Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་ཡིག་དང་སྦྱིན་སྲེག་མདོར་བསྡུས་སྙིང་པོ།
   
   


 
previousཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་ཡིག་དང་སྦྱིན་སྲེག་མདོར་བསྡུས་སྙིང་པོ།next

ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་ཡིག་དང་སྦྱིན་སྲེག་མདོར་བསྡུས་སྙིང་པོ།


JKT024_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་ཡིག་དང་སྦྱིན་སྲེག་མདོར་བསྡུས་སྙིང་པོ་བཞུགས་སོ། །བླ་མ་པདྨ་འོད་འབར་ལ་ཕྱག་འཚལ་ལོ། །རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་བྱོན་བླ་སྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་པ་བྱེད་ན། སྔོན་འགྲོ་རྣམས་རབ་འབུམ་ཐེར། དེ་ལྟར་མིན་ཀྱང་དངོས་གཞིའི་བསྙེན་པ་ཇི་ཙམ་བྱེད་པའི་ཡུན་དང་བསྟུན་པའི་ཁྲི་ཕྲག་རེ་སོགས་ཅི་ནུས་བྱ། དེ་ནས་ལས་བྱང་གི་གཞུང་བསྲང་ལ་གུ་རུ་ཞི་བའི་བསྟོད་པའི་བར་དཀྱུས་ལྟར་བཏང་རྗེས། ཚིག་བདུན་དང་ཐོད་ཕྲེང་རྩལ་གྱི་ཛབ་གཙོ་བོར་བཏོན་པ་ཞག་བདུན་སོགས་ཇི་ལྟར་འོས་པ་བྱ། ནང་སྒྲུབ་གུ་རུ་ཞི་བའི་སྙིང་པོ་འབུམ་ཕྲག་བཅུ་གཉིས། གསང་སྒྲུབ་དྲག་པོའི་སྙིང་པོ་འབུམ་ཕྲག་ཤམ་བུ་ཅུང་ཟད་རེ་དང་བཅས་པ། ཡང་གསང་སེང་གདོང་མའི་སྙིང་པོ་ཁྲི་ཕྲག་ལྔ། གཞན་ཡང་ཚེ་སྒྲུབ་དང་། ཕྲིན་ལས་བཞི་བསྙེན་སོགས་ཇི་ལྟར་འོས་པ་བཟླས་རྗེས་དངོས་གྲུབ་བླངས་པ་སོགས་གསང་བ་སྤྱིའི་འགྲོས་ལྟར་ཤེས་པར་བྱའོ། །བསྙེན་པའི་ཁ་སྐོང་གི་ཆེད་དབང་རྟུལ་ཀུ་སུ་ལའི་ལུགས་ཀྱི་སྦྱིན་སྲེག་མདོར་བསྡུས་བྱེད་པར་འདོད་པས་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྟེགས་བུ་དཀར་ཟླུམ་གྱི་ངོས་སུ་རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་མུ་ཁྱུད་རྡོ་ར་མེ་རི་དང་བཅས་པའི་དབུས་སུ་རྡོ་རྗེས་མཚན་པ་བྲི། མ་གྲུབ་ན་ཤོག་བུ་སོགས་ལ་བྲིས་པ་འདིང་བའམ། འབྲུ་ཚོམ་ཙམ་གྱིས་ཀྱང་རུང་བར་གསུངས། དེའི་སྟེང་དུ་ལྕང་མ་སོགས་ཞི་བའི་ཤིང་སྦོམ་ཕྲ་མཛུབ་མོ་དང་མཉམ་ཁྲུ་གང་བ་ཟླུམ་པོར་བརྩེགས། རང་གི་གཡས་སུ་སྨན་རག་གཏོར་ཚོགས་ཉེར་སྤྱོད་ལྔ་སོགས་དང་། གཡོན་དུ་ཡམ་ཤིང་། མར་ཁུ། ཁྱད་—པར་གྱི་རྫས་ཏིལ་ནག་པོ་རྣམས་དང་། འབྱོར་ན་སྲེག་རྫས་གཞན་ཡང་ཇི་ལྟར་རིགས་པ་བཤམས། ཐོ་རངས་ཀྱི་དུས་ཆས་གོས་དཀར་པོ་དང་ལྡན་པས་ཁ་ཤར་དུ་བལྟས་ནས་སེམས་དཔའི་སྐྱིལ་དཀྲུང་གིས་འཁོད་པའི་མདུན་དུ་རྡོར་དྲིལ་བསང་ཆུ་འཐོར་གཡབ་དགང་བླུགས་སོགས་འོག་ཏུ་དགོས་པའི་ཡོ་བྱད་


JKT024_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འདུ་བྱ། ལས་ཀྱི་གཞུང་བསྲང་ནས་བཟླས་པ་ཡན་གྲུབ་པ་དང་། སྤྲོ་ན་ཚོགས་མཆོད་ཀྱང་བྱ། བསང་ཆུ། ཨོཾ་ཨ་བྷིནྡྷན་ཏ་ཀྲིཏ་ཧཱུྃ་ཕཊ༔ བརྒྱ་རྩ་སོགས་ཀྱིས་བྱིན་བརླབ་བོ། །གཉིས་པ་ལ་འཇིག་རྟེན་པའི་མེ་ལྷ་མཆོད་པ་དང་། འདས་པའི་མེ་ལྷ་མཆོད་པ། འཇིག་རྟེན་པ་ལ་བཏང་རག་འབུལ་བའོ། །དང་པོ་ནི། མཆོད་རྫས་དང་། སྲེག་རྫས་ལ་བསང་ཆུ་འཐོར་ཞིང་། མཆོད་རྫས་ལས་བྱང་ལྟར་བརླབས། སྲེག་རྫ་ས་ཨོཾ་སྭ་བྷ་ཝས་སྦྱངས། ཨོཾ་ཨོཾ་སྭཱ་ཧཱ། ཨོཾ་ཨཱསཱ་ཧཱ། ཨོཾ་ཤྲཱི་སྭཱ་ཧཱ། ཨོཾ་ཛ་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཨཱཧཱུྃ། སྟོང་པའི་ངང་ལས་བསྲེག་རྫས་རྣམས། །སྟོང་གསུམ་དང་མཉམ་ཡངས་པའི་ནང་། །བཅུད་རྣམས་ཡེ་ཤེས་བདུད་རྩིའི་དངོས། །འདོད་ཡོན་རྒྱ་མཚོ་འཕྲོ་བར་གྱུར། ཨོཾ་ཨཱཧཱུཾ། ལན་བདུན་གྱིས་བརླབས། དཔལ་འབར་གྱི་མེ་ཐོག་ལ་བསྙེན་སྔགས་ཀྱི་མཐར། ཛྭ་ལ་ར་ཟླཞེས་པས་སྦྱར། ཧཱུྃ། ཞེས་བརྗོད་ཅིང་ལས་དང་བསྟུན་པའི་མེ་དར་གྱིས་རླུང་གཡབ། བསང་ཆུ་འཐོར་ཞིང་། ཨོཾ་ཨ་བྷིནྡྷན༔ སྭཱ་བྷཱ་ཝ་སོགས། མེ་ཐབ་མི་དམིགས་སྟོང་པའི་ངང་ཉིད་ལས། །ཨེ་ལས་བྱུང་བའི་ཞི་བའི་ཐབ་ཁུང་ཟླུམ། །དཀར་གསལ་མདངས་ལྡན་མེ་ལྕེ་ཟླུམ་པོར་འབར། །དབུས་སུ་པདྨ་ཉི་ཟླའི་གདན་སྟེང་དུ། །དམ་ཚིག་མེ་ལྷ་དྲང་སྲོང་ཆ་ལུགས་ཅན། །སྐུ་མདོག་དཀར་པོ་འཛུམ་ཞིང་ཞི་ཚུལ་མཛེས། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་ར་སྐྱེས་ཆིབས། །ཕྱག་གཡས་མེ་ཐབ་འོག་མས་གུནྟེ་བསྣམས། །གཡོན་པས་བགྲང་ཕྲེང་འོག་མས་ལྕགས་ཀྱུ་འཛིན། །ཤ་རྒྱས་གཟུགས་ཐུང་སྒེག་ཅིང་ལྟོ་བ་འཕྱང་། །སྨྲ་ར་དམར་སེར་རལ་པའི་ཅོད་པཎ་ཅན། དྲང་སྲོང་ཚོགས་ཀྱིས་བསྐོར་བའི་དབུས་སུ་གསལ། །བདག་


JKT024_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས། །འོད་འཕྲོས་ཤར་ལྷོ་མེ་ལྷའི་ཡུལ་ནས་ནི། །ཡེ་ཤེས་དམ་ཚིག་སེམས་དཔའ་ཇི་ལྟ་བར། །དྲང་སྲོང་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་གྱུར། །མདའ་དར་དཀར་པོ་གཡབ་ཅིང་། ཧཱུྃ། དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ སྲེག་བླུག་ཞལ་ཟས་བཞེས་སླད་དུ༔ འདི་ཉིད་དུ་ནི་གཤེགས་སུ་གསོལ༔ ཨོཾ་ཨག་ཡེ་སྭཱ་ཧཱ། ཛཱ་ལ་ཡ༔ ཛཧཱུྃ་བཾ་ཧོ༔ ཞེས་པས་སྤྱན་དྲངས་ནས་དབྱེར་མེད་དུ་བསྟིམ་པལ། ཨོཾ་ཨག་ཡེ་ཨནྡྷཾ་ནས། ཤབྡའི་བར་གྱིས་མཆོད། ཨོཾ་ཨག་ཡེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཁ་ར་ཁ་ཧི། སྨན་རཀ་གཏོར་གསུམ་དང་། སྤྲོ་ན། ཨོཾ་ཨག་ཡེ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཚོགས་མཆོད་འབུལ། ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ༔ འབར་བཅས་སྐུ་ནི་རྒྱན་གྱིས་བརྒྱན༔ རྔམས་པའི་བྱིན་ཅན་ལས་ལ་བརྩོན༔ སྲེག་བླུག་འབུལ་ལོ་ལས་ཀུན་སྒྲུབ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ ཞི་ལ་སོགས་པའི་ལྷ་དཔལ་ཏེ༔ ཇི་ལྟར་འདོད་པའི་དོན་སྒྲུབ་པ༔ གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད༔ ཅེས་འདོད་དོན་གསོལ་བཞིན་ཕྱག་འཚལ་བ་སྔོན་དུ་འགྲོ་བས། ཨོཾ་ཨག་ཡེ་སྭཱ་ཧཱ༔ ཞེས་པས་མར་ཁུ་ལན་ཉེར་གཅིག་བྱོན་སྐྱེམས་ཕུལ། ཡམ་ཤིང་ཐོགས་ལ། ཨོཾ་ཨག་དེ་བ་ཏ་ཡེ་སྔགས་ཀྱི་ལྷག་ཆད་དང་། ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ཐམས་ཅད་དྷརྨ་དྷ་ཏུ་ཤནྟཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལན་བརྒྱ་རྩའམ་ཉེར་གཅིག་བར་ཅི་རིགས་འབུལ། མར་ཁུ་བླུག་གཟར་གྱིས་དགང་གཟར་བསྐང་ལ། ཨོཾ་ཨགཱ་ཡེ་སྭཱ་ཧཱ། དང་སྤེལ་ཚིག་གོང་ལྟར་བརྗོད་པས་བརྒྱ་རྩ་སོགས་ཀྱི་མཐར་ཁ་སྦྱོར་དུ་འབུལ། ཏིལ།


JKT024_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་ཤནྟཾ་ཀུ་རུ་ཡེ་སྭཱ་ཧཱལ་སྤེལ་ཚིག་གོང་ལྟར་སྦྱར། སྲེག་རྫས་གཞན་ཡོད་ནའང་སྔགས་དེ་ཉིད་ཀྱིས་ཕུལ། མཐར་ནི། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི། །མེ་ལྷ་དྲང་སྲོང་ཚོགས་ལ་མཆོད་པ་འབུལ། །ཕྲིན་ལས་རྣམ་བཞིན་མྱུར་དུ་འགྲུབ་པར་མཛོད། ཧ་ཧ་ཧེ་ཧེ་ཧཱུཾ་ཧཱུཾ། ཞེས་འདོད་དོན་གསོལ། གཉིས་པ་ནི་བུད་ཤིང་ཅུང་ཟད་གསོས་ལ། བསང་ཆུ་འཐོར་ཞིང་བསང་སྦྱངས། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་དབུས། །ཡེ་ཤེས་འོད་ལྔ་འཁྲུགས་པའི་ཀློང་དཀྱིལ་དུ། །སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་། །དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྡན༔ སོགས་ལས་སྦྱང་ལྟར་ལྷ་བསྐྱེད་ནས་བཟུང་བསྟོད་པའི་བར་བྱ། མར་ཁུ། བསྙེན་སྔགས་མཐར། ཨོཾ་ཨག་ཡེ་སྭཱ་ཧཱ། བཏགས་པ་ལན་ཉེར་གཅིག་བྱོན་སྐྱེམས་དུ་འབུལ། དེ་ནས་ཡམ་ཤིང་བརྒྱ་རྩ་སོགས་ཇི་ལྟར་རིགས་པ། བསྙེན་སྔགས་མཐར། ཨོ་བྷོ་དྷི་པྲིཀཱ་ཡེ་སྭཱ་ཧཱས་འབུལ་ཞིང་སྤེལ་ཚིག་སྦྱར། དེ་བཞིན་དུ་མར་ཁུ་བརྒྱ་རྩ་སོགས་གོང་ལྟར་སྤེལ་ཚིག་བཅས་པས་འབུལ། བསྙེན་པའི་ཁ་སྐོང་ཡིན་ན་ཏིལ་དང་རྫས་གཞན་ཡོད་ནའང་བསྙེན་སྔགས་ཁོ་ནས་འབུལ་ཞིང་སྤེལ་ཚིག་དང་། སྐབས་སུ་འདོད་གསོལ་ཚིག་བཅད་ཀྱང་སྦྱར་ཞིང་གྲངས་ཀྱི་དངོས་གཞི་བཟུང་སྟེ་ཁྲི་ཕྲག་སོགས་ཇི་ལྟར་ནུས་པས་འབུལ། ལས་གྲུབ་རྐྱང་པ་ལ་ཏིལ་དང་རྫས་གཞན་རྣམས་ཐམས་ཅད་ལ། ཨོཾ་ཤ་ཀུ་རུ་སྭཱ་ཧཱ། ཁོ་ནས་འབུལ། མཐར། ཨོ་ཨཱཏྟཱཧཱུྃ། མཆོད་འོས་ཕྱི་ནང་སོགས་ཀྱི་ནང་གི་མཆོད་པ་དང་། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་པའི་ཚོགས་མཆོད་འབུལ། བསྟོད་པས་བསྟོད། ཨོཾ་ཨཱཿཧཱུྃ། བདག་གཞན་བླ་མེད༴ སོགས་དངོས་གྲུབ་བླངས་ཤིང་ནོང་པ་བཤགས། ཨོ་ཁྱེད་ཀྱི་སེམས་ཅན་དོན་ཀུན་།


JKT024_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས། བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། གསུམ་པ་ནི། སླར་ཡང་མེ་ཅུང་ཟད་གསོས་པས། མེ་ལྷ་ལྷག་པར་གསལ་ལ་མཆོད་བསྟོད་དང་། སྲེག་རྫས་ཀྱི་ལྷག་མ་ཇི་ལྟར་རིགས་པ་འབུལ། ཚོགས་ཡོད་ན་ལྷག་མའང་ལས་བྱང་ལྟར་བཏང་། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་ནོངས་པ་བཤགས། ཕྲིན་ལས་ཐོགས་མེད་མེ་ཡི་ལྷ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །རང་བཞིན་གནས་སུ་ད་གཤེགས་ལ། །ཕྱོགས་འདིར་དགེ་ཞིང་ཤིས་པར་མཛོད། ཨོ་ཨག་ཡེ་གཙྪས། མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་བསམ། གསུམ་པ་རྗེས་ནི། - སྤྲོ་ན་བསྐུལ་པ་དང་ཆད་ཐོ་སོགས་ལས་བྱང་ལྟར་བཏང་ཞིང་། བཀྲ་ཤིས་རྒྱ་ཆེར་བརྗོད་པ་དང་མེ་ཏོག་གི་ཆར་དབབ། བསྡུ་ན་བསྔོ་སྨོན་ཤིས་བརྗོད་བསྡུ་རིམ་དང་བཅས་ཐུན་མཚམས་ཀྱི་ལྷར་ལྡང་། སླར་ཡང་ཤིས་བརྗོད་གང་རིགས་བྱ། མེ་རང་ཞིར་འཇོག་པའམ་ལོང་མེད་ན་འོ་མས་བཏུལ་ཞིང་ཆུ་རླུང་ཆེན་པོར་སྤྱན་དྲངས་ལ་ལས་ཀྱི་རྗེས་མི་མངོན་པར་བྱ། །ལས་གཞན་གསུམ་ལ། རྒྱས་པའི་ཁྱད་པར་སྟེགས་བུ་སེར་པོ་གྲུ་བཞི་པའི་ངོས་སུ་ནོར་བུའི་མཚན་པའི་ཐབ་གྲུ་བཞི། བུད་ཤིང་དང་། ཡམ་ཤིང་འབྲས་བུ་ཅན་གྱི་ཤིང་གུང་མོ་དང་མཉམ་པ། ཁྱད་པར་གྱི་རྫས་ཟས་མཆོག་དང་འབྲུ་སྣ་རིན་པོ་ཆེ་དང་དར་ཟབ་ལ་སོགས་གང་འབྱོར་དུས་ཉི་ཤར་ཆས་གོས་དང་མེ་དར་སེར་པོ་ཁ་བྱང་བལྟ་བཟང་པོའི་འདུག་སྟངས། འཇིག་རྟེན པའི་མེ་ལྷ་སྐྱེད་པའི་སྐབས། མེ་ཐབས་མི་དམིགས་སྟོང་པའི་ངང་ཉིད་བྷོ་ལས་བྱུང་བའི་རྒྱས་པའི་ཐབ་ཁུང་ནི། །གྲུ་བཞི་སེར་པོ་མེ་ལྕེ་རིན་ཆེན་འབར། །དབུས་སུ་པདྨ་ཉི་ཟླའི་གདན་སྟེང་དུ། །དམ་ཚིག་མེ་ལྷ་སེར་གསལ་རྒྱས་པའི་ཉམས། །ཞལ་གཅིག་ཕྱག་བཞི་སོགས་གོང་དང་འདྲ། བསྟོད་པའི་


JKT024_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས། རྒྱས་ལ་སོགས་པའི་ལྷ་དཔལ་ཏེ་ཞེས་བསྒྱུར། སྤེལ་ཚིག །ཨོ་ཨག་དེ་བ་ཏ་ཡེ་ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ཁྱད་པར་གྱི་རྫས་སྔགས། བྷཾ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ འདོད་གསོལ། ཚེ་དང་བསོད་ནམས་སོགས། འདས་པའི་མེ་ལྷ་སྐབས། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་དབུས། །ཡེ་ཤེས་འོད་ལྔ་འཁྲུགས་པའི་ཀློང་དཀྱིལ་དུ། །སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་། །དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ། །སེར་གསལ་མདངས་ལྡན༴ སོགས་འདྲ། དངོས་གཞི་སྤེལ་ཚིག་སོགས་གོང་ལྟར་ཁ་བསྒྱུར། ལོང་ཡོད་ན་མེ་རང་ཞི་ལོང་མེད་ན་དྲི་སེར་པོའི་ཆུས་གཞིལ། རྗེས་སུ་ཐལ་བ་བང་མཛོད་ཀྱི་ཕུག་ཏུ་སྦ་བའམ། རི་རྩེ་མཐོན་པོར་སྐྱལ་ལོ། ༈ དབང་གི་ཁྱད་པར་ལ། ཐབས་ཟླ་གམ་ལྕགས་ཀྱུའི་མཚན་པ། བུད་ཤིང་དང་ཡམ་ཤིང་མདོག་དམར་ཞིང་རོ་སྐྱུར་བ་ཁྱད་པར་གྱི་རྫས་མེ་ཏོག་དམར་པོ་དང་། ལན་ཚྭ་གར་ཆང་གིས་སྦགས་པ། ཆས་གོས་དང་མེ་དར་སོགས་དམར་པོ། དུས་དགོང་ཀ་ཁ་ནུབ་ལོང་བུ་བསྣོལ་བ་པདྨའི་འདུག་སྟངས་འཇིག་རྟེན་པའི་མེ་ལྷའི་སྐབས། ཧཱུྃལས་བྱུང་བའི་དབང་གི་ཐབ་ཁུང་ནི། །ཟླ་གམ་དམར་པོ་འགུགས་བྱེད་ལྕགས་ཀྱུ་འབར། །དབུས་སུ་པདྨ་ཉི་ཟླའི་གདན་སྟེང་དུ། །དམ་ཚིག་མེ་ལྷ་དམར་པོ་ཆགས་པའི་ཉམས། །ཞལ་གཅིག སོགས་འདྲ། བསྟོད་པའི་སྐབས། དབང་ལ་སོགས་པའི་ལྷ་དཔལ་ཏེ། ཞེས་བསྒྱུར། སྤེལ་ཚིག །ཨོཾ་ཨག་དེ་བ་ཏ་ཡེ་ཁམས་གསུམ་གྱི་སྐྱེ་འགྲོ་དང་བརྟན་གཡོའི་བཅུད་དང་ནུས་པ་ཐམས་ཅད་ཝ་ཤམ་ཀུ་རུ་སྭཱ་ཧཱ། ཁྱད་པར་གྱི་རྫས་སྔགས། ཧཱིཝ་ཤཾ་ཀུ་རུ་སྭཱ་ཧཱ། འདོད་གསོལ་སྐབས། རྒྱལ་བའི་ཐུགས་རྗེའི་སོགས། འདས་པའི་མེ་ལྷ་སྐབས། མེ་ལྷའི་ལྟོ་


JKT024_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡངས་ཤིང་རྒྱ་ཆེའི་དབུས། །ཡེ་ཤེས་འོད་ལྔ་འཁྲུགས་པའི་ཀློང་དཀྱིལ་དུ། །སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་། །དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ། །དམར་གསལ་མདངས་ལྡན་མཛེས༴ སོགས་འདྲ། དངོས་གཞི་སྤེལ་ཚིག་སོགས་གོང་ལྟར་ཁ་བསྒྱུར། ལོང་ཡོད་ན་མེ་རང་ཞི། ལོང་མེད་ན་ཙན་དན་གྱི་ཆུས་མེ་གཅིག་ཅར་དུ་གཞིལ། ཐལ་བ་ཆུ་ཀླུང་ཆེན་པོར་དོར་རོ། ༈ །དྲག་པོའི་ཁྱད་པར། ལྕགས་བུ་ནག་པོ་ཟུར་གསུམ་པོའི་ངོས་སུ་འཁོར་ལོ་རྩིབ་བརྒྱད་མུ་ཁྱུད་རྡོ་ར་མེའི་དར་བཅས་ཟུར་གསུམ་རལ་གྲིས་མཚན་པ་བུད་ཤིང་དང་ཡམ་ཤིང་ཚེར་མ་ཅན་གྱི་ཤིང་མཐེའུ་ཆུང་དང་མཉམ་པ། ཁྱད་པར་གྱི་རྫས་དུག་ཁྲག་གི་སྦགས་པའི་ཡུངས་ཀར་ཏེ་དེའང་མཆོད་རྫས་གཡོན་དང་བསྲེགས་རྗེས་གཡས་སུ་བཤམ། དུས་སྲོད་འཁོར་སོགས། ཆས་གོས་དང་མེ་དར་སོགས་ཁ་དོག་ནག་པོ། ཁ་ལྷོར་བལྟ། འདུག་སྟངས་རུ་སྦལ་གྱི་འདུག་སྟངས་ཞེས་ཧོར་འདུག །འཇིག་རྟེན་པའི་མེ་ལྷ་བསྐྱེད་སྐབས། ཧཱུྃ་ལས་བྱུང་བའི་དྲག་པོའི་ཐབ་ཁུང་ནི། །གྲུ་གསུམ་ལྗང་ནག་མེ་ལྕེ་མཚོན་ཆ་འབར། །དབུས་སུ་པདྨ་ཉི་ཟླའི་གདན་སྟེང་དུ། །དམ་ཚིག་མེ་ལྷ་མཐིང་ནག་ཁྲོས་པའི་སྐུ། །ཞལ་གཅིག༴ སོགས་འདྲ། བསྟོད་པའི་སྐབས། དྲག་ལ་སོགས་པའི༔ ཞེས་བསྒྱུར། སྤེལ་ཚིག །གནོད་བྱེད་དགྲ་བགེགས་ཐམས་ཅད་མ་ར་ཡ་ཕཊ༔ ཁྱད་པར་གྱི་རྫས་སྔགས། ཧཱུྃ་མཱ་ར་ཡ་ཕཊ། འདོད་གསོལ། དམ་སྲི་འབྱུང་པོ་སོགས། འདས་པའི་མེ་ལྷ་གུ་རུ་དྲག་པོ་བསྐྱེད་ན་འབྲེལ་ཆེ་བས། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་དབུས། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །པདྨ་ཉི་མ་རྒྱལ་བསེན་བསྣོལ་བའི་སྟེང་། །དཀོན་མཆོག་སྤྱིའདུས་དམར་ནག་འབར་བའི་སྐུར། སོགས་ནས། མེ་དུད་


JKT024_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་གྱིས་སྲིད་གསུམ་སྐར་ལྟར་འཁྲུགས། དེ་ལྟར་གསལ་བའི་གནས་གསུམ་ཡི་གེ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། ཧཱུྃ། ཆོས་སྐུ་ཞི་བའི་ངང་ལས༴ སོགས་སྤྱན་འདྲེན་ནས་བསྟོད་བསྐུལ་བར་ལས་བྱང་ལྟར་ལ་དངོས་གཞི་སྤེལ་ཚིག་སོགས་གོང་ལྟར་ཁ་སྒྱུར་སྤྲོས་པ་ལ་དགའ་ན་ལིངྒ་དམིགས་བྱ་འགུགས་བསྟིམ་བགྱིས་པ་བརྒྱ་རྩ་རེ་སོགས་འབུལ་བའང་བྱའོ། །རྗེས་ཀྱི་སྐབས་ཐལ་སོལ་དུག་ཁྲག་གིས་གཅིག་ཅར་དུ་གཞིལ་ཞིང་ལམ་གྱི་གཞི་མདོར་མནན་པ་ཁྱད་པར་རོ། །ཞེས་པའང་ལམ་འདི་ལ་མོས་པའི་དགེ་སློང་པདྨ་ཕྲིན་ལས་དབང་ཕྱུག་གིས་མདོར་བསྡུས་སུ་བྲིས་པ། སླར་མཁྱེན་བརྩེའི་དབང་པོས་གསལ་བྱེད་ཅུང་ཟད་བཅས་དག་པར་བྲིས་པ་མངྒ་ལ།། །།


previousཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་ཡིག་དང་སྦྱིན་སྲེག་མདོར་བསྡུས་སྙིང་པོ།next