Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
རྗེ་བཙུན་རིག་བྱེད་དབང་མོའི་སྒྲུབ་ཐབས་ཡིད་འཕྲོག་པདྨ་རཱ་གའི་ཕྲེང་བ།
   
   
   
   
   
   
   
   
   


 
previousརྗེ་བཙུན་རིག་བྱེད་དབང་མོའི་སྒྲུབ་ཐབས་ཡིད་འཕྲོག་པདྨ་རཱ་གའི་ཕྲེང་བ།next

རྗེ་བཙུན་རིག་བྱེད་དབང་མོའི་སྒྲུབ་ཐབས་ཡིད་འཕྲོག་པདྨ་རཱ་གའི་ཕྲེང་བ།


JKT024_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རྗེ་བཙུན་རིག་བྱེད་དབང་མོའི་སྒྲུབ་ཐབས་ཡིད་འཕྲོག་པདྨ་རཱ་གའི་ཕྲེང་བ་བཞུགས་སོ།། །།


JKT024_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མ་ཀུ་རུ་ཀུལླེ་ཡེ། ཀུན་ནས་སྒེག་པའི་ལང་ཚོ་ནི། །རྗེས་ཆགས་པདྨ་རཱ་གའི་མདངས། །དྲན་པས་ཡིད་ཀྱི་དཔལ་སྟེར་བ། །ཀུ་རུ་ཀུལླེ་ལ་བཏུད་ནས། །དེ་ཉིད་ཉེ་བར་སྒྲུབ་པའི་ཐབས། །འཆིངས་བྱེད་ཞགས་པ་འདི་སྤྲོས་པས། །སྐྱེ་དགུའི་ཡིད་དབང་འཕྲོག་བགྱིད་ནས། །ཐར་པ་མཆོག་གི་དཔལ་ལ་སྦྱོར། །དེ་ཡང་འདིར་ཉམས་སུ་ལེན་པར་འདོད་པའི་རྣལ་འབྱོར་པས་སྔོན་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་ལ་གནས་པས། སྟན་བདེ་བ་ལ་སྡོད་དེ། སྐྱབས་སེམས་དང་ཚོགས་བསགས་ཐུན་མོང་བ་གང་ཡང་རུང་བའི་རྗེས། ཨོ་ཤུནྱ་ཏ་ཛྷཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉཧཾ། གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་


JKT024_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ར་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ཕྱི་རོལ་དུར་ཁྲོད་བརྒྱད་དང་བཅས་པ་གསལ་བའི་དབུས་སུ་སྙིང་རྗེ་ཆེན་པོས་རྗེས་སུ་ཆགས་པའི་ངོ་བོ་ཡི་གེ་ཧཱིདམར་པོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སྲིད་དང་ཞི་བའི་དཔལ་འབྱོར་མཐའ་དག་འོད་ཟེར་དམར་པོའི་རྣམ་པར་བསྡུས་ཏེ་ཐིམ་པ་དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་མ་ཀུ་རུ་ཀུལླེ་སྐུ་མདོག་པདྨ་རྭ་གའི་ལྷུན་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པའི་འོད་ཟེར་དང་ལྡན་པ། བརྒྱད་གཉིས་ལོན་པའི་ལང་ཚོས་སྒེག་ཅིང་། དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ་ལ་རིགས་ལྔ་


JKT024_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་མཉམ་པར་སྦྱོར་བའི་རང་བཞིན་ཐོད་པ་ལྔས་མཚན་པ། ཞལ་གྱི་དཀྱིལ་འཁོར་མཚམས་སྤྲིན་གཞོན་ནུ་ལྟར་གསལ་ཅིང་ཅུང་ཟད་གནག་པའི་ཉམས་དང་བཅས་པའི་མཆུ་སྒྲོས་བིམ་པ་ལྟར་དམར་ལ། ཚེམ་དཀར་ཀུནྡའི་ཕྲེང་བ་ལྟ་བུར་བཅིང་པའི་བར་དུ་རོ་འཛིན་གྱི་བུང་བ་གཡོ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་གཡོན་དུ་གཡོ་ཞིང་། ཁྲོ་བ་དང་ཆགས་པ་སྒེག་པའི་ཉམས་ཅན། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་མཚོན་པའི་རུས་པའི་རྒྱན་དང་། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཆུ་སྐྱེས་གསར་པའི་ཕྲེང་བས་མཛེས་པར་བྱས་པའི་ཕྱག་གི་དཀྱིལ་འཁོར་དང་པོ་གཉིས་ན་བདེ་སྟོང་གི་མདའ་གཞུ་སྙན་གྱི་ཐད་སོར་འགེངས་ཤིང་། འོག་མ་གཉིས་ཀྱིས་ཞགས་པ་དང་ལྕགས་ཀྱུ་བསྣམས་པ། ཀུན་ཀྱང་ཨུཏྤལ་དམར་པོ་གཞོན་ནུ་ཁ་བྱེ་མ་ཐག་པ་ལོ་འདབ་དང་བཅས་པ་ལས་གྲུབ་ཅིང་། ཞབས་གཉིས་བརྐྱང་བསྐུམ་དང་བཅས་པའི་གར་གྱིས་ཉི་མ་ལ་གནས་པའི་བམ་རོའི་སྙིང་ཁར་བརྫིས་པར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ༔ ཐུགས་ཀའི་སྨད་དུ་ཧཱུྃཡིག་བྱེ་རུའི་མདོག་དང་ལྡན་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྗེ་བཙུན་མ་རིག་བྱེད་ཊཀྐིའི་རྣམ་པར་


JKT024_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ས་མཱ་ཛ༔ རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ༔ འོག་མིན་ཞིང་དང་ཉི་ཤུ་རྩ་བཞིའི་ཡུལ། །དུར་ཁྲོད་བརྒྱད་སོགས་སྤྲུལ་པའི་དཀྱིལ་འཁོར་ནས། །ཡིད་འཕྲོག་ཀུན་ཏུ་སྒེག་པའི་ཊཱཀྐི་ནི། །རྗེས་སུ་ཆགས་པའི་ཚུལ་གྱིས་གནས་འདིར་གཤེགས། ཨེ་ཀྱེ་ཧི་བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ དབང་བསྐུར་བ་ནི། སླར་ཡང་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། བདུད་རྩི་ཆུའི་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། ཐུན་མོང་ཕྱི་ཡི་མཆོད་པ་ནི། ཧཱི ཡན་ལག་བརྒྱད་ལྡན་ཀུན་ཏུ་དྭངས་པའི་མཚོ། །ཆུ་སྐྱེས་ལོ་འདབ་གཡོ་བའི་གཞོན་ནུ་དང་། །ཙནྡན་དྲི་མཆོག་འཐུལ་བའི་བདུག་སྤོས་སྤྲིན། །ཉི་ཟླའི་སྒྲོན་མེ་ཟིལ་གནོན་མར་མེའི་ཕྲེང་། །གུར་གུམ་སར་པས་བགོས་པའི་རྫིང་བུ་དང་། །རོ་མཆོག་བརྒྱ་ལྡན་མཛེས་པའི་ལྷ་ཡི་བཤོས། །སྙན་ཅིང་འཇེབ་པའི་རོལ་མོའི་ཚོགས་རྣམས་ཀྱིས། །རྗེ་བཙུན་ཌཀྐིར་རྟག་ཏུ་མཆོད་པར་བགྱི། །ཨོ་ཀུ་རུ་ཀུལླེ་ས་པ་རི་ཝཱ་ར་ཨརྒྱུ་སོགས་ཀྱི་མཆོད་ལ་རོལ་མོ་བྱ། ཁྱད་པར་གྱི་མཆོད་པ་ནི། ཤ་ལྔ་བདུད་རྩི་ལྔ་དངོས་སུ་འབྱོར་རམ། མ་དཱ་ནས་ཀྱང་རུང་སྟེ། མཐེབ་སྲིན་སྦྱར་བས་མཆོད་ལ། ཨོཾ་ཧཱུྃ་ཏྲ་ཧཱུྃཨཱ༔ རིགས་ལྔ་


JKT024_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་མཉམ་སྦྱོར་བདེ་བའི་སྤྲིན། །ཟུང་འཇུག་ཡེ་ཤེས་བདུད་རྩིར་བསྐྱིལ་བ་ལས། །ཟག་མེད་བདེ་བ་མཆོག་སྟེར་རླབས་ཕྲེང་ཅན། །དབང་མཛད་ཌཀྐི་འཁོར་དང་བཅས་ལ་འབུལ། །ཧཱུྃ་ཡིག་རྡུལ་གྱི་ཐིག་ལེ་ཉེར་བསྐྱོད་པའི། །རོ་འཛིན་ཀུནྡྲའི་འཇོ་སྒེག་གཡོ་བ་དེར། །རྡོ་རྗེ་འོད་ཀྱི་སྤུ་གུ་ཀེ་ས་རས། །རྗེས་སུ་ཆགས་པའི་སྟོབས་ཀྱིས་རོལ་པར་མཛོད། །བསྟོད་པ་ནི་རྡོ་རྗེ་དྲིལ་བུ་འཛིན་པས། ཁྱོད་སྐུར་རབ་དམར་པདྨ་རཱ་གའི་མདོག ཁྲོ་ཆགས་སྒེག་ལྡན་འབར་བའི་སྤྱན་གསུམ་གཡོ། །ཞལ་གཅིག་ཕྱག་བཞི་དམར་སེར་རལ་པས་མཛེས། །མཐོང་བས་ཡིད་ཀྱི་བརྟན་པ་འཕྲོག་ལ་འདུད། །གང་གསུང་སྒྲ་ཚིག་རྣམ་སྤངས་དབུ་མའི་མཁར། །གསང་སྔགས་འབྲུ་བརྒྱད་འབར་བའི་ཉིན་མོར་བྱེད། །རྗེས་ཆགས་འོད་དམར་ཞགས་པ་རིང་སྤྲོ་བས། །བརྟན་གཡོའི་ཨུཏྤལ་གཞོན་ནུ་འགུགས་ལ་འདུད། ཁྱོད་ཐུགས་གཟོད་ནས་སྤྲོས་བྲལ་ཆོས་སྐུའི་ཀློང་། །ལྷན་སྐྱེས་བདེ་བ་མཆོག་གི་རྒྱས་བཏབ་པས། །ཟག་བྲལ་ཁ་སྦྱོར་ཡན་ལག་བདུན་གྱི་གར། །རྣམ་པ་ཀུན་གྱི་མཆོག་དང་ལྡན་ལ་འདུད། ཁྱོད་ལ་རྟག་ཏུ་གུས་པས་ཉེར་བསྟོད་པས། །རིགས་གཟུགས་འབྱོར་བའི་ཡོན་ཏན་ཕུན་སུམ་ཚོགས། །སྲིད་ཞིའི་ལེགས་ཚོགས་ཐུགས་རྗེའི་མཆིལ་པ་ཡིས། །མྱུར་དུ་སྡུད་པའི་དགེ་མཚན་


JKT024_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྦྱིན་མཛོད། བཟླས་པ་བྱ་བ་ནི། ཐུགས་ཀར་ཨུཏྤལ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱིཝཡིག་མཐར། ཨོཾ་ཀུ་རུ་ཀུལླེ་ཧཱུྃསྭཱཧཱ། ཞེས་ཉི་མ་དང་མར་མེའི་འོད་ལྟར་གནས་པ་ལ་སེམས་གཏད་དེ་བཟླའོ། །ལས་ལ་སྦྱོར་བ་ནི། སྙིང་ཁའི་ཧྲིལས་ཧཱིཡིག་གཉིས་པ་ཞིག་ཐོན་རྣ་བ་གཡས་བརྒྱུད་དེ་མདའི་སྟོང་ནས་ཞུགས་ཏེ་མདེའུ་རྩེ་ནས་ཐོན་དམིགས་བྱའི་སྣ་བུག་གཡས་པ་ནས་བརྒྱུད་སྙིང་གར་ཞུགས་ཏེ་ཚེ་བསོད་དཔལ་འབྱོར་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་ཧཱི༔ཡིག་ལ་འདུས་ཏེ་ཐིམ་པས་དབང་དུ་གྱུར་ཅིང་ལྟེ་བ་ལ་སོགས་པའི་རྩ་འཁོར་ཀུན་འོད་ཟེར་གྱིས་དྲག་ཏུ་དཀྲུག་པར་བསམ། སླར་ཡི་གེ་སྣ་བུག་གཡོན་པ་ནས་ཐོན་མདེའུ་རྩེ་ནས་རྒྱུད་དེ་རྣ་བ་གཡོན་པར་ཞུགས་ཏེ་སྙིང་གའི་ཧཱིཝཡིག་ལ་ཐིམ་པ་ཧཱིཝཡིག་སྔགས་ཕྲེང་དང་བཅས་གཟི་བྱིན་ལྷག་པར་འཕེལ་ཏེ་སྲིད་ཞི་ཀུན་གྱི་བདག་པོར་གྱུར་པར་དམིགས་ལ་སྔགས་ལ་དམིགས་བྱའི་མིང་སྤེལ་བ་བགྲང་། ཙནྡན་གྱི་མེ་ལ་སྦྱིན་སྲེག་བྱའོ། །འདི་ལ་དམིགས་གནད་འདྲ་མིན་གཞན་ཡང་ཡོད་དོ། །ཐུན་མཚམས་རྣམས་སུ་མཎྜལ་ལེགས་པོ་ལ་ཙནྡན་དམར་པོའམ་ཆུས་བྱུག །མེ་ཏོག་དམར་པོ་སིལ་མ་དགྲམ་པ་ཅི་ནུས་དབུལ་ཞིང་འདོད་དོན་གསོལ་བ་གདབ། སྔར་གྱི་མཆོད་བསྟོད་བྱ། གཏོར་མ་


JKT024_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བར་འདོད་ན། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ཞེས་ལན་གསུམ་གྱིས་བརླབ། རྩ་སྔགས་འཇུག་ཏུ། ཨི་ད་བ་ལིང་ཏ་ཁ་ཧཱུྃ། ཅེས་ལན་བདུན་གསུམ་ཉེར་གཅིག་གང་རིགས་ཀྱིས་དབུལ་ལ་འདོད་དོན་གསོལ་བ་གདབ་པ་ནི། ཧཱུྃ༔ ཀུན་ཏུ་སྒེག་ཅིང་ནུ་འབུར་བྷ་ག་རྒྱས། །དགའ་བ་བཅུ་དྲུག་ལང་ཚོའི་གཞན་ཡིད་འཕྲོག །རྗེས་ཆགས་མཚམས་སྤྲིན་གཞོན་ནུའི་མཚར་སྡུག་ལ། །དམར་སེར་རལ་པའི་གེ་སར་མཛེས་པས་འཁྱུད། །ཕྱག་གི་དཀྱིལ་འཁོར་རྣམ་བཞིའི་འཁྲི་ཤིང་རྩེར། །ཨུཏྤལ་དམར་པོ་གསར་པ་ལས་གྲུབ་པའི། །བདེ་སྟོང་མདའ་གཞུ་སྙིང་རྗེའི་ཞགས་པ་དང་། །ཐབས་ལ་མཁས་པའི་ལྕགས་ཀྱུ་རྣམ་པར་འཛིན། །ཕ་རོལ་ཕྱིན་དྲུག་རྫོགས་པའི་རུས་རྒྱན་དང་། །འདུ་བྱེད་ལྔ་བཅུ་དག་པའི་མགོ་བོའི་ཕྲེང་། །སྣ་ཚོགས་ཕྲིན་ལས་དར་དང་རིན་པོ་ཆེ། །མེ་ཏོག་ཕྲེང་བས་རབ་ཏུ་མཛེས་པར་བརྒྱན། །རྣམ་ཐར་གསུམ་ལྡན་འབར་བའི་སྤྱན་གསུམ་གཡོ། །རིགས་ལྔ་ཡབ་ཡུམ་ཞལ་སྦྱོར་དབང་བསྐུར་ཕྱིར། །ཀུནྡའི་མདོག་ཅན་ཐོད་པ་ལྔ་ཡིས་བརྒྱན། །ཐབས་ཤེས་ཞབས་གཉིས་བརྐྱང་བསྐུམ་རོལ་པ་ཡིས། །སྲིད་པའི་བམ་རོ་ཆོས་ཀྱི་དབྱིངས་སུ་གནོན། ཁྲོ་དང་ཆགས་དང་སྒེག་པའི་ཉམས་འབར་བའི། །རྗེ་བཙུན་ཌཱཀྐི་ཁྱོད་སྐུ་རྟག་སྒོམས་ཤིང་། །གྲགས་སྟོང་སྔགས་ཀྱི་སྒྲ་ལ་ཀུན་ཏུ་


JKT024_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གོམ། །རིག་སྟོང་གཉུག་མའི་ངང་དུ་མཉམ་བཞག་མཐུས། །བདེ་བ་ཆེན་པོས་བདག་རྒྱུད་འཁྱུད་པར་མཛོད། །སྙིང་རྗེས་སེམས་ཅན་ཁམས་ཀུན་མི་སྤང་ཞིང་། །རྟོགས་པས་རྟག་ཏུ་ཟུང་འཇུག་ཆེན་པོར་རོལ། །བླང་དང་དོར་བྱའི་ཆོས་རྣམས་མ་དམིགས་པའི། །ཁྱེད་ཀྱི་དགོངས་པ་ཡོངས་སུ་འགྲུབ་པར་མཛོད། །རྗེས་སུ་ཆགས་པའི་རྭ་གའི་ཞགས་པ་ཡིས། །ལུས་མེད་འདོད་པའི་འཁྲི་ཤིང་བཅིངས་ནས་ཀྱང་། ཁམས་གསུམ་སྐྱེ་དགུ་བསྡུས་པའི་གཟུགས་ཅན་གྱིས། །བསྟོད་བསྔགས་ཆུ་སྐྱེས་གསར་པ་འཇོ་བར་མཛོད། །ཚེ་བསོད་དཔལ་འབྱོར་རྒྱས་པའི་ཨུཏྤལླ། །མཚར་སྡུག་སྤྱན་གྱི་ཉི་གཞོན་གྱིས་རོལ་པས། །རྟག་ཏུ་དགའ་བདེ་དྭང་བའི་སྦྲང་རྩི་ཡིས། །ལུས་ཅན་རཡིག་ཚོགས་རྣམས་ཚིམ་པར་མཛོད། །ཡིད་སྲུབ་ཁྲག་གི་མྱོས་པའི་སྐྱེ་འགྲོ་རྣམས། །དཀར་མིན་ལས་ལ་གོམས་པའི་བསམ་སྦྱོར་དབང་། །ཀུན་ཏུ་བཅིང་ནས་མངོན་མཐོ་ངེས་ལེགས་ཀྱི། །གོ་འཕང་ཐེམ་སྐས་མཆོག་ལ་འཇོག་པར་མཛོད། །མདོར་ན་ཕན་བདེའི་ནོར་བུའི་འཁྲི་ཤིང་གིས། །བདག་ཅག་འདོད་པའི་ཤིང་རྟ་འགེངས་པ་དང་། །མཐར་ཐུག་ལྷན་སྐྱེས་ཌཱཀྐིའི་ངོ་བོ་ཉིད། །བློ་བྲལ་ཕྱག་རྒྱ་ཆེན་པོར་རོ་གཅིག་ཤོག །ཞེས་བས་གསོལ་བ་བཏབ་རྗེས་སྣོད་བཅུད་སྣང་སྲིད་ཐམས་ཅད་འོད་ཟེར་


JKT024_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བོའི་རྣམ་པར་གྱུར་ཏེ་དུར་ཁྲོད་བརྒྱད་ལ་ཐིམ། དེ་ཉིད་གདན་ལ་ཐིམ་ཅིང་དེ་ཉིད་ལས་རིམ་གྱིས་ཐིམ་པའི་མཐར་ཐུགས་སྲོག་ཧཱི༔ཡིག་ལ་ཐིམ་པར་བསམ་ལ་སེམས་བཟུང་། དེ་ཉིད་བསམ་གྱིས་མི་ཁྱབ་པའི་ཕྱག་རྒྱ་ཆེན་པོར་བཞག་པར་བྱའོ། །སླར་ཡང་ཚུལ་རླབས་ཀྱི་ཚུལ་དུ་ལྷའི་སྐུར་ལྡང་ལ་ཐུན་མཚམས་ཀྱི་སྤྱོད་ལམ་བྱ། རྗེས་ལ་དགེ་བ་བསྔོ་ཞིང་། སྨོན་ལམ་གདབ་པ་ནི། བདག་གི་རིམ་པ་གཉིས་ཀྱི་ལམ་མཆོག་ལ། །རྟག་ཏུ་མཉམ་པར་བཞག་མཐུས་ཐུན་མོང་དང་། །མཆོག་གི་དངོས་གྲུབ་མ་ལུས་ཉེར་ཐོབ་སྟེ། །ཡེ་ཤེས་ཌཱཀྐིའི་རང་ཞལ་མྱུར་མཐོབ་ཤོག །བཀྲ་ཤིས་ནི། ཧཱུྃ༔ བརྟན་གཡོ་ཀུན་ཁྱབ་བདེ་ཆེན་ཧེ་རུ་ཀས། །ཟུང་འཇུག་ཕྱག་རྒྱ་རོལ་པའི་ལང་ཚོ་ནི། །རྗེས་ཆགས་ཡིད་འཕྲོག་པདྨ་རཱ་གའི་མདངས། །རིག་བྱེད་ཌཱཀྐིའི་བཀྲ་ཤིས་དེང་འདིར་སྩོལ། །གཞན་ཡང་བཀྲ་ཀླུ། ཤིས་ཅི་རིགས་པར་བརྗོད་དོ། །གང་ཞིག་མཐོང་ཐོས་དྲན་པས་མཆོག་ཐུན་དཔལ། །མངོན་སྩོལ་རིག་བྱེད་ཌཱཀྐིའི་སྒྲུབ་པའི་ཐབས། །ཡིད་འཕྲོག་པདྨ་རཱ་གའི་ཕྲེང་བ་འདི། །སྐལ་བཟང་དོན་གཉེར་མཛེས་མའི་མགུལ་བར་སྦྱིན། དེ་ཡི་མཐུ་ལས་བྱུང་བའི་རྣམ་དཀར་དགེ །ཉི་མ་གཞོན་ནུའི་དཔལ་ལ་འགྲན་པ་དེས། །འདོད་དགུའི་མཚར་སྡུག་རྫོགས་པའི་ཨུཏྤལླ། །ཉེར་དྲངས་ཕན་བདེའི་དགའ་


JKT024_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཐོབ་གྱུར་ཅིག །ཞེས་རྗེ་བཙུན་རིག་བྱེད་དབང་མོའི་སྒྲུབས་ཐབས་ཡིད་འཕྲོག་པདྨ་རཱ་གའི་ཕྲེང་བ་འདི་ཉིད་གཞུང་གཞན་དག་ལས་ཉེ་བར་བསྡུས་ཏེ་གཞོན་ནུ་ཨ་བྷ་ཡས་རང་ལོ་བཅུ་བཞི་པར་སྦྱར་བ་ཀུན་ཏུ་ཤིས་པར་གྱུར་ཅིག། །།


JKT024_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousརྗེ་བཙུན་རིག་བྱེད་དབང་མོའི་སྒྲུབ་ཐབས་ཡིད་འཕྲོག་པདྨ་རཱ་གའི་ཕྲེང་བ།next