གཉིས་ཏོག་གིས་མཛེས། །རྒྱུད་གསུམ་རྒྱལ་མཚན་བཟང་པོའི་བཀྲ་ཤིས་ཤོག །ཐོག་མར་བཀྲ་ཤིས་བྱང་སེམས་གསེར་སྦྱངས་ཁམས། །བར་དུ་བཀྲ་ཤིས་དམིགས་མེད་ལྟེ་བ་ཟླུམ། །ཐ་མར་བཀྲ་ཤིས་ཡོངས་བསྔོའི་རྩིབས་སྟོང་བསྐོར། །དུས་


JKT024_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དགེ་བའི་གསེར་འཁོར་བཀྲ་ཤིས་ཤོག །ཅེས་པའང་ལི་ཀྱང་ཅུའི་ས་འཛིན་གྱི་ཐིག་ལེར། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་འཁོར་ལོ་གསུམ་གྱི་ཕྱག་རྗེས་ལམ་མེར་གསལ་བའི་ཆོས་གྲྭ་ཆེན་པོ་ཀརྨ་ཕུན་ཚོགས་བསྟན་འཕེལ་བཀྲ་ཤིས་དར་རྒྱས་གླིང་གི་བླ་མ་དགེ་འདུན་རྣམས་ཞབས་པད་བརྟན་ཅིང་། ཐུགས་མཐུན་ཁྲིམས་གཙང་། བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་གོང་ནས་གོང་དུ་འཕེལ་བའི་ཆེད། སྨོན་ཚིག་འདི་ལྟ་བུ་བྲིས་ཞེས་འོག་མིན་གཉིས་པ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཡང་ཁྲོད་དེ་ཝཱི་ཀོ་ཊིའི་འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་ཞལ་སློབ་སྒྲུབ་བརྩོན་བླ་མ་ཀརྨ་རིག་འཛིན་སྙིང་པོས་གསོལ་བ་བཏབ་པའི་ངོར་སངས་རྒྱས་གཉིས་པ་ཨོ་ཌི་ཡཱ་ནའི་སློབ་དཔོན་མཆོག་གིས་བྱིན་གྱིས་བརླབས་ཤིང་། རིས་མེད་པའི་བསྟན་པ་ལ་དག་པའི་སྣང་བ་གཅིག་ཏུ་དཀར་བ་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་གང་ཤར་བྲིས་པ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།ཨོཾ་སྭསྟི། རྗེ་བཙུན་ཡིད་བཞིན་འཁོར་ལོ་ཡི། །ཐུགས་རྗེས་རྣམ་ཀུན་བྱིན་བརླབས་པས། །བར་དུ་གཅོད་པ་ཀུན་ཞི་ཞིང་། །ཆོས་མཐུན་བསམ་དོན་ལྷུན་གྲུབ་ཤོག །ཅེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་


JKT024_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། ༈ །།ཨོཾ་སྭསྟི་སིདྡྷཾ། བཀྲ་ཤིས་ཕན་བདེའི་འབྱུང་གནས་དཀོན་མཆོག་གསུམ། །དགེ་ལེགས་ཆར་འབེབས་རྩ་གསུམ་རབ་འབྱམས་ལྷ། །ཕུན་ཚོགས་འདོད་རྒུའི་དཔལ་སྟེར་མཁའ་འགྲོ་དང་། །ཆོས་སྲུང་ནོར་ལྷ་རྒྱ་མཚོས་ཤིས་པར་མཛོད། །ཅེས་པའང་མཁྱེན་བརྩེའི་དབང་པོས་སྨྲས་པ་སིདྡྷི་རསྟུ།། ༈ །།གངས་ལྗོངས་རིས་མེད་བསྟན་པ་རྒྱ་མཚོའི་བདག །ངོ་མཚར་བཀའ་བབས་བདུན་གྱི་འཁོར་ལོས་བསྒྱུར། །འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོ་ཡི། །རིང་ལུགས་བསྟན་པ་དར་རྒྱས་བཀྲ་ཤིས་ཤོག །ཅེས་པའང་མཉྫགྷོ་ཥས་བྲིས་པའོ། །རྒྱལ་བའི་བསྟན་པ་རིན་


JKT024_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག དགེའོ།། །།སརྦ་དཱ་མངྒ་ལབྷ་བ་ཏུ།།


JKT024_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousདགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བའི་གཏམ་བསོད་ནམས་སྤྲིན་གྱི་རྒྱུད་མང་།next