Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
གཏེར་ཆེན་མཆོག་གྱུར་གླིང་པའི་སྐྱེས་རབས་གསོལ་འདེབས་མུ་ཏིག་དམར་པོའི་ཕྲེང་བའི་ཟིན་ཐུན་བེ་ཌཱུརྱའི་མདོ་འཛིན།
   
   
   
   
   
   
   
   


 
previousགཏེར་ཆེན་མཆོག་གྱུར་གླིང་པའི་སྐྱེས་རབས་གསོལ་འདེབས་མུ་ཏིག་དམར་པོའི་ཕྲེང་བའི་ཟིན་ཐུན་བེ་ཌཱུརྱའི་མདོ་འཛིན།next

གཏེར་ཆེན་མཆོག་གྱུར་གླིང་པའི་སྐྱེས་རབས་གསོལ་འདེབས་མུ་ཏིག་དམར་པོའི་ཕྲེང་བའི་ཟིན་ཐུན་བེ་ཌཱུརྱའི་མདོ་འཛིན།


JKT024_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །གཏེར་ཆེན་མཆོག་གྱུར་གླིང་པའི་སྐྱེས་རབས་གསོལ་འདེབས་མུ་ཏིག་དམར་པོའི་ཕྲེང་བའི་ཟིན་ཐུན་བེ་ཌཱུརྱའི་མདོ་འཛིན་ཅེས་བྱ་བ་བཞུགས་སོ།


JKT024_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་སྭསྟི། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་སྐྱེས་རབས་ཀྱི་གསོལ་འདེབས་མུ་ཏིག་དམར་པོའི་ཕྲེང་བ་འདིའི་དོན་ཅུང་ཟད་འཆད་པ་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཚན་བསྟན་པས། རྡོ་རྗེ་གསུམ་གྱི་ཡི་གེས་ཐོག་དྲངས་པའོ། དང་པོ་ནི། རྗེ་རིག་པ་འཛིན་པ་སོགས་ཏེ་གོ་སླའོ། གཉིས་པ་ནི། ཨོཾ་ཨཱཧུཾ་ཞེས་པ་སྟེ་གཞི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར། འབྲས་བུ་སྐུ་གསུམ་གྱི་དོན་མཚོན་པས་ན་གཞི་ལམ་འབྲས་བུའི་གསང་བ་དང་རྗེས་སུ་འབྲེལ་བའི་རྣམ་པར་ཐར་པ་དང་། སྐྱེས་པ་རབས་ཀྱི་སྒྱུ་འཕྲུལ་མཐའ་ཡས་པ་


JKT024_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་གསུམ། མདོར་བསྟན། རྒྱས་བཤད། སྐབས་བསྡུ་བའོ། །དང་པོ་ནི། ཆོས་དབྱིངས་གདོད་མའི་སོགས་ཏེ། ངོ་བོ་ཆོས་སྐུ། རང་བཞིན་ལོངས་སྐུ། རང་རྩལ་སྤྲུལ་པའི་སྐུའི་རྣམ་འཕྲུལ་སྣ་ཚོགས་པར་ཤར་བའི་ཚུལ་མདོར་བསྟན་པ་སྟེ་ཇི་སྐད་དུ། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །ལོངས་སྤྱོད་རྫོགས་པ་ཆེན་པོར་སྣང་། །དེ་ལས་འགྲོ་འདུལ་སྤྲུལ་པའི་སྐུ། །གདུལ་བྱའི་སྣང་ངོར་ཅིར་ཡང་སྟོན། །ཞེས་སོ། །གཉིས་པ་ལ་གཉིས། སྐྱེས་རབས་ཀྱི་རྩ་བ་ལུང་ལས་གསུངས་པས། ཁ་སྐོང་དག་པའི་གཟིགས་སྣང་ལྟར་བཤད་པའོ། །དང་པོ་ནི། རྗེ་ཉིད་ཀྱི་སྐུའི་གོང་མ་སྤྲུལ་པའི་གཏེར་


JKT024_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཆེན་པོ་རིག་འཛིན་སངས་རྒྱས་གླིང་པའི་ཡང་སྲིད་ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་གི་གཏེར་ལུང་ལྟར་བཀོད་པ། སྔོན་ཚེ་མཆོད་རྟེན་སོགས་ཏེ་དེ་ཉིད་ཀྱི་གཏེར་བྱོན་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་ལོ་རྒྱུས་གསལ་བའི་སྒྲོན་མེ་ལས། སྐྱེ་རྒྱུད་མདོ་ཙམ་ལ་ལ་བཤད་པ་ནི༔ སྔོན་ཚེ་འདས་དུས་བསྐལ་པའི་ཡེ་ཐོག་ལ༔ བོ་དྷི་ས་ཏྭ་མངའ་བདག་རྒྱལ་པོ་དང་༔ བདག་འདྲ་པདྨ་འབྱུང་༧གནས་རྣམ་པ་གསུམ༔ མོན་ཕྲུག་སྤུན་གསུམ་དག་ཏུ་སྐྱེས་པའི་ཚེ༔ མཆོད་རྟེན་བྱ་རུང་ཁ་ཤོར་སྤྱན་སྔ་རུ༔ མ་འོངས་དུས་ཚིགས་སྨོན་ལམ་བཏབ་པའི་དུས༔ སྟེང་ནས་བྱ་ནག་མཆོད་རྟེན་བར་མཆུར་བབས༔ དེ་ལ་མངའ་བདག་རྒྱལ་པོས་སྨོན་ལམ་བཏབ༔ མཁའ་ནས་ལྷག་པའི་བྱ་ནག་འདི་ཉིད་ཀྱང་༔ མ་འོངས་དུས་དེར་བདག་གི་བུར་སྐྱེས་ནས༔ རིགས་དང་ཆོ་འབྲང་མཐོང་བར་ཤོག་ཅེས་བཏབ༔ སླར་ཡང་བདག་གི་སྨོན་ལམ་བཏབ་པ་ནི༔ སྲས་དེ་ཐེག་པ་ཆེན་པོའི་སྒོར་ཞུགས་ནས༔ བདག་གི་ཟབ་དོན་སྙིང་པོའི་བརྒྱུད་འཛིན་ཅིང་༔ འགྲོ་དོན་སྐྱོ་དུབ་མེད་པར་ཤོག་ཅེས་བཏབ༔ བོ་དྷི་ས་ཏཱས་དེ་བཞིན་འགྱུར་ཅེས་པའི༔ མཐུན་གྱུར་ནན་ཏན་སྨོན་ལམ་ཐ་ཚིག་བརྗོད༔ དེ་ཡང་སྨོན་ལམ་མཐུ་ལ་བརྟེན་ནས་ནི༔ བྱ་དེ་སྐྱེ་བ་དེ་ཡི་གོང་རོལ་དུ༔ རྡོ་རྗེ་གདན་གྱི་གཙུག་ལག་ཁང་དྲུང་


JKT024_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དུ༔ གནས་བརྟན་དྷརྨ་པ་ཏྲ་ཞེས་བྱའི་བུ༔ ཀཱིརྟི་ཛྙཱ་ན་ཞེས་བྱར་སྐྱེས་ནས་ཀྱང་༔ རྩེད་མོའི་རྣམ་པས་མེ་ཏོག་ཅོད་པན་གཅིག༔ རྒྱལ་བའི་སྐུ་རྟེན་སྤྱན་སྔར་བཞག་པ་ལས༔ གཙུག་ལག་ཁང་གི་མཆོད་པའི་རྫས་སུ་གྱུར༔ དེ་ལ་བརྟེན་ནས་ཐར་པའི་ས་བོན་ཐེབས༔ དེ་ནས་རིམ་བཞིན་ད་ལྟའི་བར་དག་ཏུ༔ སྐྱེ་བརྒྱུད་ཀུན་ལ་ཐར་ལམ་འབྲེལ་བ་བཞག ཀཱིརྟི་ཛྷཱ་ནར་སྐྱེས་པའི་འོག་རོལ་དུ༔ དགའ་ལྡན་གནས་སུ་དམ་པ་ཏོག་དཀར་དྲུང་༔ ལྷ་བུ་དྲི་མེད་གྲགས་པར་གྱུར་པ་ཡིན༔ དེ་ནས་ཐུབ་པའི་དྲུང་དུ་དགྲ་བཅོམ་པ༔ མ་འགགས་པར་གྱུར་བདེན་པ་མཐོང་ན་ཡང་༔ རྒྱུ་འབྲས་ཡིད་ཆེས་བླང་དོར་བྱ་བའི་ཕྱིར༔ དེ་ནས་ཚེ་འཕོས་རྒྱ་གར་ཡུལ་དབུས་ཀྱི༔ མ་གུ་ཏ་ཡི་སྦྱིན་བདག་བཟང་པོར་སྐྱེས༔ དེ་འཕོས་གཙུག་ལག་འཛིན་གྱི་བྲམ་ཟེར་སྐྱེས༔ དེ་འཕོས་ཤིང་རྟའི་ཚལ་གྱི་རི་དྭགས་སུ༔ སྐྱེས་ནས་སྙིང་རྗེའི་ཤུགས་དང་ལྡན་པར་གྱུར༔ དེ་ནས་ཤནྟི་ཀ་ཡི་གྲོང་ཁྱེར་གྱི༔ དབུལ་པོའི་བུ་མོ་ཆུ་སྦྱིན་བྱེད་པར་གྱུར༔ དེ་འཕོས་རྩ་མཆོག་ཚོང་དཔོན་འཕན་བཟང་གྱུར༔ དེ་ཡང་གྲོགས་དང་བཅས་པས་ཚོགས་སྤེལ་མཐུས༔ གྲོང་ཁྱེར་སྤོས་ལྡན་མ་ཧེར་སྐྱེས་ནས་ཀྱང་༔ བཞོས་པའི་འོ་མས་དགྲ་བཅོམ་རྣམས་ལ་མཆོད༔ དེ་ནས་འཕོས་ཏེ་བྷེ་ཏའི་གྲོང་ཁྱེར་དུ༔ ཁྱིམ་བདག་


JKT024_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སྐྱེས་བཟང་པོར་གྱུར་ནས་ཀྱང་༔ ཀུན་ལ་མཆོད་སྦྱིན་བསྙེན་བཀུར་བྱེད་པར་འགྱུར༔ དེ་འཕོས་སྤོས་ངད་ལྡན་པའི་གྲོང་ཁྱེར་གྱི༔ འཕན་པོའི་བུར་གྱུར་བཟང་པོའི་ལས་དང་ལྡན༔ དེ་ནས་བརྒྱུད་མར་བསོད་ནམས་སྤེལ་བའི་ཕྱིརཿ མ་ངེས་རིགས་པ་ཀུན་དང་ལྡན་པ་སྟེ༔ རྒྱ་ནག་འཕན་བཟང་རིགས་བྱེད་མཁན་པོ་དང་༔ བྷོ་ཊ་ས་ཡི་ཚོང་དཔོན་ཡངས་ཅན་གྱི༔ སྒྲ་འབྱིན་རྒྱལ་པོར་དེ་ཉིད་མཆོད་སྦྱིན་བྱེད༔ དེ་ནས་གུ་གེའི་ཚོས་མཁན་སྒྲ་བསྒྱུར་མཁན བལ་པོ་ཨི་ཏང་རིག་བྱེད་མཁན་དུ་གྱུར ཚ་བ་དམར་ཤོད་ཕྱུག་པོའི་བུ་དང་ནི༔ ལྕང་ར་སྨུག་པོའི་སྦྱིན་བདག་བཟང་པོ་དང་༔ རྒྱ་ནག་རྒྱལ་པོའི་བླ་མཆོད་དགེ་བར་ལྡན༔ དེ་སོགས་སྐྱེ་མང་བཟང་ངན་ལས་ལ་སྤྱད༔ མདོར་ན་རྒྱ་གར་ཤར་ནུབ་བལ་ཡུལ་དང་༔ འཛམ་གླིང་ཡུལ་གྱི་ཕྱོགས་མཚམས་མང་པོ་དང་༔ དེ་ལ་སོགས་པའི་རིགས་དྲུག་གནས་རྣམས་སུ༔ སྐྱེ་ལུས་མང་བླངས་ཚེ་རབས་ལས་སྒྲིབ་སྦྱངས༔ ཚོགས་སྤེལ་ཐ་མ་བྷེ་ཏའི་རྒྱལ་པོའི་སྲས༔ འོད་ཟེར་མཐའ་ཡས་ཞེས་བྱར་གྱུར་པའི་ཚེ༔ འཕགས་པས་ལུང་བསྟན་བདག་དང་དཔོན་སློབ་གྱུར༔ དབང་བསྐུར་སྨོན་ལམ་བཏབ་ནས་དབང་རྟགས་བཞག༔ གསང་མཚན་པདྨ་གར་གྱི་དབང་ཕྱུག་ཞེས༔ སྤྱན་རས་གཟིགས་དབང་དགོངས་པས་སྐྱོབ་པར་མཛད༔


JKT024_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བརྒྱུད་འགར་ཡང་ཆོས་ལ་ལས་འཕྲོ་བཞག༔ ཁྱད་པར་ཐུགས་རྗེ་ཆེན་པོའི་སྤྲུལ་པ་མཆོག སྲོང་བཙན་སྒོམ་པོའི་ཐུགས་སྲས་བློན་པོ་ཆེ༔ ཡུལ་བཟུང་མགར་ཞེས་བོད་ཀྱི་ཆོས་སྲིད་བསྐྱངས༔ ལེགས་པའི་ཡོན་ཏན་བྱས་པ་ལག་རིས་ཅན༔ དེ་ནས་ཚེ་འཕོས་ཨེན་རྩེའི་རྒྱལ་པོའི་བུ༔ འགྲོ་བ་བཟང་པོ་ཞེས་བྱའི་བློ་སྟོབས་ཅན༔ དེ་ནས་ཚེ་འཕོས་དེང་སང་མངའ་བདག་སྲས༔ ཡབ་ཀྱིས་མཚན་གསོལ་མུ་རུབ་བཙན་པོ་ཞེས༔ ཡུམ་གྱིས་མཚན་གསོལ་ལྷ་སྲས་དམ་འཛིན་གྲགས༔ མཆེད་ཀྱིས་མཚན་གསོལ་སྤུར་བོ་བྱ་ཐུལ་མགོ༔ འབངས་ཀྱིས་མཚན་གསོལ་ལྷ་སྲས་དགེ་མགོན་དཀར༔ བདག་གིས་མཚན་གསོལ་དགེ་བསྙེན་སེང་གེ་བཟང་༔ དགོངས་འདུས་མཚན་གསོལ་རོལ་པ་ཡེ་ཤེས་རྩལ༔ ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་གསང་བའི་མཚན༔ དབང་ཆེན་བུདྡྷ་ཧེ་རུ་ཀ་ཞེས་གྲགས༔ འཁོར་བ་ལས་སྒྲོལ་རྩ་གསུམ་དཀྱིལ་འཁོར་དུ༔ དབང་བསྐུར་གསང་མཚན་པདྨ་དོན་ཡོད་རྩལ༔ དཀྱིལ་འཁོར་དབུས་བཞག་བཀྲ་ཤིས་སྨོན་ལམ་བཏབ༔ སྟོན་པ་རྡོ་རྗེ་རྒྱལ་པོར་མངའ་གསོལ་ཞིང་༔ སྔགས་འཆང་ཧཱུྃ་གི་སྲས་མོ་འབུམ་ལྕམ་ཁྱོད༔ ཚེ་རབས་ལས་བཟང་རིག་འཛིན་སྲས་མོར་འཁྲུངས༔ ཆོས་ལ་སྲི་ཞུ་ཆེ་ཞིང་གདུངས་སེམས་ལྡན༔ ལས་སྨོན་མཐུ་ཡིས་སྐྱེ་བརྒྱུད་


JKT024_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོའི་བར༔ ལྷ་མི་ལ་སོགས་གང་དང་གང་སྐྱེས་ཀྱང་༔ ལྷ་སྲས་ཉིད་ཀྱི་མཐུན་གྲོགས་འབྲེལ་བར་ལྡན༔ ནམ་ཞིག་རིག་འཛིན་ཞིང་དུ་བགྲོད་ཚེ་ཡང་༔ ཚོམ་བུ་གཅིག་གི་ངང་དུ་གཉིས་མེད་འགྱུར༔ ༈ འདི་ནས་ཚེ་འཕོས་ཨོ་རྒྱན་ཟངས་གླིང་དུ༔ དཀྱིལ་འཁོར་དྲུང་འཁོད་བཀོས་འདེབས་རྒྱལ་པོར་མངག༔ སྤྲུལ་པའི་རང་སྣང་བསྐལ་པར་བསྡད་སྙམ་བྱེད༔ དེ་ནས་འགྲོ་བའི་དོན་ཕྱིར་༧། སྤྲུལ་པ་འབྱུང་༔ ཨ་སུ་ར་ཡི་བྲག་ཕུག་ཛོ་ཀིར་གནས༔ དངོས་ལུང་ལྷ་ལུང་དཔལ་གྱི་རྡོ་རྗེར་གྲགས༔ བསྟན་པའི་སླད་དུ་སྡིག་སྤྱོད་རྒྱལ་པོ་བཀུམ དེ་ལྟར་གསུམ་ནི་བསྟན་པའི་སྲོག་ཕུར་ཏེ། བོད་ཀྱི་རྒྱལ་ཁམས་དག་ཏུ་དགོངས་པར་འགྱུར༔ དེ་ནས་གཙང་དུ་ཟུར་རིགས་ཛྙཱ་ནའི་མིང་༔ སྔགས་ཀྱི་དགོངས་པའི་དོན་རྣམས་གསལ་བར་བྱེད༔ དེ་འདས་པུ་རང་ལྷ་བཙུན་དད་པ་ཅན༔ ཤཱཀྱའི་བསྟན་ལ་རབ་བྱུང་འདུལ་བ་འཛིན༔ དེ་ནས་ཚེ་འཕོས་མང་ཡུལ་འཕགས་པའི་དྲུང་༔ སྦས་ཚུལ་རྣལ་འབྱོར་ཞིག་པོའི་སྤྱོད་སྐྱོང་འབྱུང་༔ དེ་ནས་རིམ་པར་སྐྱེ་དང་འཕོ་འཇུག་རྣམསཿ གཙང་གི་རིན་ཆེན་བྲག་གི་ནུབ་ཕྱོགས་སུ༔ དཔལ་བཙུན་ཞེས་བྱའི་ཁྱིམ་བདག་གཙུག་ལག་འཛིན༔ དེ་འདས་ས་སྐྱ་ཞེས་བྱའི་གཙུག་ལག་འཛིན༔ དེ་ནས་ཁ་རག་ཕུག་པའི་ཤར་ཕྱོགས་སུ༔ སྔགས་འཆང་སིདྷ་ཕ་


JKT024_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞེས་བྱ་འབྱུང་༔ དེ་ནས་ཚེ་འཕོས་བསམ་ཡས་ནུབ་ཕྱོགས་སུ༔ ཤཱཀྱའི་ཞིང་ཁམས་སྙེ་མ་མདའ་ཞེས་པར༔ གསང་སྔགས་བདག་པོ་སྒྲ་ཡི་ཟླ་བ་ཅན༔ དྲོད་ཀྱི་གདོང་ཅན་རྒྱལ་མོ་སོ་རྩི་ཞེས༔ ང་ཡི་རྗེས་བཟུང་ཟབ་པའི་གཏེར་སྒོ་འབྱེད༔ དེ་ནས་རྟ་ནག་ཟམ་ཁའི་སྨོན་ཞིག་ཞེས༔ དེ་ནས་འཕོས་ནས་བཟད་ཞེས་བྱ་བ་རུ༔ སྔགས་འཆང་ཤཱཀྱ་ཡེ་ཤེས་ཞེས་བྱར་གྲགསཿ དེ་ནས་ལྷོ་ཕྱོགས་དམྱལ་ཞེས་བྱ་བའི་སར༔ བསྟན་འཛིན་སྐྱེས་བུ་གཞོན་ནུའི་མིང་ཅན་འབྱུང་༔ དེ་འདས་གཡོར་པོ་གྲ་ཞེས་བྱ་བའི་སར༔ རྣལ་འབྱོར་སྔགས་འཆང་འཕགས་པའི་མིང་ཅན་འབྱུང་༔ དེ་འདས་གྲ་མདའི་གནས་བརྟན་བསྟན་པ་འཛིན༔ དེ་ནས་ཚེ་འཕོས་བསམ་ཡས་གཙུག་ལག་འཛིན༔ མི་དཔོན་ཆས་འཛིན་རླབས་ཆེན་སྤྱོད་པ་སྐྱོང་༔ གྲགས་པའི་མིང་ཅན་གསང་སྔགས་སྤྱོད་པ་འབྱུང་༔ དེ་འདས་ར་སའི་གཙུག་ལག་འཛིན་བྱེད་པ༔ སྦས་པའི་ཚུལ་ཅན་སྔགས་འཆང་རྡོ་རྗེ་ཞེས༔ བསྟན་པའི་དགྲ་གཟུགས་ཉམས་པ་བསོད་བྱེད་འབྱུང་༔ དེ་འོག་རྩྭ་རིའི་གནས་ཀྱི་བྱང་ཕྱོགས་སུ༔ བཤེས་གཉེན་དམ་པ་དཀོན་མཆོག་མིང་ཅན་འབྱུང་༔ དེ་འོག་ལྷོ་མོན་མཚམས་ཀྱི་བསྟན་པ་འཛིན༔ ཞི་བའི་མིང་ཅན་སྣ་ཚོགས་སྤྱོད་པ་ཡིས༔ འགྲོ་བའི་དོན་བརྩོན་བསྟན་པའི་གསལ་བྱེད་འབྱུང་༔ དེ་ནས་


JKT024_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འཕོས་པོ་བོ་ཞེས་པའི་སར༔ མདུང་ཆུའི་གཙུག་ལག་སོ་བའི་སྔགས་འཆང་འབྱུང་༔ དེ་འདས་དེ་ཉིད་བཤེས་གཉེན་གྲུབ་ཐོབ་གྲགསཿ དེ་ནས་བསམ་ཡས་མཐིལ་འདིར་སྡེ་སྐྱོང་ས༔ གཏེར་སྟོན་ལྷ་བཙུན་སྔོན་མོ་ཞེས་བྱར་སྐྱེསཿ རྣམ་སྣང་རྒྱབ་ནས་བཀའ་གཏེར་རབ་འབྱམས་ཀྱི༔ སྡེ་སྣོད་འབྱེད་ཅིང་བསྟན་པ་སྐྱོང་བར་བྱེད༔ དེ་ནས་ཚེ་འདས་རིན་དཔུངས་ཞེས་པ་ཡི༔ གཙུག་ལག་ཁང་བསྟན་བསྟན་པ་འཇུག་བྱེད་པའི༔ སྤྱན་རས་གཟིགས་ཀྱི་རྣལ་འབྱོར་པ་ཞེས་སམ༔ རིན་པོ་ཆེ་ཡི་མིང་འཛིན་བཤེས་གཉེན་འབྱུང་༔ མཐའ་མིའི་འགྲོ་རྣམས་བདེ་ལ་བཀོད་པར་བྱེད༔ དེ་ནས་མཁའ་སྤྱོད་ཙཱ་རིའི་གནས་འདབས་སུ༔ རྣལ་འབྱོར་ཞིག་པོ་རྒྱལ་བའི་མིང་ཅན་གྱིསཿ ཉོ་རོའི་བྲག་ལ་གྲུབ་རྟགས་སྟོན་པ་འབྱུང་༔ དེ་ལ་སོགས་པའི་སྐྱེ་བརྒྱུད་མང་ཞིག་ལེན༔ འགྲོ་བ་འགའ་ལ་ཕན་པ་རྒྱ་ཆེར་སྒྲུབ༔ ལ་ལར་མི་དཔོན་སྐྱེ་བོའི་རིགས་དང་ནི༔ མོ་བཙུན་གཟུགས་ཀྱིས་འགྲོ་ལ་ཕན་པ་འབྱུང་༔ རེ་རེའི་སྟོབས་ཅན་དུད་འགྲོའི་ལུས་སྤྲུལ་ཅན༔ འགྲོ་ལ་ཕན་པ་རྒྱ་ཆེར་སྒྲུབ་པའང་འབྱུང་༔ དེ་རྫོགས་མ་འོངས་དུས་ཀྱི་སྙིགས་མ་ལ༔ དུད་འགྲོའི་སྐྱེས་མཐའ་སྤྲེའུ་གཅོད་པར་བྱེད༔ དེ་ཡང་བསམ་ཡས་བྱང་ཤར་དབུས་རིའི་སྟེང་༔ ཕྱིང་ཕུ་གཡུ་ལུང་ཞེས་བྱའི་ལྷ་སྲིན་འདུལཿ སྨོན་ལམ་ཐ་


JKT024_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དམ་ལ་འདོགས་པར་བྱེད༔ དེ་ནས་སྨོན་ལམ་དུས་བབས་ལས་སད་དེ༔ གཡུ་ལུང་མ་ཧེའི་རྭ་འདྲའི་ཡུལ་ལྗོངས་མདརཿ རི་སྣ་མཐུར་རྒྱུག་བྲག་དམར་ངོས་བཟང་ཞོལ༔ གད་པ་ནག་པོ་རུས་སྦལ་ཉལ་འདྲའི་སྟེང་༔ ཕ་ཝོང་ཐག་ཐུག་ཕྱུག་ལྷས་ལྟ་བུའི་དབུས༔ སྔགས་ཀྱི་རྣལ་འབྱོར་སྦས་པའི་ཚུལ་འཛིན་པ༔ སྨོན་པའི་མིང་ཅན་རིགས་སུ་སྐྱེ་བར་འགྱུར༔ རིག་འཛིན་ཞེས་བྱ་སྙིང་སྨེ་དམར་པོས་སྤྲས༔ སྦས་ཚུལ་ཉེར་ལྔ་འབྲུག་ལོ་རང་སྐེག་སྟེང་༔ དགོངས་འདུས་གཏེར་འདོན་ཉམས་ལེན་གཞན་སྣང་གྲོལ༔ དེ་ནས་གཙང་སྟོད་མྱང་ཞེས་བྱ་བར་སྐྱེ༔ གྲགས་པ་རྒྱལ་པོ་འབུམ་མོ་ལྕམ་ཞེས་པའི༔ ཕ་མ་གཉིས་ལ་གྲགས་པ་དབང་ཕྱུག་ཞེས༔ མཆེད་གསུམ་བར་ཚིགས་ལུག་གི་ལོ་པ་གཅིག སྙིང་གར་སྨེ་བ་ཌཱ་ཀིའི་སྤྱན་འབྲས་གསལ༔ མངལ་གྱི་དྲི་མ་ལོ་དགུས་དག་ནས་ཀྱང་༔ ལས་སད་སྐྱེས་བུ་བསྟན་པའི་སྒོར་ཞུགས་ནསཿ བཅུ་གསུམ་རང་སྐག་སྟེང་དུ་ལས་ཀྱི་འཕྲོ༔ གཏེར་ལ་མངའ་སྤྱོད་སྔགས་ཀྱི་རྣལ་འབྱོར་པ༔ ལོངས་སྤྱོད་རྫོགས་དང་དེ་ཡི་འཁོར་གྱིས་བསྐོར༔ བརྒྱུད་འཛིན་སྐྱེས་བུ་སྔགས་འཆང་རྒྱུན་མི་ཆད༔ དེ་ནས་གཙང་ངམ་ལྷོ་ཡི་ཕྱོགས་ཉིད་དུ༔ མི་དཔོན་སྦས་ཚུལ་བསྟན་ནས་པདྨ་ངའི༔ ཟབ་ཆོས་ཉམས་བླངས་ཐབས་ཀྱིས་འགྲོ་བ་འདུལཿ དེ་རྗེས་


JKT024_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་རྩུབ་འགྱུར་དུས་ཀྱི་ཚེ༔ དེ་དུས་ལྷ་སྲས་དམ་འཛིན་ཁྱོད་ཉིད་ཀྱང་༔ བདག་གི་ཐུགས་སྲས་སྨོན་ལམ་མཐུ་བཙན་པས༔ རྩུབ་འགྱུར་དུས་སུ་ཁྱོད་ཀྱིས་འདུལ་བར་འགྱུརཿ སྣང་རྩེ་སྐྱོ་ཡི་ལྷ་ཁང་ཉེ་བའི་ས༔ ང་ཡི་གསུང་སྤྲུལ་ཞིག་པོ་གླིང་པ་ཞེས༔ གསང་གཏེར་འདི་འཕྲད་ཌཱ་ཀིའི་ལས་བྱེད་འགྱུར༔ ཞེས་རྒྱ་ཆེར་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ནི། དག་པའི་སྣང་ངོར་སོགས་ཏེ། གཏེར་ཆེན་ཉིད་དང་། གསོལ་འདེབས་མཛད་པ་པོ་ཟུང་གི་དག་པའི་གཟིགས་སྣང་དངོས་ཉམས་མནལ་ལམ་དུ་ཤར་བ་སོགས་སྒོ་བསྟུན་ནས་གསུངས་པའོ། །གསུམ་པ་སྐབས་བསྡུ་བ་ལ་གསུམ། སྐུ་ཚེ་འདི་ཉིད་ཀྱི་དོན་གྱི་རྣམ་པར་ཐར་པ་ལ་གསོལ་བ་འདེབས་པ་དང་། སྐུ་སྐྱེ་བ་ཕྱི་མ་ཕྲིན་ལས་རྒྱུན་མི་འཆད་པའི་ཚུལ་ལ་གསོལ་བ་འདེབས་པ། མངོན་པར་འདོད་པའི་དོན་ལ་སྨོན་པས་མཐའ་བརྒྱན་པའོ། །དང་པོ་ལ་དྲུག །བཀའ་གཏེར་བསྟན་པའི་བདག་པོར་གྱུར་པ་དང་། མཁྱེན་བརྩེ་ནུས་གསུམ་གྱི་རྣམ་ཐར་རྨད་དུ་བྱུང་བ་དང་། འཁོར་འདས་ཐམས་ཅད་ཀྱི་ཁྱབ་བདག་ཏུ་བཞུགས་པ་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲུལ་གཞིར་སྣང་བ་དང་། ཟབ་གསང་ཆོས་ཀྱི་འཁོར་ལོས་སྒྱུར་བ་དང་། རྡོ་རྗེ་ཐེག་པའི་བརྟུལ་ཞུགས་གྲུབ་པའི་ཚུལ་ལས་བརྩམས་ཏེ་གསོལ་བ་


JKT024_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པ་རྣམས་རིམ་པར། ཁྱད་པར་སོགས་དང་། རྒྱལ་སྲས་སོགས་དང་། འཕོ་མེད་སོགས་དང་། བླ་མ་སོགས་དང་། ཀུན་བཟང་སོགས་དང་། གང་གི་སོགས་ཀྱིས་བསྟན་ཏོ། །གཉིས་པ་ནི། རྒྱལ་དང་དེ་སྲས་སོགས་སོ། །གསུམ་པ་ནི། གང་གི་སོགས་སོ། །གསུམ་པ་མཇུག་གི་དོན་ནི། ཅེས་པ་འདིའང་སོགས་ཏེ། གང་གི་ཆེད་དུ་ཇི་ལྟར་བརྩམས་པ་དང་། ཞར་བྱུང་དོགས་པ་ཁོངས་ནས་བསུས་ཏེ་བསལ་བ་དང་། གང་གིས་རྩོམ་པ་པོ་དང་། གང་དུ་བརྩམ་པའི་གནས་དང་། ཤིས་བརྗོད་སྨོན་ལམ་གྱིས་མཇུག་བསྡུ་བ་དང་བཅས་པ་སྟེ་གོ་སླའོ།། །།སརྦ་དཱ་མངྒ་ལ་བྷ་བ་ཏུ།།


JKT024_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousགཏེར་ཆེན་མཆོག་གྱུར་གླིང་པའི་སྐྱེས་རབས་གསོལ་འདེབས་མུ་ཏིག་དམར་པོའི་ཕྲེང་བའི་ཟིན་ཐུན་བེ་ཌཱུརྱའི་མདོ་འཛིན།next