Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
རྩ་བརྒྱུད་ཀྱི་བླ་མ་རྗེས་སུ་དྲན་པའི་རྡོ་རྗེའི་གླུ་བྱིན་རླབས་བདུད་རྩིའི་ཆར་འབེབ།
   
   
   
   
   
   
   
   
   
   
   


 
previousརྩ་བརྒྱུད་ཀྱི་བླ་མ་རྗེས་སུ་དྲན་པའི་རྡོ་རྗེའི་གླུ་བྱིན་རླབས་བདུད་རྩིའི་ཆར་འབེབ།next

རྩ་བརྒྱུད་ཀྱི་བླ་མ་རྗེས་སུ་དྲན་པའི་རྡོ་རྗེའི་གླུ་བྱིན་རླབས་བདུད་རྩིའི་ཆར་འབེབ།


JKT024_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རྩ་བརྒྱུད་ཀྱི་བླ་མ་རྗེས་སུ་དྲན་པའི་རྡོ་རྗེའི་གླུ་བྱིན་རླབས་བདུད་རྩིའི་ཆར་འབེབ་ཞེས་བྱ་བ། ཨ་ཧོ། ནང་གསལ་གཞོན་ནུ་བུམ་སྐུ་སྤྲོས་བྲལ་གྱི་ཀློང་ནས། །འཆི་མེད་སོ་སོར་རྟོག་པའི་རིགས་མདངས་སུ་ཤར་བ། །གདོད་མིའི་མགོན་པོ་སྣང་བ་མཐའ་ཡས་དེ་དྲན་བྱུང་། །ཀ་དག་གནས་ལུགས་རྟོགས་པར་བྱིན་གྱིས་རང་རློབས་ཤིག །མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཀློང་ནས། ཁ་སྦྱོར་ཡན་ལག་བདུན་གྱི་སྣང་སྙན་དུ་ཤར་བ། །ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེ་ཆེན་པོ་དེ་དྲན་བྱུང་། །ལྷུན་གྲུབ་མངོན་སུམ་རིག་པར་བྱིན་གྱིས་རང་རློབས་ཤིག །ལྔ་ལྡན་འཇའ་ཟེར་འཁྲུགས་པའི་འོད་ཕུང་གི་ཀློང་ནས། །སྲས་བཅས་རྒྱལ་ཀུན་ཕྲིན་ལས་རང་གཟུགས་སུ་ཤར་བ། །སྤྲུལ་པའི་སྒྱུ་འཕྲུལ་པདྨ་ཐོད་ཕྲེང་དེ་དྲན་བྱུང་། །ཟུང་འཇུག་གོ་འཕང་ཐོབ་པར༴ ཟག་མེད་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱི་ཀློང་ནས། རྒྱལ་ཀུན་བསྐྱེད་དང་རོལ་པའི་ཡུམ་མཆོག་ཏུ་ཤར་བ། །ཡེ་ཤེས་ཌཱ་ཀིའི་གཙོ་མོ་མཚོ་རྒྱལ་དེ་དྲན་བྱུང་། །ཞུ་བདེའི་ལྷན་སྐྱེས་རྟོགས་པར༴ འཕགས་རྣམས་གསུང་གི་རྡོ་རྗེ་མི་ཤིག་པའི་ཀློང་ནས། །*འཇམ་དཔལ་གཞོན་ནུ་མི་ཡི་རྗེ་བོ་རུ་ཤར་བ། །བཀའ་དྲིན་མཉམ་མེད་ཆོས་རྒྱལ་ཡབ་སྲས་དེ་དྲན་བྱུང་། །སྲིད་ཞི་འཁོར་ལོའི་སྒྱུར་བར༴ སྨོན་ལམ་རྣམ་པར་དག་པའི་མཐར་ཕྱིན་གྱི་འབྲས་བུ། །


JKT024_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་འདུས་པ་རྒྱ་མཚོའི་ཚོགས་རྗེ་རུ་ཤར་བ། །ཉང་རལ་ཆོས་དབང་ཀུན་མཁྱེན་ཆོས་རྗེ་དེ་དྲན་བྱུང་། །འབྲེལ་ཚད་དོན་དང་ལྡན་པར་བྱིན༴ །སྐུ་བཞི་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་ཀློང་ནས། །སེམས་དཔའ་པདྨའི་མྱུ་གུའི་རྣམ་རོལ་དུ་ཤར་བ། །རིགས་ཀུན་ཁྱབ་བདག་གཏེར་ཆེན་བླ་མ་རྗེ་དྲན་བྱུང་། །ཐུགས་ཡིད་གཅིག་ཏུ་འདྲེས་པར༔ ཨ་ཧོ། དལ་འབྱོར་རྙེད་དཀའ་འཇིག་སླའི་ངང་ཚུལ་ལ་བརྟེན་ནས། །ངེས་འབྱུང་དྲག་པོའི་རྒྱུ་འབྲས་བླང་དོར་ལ་བརྩོན་ཅིང་། །སྐྱབས་འགྲོ་སེམས་བསྐྱེད་བསགས་སྦྱོང་མོས་གུས་ཀྱི་སྙིང་པོའི། །སྔོན་འགྲོའི་རང་རྒྱུད་འབྱོངས་པར་བྱིན་སྨིན་བྱེད་དབང་ཐོབ་དམ་ཚིག་ཉེས་ལྟུང་དང་བྲལ་ཞིང་། །སྣང་བ་ལྷ་སྐུར་ཤར་བའི་ངལ་འཚོ་དང་སྦྲགས་ཏེ། །སྒྲ་གྲགས་སྔགས་དང་དྲན་རྟོག་ཆོས་དབྱིངས་སུ་དག་པའི། །བུམ་དབང་ལམ་བཟང་གོམ་པར་བྱིན༴ །སྦྱོར་བ་བཞི་ལྡན་རླུང་གི་རེག་བྱ་ཡིས་བསྐུལ་བའི། །གཏུམ་མོའི་མེ་ལྕེ་འབར་བའི་བདེ་ཆེན་གྱི་ཉམས་འགྱུར། །གསལ་སྟོང་རྣམ་པར་མི་རྟོག་ཡེ་ཤེས་སུ་ཐིམ་པའི། །གསང་དབང་ལམ་མཆོག་གོམས་པར་བྱིན༴ །དངོས་ཡིད་ཞིང་སྔགས་ལྷན་སྐྱེས་ཌཱ་ཀི་ཡི་རྩེ་དགས། །བདེ་ཆེན་ཟླ་བ་ཞུ་བའི་དགའ་བཞི་ཡི་ཉམས་འགྱུར། །དཔེ་ཡི་ལྷན་ཅིག་སྐྱེས་པའི་ལང་ཚོ་རུ་ཤར་བ། །ཤེར་དབང་


JKT024_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བཟང་གོམས་པར་བྱིན །རིག་སྟོང་རང་ངོ་ཤེས་པ་ཁྲེགས་ཆོད་ཀྱི་ལྟ་བ། །གཅིག་ཐོག་བློ་ཐག་ཆོད་པ་ཡེངས་མེད་ཀྱི་སྒོམ་པ། །གྲོལ་ཐོག་གདེངས་སུ་འཆའ་བ་བྱར་མེད་ཀྱི་འབྲས་བུ། །བཞི་པའི་ལམ་མཆོག་གོམས་པར་བྱིན༴ །དབྱིངས་དང་རིག་པའི་གཟུགས་བརྙན་མངོན་སུམ་དུ་མཐོང་ནས། །གོང་འཕེལ་ཉམས་ཀྱི་སྣང་བ་ཚད་ཕེབས་སུ་རྫོགས་ཏེ། །ཆོས་ཅན་ཁྱད་ཆོས་དྲུག་ལྡན་ཆོས་དབྱིངས་སུ་ཟད་པའི། །མཐར་ཐུག་གྲུབ་མཐའ་སྙོགས་པར་བྱིན་གྱིས་རང་རློབས་ཤིག །རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཨོ་རྒྱན་གྱི་བླ་མས། །བྱིན་རླབས་བདུད་རྩིའི་ཆར་ཆེན་མངོན་སུམ་དུ་ཕབ་ནས། །འདིར་ཚོགས་སྐལ་ལྡན་ཚོམ་བུར་འདུས་པ་ཡི་ཚོགས་རྣམས། །དོན་གཉིས་ལྷུན་གྱིས་གྲུབ་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་རིག་འཛིན་རྒྱལ་བའི་སྲས་པོ་འགྱུར་མེད་ཚེ་དབང་གྲགས་པའི་ཞལ་སྔ་ནས་ལྷ་རྫས་ཀྱི་རེག་བྱ་དང་རིན་ཆེན་གཉིས་པའི་མེ་ཏོག་བཅས་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་བཀའ་སྩལ་ནོར་བུའི་ཕྲེང་བས་བསྐུལ་བ་ལྟར་མཚོ་སྐྱེས་བླ་མ་དགྱེས་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་གདོང་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ངོའི་ཚེས་བཅུའི་ཚོགས་འཁོར་གྱི་མཆོད་པའི་སྐབས་གང་ཤར་བྲིས་པ་རྩ་བརྒྱུད་ཀྱི་བླ་མའི་བྱིན་རླབས་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག། །།དགེ་ལེགས་འཕེལ།།


JKT024_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousརྩ་བརྒྱུད་ཀྱི་བླ་མ་རྗེས་སུ་དྲན་པའི་རྡོ་རྗེའི་གླུ་བྱིན་རླབས་བདུད་རྩིའི་ཆར་འབེབ།next