Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
མཆོད་རྟེན་ཐིག་རྩ་དང་མཆོད་བཤམས་སོགས་ཐོ་ཆུང་།
   
   
   
   


 
previousམཆོད་རྟེན་ཐིག་རྩ་དང་མཆོད་བཤམས་སོགས་ཐོ་ཆུང་།next

མཆོད་རྟེན་ཐིག་རྩ་དང་མཆོད་བཤམས་སོགས་ཐོ་ཆུང་།


JKT024_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །མཆོད་རྟེན་ཐིག་རྩ་དང་མཆོད་བཤམས་སོགས་ཐོ་ཆུང་བཞུགས་སོ། །


JKT024_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་སྭ་སྟི། བསླུ་མེད་སྐྱབས་གནས་རིན་ཆེན་གསུམ། །གུས་པས་འདུད་དོ་ཤིས་པས་སྐྱོང་། །ཆོས་སྐུའི་རྟེན་གྱི་ཆ་ཚད་ནི། །བཟོ་ཉེས་འགོག་ཕྱིར་ཅུང་ཟད་བརྗོད། །ཁོད་སྙོམས་གཞི་ལ་ཚང་ཐིག་དང་། །ཚངས་ཟུར་ཇི་བཞིན་བཏབ་པའི་རྗེས། །ཤར་ནུབ་ཆ་ཆེན་བཅུ་བདུན་དང་། །ཚངས་གནས་གཡས་གཡོན་ཆ་ཆེན་ལྔ། །རེ་རེ་བཞི་བཞི་བགོ་བྱས་ནས། །ས་འཛིན་དཔང་ལ་ཆ་ཕྲན་གསུམ། །ཚངས་ཐིག་གཡས་གཡོན་བཙམས་པ་ཡི། །སྲིད་དུ་བཅུ་དགུའམ་ཕྱེད་ཉི་ཤུ། །དེ་སྟེང་ཐེམ་སྐས་རིམ་གསུམ་གྱི། །དཔང་ལ་ཆ་རེ་སྲིད་ལ་ནི། །ཕྱེད་དང་བཅོ་བརྒྱད་བཅུ་དྲུག་དང་། །ཕྱེད་དང་བཅོ་ལྔའི་སེང་ཁྲིའི་དཔང་། ཆ་དྲུག་སྲིད་དུ་བཅུ་གསུམ་ལས། །དེ་སྟེང་བད་ཆུང་གཉིས་ལ་ནི། །དཔང་ལ་ཆ་རེ་སྲིད་བཅུ་གཞི། །བཅོ་ལྔ་ཡིན་ནོ་གདོང་ཆེན་དཔང་། །ཆ་གསུམ་སྲིད་དུ་ཆ་ཆེན་


JKT024_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། །རྨང་རྟེན་པདྨ་དཔང་ཆ་གཅིག །སྲིད་དུ་བཅུ་བཞི་ཚད་མེད་བཞིར། །དཔང་དུ་ཆ་གཉིས་སྲིད་ལ་ནི། །བཅུ་གསུམ་བཅུ་གཉིས་བཅུ་གཅིག་བཅུ། །མགུལ་ཆུ་པདྨ་དཔང་ཆ་གཅིག །སྲིད་དུ་དགུ་ཡིན་བུམ་པ་དཔང་། །ཆ་ཕྲན་བཅུ་གསུམ་རྩ་རྩེའི་སྲིད། །བརྒྱད་ནས་ཆ་བཅུའི་སྟེང་ནས་ཕྱིར། །ཆ་གསུམ་བྱེད་ལ་ཐིག་རྩེ་སྤྲེལ། །བྲེ་རྨང་དཔང་ཕྱེད་སྲིད་ཆ་བཞི། །བྲེ་མགུལ་དཔང་གཅིག་སྲིད་ཆ་གསུམ། །དེ་སྟེང་བད་ཆུང་དཔང་ཆ་ཕྱེད། །སྲིད་དུ་ཕྱེད་བཞི་བྲེ་དངོས་ལ། །དཔང་གཉིས་སྲིད་དུ་ཆ་བཞི་བྱ། །གདུངས་འདེགས་པདྨ་དཔང་ཆ་གཅིག །སྲིད་དུ་རྩ་གསུམ་རྩེ་བཞི་གཡེལ། །དེ་སྟེང་ཆོས་འཁོར་བཅུ་གསུམ་ལ། །ཆ་རེའི་སུམ་གཉིས་ཕོ་འཁོར་དང་། །སུམ་གཅིག་མོ་འཁོར་ཉག་ཀྱང་མཚུངས། །རྩ་བ་ཆ་བཞི་རྩེ་མོ་གཅིག །དེ་སྟེང་ཐུགས་རྗེ་མདོ་གཟུང་ནི། །


JKT024_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དཔང་རྩ་ཆ་གཅིག་རྩེ་ཕྱེད་གཉིས། །དེ་སྟེང་གཞུ་བསྣོལ་དཔང་ཆ་རེ། །སྲིད་དུ་ཆ་གཉིས་གདུངས་དཔང་གཅིག །སྲིད་དུ་ཆ་གཉིས་ཟར་ཚགས་ནི། དཔང་དུ་ཕྱེད་གསུམ་སྲིད་ཁ་གཡེལ། །ཕྱེད་དང་བཞིའོ་པུ་ཤུའི་དཔང་། །ཆ་གཅིག་རྩེ་མོ་ཁ་གཡེལ་ཅན། །ཟླ་བ་ཆ་གཅིག་ཉི་མ་གཉིས། །ཏོག་ལ་ཆ་ཕྲན་གཅིག་པའོ། ༈ །གཉིས་པ་པད་སྤུངས་ཚད་མེད་བཞིར། །ཟླུམ་པོ་པདྨའི་རྣམས་པ་ཅན། །རེ་རེ་གསུམ་དགོས་གཅིག་ཡུ་བ། །གཉིས་པོ་པདྨ་གྱེན་དུ་གྱུ། །བཀྲ་ཤིས་སྒོ་མང་བྱང་ཆེན་ལ། །ཚད་མེད་བཞི་པོ་ཚངས་ནས་མཐར། །གཉིས་དགོས་དབུས་མ་གློ་འབུར་བྱ། །གློ་འབུར་སྒོ་གཉིས་འདེག་རེ་རེ། །ཆོ་འཕྲུལ་བཀྲ་ཤིས་སྒོ་མང་ལ། །སྒོ་རྣམས་སྤངས་པས་གྲུབ་པ་ཡིན། །ལྷ་བབས་ཆོ་འཕྲུལ་ཕྱོགས་བཞི་རུ། །གདོང་ཆེན་ནས་ནི་མགུར་ཆུ་བར། །སྐས་ཁ་སུམ་བསྒྲིགས་རེ་རེ་བྱ། །དབྱེན་ཟླུམ་ཚད་མེད་ཟུར་བརྒྱད་དུ། །མ་ནོར་ཆ་དགོས་དེ་ཡིས་འབྱུང་། །རྣམ་རྒྱལ་མཆོད་རྟེན་ཚད་མེད་བཞི། །ཆ་གསུམ་དུ་དགོས་ཟླུམ་པོ་བྱ། །མྱང་འདས་མཆོད་རྟེན་གདོང་ཆེན་སྟེང་། །མགུར་ཆུ་བུམ་པ་ཡན་ཆོད་བྱ། །གཞན་དག་རྣམས་དང་བསྒྲིགས་དགོས་ཚེ། །ཚད་མེད་བཞི་ལ་བྲེ་སྒྲུབ་དང་། །དྲིལ་བུའི་དབྱིབས་དང་པདྨ་སོགས། །ཇི་མཛེས་བྱེད་པ་སྣ་ཚོགས་སྣང་། །གཞན་ཡང་བྲེ་དང་བྲེ་མགུལ་སོགས། །ཆོ་འཕྲུལ་ཇི་བཞིན་གློ་འབུར་དུ། །བྱེད་དང་ཚད་མེད་བཞི་རྣམས་ལ། །མཛེས་ཁྱད་རེ་རེ་འང་ཆ་གསུམ་དུ། །བགོས་པའི་ཆ་རེའི་བར་ཆེན་དུ། །དཔང་དང་དེ་མཚུངས་ཕྱིར་དུ་འཕྱང་། །ས་འཛིན་སྲིད་ལ་ཆ་ཕྲན་ནི། །བཅུ་


JKT024_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཕྱེད་དང་བཅོ་བརྒྱད་ཀྱིས། །དེ་མཚུངས་ཐེམ་སྐས་བྱེད་པ་དང་། །ཐེམ་སྐས་འོག་ནས་པདྨ་སོགས། །བཟོ་བོ་སོ་སོའི་ལག་རྒྱུན་དུ། །སྣང་ནའང་མཐའ་གཅིག་ངེས་པ་མེད། །ཅེས་པ་འདི་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཞལ་གསུངས་ཚད་མ་ཡིན་ནོ།། སརྦ་དཱ་ཀ་ལྱཱན་བྷ་ཝ་ཏུ།


JKT024_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousམཆོད་རྟེན་ཐིག་རྩ་དང་མཆོད་བཤམས་སོགས་ཐོ་ཆུང་།next