Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


  collapse section
   
   
   
   
   
   
   
   
ཚད་མེད་བཞིའི་ཚོམས་ཏེ་རབ་བྱེད་བདུན་པའི་འགྲེལ་པ།
   
   


 
previousཚད་མེད་བཞིའི་ཚོམས་ཏེ་རབ་བྱེད་བདུན་པའི་འགྲེལ་པ།next

ཚད་མེད་བཞིའི་ཚོམས་ཏེ་རབ་བྱེད་བདུན་པའི་འགྲེལ་པ།


JL00_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྐྱབས་སུ་སོང་ནས་ཐེག་པ་ཆེན་པོའི་ལམ་དངོས་ལ་འཇུག་པའི་ཐོག་མར་མཚན་ཉིད་དབྱེ་བའི་ཕྱིར། ཐེག་དམན་རྫིང་བུར་བྱང་ཆུབ་སེམས་ཀྱི་ཁམས། །རིགས་ལས་ཉམས་པ་ཉན་རང་སྐྱེས་བུའི་སེམས། །སྟོང་ཉིད་སྙིང་རྗེའི་དེད་དཔོན་མཐུས་སད་ནས། །ཐེག་ཆེན་རྒྱ་མཚོ་ཀུན་མཁྱེན་གླིང་དུ་འགྲོ། །དེ་ལ་སྲིད་པ་མཐའ་དག་མེའི་འོབས་ལྟར་མཐོང་ནས་སྡུག་བསྔལ་དང་། ཉོན་མོངས་


JL00_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉེ་བར་ཞི་བའི་ཐར་པ་ཐོབ་འདོད་ཀྱི་བློས་བསྐུལ་ནས་བསླབ་པ་གསུམ་གྱི་ལམ་ནས་མཐོ་རིས་ཀྱི་བདེ་དཔལ་ལྟར་སླར་ལྡོག་པ་མ་ཡིན་པའི་ཞི་བདེའི་ཐར་པ་ཙམ་ཉན་རང་གི་ལམ་ལ་ཡོད་ཀྱང་སྐྱོན་ཟད་པ་དང་ཡོན་ཏན་ཐོབ་པའི་ཆ་ཕྱོགས་རེ་བ་ཡིན་པས་རང་གི་དོན་ཡང་མཐར་ཐུག་པ་མ་རྫོགས་ན། གཞན་དོན་རླབས་པོ་ཆེ་འགྲུབ་པ་ལྟ་ཅི་སྨོས། རྒྱུ་དེས་ཐེག་དམན་གྱི་ལམ་གཞན་ཕན་གྱི་ཡུར་བ་ལ་མི་ཕྱོགས་པར་རྫིང་བུའམ། ལྟེང་ཀའི་ཆུ་ཕྲན་ལྟ་བུའི་ཞི་བདེའི་རུམ་ན་བྱང་ཆུབ་སེམས་ཀྱི་མཐུ་ཉམས་པ་དེ། མཐར་སངས་རྒྱས་རྣམས་ཀྱིས་བསྐུལ་ནས་ཐེག་པ་ཆེན་པོའི་ལམ་ལ་འཇུག་པའི་རིགས་སད་དགོས་པས་ན། བློ་དང་ལྡན་པ་རྣམས་ཀྱི་ལམ་གྱི་འཇུག་ངོགས་ནི་ཐེག་པ་ཆེན་པོ་ཁོ་ན་ཡིན་ཏེ་ཕར་ཕྱིན་བསྡུས་པ་ལས། འཇིག་རྟེན་དོན་བསྒྲུབ་ཚུལ་ལ་མཐུ་མེད་པའི། །ཐེག་པ་གཉིས་པོ་གཏན་དུ་སྤང་བྱས་ཤིང་། །ཐུབ་རྒྱལ་ཐེག་པ་སྙིང་རྗེས་བསྟན་པ་ལ། །གཞན་ཕན་རོ་གཅིག་རང་བཞིན་དེ་དག་འཇུག །ཅེས་སོ། །རྒྱུ་གང་གིས་ན། རང་དོན་ཙམ་ལ་དམིགས་པ་ནི་ཤིན་ཏུ་རྨོངས་པའི་དུད་འགྲོ་དང་ཡང་ཐུན་མོང་གི་སྤྱོད་པ་ཡིན་ལ། སྐྱེས་བུ་ཆེན་པོའི་ངང་ཚུལ་ནི་སེམས་ཅན་གཞན་གྱི་ཕན་བདེ་ཁོ་ན་ལ་མཐའ་གཅིག་ཏུ་གཞོལ་བ་ཡིན་ཏེ། སློབ་དཔོན་ཙནྡྲ་གོ་མིས། ཤིན་ཏུ་རྙེད་སླའི་རྩྭ་ཁམས་འགའ་ཏེ་ཕྱུགས་ཀྱང་རང་ཉིད་བཟའ། །ཤིན་ཏུ་སྐོམ་པས་གདུངས་པའང་ཆུ་ཞིག་རྙེད་ན་དགའ་མགུར་འཐུང་། །འདི་ན་སྐྱེས་བུ་གཞན་དོན་བྱེད་པར་བརྩོན་པ་གང་ཡིན་པ། །དེ་འདིའི་བརྫིང་བག་ཡིན་ཏེ་དེ་བདེ་སྐྱེས་བུའི་རྩལ་དེ་འཕགས། །ཞེས་དམ་པ་རྣམས་ཀྱི་བདེ་བ་དང་། བརྗིད་བག་དང་། སྐྱེས་བུའི་རྩལ་གྱི་རང་བཞིན་མཐུ་ཆེན་པོ་རྣམས་ནི་འགྲོ་བ་གཞན་གྱི་དོན་འཁུར་དུ་འཁྱེར་བའི་ཐབས་སུ་འགྲོ་བར་རིགས་པའི་ཕྱིར་ཏེ།


JL00_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱིས། འཇིག་རྟེན་མ་རིག་དུད་སྤྲིན་འཁྲིགས་པས་འགྲོ་བ་འཁྲུགས་གྱུར་པ། །སྡུག་བསྔལ་མེ་རབ་འབར་བའི་ནང་དུ་དབང་མེད་ལྷུང་མཐོང་ནས། །ཐོད་ལ་མེ་ཆེན་མཆེད་པ་ལྟ་བུར་ཡིད་བྲེལ་བརྩོན་པ་གང་། །འདི་ན་དེ་དག་སྐྱེས་བུ་ཡིན་ཏེ་མཁས་པའང་དེ་དག་ཡིན། །ཅེས་བཤད་པའི་ཕྱིར་རོ། །སྦྱིན་སོགས་ཕ་རོལ་ཕྱིན་པ་རྣམ་པ་ལྔའི། །ངོ་བོ་ལུང་དུ་མ་བསྟན་ལྕགས་ཁམས་སུ། །རྣམ་པར་ཉམས་པ་ཐབས་ཤེས་གསེར་འགྱུར་རྩིས། །ཐེབས་པའི་མེད་ལ་རིན་ཐང་ཆེན་པོར་བྱེད། །འདི་ལྟར་སྦྱིན་པ་ལ་སོགས་པའི་ཐབས་ཀྱི་ཆ་ལྔ་པོ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཟིན་པའི་དུས་ན་བྱང་ཆུབ་ཆེན་པོར་ལུང་དུ་མ་བསྟན་པའི་ལྕགས་ཁམས་ལྟ་བུ་ཉིད་དོ། །དེ་ཐེག་པ་ཆེན་པོའི་ཐབས་ཀྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་ཀྱི་གཙོ་བོ་སྟོང་པ་ཉིད་ཟུང་དུ་འབྲེལ་བ་གསེར་འགྱུར་གྱི་རྩི་ལྟ་བུས་ཐེབས་པ་ནི་སངས་རྒྱས་ཀྱི་རྒྱུ་མ་ནོར་བ་ཡིན་ལ། འཇུག་སྒོའི་ཆ་ནས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་། གསང་སྔགས་ཀྱི་ཐེག་པ་ཆེན་པོ་གཉིས་གསུངས་ཀྱི། གཉིས་ཀའི་ངོ་བོ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ནམ་སྐྱེས་པ་ན་ཐེག་པ་ཆེན་པོའི་གང་ཟག་ཡིན་ལ། དེ་མེད་ན་སྟོང་ཆད་བསྒོམ་པ་དང་། ཚུལ་ཁྲིམས་ལ་སོགས་པ་དང་། ལྷར་སྣང་གི་ང་རྒྱལ་བརྟན་པ་ལ་སོགས་པའི་ཡོན་ཏན་གང་ཡོད་ཀྱང་དམན་པའི་ལམ་ཉིད་དེ། ཐེག་པ་ཆེན་པོ་དང་ཕྱོགས་འཛོལ་བ་ཡིན་ནོ། །དེ་བས་ན་ཆོས་ཐེག་པ་ཆེན་པོ་ཡིན་པས་མི་ཆོག་སྟེ། གང་ཟག་གི་རྒྱུད་ཐེག་པ་ཆེན་པོར་འགྲོ་དགོས་པ་ནི་གལ་པོ་ཆེ་ཡིན་པས་བྱང་ཆུབ་ཀྱི་སེམས་ཉིད་གོ་ཡུལ་དུ་རྒྱས་འདེབས་པར་མི་བྱའོ། །དེ་སྐད་དུ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་


JL00_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་གསུངས་པས་སོ། །གང་ཕྱིར་སྙིང་རྗེའི་ཐབས་དང་སྟོང་ཉིད་ཀྱི། །ཤེས་རབ་ཟུང་དུ་འཇུག་པའི་བྱང་ཆུབ་སེམས། །སྦྱོར་བ་ཚད་མེད་བཞི་པའི་ས་མཁན་གྱི། །སྨོན་འཇུག་གཉིས་དང་བསླབ་བྱ་བསླབས་ལས་སྐྱེ། །དེ་ལ་སྙིང་རྗེས་ནི་ཞི་བའི་མཐར་ལྟུང་བ་འགོག་ལ། ཤེས་རབ་ཀྱིས་སྲིད་པའི་མཐར་ལྟུང་བ་འགོག་པའི་ཁྱད་ཆོས་ནི་བྱང་ཆུབ་སེམས་དཔའི་ལམ་ཡིན་ཏེ། མ་ཕམ་པས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །མྱ་ངན་འདས་དང་འཁོར་མི་གནས། །ཞེས་སོ། །དེའི་ཕྱིར་དེ་གཉིས་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་མེད་ན། གཤོག་པ་གཅིག་ཤོས་ཆག་པའི་འདབ་ཆགས་ལ་འཕུར་བའི་ནུས་པ་མེད་པ་ལྟར་ལམ་མི་ཆོད་པའི་ཚུལ། དོ་ཧ་མཛོད་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །འོན་ཏེ་སྙིང་རྗེ་འབའ་ཞིག་སྒོམ་ནའང་། །འཁོར་བ་འདི་ནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་དང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང་། ཤེས་རབ་མངོན་པར་བསྒྲུབ་པ་ནི་གང་ཞེ་ན། གང་གི་ཕྱིར་མཉམ་པར་བཞག་པ་ན་སེམས་ཅན་ལ་ལྟ་བས་ན་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་ཉེ་བར་འཇོག་པ་དེ་ནི་དེའི་ཐབས་སོ། །གང་གི་ཕྱིར་ཞི་བ་དང་རབ་ཏུ་ཞི་བར་སྙོམས་པར་འཇུག་པ་དེ་ནི་ཤེས་རབ་བོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་མཐུན་པར་བདུད་བཏུལ་བའི་ལེའུ་ལས་ཀྱང་བཀའ་བསྩལ་ཏོ། །དེ་ལྟར་ལམ་གྱི་མཚན་ཉིད་ངོས་བཟུང་ནས། དེ་སྦྱོར་བའི་ཆོ་ག་གང་ལས་སྐྱེ་ན་སངས་རྒྱས་ཀྱི་གཟུགས་སྐུ་ཆོས་སྐུའི་ཡོན་ཏན་མཐོང་བ་དང་། ཐེག་ཆེན་གྱི་བསྟན་པ་ལ་དཀོན་པའི་འདུ་


JL00_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལ་སོགས་རྐྱེན་བཞི་ལས་སྐྱེ་བར་འདོད་པ་ཡོད་ཀྱང་། འདིར་ལས་དང་པོ་ལ་ཚད་མེད་བཞིས་སྔོན་དུ་འགྲོ་བའི་ས་མཁན་ལྟ་བུ་བྱས་ནས་སྨོན་འཇུག་གཉིས་དང་བསླབ་བྱ་བསླབས་པ་ལས་སྐྱེ་བའོ། །དེ་སྐད་དུ་ཡུམ་བར་མ་ལས། རབ་འབྱོར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ། །ཞེས་སོ། །དེ་ལ་སྤྱིར་ཚད་མེད་ཀྱི་སྒྲ་དོན་རྣམ་གྲངས་བཞིར་བསྟན་ཏེ། སློབ་དཔོན་བུདྡྷ་གུཔྟས། འདི་ལྟར་སེམས་ཅན་ཚད་མེད་པ་ལ་དམིགས་པ་དང་། ཚོགས་ཚད་མེད་པ་དང་། ཆོས་ཚད་མེད་པ་དང་། ཡེ་ཤེས་ཚད་མེད་པའོ། །དེ་ལ་དང་པོ་ནི་ཁམས་གསུམ་པའི་སེམས་ཅན་མང་ཉུང་འདི་ཙམ་མོ་ཞེས་དཔག་པར་མི་ནུས་པ་དང་། གཉིས་པ་ནི་བསོད་ནམས་དང་ཡེ་ཤེས་རྣམ་པ་གཉིས་ཏེ་བསྐྱེད་པའི་རྒྱུའམ་ངོ་བོ་ཡིན་པ་དང་། གསུམ་པ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་དང་། བཞི་པ་ནི་ཤེས་བྱ་དང་ཤེས་པ་ཐ་མི་དད་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དམིགས་པའི་ཡུལ་དུ་གྱུར་པ་སྟེ། བྱམས་པ་ལ་སོགས་པ་ཆོས་བཞི་པོ་དེ་དག་གི་ངོ་བོར་གནས་པའོ། །དེ་ལས་བྱམས་པའི་དམིགས་རྣམ་བཤད་པའི་ཕྱིར། །བྱམས་པའི་ངོ་བོ་གཞན་བདེ་འདོད་པ་ཡིན། །སྡུག་པའི་མ་ཡིས་བུ་ལ་ཇི་བཞིན་དུ། །ལུས་དང་ལོངས་སྤྱོད་དགེ་བ་ཀུན་སྤུངས་ནས། །གཞན་ལ་ཕན་འདོགས་གནོད་པ་བཟོད་ལ་བསླབ། །དེ་ལ་བྱམས་པ་ནི་མོས་པས་སྤྱོད་པའི་ས་ངེས་འབྱེད་ཆ་བཞི་ལ་གནས་པའི་བྱང་ཆུབ་སེམས་དཔའི་མངོན་ཤེས་ཀྱི་དབང་པོའི་སྤྱོད་ཡུལ་དུ། ལྷ་དང་མི་ལ་སོགས་པ་དང་། ངན་སོང་གི་གནས་དེ་དང་


JL00_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དེར་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་མཐོང་ནས། དེ་དག་ལ་སྙིང་རྗེ་ཆེན་པོ་བཟོད་མི་ནུས་པ་སྐྱེ་ཞིང་། འདི་དག་དང་བདག་གཉིས་ཀ་ཐོག་མ་མེད་པ་ནས་འཁོར་བར་འཁོར་བས་ཕན་ཚུན་གཉེན་བཤེས་ཀྱི་རང་བཞིན་དུ་མ་གྱུར་བ་མེད་པ་ཤེས་པའི་རྒྱུས་ཀུན་ལ་བུ་གཅིག་པ་ལ་བརྩེ་བ་ལྟ་བུའི་སེམས་བྱམས་པའི་རང་བཞིན་དུ་སྐྱེས་ནས། དེ་དག་སྡུག་བསྔལ་ལས་ཐར་ཏེ་བདེ་བ་ལ་གནས་པའི་ཐབས་མངོན་པར་འདུ་བྱེད་ཅིང་། དེའི་དོན་དུ་སྨོན་ལམ་འདེབས་པ་ནི་སེམས་ཅན་ལ་དམིགས་པའི་བྱམས་པ་ཞེས་བྱའོ། །ས་དང་པོ་བརྙེས་པ་ནས་བདུན་པའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ནི། འདི་ལྟར་ཆོས་ཐམས་ཅད་ནི་རང་བཞིན་མེད་པ་ཞིག་ལ་སེམས་ཅན་རྣམས་ནི་དངོས་པོ་ལ་ཞེན་པས་དེ་ལྟར་མ་རྟོགས་ཏེ་ཁམས་གསུམ་དུ་འཁོར་ནས་སྡུག་བསྔལ་གྱི་རྒྱུ་འབྲས་ལ་སྤྱོད་པ་འདི་རེ་སྡུག །འདི་དག་ལ་ཆོས་ཀྱི་ཕན་གདགས་ནས་ཆོས་ཉིད་རྟོགས་པར་ཤོག་ཅིག་སྙམ་དུ་སྨོན་ལམ་འདེབས་པ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་སེམས་ཅན་ལ་བྱམས་པ་སྐྱེ་བས་ན་ཆོས་ལ་དམིགས་པའི་བྱམས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་ནས་སངས་རྒྱས་ཀྱིས་བརྙེས་པ་མན་ཆད་ནི་དམིགས་པ་མེད་པ་ཞེས་བྱ་སྟེ། རྟོག་མེད་ལྷུན་གྱི་གྲུབ་པའི་ཚུལ་གྱིས་སེམས་ཅན་གྱི་ཁམས་ལ་བྱམས་པ་སྐྱེ་ཞིང་ཕན་འདོགས་པར་མཛད་དེ། དཔེར་ན་ཡིད་བཞིན་ནོར་བུ་དང་དཔག་བསམ་གྱི་ཤིང་ལ་རྣམ་རྟོག་མེད་ཀྱང་ཇི་ལྟར་གསོལ་བ་བཏབ་པ་བཞིན་དུ་སེམས་ཅན་ལ་ཕན་འདོགས་པ་སྟེ། སངས་རྒྱས་རྣམས་ཀྱི་སྔོན་གྱི་སྨོན་ལམ་ གྱི་དབང་ལས་སེམས་ཅན་གྱི་ཁམས་ལ་བྱམས་པ་ཆེན་པོ་རང་བཞིན་ལྷུན་གྲུབ་དུ་འབྱུང་བས་ན་དམིགས་པ་མེད་པའི་བྱམས་པ་ཞེས་བྱའོ། །དེ་དག་ལ་བྱང་


JL00_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལས། སེམས་ཅན་ལ་དམིགས་པ་ནི་མུ་སྟེགས་ཅན་དང་ཐུན་མོང་བ་ཡིན་ནོ། །ཆོས་ལ་དམིགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་ཡིན་ནོ། །དམིགས་པ་མེད་པ་ནི་དེ་ཐམས་ཅད་དང་ཐུན་མོང་མ་ཡིན་ནོ། །ཞེས་བཤད་དོ། །དེ་ལྟ་མོད་ཀྱི་ཐེག་པ་ཆེན་པོའི་ཁུར་འཁྱེར་བའི་རྩ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ཏེ་བློ་གྲོས་མི་ཟད་པས་བསྟན་པ་ལས། བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་མི་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་དབུགས་ཕྱི་ནང་དུ་རྒྱ་བ་ནི་མིའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་ཐེག་པ་ཆེན་པོ་ཡང་དག་པར་འགྲུབ་པའི་སྔོན་དུ་འགྲོ་བ་ཡིན་ནོ། །ཅེས་དང་། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་གཅིག་རབ་ཏུ་བཟུང་ཞིང་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་ཏུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱིས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་


JL00_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དཔེར་བགྱིས་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཞེས་སོ། །དེ་ལྟར་སྙིང་རྗེའི་སེམས་དེ་ལན་ཅིག་ཉམས་སུ་མྱོང་ཡང་ཐམས་ཅད་ནས་ཐམས་ཅད་དུ་འགྱུར་བར་སླ་ཞིང་། སེམས་ཅན་གྱི་ཁམས་དང་མོས་པ་ཐ་དད་ཅིང་བྱེད་པ་ངན་པས་བསླབ་པར་བྱ་བའི་གནས་ལ་བྱ་དཀའ་བ་དང་ཞུམ་པ་ཐོབ་པ་མང་དུ་མཆིས་ནས་ཐེག་པ་དམན་པར་ལྟུང་བ་ཡོད་དེ། སློབ་དཔོན་རྟ་དབྱངས་ཀྱི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་རིན་པོ་ཆེའི་སྒྲོན་མ་ལས། ཁ་ཅིག་དགེ་བའི་ལས་བྱེད་ཀྱང་། །རྣམ་པ་དབེན་དོན་མ་ཤེས་པས། །རྨི་ལམ་ཡུལ་གྱི་བདེ་བ་བཞིན། །རེ་ཞིག་ཐོབ་ཀྱང་སླར་ཉམས་འགྱུར། །ཞེས་སོ། །དེའི་ཕྱིར་སྙིང་རྗེའི་སེམས་དེ་ལན་ཅིག་ཐོབ་པ་ལའང་སྤྲོ་བ་བསྐྱེད་ནས་ཇེ་འཕེལ་དུ་གོམས་པའི་ཐབས་ལ་འབད་པ་དུ་མས་འཇུག་དགོས་པ་ཡིན་ཏེ། ཅིའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་དེ་གཞན་གྱིས་ཡང་དག་པར་འཛིན་དུ་བཅུག་པ་ལས་ཀྱང་སྐྱེ་ཞིང་། བྱང་ཆུབ་སེམས་དཔའི་མིང་ཙམ་འཐོབ་མོད་ཀྱིས་བསྒྲིམ་མི་དགོས་པར་སྙིང་རྗེ་ཆེན་པོའི་མཐུས་བདག་ཉིད་ཀྱི་སེམས་ཟིལ་གྱིས་ནོན་པ་ལས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་ཁྱད་པར་ཆེ་བར་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ལས་བཀའ་བསྩལ་ཏོ། །དེའི་ཕྱིར་སློབ་དཔོན་དཔའ་བོས། ཁྱོད་ཀྱི་ཐུགས་ནི་རིན་པོ་ཆེ། །རྫོགས་པའི་བྱང་ཆུབ་ས་བོན་ཏེ། །དཔའ་ཁྱོད་ཁོ་ནས་སྙིང་པོར་མཁྱེན། །དེ་གཞན་སྐྱེ་བོས་འོལ་མི་དབྱི། །ཞེས་གསུངས་པ་ལྟར་རོ། །


JL00_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྙིང་རྗེ་ཆེན་པོ་རྒྱུད་ལ་ལྡན་པའི་གང་ཟག་གིས་བྱམས་པའི་དམིགས་རྣམས་ལ་བསླབ་པ་ནི། བདག་ཉིད་དང་པོར་སྐྱེ་བའི་སྡུག་བསྔལ་གྱི་འཕྲང་ལས་བཅོས་མ་ཐག་པ། དབང་པོ་ཡུལ་ལ་སད་པས་བདེ་སྡུག་གི་ཚོར་བ་ཕྲ་མོ་ཚུན་ཆད་ཉམས་སུ་མྱོང་ཡང་བླང་དོར་གང་ཡང་མི་ཤེས་ཤིང་། འབུ་སྲིན་ལྟ་བུའི་ལུས་མི་གཙང་ལྗན་ལྗིན་གྱིས་གཏུམས་པ། དྲི་ང་ལ་ཡིད་དུ་མི་འོང་བ་དེ་མས་པང་དུ་བླངས། ཁྲུས་དང་བྱི་དོར་བྱས། ཤའི་དྲོད་ལ་སྦྱར། ནུ་ཞོས་བསྐྱེད་བསྲིངས། མིག་བྱམས་པར་བལྟས། མི་གཙང་བ་ལག་པས་དོར། གནོད་པ་བཟོད་པར་བྱས། སྤྱོད་ལམ་མི་མཐུན་པ་ཡང་སྙིང་དུ་སྡུག་པར་བལྟས། ཆེ་སྟེ་ཤི་ཡིས་དོགས། འབྲིང་སྟེ་ན་ཡིས་དོགས། ཆུང་སྟེ་ལྟོགས་ཀྱིས་དོགས། སྐོམས་ཀྱིས་དོགས། འཁྱགས་ཀྱིས་དོགས་ནས་མི་མཐུན་ཕྱོགས་སྤངས། མཐུན་པའི་ཕྱོགས་དོན་དུ་གཉེར་ནས་ཆེར་བསྐྱེད་པའི་ཚེ། ནོར་ཡོད་དགུ་བྱིན། བརྩེ་གདུངས་ལ་བརྗེད་པ་སྤངས་ནས་བུའི་དོན་དུ་སྡིག་པ་དང་། སྡུག་བསྔལ་དང་། གཏམ་ངན་ལ་ཁྱད་དུ་གསད། ལུས་དང་སྲོག་ཀྱང་ཅི་མི་སྙམ་པར་བལྟས་པ་ཡིན་ན། དེ་ལྟ་བུའི་བྱས་པ་ཤེས་ཤིང་དྲིན་དུ་མི་གཟོ་བ་སུ་ཞིག་བྱེད། དེ་སྐད་དུ་སློབ་སྤྲིང་ལས། བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པས། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟགས་འཐུངས་པ། །ངལ་བ་མང་བསྟེན་བྱམས་པ་བསྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཞིག་ནའང་སྤོང་བར་སུ་ཞིག་སྤྲོ། །གང་གི་ཁོང་ན་འདི་སྐབས་རྙེད་ནས་གནས་གནས་ཤིང་། །གང་གིས་བརྩེ་བག་སེམས་ཀྱིས་ཟོན་བྱས་འདི་བླངས་པ། །ཉོན་མོངས་དེ་དག་སྡུག་བསྔལ་སྐྱབས་མེད་འདི་བོར་ནས། །འགྲོ་བ་མ་རབས་ཐ་ཤལ་ཞིག་ནའང་སུ་ཞིག་སྤྲོ། །


JL00_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར་རང་རེ་དང་པོ་མིའི་བྱད་ལ་སྐྱེས་བུའི་རྣམ་པར་ཤེས་པ་དང་མི་ལྡན་པ། ནུས་པ་དང་མཐུ་ཞན་པ། སྤྲ་ལྕེ་དང་བདེ་ལག་མེད་པ། འབུ་སྐྱོགས་སྐམ་ལ་འཐོན་པ་ལྟ་བུ་དེ་ནས་སྒོ་དུ་མ་ནས་བསྐྱངས། བརྡའ་དང་བཤེས་གཉེན་བསླབས་པས་ད་ལྟ་བྱ་ཕྲུག་ཚང་ནས་ཐར་བ་བཞིན་དུ་རང་མགོ་རང་གིས་འཐོན་པ་དེ་མའི་དྲིན་ཡིན། དེ་ལྟར་ད་རེས་ཀྱིས་མས་བསྐྱངས་པ་བཞིན་དུ་ཁམས་གསུམ་གྱི་སེམས་ཅན་གཞན་དང་གཞན་དག་རྣམས་ཀྱང་ཐོག་མ་མེད་པའི་དུས་ནས་བདག་གི་མ་དང་གཉེན་བཤེས་སུ་མ་གྱུར་བ་གཅིག་ཀྱང་མེད་པ་སློབ་དཔོན་འཕགས་པས། མའི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །ཞེས་སྔར་དྲངས་པ་བཞིན་དང་། སློབ་སྤྲིང་ལས། གང་དག་ལྷན་ཅིག་འདུས་ནས་བགད་ཅིང་རྩེས་པ་དང་། །གླུ་བླངས་དགའ་འདུན་བྱས་ཤིང་གཅིག་ཏུ་ཟོས་འཐུངས་དང་། །དུས་ཀྱི་རིམ་པས་མེ་ཏོག་རྣ་རྒྱན་དངོས་བྱས་དང་། །གནས་སྐབས་ཅི་ཞིག་ལྟར་མཉམ་མི་མཉམ་བྱས་པ་ཡི། །ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་བ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤིས་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས་པ་ལྟར་རོ། །མ་བྱས་ཤིང་གཉེན་བཤེས་སུ་གྱུར་ངེས་ད་ལྟའི་མ་དང་གཉེན་བཤེས་བཞིན་དུ་ཕན་པ་རྒྱ་ཆེན་པོ་བཏགས་པའི་དྲིན་ཅན་ཤ་སྟག་ཡིན་པས་ལུས་རྟེན་དང་སྣང་ཚུལ་གཞན་དུ་འཕོས་པ་ལ་རྨོངས་པའི་དབང་གིས་ཕྱོགས་རིས་སུ་མི་གཅོད་པར་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བས་ཕན་གདགས་ཤིང་བྱམས་པའི་སེམས་ཀྱིས་བལྟ་དགོས་པ་ཡིན་ཏེ། ཡུམ་བར་མ་ལས། སེམས་ཅན་བདེ་བ་དང་མི་ལྡན་པ་མཐོང་བ་དེའི་ཚེ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། སེམས་ཅན་འདི་དག་ནི་


JL00_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡུལ་བའི་ལྷའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཐོབ་པར་གྱུར་ཅིག་སྙམ་དུ་ཡིད་ལ་བྱའོ། །ཞེས་སོ། །དེ་ལ་སྙིང་དུ་མི་སྡུག་པ་ལ་སྡང་བ་དང་། གཞན་འབྱོར་ཕུན་ཚོགས་ལ་མི་བཟོད་པ་དང་། བར་མ་ཡལ་བར་འདོར་བ་གསུམ་ནི་བྱམས་པའི་མི་མཐུན་ཕྱོགས་ཡིན་པས་དེའི་གཉེན་པོར་ཚེ་རབས་སྔ་མའི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་འདི་ནུས་པ་ཆེ་བ་ཉིད་དོ། །དེ་ཡང་བློ་བཅོས་པའི་བསྒོམ་ཚུལ་གྱི་གོ་རིམ་ནི། ཚད་མེད་བཞིའི་རྒྱ་ཆེར་འགྲེལ་བ་ལས། སེམས་ཅན་སྙིང་དུ་སྡུག་པ་དང་། ཐ་མལ་བ་དང་། སྙིང་དུ་མི་སྡུག་པ་ཡིན་པའི་རྣམ་པ་འདི་གསུམ་ཡོད་པ་ལས། སེམས་ཅན་སྙིང་དུ་སྡུག་པ་ལ་ཡང་གསུམ་དུ་དབྱེ་སྟེ། རབ་འབྲིང་ཐ་མ་གསུམ་དུའོ། །སེམས་ཅན་ཐ་མལ་བ་དང་མི་སྡུག་པ་ལ་ཡང་གསུམ་དུ་དབྱེ་སྟེ། རབ་འབྲིང་ཐ་མ་སྟེང་བདུན་དུ་དབྱེ་བ་བྱས་ལ་ཐོག་མར་འབྲིང་ཙམ་དུ་སྡུག་པ་དེ་ཕ་མ་ལ་སོགས་པར་རབ་ཏུ་བསྒོམ་མོ། །དེ་གོམས་པ་དང་ཐ་མལ་བ་ཀུན་རབ་དང་འདྲ་བར་བསྒོམ་མོ། །དེ་ནས་ཅུང་ཟད་མི་སྡུག་པ་རབ་དང་འདྲ་བར་བསྒོམ་མོ། །དེ་གོམས་པ་དང་མི་སྡུག་པ་འབྲིང་སྡུག་པ་རབ་དང་འདྲ་བར་བསྒོམ། དེ་ནས་ཤིན་ཏུ་མི་སྡུག་པ་ལ་ཡང་ཕ་མ་དང་འདྲ་བར་བྱ་སྟེ། དེ་ལྟར་གོམས་པའི་དམིགས་པ་ཡང་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་ཕ་མ་ལ་སོགས་པ་གཉེན་དུ་མ་གྱུར་བ་མེད་པ་དང་། དེ་ལྟར་བསྒོམ་པ་ཡང་ཐོག་མར་ཁྱིམ་གང་གི་མི་ཙམ་ལ་བསྒོམ་པ་ནས་རིམ་གྱིས་ཏེ། དེ་ནས་ནི་མཐའ་ཡས་པར་བསྒོམ་མོ། །ཞེས་པ་ལྟར་རོ། །གོམས་པའི་ཚད་ནི་སེམས་ཅན་གང་མཐོང་ཡང་ཡིད་དུ་འོང་ཞིང་གནོད་པ་གཟོད་ལ། ཕན་འདོགས་པའི་བློ་སྐྱེ་བ་དང་། ཕུན་སུམ་ཚོགས་པ་མཐོང་ཡང་


JL00_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འགྲན་སེམས་དང་ཕྲག་དོག་མི་སྐྱེ་བར་འདི་ནི་འདི་བས་ཀྱང་ཚེ་རིང་བ་དང་། ནད་མེད་པ་དང་། ཆོས་ཀྱི་འབྱོར་བར་ཤོག་ཅིག་སྙམ་དུ་འོང་ཞིང་ཕན་པ་འབའ་ཞིག་བློ་ལ་འཆར་བའི་ཚུལ། བརྒྱད་སྟོང་པ་ལས། བྱམས་པ་དང་ལྡན་པའི་སེམས་མང་དུ་བསྒོམས་ཤིང་བརྟན་པར་བྱས་པས་འགྲོ་བ་མཐོང་ན་ཡིད་དུ་འོང་བ་ཡིན། ཁོང་ཁྲོ་བ་མེད་པ་ཡིན། ཅེས་དང་། དེའི་ཕན་ཡོན་ནི། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་ལས། གང་ཞིག་འཇིག་རྟེན་རྣམ་དག་ན། །བསྐལ་པ་གཅིག་གི་བར་དག་ཏུ། །ཚུལ་ཁྲིམས་དག་ནི་བསྲུངས་པ་ལས། །སྐྱེས་བུའི་སྐད་ཅིག་དགའ་བ་ཙམ། །དེ་བས་བྱམས་པ་སྤྱད་པ་མཆོག །གང་གིས་འཇིག་རྟེན་ཁམས་འདི་རུ། །ལུས་དང་ངག་ཡིད་སྡིག་སྤྱད་དེ། །ངན་སོང་གསུམ་དུ་ལྟུང་ངེས་ཀྱང། །བྱམས་པ་དེ་ཡིས་འཕྲལ་དུ་འབྱངས། །ཞེས་དང་། མདོ་གཞན་དག་ལས། རིགས་ཀྱི་བུ་བྱམས་པའི་ཏིང་ངེ་འཛིན་བསྒོམ་པ་སྟན་ལས་མ་ལངས་པ་ལ་ཡོན་འབུལ་བར་བྱེད་པ་ནི་བསོད་ནམས་དཔག་ཏུ་མེད་པ་བསྐྱེད་པར་འགྱུར་རོ། །ཞེས་དང་། གཞན་ཡང་ཡོན་ཏན་ཆེན་པོ་བརྒྱད་ཡོད་དེ། སློབ་དཔོན་འཕགས་པས། ལྷ་མི་དགའ་བར་གྱུར་པ་དང་། །དེ་དག་ཀྱང་ནི་བསྲུང་བ་དང་། །དུག་དང་མཚོན་གྱིས་མི་གནོད་དང་། །ཡིད་བདེ་བ་དང་བདེ་མང་དང་། །འབད་པ་མེད་པ་དོན་ཐོབ་དང་། །རྣམ་པར་གྲོལ་བར་མ་གྱུར་ཀྱང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །བྱམས་ཆོས་ཡོན་ཏན་བརྒྱད་པོ་འཐོབ། །ཅེས་སོ། །སྙིང་རྗེའི་དམིགས་རྣམ་བཤད་པའི་ཕྱིར། །སྙིང་རྗེའི་ངོ་བོ་གཞན་གྱི་སྡུག་བསྔལ་ལ། །བཟོད་མི་ཕོད་པའི་སེམས་སྟོབས་དྲག་པོ་དང་། །འགྲོ་དྲུག་མཐའ་དག་སྡུག་བསྔལ་རྒྱུ་འབྲས་ཀྱི། །མཐའ་ལ་གཅུར་མཐོང་མཆི་མ་སློང་བ་ཡིན། །དེ་ལ་དབྱེ་ན་གསུམ། སྡུག་བསྔལ་


JL00_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་སྡུག་བསྔལ་གྱི་རང་བཞིན་གསུམ་མམ། བརྒྱད་ཀྱིས་མནར་བའི་སེམས་ཅན་འདི་དག་གི་སྡུག་བསྔལ་སྙིང་རྗེ་ཆེན་པོའི་བློས་སེལ་བ་དང་། ཉེས་པ་བྱེད་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་སྡུག་བསྔལ་གསུམ་མམ་བརྒྱད་པོ་དེ་དག་གི་སྐྱེ་གཞི་མི་དགེ་བ་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་མི་དགེ་བའི་རྩ་བ་ཐམས་ཅད་སྙིང་རྗེས་སེལ་བ་དང་། རྐྱེན་དང་མི་ལྡན་པས་རྣམ་པར་གྲོལ་བ་མེད་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་སེམས་ཅན་དེ་དག་དགེ་བའི་བཤེས་གཉེན་དང་མ་ཕྲད། ཆོས་མ་ཐོས། བླང་དོར་མི་ཤེས་པའི་རང་བཞིན་ལ་སྙིང་རྗེས་ཕན་གདགས་ནས་གྲོལ་བར་བྱེད་པའོ། །དེ་ལྟར་གསུམ་ལས་ཐོག་མ་ནི་ལས་དང་པོ་པའི་འཇུག་སྒོ་ཡིན་ཏེ། དམིགས་པའི་རྣམ་པ་སེམས་ཅན་སྡུག་བསྔལ་དང་བྲལ་བར་འདོད་ནས་དེའི་ཁུར་འཁྱེར་བའོ། ཁུར་མ་ཁྱེར་ན་སེམས་ཅན་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་བདེ་བ་དང་ཕྲད་ན་རེ་དགའ་སྙམ་པའི་བྱམས་པ་དང་སྙིང་རྗེ་ནི་ཉན་རང་ལའང་ཡོད་པས་འདིར་སྙིང་སྟོབས་ཀྱིས་ཁྱད་པར་བྱས་པའི་ལྷག་པའི་བསམ་པ་བསྐྱེད་དགོས་ཏེ། དེ་ཐེག་ཆེན་པའི་ཁྱད་ཆོས་ཡིན་པས་སོ། །བློ་གྲོས་རྒྱ་མཚོས་ཞུས་པ་ལས། བློ་གྲོས་རྒྱ་མཚོ་དཔེར་ན་ཚོང་དཔོན་ནམ། ཁྱིམ་བདག་གཅིག་ལ་བུ་གཅིག་པུ། །འདོད་པ། སྡུག་པ། འཕངས་པ། ཡིད་དུ་འོང་བ། མཐོང་ན་མི་མཐུན་པ་མེད་པ་ཞིག་ཡོད་ལ་ཁྱེའུ་དེ་ཡང་གར་བྱེད་པས་མི་གཙང་བའི་དོང་དུ་ལྷུང་བར་གྱུར་ཏོ། །དེ་ནས་ཁྱེའུ་དེ་མ་དང་གཉེན་གྱིས་ཁྱེའུ་དེ་མི་གཙང་བའི་དོད་དུ་ལྷུང་བ་དེ་མཐོང་ལ། མཐོང་ནས་ཀྱང་ཆོ་ངེ་ཆེན་པོས་འདེབས་ཤིང་མྱ་ངན་བྱེད་ལ་སྨྲེ་སྔགས་


JL00_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ཏེ། མི་གཙང་བའི་དོང་དེར་ཞུགས་ནས་ཁྱེའུ་དེ་འདོན་པར་ནི་མི་བྱེད་དོ། །དེ་ནས་ཁྱེའུ་དེའི་ཕ་ཕྱོགས་དེར་སོང་སྟེ་དེས་བུ་གཅིག་བུ་དེ་མི་གཙང་བའི་དོང་དེར་ལྷུང་བར་མཐོང་ངོ་། །མཐོང་ནས་ཀྱང་རིངས་པ་རིངས་པར་བརྟབས་པའི་ཚུལ་གྱིས་བུ་གཅིག་པོ་དེ་འདོན་པའི་བློས་སྲེད་པར་བྱས་ཏེ་སྐྱུག་བྲོ་བ་མེད་པར་མི་གཙང་བའི་དོང་དེར་བབས་ཏེ་བུ་གཅིག་བུ་ཕྱུང་བར་གྱུར་ཏོ། །ཞེས་མི་གཙང་བའི་དོང་ནི་ཁམས་གསུམ་ལ། བུ་གཅིག་པུ་ནི་སེམས་ཅན་རྣམས་དང་མ་དང་གཉེན་བཤེས་ནི་དོང་གི་ཁར་སྨྲེ་སྔགས་འདོན་ཀྱང་། ནང་དུ་འགྲོ་མི་ནུས་པའི་དཔེས་ཉན་ཐོས་དང་། རང་སངས་རྒྱས་ལ་སྙིང་རྗེ་ཉི་ཚེ་བ་ཡོད་ཀྱང་སེམས་ཅན་གྱི་སྡུག་བསྔལ་སེལ་བར་མི་ནུས་ལ། བྱང་ཆུབ་སེམས་དཔའི་སྙིང་སྟོབས་ནི་དེའི་ཕ་དང་འདྲ་སྟེ། ལྷག་བསམ་གྱི་སྟོབས་ཀྱིས་གཞན་དོན་ལ་བདག་ཉིད་མི་བསྲུང་བར་འཇུག་ནུས་པ་བཞིན་ནོ། །དེའི་ཕྱིར་བདག་ཅག་ནི་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་ཡིན་ན། འདི་ལྟར་སེམས་ཅན་ཐམས་ཅད་ནི་འབྲོག་དགོན་པ་འཇིགས་པ་ཅན་དུ་འཁྱམས་པའི་དམུས་ལོང་ལྟ་བུ། བླང་དོར་གྱི་མིག་ནི་ལོང་། དགེ་བའི་བཤེས་གཉེན་གྱི་ལོང་ཁྲིད་དང་ནི་བྲལ། སྦྱིན་པའི་བཟའ་བཏུང་ནི་མེད། ཚུལ་ཁྲིམས་ཀྱི་སྐྱེལ་མས་ནི་བོར། བཟོད་པའི་གཡང་ལུགས་ནི་རལ། བརྩོན་འགྲུས་ཀྱི་གོམ་པ་ནི་འཆོར། བསམ་གཏན་གྱི་ངལ་སྟེགས་དང་ནི་བྲལ། ཤེས་རབ་ཀྱི་འཁོར་བས་སྤངས་པ་འབའ་ཞིག་པས་ལ་ལ་ནི་སེམས་ཅན་དམྱལ་བ་ཆེན་པོར་བཙོ་ཞིང་བསྲེག་གོ །ལ་ལ་ནི་ཡི་དྭགས་ཀྱི་གྲོང་ཁྱེར་དུ་བཀྲེས་ཤིང་ཉམ་ཐག་གོ །ལ་ལ་ནི་དུད་འགྲོའི་འཇིག་རྟེན་ན་མནར་ཞིང་སྤྱོད་དོ། །ལ་ལ་ནི་ལྷ་མ་ཡིན་གྱི་གནས་ན་འཐབ་ཅིང་རྩོད་དོ། །ལ་ལ་ནི་ལྷའི་གྲོང་ཁྱེར་ནས་འཕོ་ཞིང་ལྟུང་


JL00_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །ལ་ལ་ནི་མིའི་འགྲོ་བ་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་སྤྱོད་དོ། །དེ་ལྟར་དྲུག་པོ་ཀུན་ཀྱང་མྱ་ངན་ལས་འདས་པ་མ་ཡིན་པ། ལས་ཀྱི་ཕྱི་བཞིན་འབྲང་བ། ཉོན་མོངས་པ་དྲག་པོས་གཟིར་བ། དངོས་སམ་རྒྱུད་ནས་ངན་སོང་གི་འཇིགས་པ་དང་བཅས་པ། ལ་ལ་ནི་ད་ལྟ་བདེ་ཞིང་ཕུན་སུམ་ཚོགས་པ་ལྟར་སྣང་ཡང་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་སྟེ་མི་དགེ་བའི་ལས་ལ་དགའ་བ། ལ་ལ་ནི་སྡུག་བསྔལ་གྱི་འབྲས་བུ་ལ་སྤྱོད་པ་སྟེ་ངན་སོང་ལ་སོགས་པས་མནར་ཞིང་ཉམ་ཐག་པས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ད་ལྟའི་སྤྱོད་ཚུལ་དང་། སླད་ཀྱི་འབྲས་བུ་ལ་ཡང་དག་པར་གཞིག་པས་སྙིང་རྗེ་སྐྱེ་བའི་རྒྱུ་ངེས་པར་མངོན་དུ་བྱེད་པ་ཡིན་ལ། སྡུག་བསྔལ་ལས་བྲལ་འདོད་དང་། བདེ་བ་དང་ཕྲད་འདོད་ཀྱི་བྱམས་པ་དང་སྙིང་རྗེ་ལ་རྒྱུ་འབྲས་ཀྱི་ངེས་པ་མ་མཐོང་སྟེ་བྱམས་པ་ནི་ཞེ་སྡང་མེད་པའི་སེམས་དང་། སྙིང་རྗེ་ནི་འདོད་ཆགས་མེད་པའི་སེམས་ཡིན་པས་དེ་གཉིས་བསྐྱེད་བྱ་སྐྱེད་བྱེད་རྒྱུ་འབྲས་འཛོལ་བའི་ཕྱིར་རོ། །འདིར་ལས་དང་པོ་པའི་གང་ཟག་གིས་རྔོན་པས་དམ་ལ་བཞག་པའི་རི་དྭགས་དང་། བཤས་རར་ཁྲིད་པའི་དུད་འགྲོ་དང་། བཙོན་དོང་དུ་ཆུད་པ་དང་། མཛེ་ཕོལ་གྱིས་མནར་བ་དང་། དབུལ་ཕོངས་ཀྱིས་གཏུགས་པ་དང་། བཤེས་མེད་ཀྱི་ལོང་བ་དང་། མགོན་སྐྱབས་དང་བྲལ་བའི་སྲོག་ཆགས་ལ་སོགས་མདོར་ན་སྡུག་བསྔལ་ཤིན་ཏུ་དོས་དྲག་པས་གཙེས་པ་ལ་དམིགས་པའི་རྣམ་པ་ཐོག་མར་གཏད་དེ་ཤས་མི་བཟོད་པའི་སྙིང་རྗེ་ཆེན་པོ་བསྐྱེད་སླ་བ་ལ་བརྩོན་པར་བྱའོ། །དེ་ལ་གོམས་ནས་རིམ་གྱིས་སེམས་ཅན་ཐམས་ཅད་ལ་དམིགས་པར་བྱ་སྟེ། དེ་ལྟར་དམིགས་པའི་སྙིང་རྗེ་ལ་བརྟེན་


JL00_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཞན་ལ་ཕན་གདགས་པའི་ལྷག་བསམ་གྱི་ཁུར་འཁྱེར་བར་ནུས་ཏེ། རི་དྭགས་ཀྲྀཥྞ་ས་ར་རྔོན་པས་གཏུགས་པའི་ཚེ། འགྲོས་ལམ་ན་ཡོད་པའི་སྲོག་ཆགས་ཕྲ་མོ་རྨིག་པའི་འོག་ཏུ་གཞར་གྱིས་དོགས་ནས་སྣས་འབུད་ཀྱིན་འབྲོས་པ་དེ་སྙིང་རྗེ་གོམས་པའི་མཐུ་བརྟས་པ་ཡིན་ནོ། །དེ་ལྟ་བུས་རྒྱུད་མ་སྦྱངས་པའི་སྙིང་རྗེ་ནི་འདོད་ཆགས་དང་བཅས་པའི་བྱམས་པ་ལ་སྙིང་རྗེར་འཁྲུལ་བ་སྟེ། ཕྱོགས་རིས་ཀྱི་བྱམས་པ་ཁྲ་དང་སྤྱང་ཀི་ལའང་ཡོད་དེ་རང་གི་བུ་སྨད་ལ་བརྩེ་ཞིང་བསྲུང་ངོ་། །དེའི་ཕྱིར་ཁྲི་བརྒྱད་སྟོང་པ་ལས། སྙིང་རྗེ་ཆེན་པོ་དང་ལྡན་པའི་སེམས་ཡངས་པ་ཚད་མ་ངེས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་བསྒོམ་པར་བྱའོ། །ཞེས་གསུངས་པ་ལྟར་སེམས་ཅན་འདི་དག་སྡུག་བསྔལ་གྱི་མེ་ལྕེ་འབར་བའི་ནང་དུ་ཞུགས་པ་ཡིན་ཡང་། དེ་ལས་ཐར་པའི་ཐབས་མི་ཤེས། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་བརྒྱ་ཕྲག་གིས་ཀུན་ནས་དཀྲིས་ཤིང་། གང་དག་ལྟ་བ་ངན་པ་རྣམ་པ་སྣ་ཚོགས་ཀྱིས་གཟིར་བར་གྱུར་ཀྱང་། ལམ་སྟོན་གྱི་བླ་མ་མཚན་ཉིད་དང་ལྡན་པ་དང་ཕྲད་པ་ནི་ཨུ་དུ་མ་ཝཱ་རའི་མེ་ཏོག་ལྟ་བུར་དཀོན་ལ། གལ་ཏེ་དགེ་བའི་བཤེས་གཉེན་དང་ཕྲད་ཀྱང་རང་རང་གི་ལས་ངན་དང་འགལ་རྐྱེན་སྣ་ཚོགས་པས་བར་དུ་གཅོད་པས་ཐར་བའི་ལམ་རྣལ་མར་འགྲོ་བ་ཤིན་ཏུ་དཀའ་བའི་ཕྱིར། ད་དུང་མཐའ་མེད་པའི་འཁོར་བར་འཁོར་ཞིང་སྡུག་བསྔལ་རྒྱ་མཚོ་ལྟ་བུའི་རྦ་ལ་གཡེང་བ་འདི་དག་སྔོན་ཆད་བདག་གི་ཕ་མ་དང་གཉེན་བཤེས་སུ་མ་གྱུར་བ་གཅིག་ཀྱང་མེད་ན། སྐྱབས་དང་མགོན་གྱིས་སྤངས་པ། ལོག་པའི་ལམ་ལ་རིགས་པ་བཞིན་དུ་འཇུག་པ་འདི་ལས་བདག་གིས་གདོན་བར་ཤོག་ཅིག །འདི་དག་སྡུག་བསྔལ་ལས་ཐར་ནས་བདེ་བ་ཚད་མེད་པ་ལ་རྟག་པ་རྒྱུན་དུ་


JL00_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པར་ཤོག་ཅིག་སྙམ་དུ་སྙིང་ཐག་པ་ནས་བསམ་སྟེ། དེའི་ཚེ་ཕ་རོལ་ལ་འབྱུང་བ་དེའི་ཁུར་རང་ཉིད་ལ་བབས་ནས་མཆི་མ་སློངས་ཤིང་སྐྱི་བུད་བྱེད་པའི་སྙིང་རྗེ་ཤས་མི་བཟོད་པ་སྐྱེ་བ་དང་། ལུས་ངག་དང་ཟང་ཟིང་གི་སྒོ་ནས་ཕ་རོལ་གྱི་སྲོག་སྐྱོབ་པ་དང་། དབུལ་ཕོངས་བསལ་བ་ལ་སོགས་དངོས་སུ་ཕན་པའི་བྱ་བ་ལ་འཇུག་པ་ནི་སྙིང་རྗེ་མཉམ་པར་ཞུགས་པའི་རྟགས་ཡིན་ལ། བསམ་སྦྱོར་གཉིས་ཀའི་ཆ་ནས་སེམས་ཅན་ལ་གནོད་པ་བྱེད་བཞིན་དུ། ཁ་སྐད་ཙམ་དུ་སྙིང་རྗེ་བ་སྐད་ཀྱིས་སེམས་བསྐྱེད་ཐེར་འབུམ་བསག་པ་ཙམ་ནི་འདབ་ཆགས་སྨྲ་མཁན་བཞིན་ནོ། །དེ་ལྟར་དམིགས་པ་དང་བཅས་པའི་བྱམས་དང་སྙིང་རྗེའི་ངོ་བོ་སྟོང་པ་ཉིད་དང་རྗེས་སུ་འབྲོལ་བ་ལ་བསླབ་པ་ནི་ཐམས་ཅད་མཁྱེན་པའི་ལམ་མ་ནོར་བ་ཡིན་ཏེ་ཀླུ་སྒྲུབ་ཞབས་ཀྱི་སྒོམ་པའི་རིམ་པ་ལས། སྙིང་པོ་མེད་པའི་ཆོས་འདི་ནི། །རྟོག་པ་ལས་ནི་མ་ལུས་འབྱུང་། །གང་རྟོག་དེ་ཡང་སྟོང་པ་ཉིད། །དེ་ལྟར་སྟོང་ཉིད་གྲོལ་བ་ཡིན། །ཅེས་གསུངས་པ་ལྟར་རོ། །འདི་ལྟར་སྙིང་རྗེ་ཆེན་པོ་ནི་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་མ་ནོར་བ་ཡིན་ཏེ། མདོ་ལས། གང་ལ་མགོ་མཆིས་པ་དེ་ལ་འཚོ་བ་མཆིས་སོ། །གང་ལ་སྙིང་རྗེ་མཆིས་པ་ལ་བྱང་ཆུབ་ཀྱི་སེམས་མཆིས་སོ། །གང་ལ་བྱང་ཆུབ་ཀྱི་སེམས་མཆིས་པ་ལ་སངས་རྒྱས་མཆིས་སོ། །ཞེས་སོ། །དེ་ལྟ་མོད་ཀྱི་ཉེ་རིང་དང་དགྲ་ཟིན་གྱི་རྣམ་པར་རྟོག་པ་དང་འབྲེལ་མ་ཆད་པའི་སྙིང་རྗེ་ནི་དེའི་མི་མཐུན་ཕྱོགས་ཉིད་དོ། །བཏང་སྙོམས་ཀྱི་ཡུལ་ལ་སྙིང་རྗེ་སྐྱེ་སླ་བའི་གང་ཟག་དག་གིས་སྤྱོད་པ་མི་བསྲུན་པའི་རིགས་ཅན་ལ་མཐོང་ཆོས་མྱོང་གྱུར་མངོན་དུ་གྱུར་ན། དེ་ནི་སྙིང་རྗེའི་ཡུལ་དུ་མི་འགྲུབ་བོ་ཅེས་སྡང་ཞེན་དུ་བལྟ་བ་ཤིན་ཏུ་མང་སྟེ། དེ་ལྟ་ན་སྙིང་རྗེ་སྐྱེ་བའི་རྒྱུ་འབྲས་འཇིག་


JL00_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཏེ། དམྱལ་བར་ལྟུང་བའི་སེམས་ཅན་དེ་དག་གིས་ཀྱང་དེའི་རྒྱུ་བསྒྲུབ་པ་མཐོང་ན་སྙིང་རྗེ་སྐྱེ་བའི་ཡུལ་དུ་ག་ལ་ཞིག་སྟེ། སྟེས་དབང་གི་དེར་ལྟུང་བ་མ་ཡིན་པའི་ཕྱིར་རོ། །དེས་ན་སྙིང་རྗེའི་ཕན་ཡོན་ལ་བྲོད་པ་བསྐྱེད་ནས་ཕྱོགས་རིས་མེད་པའི་སྙིང་རྗེ་ལ་བློ་སྦྱང་བར་བྱའོ། །དེ་ལྟར་སྦྱངས་པས་གནོད་སེམས་དང་ཆགས་སྡང་མེད་པའི་སེམས་ལས་སུ་རུང་བར་འགྱུར་ཏེ། སྙིང་པོ་མཆོག་ལས། སྙིང་རྗེ་ཆེན་པོས་ནི་སེམས་ལས་སུ་རུང་བ་དང་། འཚེ་བ་མེད་པ་དང་། དགའ་བས་བརྒྱན་པའི་མཆོག་ཐོབ་པར་བྱེད་དོ། །ཞེས་སོ། །དགའ་བའི་དམིགས་རྣམ་བཤད་པའི་ཕྱིར། །དགའ་བའི་ངོ་བོ་གཞན་དག་ཕུན་ཚོགས་ལ། །སྤྲོ་བའི་སེམས་འཇུག་ཀུན་ལ་ལེགས་སྨོན་བསྒོམ། །རང་རང་མཐུ་ཡིས་ཐོབ་ལ་དགའ་བྱེད་ཅིང་། །ཕྱིན་ཆད་དེ་དང་མི་འབྲལ་སྨོན་པ་ཡིན། །དེ་ལའང་དབྱེ་ན་གསུམ་སྟེ། ཚད་མེད་བཞིའི་རྒྱ་ཆེར་འགྲེལ་ལས། དེ་ལ་དགའ་བ་ནི་སེམས་ཅན་དེ་དག་ཟང་ཟིང་གི་འབྱོར་བ་དང་། ཆོས་ཀྱི་འབྱོར་བ་དང་། བདེ་འདི་འབྱོར་བ་དང་ལྡན་པས་དགའ་བའོ། །བདག་གི་ཚོགས་ཡོངས་སུ་རྫོགས་པ་ལ་དམིགས་པའི་དགའ་བ་ནི་བདག་ཉིད་དགེ་བའི་ཚོགས་ཆེ་བ་ལ་དམིགས་ནས་དགའ་བའི་དོན་ནོ། །དམ་པའི་ཆོས་ཀྱི་རོ་ལ་དམིགས་པའི་དགའ་བ་ནི་བདག་དང་གཞན་ཆོས་ཐོས་པའི་རོ་དང་། བསམ་པ་དང་སྒོམ་པའི་རོ་རྙེད་པའི་སྒོ་ནས་དགའ་བའི་དོན་ནོ། །ཞེས་པ་ལས་སྐབས་འདིར་ནི་དང་པོའི་དོན་ཉམས་སུ་མྱོང་བར་བྱ་སྟེ། དེ་ལ་སེམས་ཅན་གང་དག་བདེ་ཞིང་སྐྱིད་པ་དང་། འབྱོར་ཞིང་ལོངས་སྤྱོད་དང་ལྡན་པ་དང་། མི་མཐུན་པའི་ཕྱོགས་དང་བྲལ་བ་དག་མཐོང་ན། འདིའི་བདེ་འབྱོར་ཕུན་སུམ་ཚོགས་པ་འདི་རྣམ་པ་ཐམས་ཅད་འདུ་འབྲལ་མེད་པར་ཤོག་ཅིག །འདི་བཞིན་དུ་སེམས་ཅན་གྱི་ཁམས་ཡོད་དོ་ཅོག་སྐྱིད་ལ་ཕུན་སུམ་ཚོགས་པར་


JL00_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ཅིག །དེ་ལྟ་བུའི་གནས་སྐབས་བདག་གིས་ནམ་ཞིག་མཐོང་བའི་དགའ་བ་ཉམས་སུ་མྱོང་བར་འགྱུར། ད་དུང་འདིའི་སྟེང་དུ་ཚེ་རིང་བ་དང་། ནད་མེད་པ་དང་། དགེ་བའི་བསམ་པ་ཁྱད་པར་ཅན་སྐྱེ་བ་དང་། སྡིག་པའི་བསམ་པ་ལས་ལྡོག་པ་དང་། གནས་སྐབས་སུ་ལྷ་མིའི་བདེ་འབྲས་དང་། མཐར་ཐུག་ཐམས་ཅད་མཁྱེན་པའི་བདེ་བ་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་དུ་བྱ་སྟེ། ཉི་ཁྲི་ལས། སེམས་ཅན་གང་དག་རང་རང་གི་བདེ་བས་འབྱོར་བ་མཐོང་ན་འདི་སྙམ་དུ་སེམས་ཏེ། བདེ་བ་འདི་དང་མི་འབྲལ་བར་ཤོག་ཅིག །ལྷ་མིའི་བདེ་བ་ལས་འདས་པ་རྣམ་པ་ཐམས་ཅད་མཁྱེན་པའི་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་མོ། །ཞེས་པ་སྟེ། ཁྱད་པར་འགྲན་སེམས་དང་ཕྲག་དོག་གི་ཡུལ་དུ་གྱུར་བ་ཐམས་ཅད་ལ་བྱམས་པ་བསྒོམ་པ་བཞིན་དུ་བློ་བཅོས་ནས་ལེགས་སྨོན་འབའ་ཞིག་སྐྱེ་བའི་བསམ་པ་བཟང་པོ་ལ་སློབ་བར་བྱ་བ་ནི་དགའ་བའི་མི་མཐུན་ཕྱོགས་ཀྱི་གཉེན་པོ་ཡིན་ལ། ཞར་བྱུང་དུ་བདག་གི་དགེ་བའི་རྩ་བ་མངོན་དུ་འདུ་བྱས་པ་དང་། ཐོས་བསམ་བསྒོམ་པའི་ཤེས་རབ་བསྐྱེད་པ་ལའང་དགའ་བ་བསྒོམས་ནས་སླན་ཆད་བྲོད་པ་སྐྱེ་བའི་ཐབས་ལ་འབད་ཅིང་། དེ་དག་ཀུན་ཀྱང་མཐར་ཐུག་ཞེན་པའི་ཐག་པས་མ་བཅིངས་པར་སྒྱུ་མ་ལྟ་བུའི་ཆོས་ཉིད་དུ་བལྟ་བར་བྱ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ནས། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་དགའ་བའི་ཡུལ་གྱི་སེམས་ཅན་དང་། འདུས་བྱས་ཀྱི་དགེ་བ་དང་། ཤེས་རབ་གསུམ་ལ་སོགས་པའང་མེད་སྣང་སྒྱུ་མའི་རང་བཞིན་དུ་ཤེས་པར་བྱས་ལ་བསྔོ་


JL00_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྒྱས་གདབ་བོ། །ཕན་ཡོན་ནི། གནས་སྐབས་སུ་རང་གི་སེམས་ལ་ཕྲག་དོག་དང་ཟུག་རྔུ་མེད་པས་བག་ཕེབས་ཤིང་། ཞི་བདེ་ལྷུན་གྱིས་འགྲུབ་པ། མཐར་ཐུག་དོན་ཆེན་པོ་དང་ལྡན་པའི་ཚུལ། བརྒྱད་སྟོང་པ་ལས། དགའ་བ་དང་ལྡན་པའི་སེམས་ཡི་རང་བ་ཚད་མེད་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་གང་གིས་བླ་ན་མེད་པའི་ཕུན་སུམ་ཚོགས་པས་མངོན་པར་མཐོ་བ་ཉིད་ཐོབ་པར་བྱེད་དོ། །ཞེས་སོ། །བཏང་སྙོམས་བསྒོམས་པའི་ཚུལ། བཏང་སྙོམས་ངོ་བོ་བྱམས་སྡང་འདྲལ་བ་སྟེ། །ཕྱོགས་དང་རིས་ཆད་མཉམ་པ་ཉིད་བརྡལ་ནས། །དགྲ་དང་གཉེན་དང་བར་མའི་འདུ་ཤེས་གསུམ། །ཕན་འདོགས་ཡུལ་ལ་མཉམ་པར་རབ་ཏུ་སྤྱད། །རྣམ་པའི་དམིགས་བཅས་དམིགས་མེད་རྩི་ཡིས་སྦྱར། །དེ་ལ་གཉིས། བཏང་སྙོམས་ཀྱི་གོ་དོན་གཞལ་བ་དང་། སེམས་ཅན་ལ་དམིགས་པའི་བཏང་སྙོམས་སོ། །སྔ་མ་ནི་བཟང་ངན་ལ་སོགས་པ་རྣམ་པ་གཉིས་ཀྱི་དབྱེ་བསལ་མེད་པར་གཉིས་ཀ་མགོ་སྙོམས་པར་བྱ་བའི་་ཐ་ཚིག་སྟེ། འདི་ལྟར་འཇིག་རྟེན་གྱི་ཆོས་བརྒྱད་པོ་ལ་མཚོན་ན། བདག་གིས་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྙེད་པ་ན་དེ་ལ་དགའ་སྟེ་ཆགས་པ་ཡང་མེད་ན། འགྲིབས་སམ་མ་རྙེད་ན་ཡི་ཆད་པ་མེད་པ་ཆོས་ཉིད་དེ། རྙེད་མ་རྙེད་མཉམ་པའི་བཏང་སྙོམས་སོ། །དེ་བཞིན་དུ་བསྙེན་བཀུར་བྱེད་པའི་ཕྱོགས་ལ་ཧ་ཅང་དགའ་བ་མི་སྐྱེ་ན། ཁྲོ་ཞིང་བརྡེག་པའི་ཕྱོགས་ལ་སྤང་ཞེན་གྱི་དངོས་འཛིན་ཆུང་བས་བདེ་སྡུག་བཏང་སྙོམས་སོ། །བདག་གི་རིགས་གཟུགས་དང་ཡོན་ཏན་ལ་བསྟོད་པས་སེམས་གཟེངས་མཐོ་བར་གྱུར་ན་ནི། སྐྱོན་བྲུས་ཤིང་བསྐུར་བའི་ཕྱོགས་ལ་མི་བཟོད་པ་ཆོས་ཉིད་དོ། །དེ་གཉིས་ཀ་ལས་ལྡོག་པ་ནི་བསྟོད་སྨད་ལ་


JL00_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྡུག་མེད་པའི་བཏང་སྙོམས་སོ། །རང་གི་ཡོན་ཏན་གཞན་གྱིས་ཤེས་ན་དགའ་ཞིང་སྐྱེ་བོ་མང་པོས་ཐོས་ཤིང་མ་གྲགས་པས་སེམས་ཁོང་དུ་ཆུད་པ་གཉིས་ཀ་མེད་ན་གྲགས་པ་དང་། མ་གྲགས་པ་ལ་དགའ་སྡུག་མེད་པའི་བཏང་སྙོམས་ཏེ། བདག་གི་དོན་དུ་ཆོས་བརྒྱད་པོ་འདི་དག་སྔོན་ལ་མགོ་སྙོམས་ན་སེམས་ཅན་ལ་དམིགས་པའི་བཏང་སྙོམས་ཀྱང་ངང་གིས་བསྒྲུབ་པར་སླ་སྟེ། ཕྱོགས་རིས་ཞིག་པ་བཏང་སྙོམས་ཀྱི་མཚན་ཉིད་ཡིན་པས་སོ། །དེ་སྐད་དུ་འདུལ་བ་ལུང་ལས། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་ཚུན་མཉམ་ཞིང་སྙོམས་པའི་སེམས་སུ་བྱའོ། །ཞེས་སོ། །སེམས་ཅན་ལ་དམིགས་པའི་རྣམ་པ་ནི། འདི་ལྟར་འཁོར་བ་ལ་མཐའ་མེད་པས་སེམས་ཅན་རེ་རེ་ནས་བསམས་ན། དགྲ་དང་གཉེན་དུ་མ་གྱུར་བ་མེད་ཕྱིར་དེ་ལ་ཆགས་སྡང་བྱ་བ་མི་རིགས་ཏེ། དགྲ་དང་གཉེན་གྱི་ཕྱོགས་རིས་ནི་ད་རེས་ཀྱི་སྐྱེ་བ་འདིའི་རྟེན་འབྲེལ་གྱི་རྒྱུ་རྐྱེན་ནམ། རང་གི་དགྲར་འཛིན་གྱི་རྣམ་པར་རྟོག་པ་ལས་འབྱུང་བའང་ཡོད་དེ། གཅིག་ཤོས་ཀྱིས་དགྲར་བལྟ་ལ་གཅིག་ཤོས་ཀྱིས་བྱམས་པའི་སེམས་དང་ལྡན་པ། བཅོམ་ལྡན་འདས་དང་དགེ་སློང་ལེགས་པའི་སྐར་མ་བཞིན་ནོ། །ཅི་སྟེ་དངོས་སམ་བརྒྱུད་ནས་གནོད་པ་བྱས་པ་ལ་དཔགས་ནས་དགྲར་འཛིན་དགོས་ན། ཚེ་རབས་སྔ་མར་གཉེན་གྱིས་ཀྱང་གནོད་པ་བྱས་པའི་མཐའ་མི་གཏུགས་ལ། དེ་ལྟའང་གཉེན་ལ་བརྟེན་ནས་བདག་ཉིད་སྡུག་བསྔལ་བའི་རྒྱུ་དེ་ལ་མི་འདོད་པས་གཙེས་པ་དང་། སྤྱོད་པ་ངན་པས་འཁྲུགས་པ་དང་། བྱས་པ་མི་གཟོ་བར་རྒོལ་བ་སོགས་ཆགས་སྡང་སྣ་ཚོགས་མངོན་སུམ་པར་བསྐྱེད་པས་དགྲ་བཞིན་དོན་ལ་གནས་པ་ཡོད། ཕན་


JL00_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་པས་གཉེན་དུ་འཛིན་ན་ད་ལྟའི་དགྲས་ཀྱང་ཚེ་རབས་སྔ་མར་རེས་འགའ་ནི་ཕ་མ་བྱས། རེས་འགའ་ནི་གཉེན་བཤེས་བྱས། རེས་འགའ་ནི་དབུལ་ཕོངས་བསལ། རེས་འགའ་ནི་སྲོག་ལས་སྐྱབས་པས་དྲིན་ཆེན་པོ་དང་ལྡན་ན། ད་རེས་ཀྱི་དགྲ་དང་དགྲར་འཛིན་གྱི་རྣམ་རྟོག་ནི་ཕན་ཚུན་གཉིས་ཀ་ཐབས་ལ་མི་མཁས་པའི་རྐྱེན་ཕྲན་བུས་འཁོན་དང་དབྱེན་དུ་བཅོས་པ་ཁོ་ན་མང་། སྤྱིར་ཡང་དགྲ་གཉེན་གྱི་ཕྱོགས་རིས་ཆེན་པོ་ནི་ལྗོན་ཤིང་རྒས་པའི་ཡལ་ག་ལ་འཇུ་བ་བཞིན་བདག་ཉིད་ལྟུང་ཞིང་ཕ་རོལ་བརླག་པའི་རྒྱུ་ཁོ་ན་ཡིན། སེམས་ཀྱི་ཁུར་དུ་ཆགས་སྡང་ལས་ལྕི་བ་ཡོད་པ་མིན་པས་ཚོར་བ་བཏང་སྙོམས་ཀྱི་གང་ཟག་ལ་བདེ་བ་དཔག་ཏུ་མེད་པ་ཡོད། ཁྱད་པར་ཐོས་པ་ཉུང་ཤིང་། མངོན་པའི་ང་རྒྱལ་དང་ལྡན་པའི་སེམས་ཅན་འདི་དག་ནི་གཏི་མུག་ལ་གོམས་པ། དྲན་པ་རྣལ་དུ་མི་གནས་པ། ཤེས་པ་རང་དབང་ཅན་མ་ཡིན་པ་ཤ་སྟག་པས། དེ་ལ་དགྲ་ཟིན་གྱི་རྣམ་པར་རྟོག་པ་སྤངས་ཏེ་ཐབས་ལ་མཁས་པས་བསྟུན་ན་གཉེན་དུ་བཤེས་པའང་མངོན་སུམ་ན། དགྲ་གཉེན་གཉིས་ཀ་བར་མའི་རང་བཞིན་དུ་བཏང་སྙོམས་ནས། རང་ཉིད་བདེ་ན་དགའ་བ་བཞིན་དུ་འདི་དག་ཀྱང་བདེ་ན་དགའ། རང་སྡུག་བསྔལ་མི་འདོད་པ་བཞིན་དུ་དེ་དག་ཀྱང་སྡུག་བསྔལ་མི་འདོད། འདོད་པ་བདེ་བ་འདོད་ཀྱང་བསྒྲུབ་པ་སྡུག་བསྔལ་གྱི་རྒྱུ་མི་དགེ་བའི་ལས་ལ་སྤྱོད་པ་འདི་དག་ལ་ཆོས་དང་ཟང་ཟིང་གི་སྒོ་ནས་ཕན་འདོགས་སྙམ་པ་ཉིད་དུ་བྱའོ་སྙམ་པ་སྙིང་ཐག་པ་ནས་བསྒོམ་པར་བྱ་བ་དང་ཆབས་ཅིག་འགྲོ་བ་འདི་དག་ཆགས་སྡང་གི་མེ་ཚོགས་གཏུམ་པོས་དགེ་བའི་ལྗོན་ཤིང་བསྲེག་པའི་སེམས་ཉེ་བར་ཞི་ནས། ཕན་ཚུན་གཅིག་ལ་གཅིག་ཁོང་ཁྲོ་བ་མེད་ཅིང་། བཏང་སྙོམས་ཆེན་པོའི་བློ་ལས་སུ་རུང་བར་ཤོག་


JL00_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྙམ་དུ་སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱ་སྟེ། འདུལ་བ་ལུང་ལས། ཕན་པའི་ལན་དུ་ཕན་པ་མཆོག །གནོད་པའམ་བར་མ་རིགས་པ་མིན། །ཞེས་པས་བཏང་སྙོམས་ཀྱི་མཚན་ཉིད་ཕན་མི་འདོགས་གནོད་མི་བྱེད་པའི་བར་མར་འདུག་པ་མ་ཡིན་པར། ཕན་པ་འབའ་ཞིག་བསྒྲུབ་པའི་ཡུལ་ལ་ཉེ་རིང་མེད་པར་བཏང་སྙོམས་པ་ཉིད་དོ། །དེ་ལྟར་བསྒོམས་པའི་ཕན་ཡོན་གྱིས་ཆགས་སྡང་གི་ཕྱོགས་སུ་སེམས་རྣམ་པར་མི་གཡེང་བས། བློ་ལས་སུ་རུང་ལ་མཐར་ཐུག་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་འགྱུར་བའི་ཚུལ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཆོས་ཐམས་ཅད་ཀྱི་མཚན་ཉིད་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །ཞེས་སོ། །དེ་ལྟར་ཚད་མེད་བཞི་པོའང་ཡུལ་སོ་སོར་ཕྱེ་ན་རིམ་ཅན་དུ་བསྒོམ་པ་ནི། ཆོས་མངོན་པའི་སྡེ་སྣོད་ཀྱི་རྗེས་སུ་འབྲངས་པའི་ལུགས་ཡིན་པས་མྱོང་བ་ཐོན་པ་ལ་གནད་ཤིན་ཏུ་ཆེ་སྟེ། རྣམ་པ་སྤྱི་ལ་དམིགས་ནས་རྒྱས་འདེབས་པ་ནི། ས་ཆོད་ཆེ་བ་ལྟར་སྣང་ཡང་དོན་ལ་གཅིག་ལའང་ངེས་པ་མི་སྐྱེ་བ་བྱིས་པའི་མདུན་དུ་ཟ་འོག་ཁ་བྱེ་བ་ལྟ་བུའོ། །དེའི་ཕྱིར་ས་སྡེ་ལས། སེམས་ཅན་དང་ཆོས་ཉིད་ལ་བརྟེན་ནས་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པའི་ཚད་མེད་པ་རྣམ་པ་བཞི་ཉིད་སྐྱེ་སྟེ། ཞེས་པ་ལྟར་དམིགས་ཡུལ་འགྲོ་བ་ལ་དམིགས་པའི་རྣམ་པ་རེ་རེ་ནས་མྱོང་བ་ཤིན་ཏུ་བརྟན་པར་བྱས་པས། བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེ་བའི་རྒྱུར་འགྲོ་ཞིང་བསམ་པ་བཟང་པོ་དེ་ལས་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་འཕེལ་ལ། རྗེས་ལ་བསྒོམ་པར་བྱ་བའི་ཡུལ་སེམས་ཅན་དང་། སྒོམ་པར་བྱེད་པའི་དམིགས་པ་


JL00_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་ཏུ་བལྟ་བ་ཐམས་ཅད་སྒྱུ་མ་དང་། རྨི་ལམ་ལྟ་བུ། གསོག་དང་། གསོབ་དང་། ཡ་མ་བརླ་བ་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་དྲན་པར་བྱས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་ཏེ། འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་ལས། མི་རྟོག་པ་དང་མི་དམིགས་པ་ནི་བྱང་ཆུབ་བོ། །ཞེས་སོགས་རྒྱ་ཆེར་ཡོད་དོ། །ད་ནི་ཚད་མེད་བཞིའི་མི་མཐུན་ཕྱོགས་ཚངས་པའི་གནས་པ་བཞི་སྤང་བར་སྟོན་པ་ནི། འདོད་པའི་བྱམས་པ་སེར་སྣའི་སྙིང་རྗེ་དང་། །ང་རྒྱལ་དགའ་བ་གཏི་མུག་བཏང་སྙོམས་དང་། །ཐར་བའི་ལམ་མིན་ཚངས་པའི་གནས་པ་བཞིའི། །ཕྱོགས་དང་ཉེ་བ་དམིགས་བཅས་རྣམ་པར་སྤང་། །དེ་ལ་སེམས་ཡང་དག་པར་མ་བསྐྱེད་ཅིང་། །ཐར་པ་འདོད་པའི་སེམས་ཀྱིས་ཀྱང་མ་ཟིན། །བློའི་རྣམ་པ་ཀུན་རྫོབ་པ་འབའ་ཞིག་གི་རང་གི་བུ་དང་། ཉེ་དུ་མཛའ་བཤེས་ལ་སོགས་པའི་ཕྱོགས་ལ་བྱམས་ཤིང་གཞན་ལ་ཅང་མི་སེམས་པ་ནི་རྣམ་པ་བྱམས་པར་ཤར་ཀྱང་ངོ་བོ་འདོད་ཆགས་སོ། །དེ་བཞིན་དུ་རང་གི་བདག་གིར་བཟུང་བའི་རྟ་དང་། མ་ཧེ་དང་། བ་གླང་ལ་སོགས་པ་ལྟ་བུར་སྙིང་རྗེ་ནས་འཁོལ་དུ་མི་འཇུག་ཅིང་། སྲོག་ཆགས་གཞན་དག་ལ་དེ་ལས་ལྡོག་པ་ནི་སྙིང་རྗེར་བརྫུས་པའི་སེར་སྣའོ། །རང་དང་རང་གི་ཕྱོགས་ཕུན་སུམ་ཚོགས་པ་དང་། བདེ་ཞིང་སྐྱིད་པ་ལ་དགའ་བ་བསྒོམ་ལ་བར་མ་ལ་སོགས་དེ་ལས་ལྡོག་པ་ནི་ང་རྒྱལ་ལམ་ཕྲག་དོག་དང་ཉེའོ། །ཚོར་བ་ལུང་མ་བསྟན་ཕན་གནོད་ཀྱི་ཡུལ་གང་ཡང་མ་རིག་པའི་བཏང་སྙོམས་ནི་གཏུ་མུག་གི་ཕྱོགས་དང་འབྲེལ་ཏེ། དེ་དག་ནི་སྲིད་པར་མངོན་པར་འདུ་བྱེད་པའི་རྒྱུ་ཐར་པའི་ལམ་དང་མ་འབྲེལ་བ་སྟེ། སྟོན་པ་ཐུགས་རྗེ་ཆེན་པོས་


JL00_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་མཆོག་ལས། ཤཱ་རིའི་བུ། འདི་ལ་སེམས་ཡང་དག་པར་མ་བསྐྱེད། རྗེས་སུ་མ་བསྐྱེད་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བཞི་ནི་ཚངས་པའི་གནས་པ་བཞི་སྟེ། སྲིད་པར་མངོན་པར་འདུ་བྱེད་པ་དང་བཅས་པའོ། །སེམས་ཡང་དག་པར་བསྐྱེད། རྗེས་སུ་བསྐྱེད་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བཞི་ནི་ཚད་མེད་པ་བཞི་སྟེ། མྱ་ངན་ལས་འདས་པའི་ལམ་དུ་འདུ་བྱེད་པའི་ཕྱིར་རོ། །ཞེས་སོ། །ཐར་པའི་སེམས་ཀྱི་མ་ཟིན་པའི་ཚད་མེད་བཞི་ལས་གཞན་དུ་གྱུར་པ་ཚངས་པའི་གནས་པ་བཞི་པོ་ལའང་གནས་སྐབས་ཀྱི་འབྲས་བུ་མེད་པ་ནི་མ་ཡིན་ཏེ། སྔོན་བུད་མེད་བུ་ཆུང་ཁུར་བས་ཆུ་བོ་གངྒཱ་བརྒལ་དུས་གཉིས་ཀ་གཅིག་ལ་གཅིག་བྱམས་པའི་སེམས་ཀྱིས་མ་བཟོད་པའི་ངང་དུ་ཚེའི་དུས་བྱས་པས་ཚངས་པའི་གནས་ཐོབ་པར་གསུངས་པ་ལྟར་ཏེ། སློབ་དཔོན་ཞི་བ་ལྷས། སེམས་གསལ་གཅིག་སྐྱེས་འབྲས་བུ་གང་། །ཚངས་ལ་སོགས་པ་ཡིན་པ་ལྟར། །ཞེས་བཤད་དོ། །དེའི་ཕྱིར་ཕ་མ་བུ་ཚར་བྱམས་པ་ལ་སོགས་པ་ནི་ཆགས་པ་ཡིན་ལ། དེ་བཞིན་དུ་ཉོན་མོངས་གཞན་གྱིས་གཟིར་བའི་སྙིང་རྗེ་ལ་སོགས་པའང་མདོ་སྡེ་རྒྱན་ལས། འདོད་པའི་འདོད་ཆགས་དང་ལྡན་པས། །ཉེས་པ་རྣམ་པ་མང་ལ་རེག །ཅེས་པ་ལྟར་འདོད་པའི་སར་སྐྱེ་བ་འདོད་པའི་འདོད་ཆགས་སམ། ཁམས་གོང་མ་གཉིས་སུ་སྐྱེ་བ་སྲིད་པའི་འདོད་ཆགས་ཀྱི་རྒྱུ་ཡིན་པར། མཛོད་ལས། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། །ཞེས་པས་མཚོན་ཏེ་གཞན་གསུམ་པོའང་འཁོར་བའི་རྒྱུ་ལས་མི་འདའ་སྟེ། སེམས་དཔའ་སེམས་


JL00_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་ཆགས་པ་ནི་དེ་ལས་ལྡོག་པ་ཅན་ཡིན་པས་སོ། །འདི་ལྟར་འཇིག་རྟེན་ལས་འདས་པའི་ཚད་མེད་བཞི་པོ་ནི་ཉན་རང་ལ་སོགས་པ་ལའང་མེད་ན། སོ་སོ་སྐྱེ་བོའི་ཚོགས་ལ་ལྟ་ཅི་སྨོས་ཏེ། མདོ་སྡེ་རྒྱན་ལས། འཇིག་རྟེན་བྱང་ཆུབ་རང་སངས་རྒྱས་པ་ཡི། །དགྲ་བཅོམ་རྣམས་ལའང་བྱམས་པ་དེ་མེད་ན། །དེ་ལས་གཞན་ལ་སྨོས་ཀྱང་ཅི་དགོས་པ། །ཇི་ལྟར་འཇིག་རྟེན་འདས་པ་མ་ཡིན་འགྱུར། །ཞེས་སོ། །འོ་ན་འཇིག་རྟེན་ལས་འདས་པའི་ལམ་དང་འབྲེལ་བ་གང་ཞེ་ན། འདི་ན་ཞི་བའི་ལམ་དང་འབྲེལ་བ་ཡི། །དམིགས་པའི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱང་། །སྣང་ལ་རང་བཞིན་མེད་པའི་ཆོས་ཉིད་ཀྱི། །རྣམ་པའི་བསྒོམ་ཚུལ་སྟོབས་སུ་གྱུར་བ་ལས། །བྱང་ཆུབ་སེམས་གཉིས་སྐྱེ་བའི་རྒྱུར་འགྲོ་བས། ཁྱད་ཆོས་ལྡན་པའི་ཚད་མེད་བཞི་རུ་འདོད། །འདི་ལྟར་དམིགས་པའི་རྣམ་པ་སེམས་ཅན་ཐམས་ཅད་ལ་ཉེ་འཁོན་མེད་པའི་བྱམས་པ་ལ་སོགས་པ་བཞིར་ཤར་ཀྱང་། དེ་ལ་བདེན་ཞེན་དང་དངོས་པོར་བལྟ་བའི་མཚན་ཉིད་ལས་ལྡོག་པ་སྣང་ལ་རང་བཞིན་མེད་པའི་ཆོས་ཉིད་སྒྱུ་མ་ལྟ་བུའི་རྩིས་ཟིན་པ་ནི། བྱང་ཆུབ་ཀྱི་སེམས་གཉིས་སྐྱེ་བའི་རྒྱུ་ཡིན་པར། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ནི་ནམ་མཁའི་མཚན་ཉིད་ཀྱི་ཕྱིར་རོ། །དེས་ན་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་རྗེས་སུ་ཐབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་དམིགས་པ་འབྱུང་སྟེ། ཞེས་དང་། སློབ་དཔོན་དཔའ་བོའི་དོན་དམ་བྱང་ཆུབ་སེམས་སྒོམ་པ། རིན་ཆེན་སྒྲོན་མ་ལས། ཇི་ལྟར་སྣང་ཞིང་གྲགས་པའི་ཆོས། །དེ་ལྟར་གྲུབ་ཅིང་བདེན་པ་མིན། །སྣ་ཚོགས་ཅིར་ཡང་འགྱུར་བའི་ཕྱིར། །དཔེར་ན་མིག་འཕྲུལ་རྣམ་པ་བཞིན། །ངོ་བོ་ཉིད་མེད་


JL00_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་འདྲ། །རྟེན་འབྲེལ་ཙམ་ལས་བྱུང་བའི་ཕྱིར། །ཤིན་ཏུ་མེད་པའང་མ་ཡིན་ཏེ། །དཔེར་ན་རྨི་ལམ་རྒྱུ་འབྲས་བཞིན། །བདེན་པ་མ་གྲུབ་རྫུན་མི་ལྡོག །ཅེས་སོ། །དེ་ལྟ་བུའི་ཚད་མེད་བཞི་པོའང་། བསྒོམ་ཚུལ་གོ་རིམ་ཅན་དང་ངེས་པ་མེད། །དམིགས་པའི་ཡུལ་གང་སྐྱེ་བར་སླ་ལ་གཏད། །དེ་ལ་དཀྱུས་སུ་བཤད་པ་ནི་གོ་རིམ་གྱི་ངེས་པ་ཅན་ཏེ། ཡུམ་བར་མ་ལས། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ། །ཞེས་དང་། སྔགས་སུ་ལྷའི་དེ་ཁོ་ན་ཉིད་དང་སྦྱར་ནས་གསུངས་པའང་བརྟག་གཉིས་ལས། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་བསྒོམ་ཞིང་། །གསུམ་པར་དགའ་བ་བསྒོམ་པ་དང་། །ཀུན་གྱི་མཐར་ནི་བཏང་སྙོམས་སོ། །ཞེས་སོ། །ངེས་པ་མེད་པ་ནི་དབུ་མ་རྒྱན་ལ་སོགས་པའི་རྗེས་སུ་འབྲངས་ནས་སྐྱེ་སླ་བ་ལ་དམིགས་པ་བཏང་སྙོམས་ཐོག་མར་འདོན་པའི་རིམ་པའང་ཡོད་དེ། སེམས་ཅན་ཐམས་ཅད་ལ་རྗེས་ཆགས་པ་དང་། ཁོང་ཁྲོ་བ་བསལ་ཏེ་སེམས་སྙོམས་པ་ཉིད་སྔོན་དུ་བསྒྲུབ་པའི་སླད་དུའོ། །དེ་སྐད་དུ་སློབ་དཔོན་དཔའ་བོའི་ཀུན་རྫོབ་བྱང་ཆུབ་སེམས་སྒོམ་ལས་ཀྱང་། དེ་ཡང་ཐོག་མར་ཚད་མེད་བློ། །བཏང་སྙོམས་ས་གཞི་ལེགས་བརྡལ་ལ། །བྱམས་པའི་ཆུ་བོས་རྣམ་བཅུས་ནས། །རབ་ཏུ་དགའ་བས་རྣལ་འབྱོར་བས། །སྙིང་རྗེའི་ས་བོན་ལེགས་པར་གདབ། །ཅེས་བཤད་པས་གང་སྐྱེ་སླ་བ་དང་སྦྱར་རོ། །སྦྱར་དུ་རུང་བའི་ཤེས་བྱེད་ནི་འདི་ཡིན་ཏེ། ཚད་མེད་པ་འདི་དག་ཀྱང་རྐྱེན་བཞི་ལས་སྐྱེ་བའི་ཕྱིར་ཏེ། སེམས་


JL00_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཁམས་ལ་རང་བཞིན་དུ་གནས་པའི་རིགས་ནི་རྒྱུའི་རྐྱེན་ནོ། །བཞི་པོའི་ཚད་ཉིད་ལུང་སྟོན་པའི་དགེ་བའི་བཤེས་གཉེན་ནི་བདག་པོའི་རྐྱེན་ནོ། །རང་རང་གི་ཡུལ་མངོན་དུ་གྱུར་བ་ནི་དམིགས་པའི་རྐྱེན་ནོ། །དེ་ལྟར་བསྒོམས་པའི་ཕན་ཡོན་དང་། མ་བསྒོམས་པའི་ཉེས་དམིགས་གོམས་པ་དེ་མ་ཐག་པའི་རྐྱེན་ཏེ། མདོ་སྡེ་རྒྱན་ལས་ཀྱང་། བདེ་དང་སྡུག་བསྔལ་རང་བཞིན་ལས། །བྱང་ཆུབ་སེམས་དཔའི་བྱམས་པ་སྟེ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བློ་དང་ལྡན་པའི་སྙིང་རྗེ་སྐྱེ། །ཞེས་དང་། ཁྱད་པར་སེམས་དང་སེམས་བྱུང་ལྟར་འབྲེལ་བའི་དམིགས་པའི་རྣམ་པ་འདི་དག་ནི་འཁོར་བའི་དུས་ན་བདག་རྐྱེན་ལ་སོགས་པ་བཞི་པོས་བསྐྱེད་ལ། རྒྱུའི་རྐྱེན། བདག་པོའི་རྐྱེན། དེ་མ་ཐག་པའི་རྐྱེན་གསུམ་གྱིས་སྙོམས་འཇུག་རྣམ་གཉིས་བསྐྱེད་ཅིང་། བམ་པོ་རྣམས་ནི་རང་རང་གི་རྒྱུ་དང་། དྲོད་གཤེར་ལ་སོགས་པའི་བདག་རྐྱེན་ལས་བསྐྱེད་པར་འདོད་པ་ནི། མངོན་པ་མཛོད་ལས། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་རྣམ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་སོ། །དེ་ཡང་གོ་རིམ་ལ་དག་གྲོལ་དུ་བྱེད་པའི་གཉེན་པོར། འོན་ཀྱང་བྱམས་བསྒོམས་ཆགས་པའི་རྟེན་གྱུར་ན། ཉེ་རིང་བྲལ་བའི་བཏང་སྙོམས་བསྒོམ་པར་སྤོ། །བྱམས་པ་བསྒོམས་པ་དེ་གཉེན་བཤེས་ལྟ་བུའི་རིས་ཅན་དུ་མཐོང་ནས་ཆགས་པའི་རྟེན་དུ་གྱུར་ན། བཏང་སྙོམས་བསྒོམས་པས་དེའི་གཉེན་པོར་འགྱུར་རོ། །དེ་ཉིད་རྨོངས་ནས་ལུང་མ་བསྟན་གྱུར་ན། །སྙིང་རྗེར་སྤོས་པས་སྡུག་བསྔལ་རྒྱུ་འབྲས་འགོག །བཏང་སྙོམས་ཀྱི་སེམས་དེ་ཕན་མི་འདོགས་པའི་ལུང་མ་བསྟན་དུ་ལྷུང་ན་


JL00_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་ཅིང་འབྲས་བུས་གཟིར་བའི་གནས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པས་བཏང་སྙོམས་ཐ་ཤལ་བདེ་འགོག་གོ །སྙིང་རྗེ་སྟོབས་ཞན་རིས་སུ་ཆད་པ་ན། །དགའ་བར་སྤོས་པས་དམན་སེམས་སྐྱེ་བུ་འགོག །སྙིང་རྗེ་ཉི་ཚེ་བ་སྐྱེས་ཀྱང་ཉེས་པའི་ཆ་ཅན་ཕྱོགས་རིས་ཀྱི་རྣམ་པར་ཤར་ན་མི་མཐུན་པའི་ཡུལ་གྱི་བདེ་འབྱོར་ལ་དགའ་བ་བསྒོམས་པས་དམན་སེམས་མཐའ་དག་གི་གཉེན་པོར་འགྱུར་བའོ། །དགའ་བས་སེམས་རྒོད་སྤྲོས་པའི་ཡུལ་གྱུར་ན། བྱམས་སོགས་མཐའ་དབུས་བརྗེས་ནས་སྤེལ་མར་བསྒོམ། གཞན་གྱི་བདེ་འབྱོར་ལ་དགའ་བ་བསྒོམས་པས་སེམས་རྣམ་པར་གཡེང་བར་གྱུར་ན། བྱམས་པ་དང་དགའ་བ། སྙིང་རྗེ་དང་བཏང་སྙོམས་སྤེལ་མར་བསྒོམ་ཞིང་། དེའང་བཏང་སྙོམས་ནས་སྙིང་རྗེ་བསྒོམ་ཞིང་། དེ་ནས་བྱམས་པ་བསྒོམ་པ་ནི་ཆུང་ངུ་། བྱམས་པ་ནས་དགའ་བ་བསྒོམ་པ་ནི་འབྲིང་། བཏང་སྙོམས་ནས་བྱམས་པ་བསྒོམ་པ་ནི་ཆེན་པོ་སྟེ། ཡུམ་བར་མ་ལས། འདི་ལྟར་བྱམས་པ་བསྒོམ་མོ། །དགའ་བ་བསྒོམ་མོ། །སྙིང་རྗེ་ལ་མཉམ་པར་འཇོག་གོ །བཏང་སྙོམས་ལེན་ཏོ། །ཞེས་ཐོད་རྒལ་དུ་ཡར་མཚོང་མར་མཆོད་ལ་རྩལ་སྦྱང་བར་གསུངས་ཤིང་། གཞན་ཡང་བྱམས་པའི་གེགས་སྙིང་རྗེས། སྙིང་རྗེའི་གེགས་དགའ་བས། དགའ་བའི་གེགས་བཏང་སྙོམས་ཀྱིས། བཏང་སྙོམས་ཀྱི་གེགས་བྱམས་པས་འགོག་པའི་ལུགས་ཡོད་ཀྱིས། འདིར་ནི་སེམས་ཅན་གྱི་ཁམས་ལ་ཚངས་པའི་གནས་པ་བཞིའི་མི་མཐུན་ཕྱོགས་རང་བཞིན་དུ་འབྲེལ་ཆེ་བས་དེ་ཉིད་འགོག་པའི་ཐབས་གཙོ་བོར་བཤད་ཀྱིས་དེ་སྐད་དུ། མདོ་སྡེའི་རྒྱན་ལས་ཀྱང་། བརྟན་པ་ཚངས་


JL00_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མི་མཐུན་སྤང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཅེས་དང། དེའི་འགྲེལ་བར། གཞན་དུ་མི་རྟོག་པས། བདེ་བ་དང་། སྡུག་བསྔལ་དང་། བར་མའི་ཡུལ་གསུམ་ལས་དམིགས་པ་སེམས་ཅན་ལ་ཕན་པའོ། །ཇི་ལྟར་དམིགས་པ་འཇུག་ན། བདེ་བ་དང་མི་ལྡན་པ་ཙམ་བཏང་སྙོམས་ཀྱི་ཡུལ། སྡུག་བསྔལ་གྱིས་ཉམ་ཐག་པ་དང་། ཆགས་སྡང་ཅན་སྡུག་བསྔལ་རྒྱུ་འབྲས་ལ་གནས་པའི་ཕྱིར་སྡུག་བསྔལ་གྱི་ཡུལ། དགའ་བ་ནི་སྐྱིད་པ་སྟེ་བདེ་བའི་ཡུལ་གསུམ་ལ་བློ་འཇུག་པ་ཡིན་ནོ། །ཞེས་སེམས་ཅན་ལ་དམིགས་པའི་མཚན་ཉིད་ཐུན་མོང་བ་བཤད་དོ། །ད་ནི་ཚད་མེད་བསྒོམས་པའི་འབྲས་བུ་བཤད་པའི་ཕྱིར། དེ་ལྟར་བསྒོམས་པས་རྣམ་སྨིན་མངོན་པར་མཐོ། །འདོད་པར་ལྷ་མིའི་ལུས་དང་ངེས་ལེགས་གཉིས། །རྒྱུ་མཐུན་བྱེད་པ་དེ་འདྲ་མྱོང་བས་ནི། །མི་མཐུན་ཕྱོགས་དང་བྲལ་ཞིང་བདེ་བ་འཐོབ། །དབང་གིས་ཡིད་འོང་བདེ་དགའི་ཡུལ་ལ་སྤྱོད། །བྱེད་པ་བཞི་པོ་སྟོབས་སུ་གྱུར་བ་ཡི། །དོན་གཉིས་འབྱོར་བའི་ཡོན་ཏན་འཐོབ་འགྱུར་ཏེ། །དེའང་རྣམ་པར་སྨིན་པའི་འབྲས་བུས་གནས་སྐབས་སུ་མངོན་མཐོ་ལྷ་མིའི་ལུས་རྟེན་གཉིས་འགྲུབ་ནས། རྟེན་དེས་ཚོགས་གཉིས་རྫོགས་པ་དང་། གཞན་ལ་ཕན་པ་དང་། སེམས་བཞི་པོ་སྐྱེ་བ་དང་། བག་མེད་པའམ་རྐྱེན་མི་བཟད་པས་ཀྱང་སེམས་དེ་གཏན་ནས་འཕྲོག་པར་མི་ནུས་པའི་ཚུལ། མདོ་སྡེའི་རྒྱན་ལས། ཚངས་པའི་གནས་པས་གནས་པ་ཡི། །བློ་ལྡན་རྟག་ཏུ་འདོད་པར་སྐྱེ། །དེར་ནི་ཚོགས་རྣམས་རྫོགས་བྱེད་ཅིང་། །སེམས་ཅན་དག་ཀྱང་ཡོངས་སྨིན་བྱེད། །ཀུན་ཏུ་ཚངས་དང་མི་འབྲལ་བ། །དེ་ཡི་མི་མཐུན་ཕྱོགས་དང་བྲལ། །བག་


JL00_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་བཟད་པས་ཀྱང་མི་འགྱུར་རོ། །ཞེས་དང་། མཐར་ཐུག་ངེས་ལེགས་ཀྱི་འབྲས་བུ་བྱང་ཆུབ་འགྲུབ་པའང་རྒྱན་ལས། འཚེ་སྤངས་བྱང་ཆུབ་མཆོག་གི་ས་བོན་ནི། །བདེ་བ་སྐྱེད་དང་གདུང་བྱེད་འདོད་པའི་རྒྱུ། །ངོ་བོ་ཉིད་སྨིན་ཆོས་ལ་རྟེན་པ་ཡི། །རྒྱལ་སྲས་རྣམས་ལ་བྱང་ཆུབ་ཐག་མི་རིང་། །ཞེས་འཚེ་བ་སྤངས་པ་ནི་བྲལ་འབྲས་དང་། བྱང་ཆུབ་ཀྱི་ས་བོན་བྱེད་པ་ནི་བདག་འབྲས། གཞན་ལ་བདེ་བ་བསྐྱེད་པའི་ཕྱིར་རང་དགའ་སྤྱད་ཀྱི་གདུང་བ་བཟོད་པ་ནི་བྱེད་པའི་འབྲས་བུ་སྟེ། བཞི་པོ་གོམས་པ་ལས་ཚེ་རབས་གཞན་ལའང་དེ་ལྟར་སྨིན་ཅིང་འགྲུབ་པ་ནི་རྒྱུ་མཐུན་གྱི་འབྲས་བུའོ། །དེ་ནི་ལུང་དང་ལུང་གི་ཚིག་དོན་ལྟར་བཀྲལ་བ་སྟེ། རང་གཞུང་དུ་དངོས་བསྟན་བཤད་ན། བྱེད་པ་རྒྱུ་མཐུན་གྱི་འབྲས་བུར་རྟག་ཏུ་ཚད་མེད་བཞི་བསྒོམ་པར་སྐྱེ་ལ། མྱོང་བ་རྒྱུ་མཐུན་པས་གནོད་སེམས་དང་། རྣམ་པར་འཚེ་བ་དང་། ཆགས་སྡང་དང་། དགའ་བ་ལ་སོགས་པའི་མི་མཐུན་ཕྱོགས་དང་བྲལ་བའི་བདེ་བ་ལ་རེག་པར་འགྱུར་རོ། །དབང་གི་འབྲས་བུར་བྱམས་པས་ཡིད་དུ་འོང་བ་དང། སྙིང་རྗེས་བདེ་བ་དང། དགའ་བས་སྨན་ཤིང་མེ་ཏོག་ལ་སོགས་པ་མང་བས་དགའ་བ་དང་། བཏང་སྙོམས་ཀྱིས་སྐྱེ་དགུ་མཛའ་ཞིང་མི་མཐུན་པ་མེད་པའི་ཡུལ་ལ་སྤྱོད་པའོ། །བྱེད་པའི་འབྲས་བུ་ནི་ཚད་མེད་བཞི་པོ་བསྒོམས་པས་རང་རང་གི་བྱེད་པ་བཞི་པོ་ཆེས་ཆེར་འཕེལ་ཏེ་རྒྱལ་སྲས་རྣམས་ལ་རང་བཞིན་དུ་རྟག་པར་སྐྱེ་བ་དང་། གོམས་པ་ལས་སྐྱེ་བ་དང་། ཡུལ་མཐོང་བ་ལས་སྐྱེ་བ་དང་། མི་མཐུན་ཕྱོགས་ཉམས་པ་ལས་སྐྱེ་བར་རྒྱན་ལས། སྙིང་རྗེའི་བདག་ཉིད་ཅན་གྱི་བརྩེ་བ་འདི། །རང་


JL00_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དང་ནི་སོ་སོར་བརྟགས་པ་དང་། །དེ་སྔོན་གོམས་པར་བྱས་དང་ལྡན་པ་དང་། །མི་མཐུན་ཕྱོགས་ཉམས་རྣམ་དག་ཐོབ་པ་བཞི། །ཞེས་པ་ལྟར་ལས་བསོད་ནམས་རྒྱ་ཆེན་པོ་འཐོབ་ཅིང་རང་དོན་དུ་བདེ་བ་དང་ལེགས་པ་ཐམས་ཅད་འགྲུབ་པ་དང། གཞན་དོན་ཀྱང་བཞི་བོའི་མཚན་ཉིད་དང་མཐུན་པར་འབད་མེད་དུ་འབྱོར་བའི་ཡོན་ཏན་འཐོབ་བའོ། ཁྱད་པར་གྱི་འབྲས་བུ་ནི། བྱམས་པ་འབྱོངས་པས་འགྲོ་ལ་བུ་ལྟར་བརྩེ། །ཞེ་སྡང་མེད་ཅིང་གཞན་གྱི་ཡིད་དུ་འོང་། །བྱམས་པའི་ངོ་བོ་སྟོང་ལ་རང་བཞིན་མེད། །མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས་པ་འཐོབ། །དེ་ལ་བྱམས་པའི་ཆུ་བོས་སེམས་ཀྱི་རྒྱུད་བརླན་པས་འགྲོ་བ་ཀུན་ལ་བུ་གཅིག་པའི་མ་ལྟར་སྙིང་སྡུག་པར་གྱུར་ནས་ཞེ་སྡང་གི་ཐབ་རྩུབ་མོ་ནམ་ཡང་ཞི་བར་འགྱུར་རོ། །མ་ལ་བུ་དགའ་བ་དེ་ཡང་བྱམས་པའི་མཐུ་ཡིན་པས་སེམས་ཅན་ཐམས་ཅད་བདག་གི་དབང་དུ་འདུ་ཞིང་ཡིད་དུ་འོང་བར་འགྱུར་རོ། །རང་གི་སེམས་རྒྱུད་བྱམས་པས་བསྒོས་པ་དེའི་ཚེ་ཞེ་སྡང་ལ་བརྟེན་པའི་གནས་མེད་ཅིང་། བྱམས་པའི་ངོ་བོའང་བརྟགས་ན་རང་བཞིན་མེད་པ་ཡིན་པས་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་ནས་མཚན་དང་དཔེ་བྱད་རྒྱ་མཚོའི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པར་འགྱུར་ཏེ། བྱམས་པས་ཞེ་སྡང་གནས་སུ་དག །མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཞེས་སོ། །སྙིང་རྗེ་འབྱོངས་པས་གཞན་གྱི་སྡུག་བསྔལ་ཀྱང་། །བདག་གི་ཁུར་འགྲོ་འཚེ་བ་བྲལ་བའི་སེམས། །འདོད་ཆགས་དང་བྲལ་སྟོང་ཉིད་སྙིང་རྗེར་འབྲེལ། །སོར་རྟོག་ཡེ་ཤེས་ཆོས་ཀྱི་སྐུ་རུ་འགྲུབ། །གང་གི་ཚེ་སྙིང་དུ་སྡུག་པའི་བུ་ཆུང་ངུ་ལ་རིམས་ནད་དྲག་པོས་བཏབ་པའི་མ་ནི་དེ་དང་རྗེས་སུ་མཐུན་པའི་སེམས་ཀྱིས་སྡུག་


JL00_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་གྱུར་ནས་བུའི་སྡུག་བསྔལ་དེ་ལས་གདོན་པའི་ཐབས་འབའ་ཞིག་ལས་ཟས་ཀྱི་བྱ་བའང་ཡིད་ལ་མི་དྲན་པར་འགྱུར་བ་ཡོད་དོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་ཞུགས་པའི་ཚེ་སྙིང་རྗེ་ཆེན་པོའི་མིང་ཐོབ་པ་ཡིན་ནོ། །དེའི་ཆི་འཚེ་བའི་སེམས་རྣམ་པར་དག་པས་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པའི་རྒྱུས་སེམས་ཅན་ལ་གནོད་ཅིང་མནར་སེམས་པ་མཐའ་དག་གི་རྩ་བ་ཆོད་ཅིང་། སྙིང་རྗེའི་ངོ་བོའང་སྟོང་པ་ཉིད་དང་ཟུང་དུ་འབྲེལ་བས་སོ་སོར་རྟོག་པའི་ཡེ་ཤེས་ཆོས་ཀྱི་སྐུ་རུ་གྲུབ་པ་ཡིན་ཏེ། སྙིང་རྗེས་འདོད་ཆགས་གནས་སུ་དག །ཀུན་རྟོག་ཡེ་ཤེས་ཆོས་ཀྱི་སྐུ། །ཞེས་སོ། །དགའ་བ་འབྱོངས་པས་ཕྲག་དོག་རྩ་བ་ཆོད། །འབྱོར་བ་བརྟན་ཅིང་ཞི་བདེ་རྒྱུན་མི་འཆད། །བསམ་གཏན་དགའ་བ་དམིགས་པ་མེད་པ་དང་། །བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ་མཆོག་ཐོབ། །དགའ་བ་ནི་སེམས་ལ་ཟུག་རྔུ་མེད་པའི་ཚད་ཡིན་ཏེ། རང་གི་རྒྱུད་ཉེས་པའི་སྐྱོན་གྱིས་མ་གོས་པས་འགྱོད་པ་མེད་པ་དང་། ཁྱད་པར་ཐོབ་པར་བྱ་བ་མཐའ་དག་མངོན་སུམ་དུ་ཐོབ་པས་ས་དང་པོ་ཐོབ་པའི་མིང་ལའང་དེ་སྐད་དུ་གྲགས་ཤིང་། རང་གི་སེམས་ཕྲག་དོག་དང་ལྡན་པའི་ཚེ། འབྱོར་བ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཀྱང་། གཞན་གྱི་དཔལ་ལ་མི་བཟོད་པའི་དགའ་བ་ཐད་ཅིག་ཀྱང་ཉམས་སུ་མྱོང་བར་མི་འགྱུར་ལ། འདིར་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། ཆོས་ཀྱི་རང་བཞིན་ལ་དངོས་དང་རྒྱུད་ནས་སྤྱོད་པ་མཐའ་དག་ལ་དགའ་བ་ཁྱད་པར་ཅན་འབྱོངས་པས་རང་གི་འབྱོར་བ་བརྟན་ཅིང་། ཞི་བདེའི་བློ་རྒྱུན་མི་འཆད་པས་བསམ་གཏན་ལའང་ཚེར་མ་མེད་པར་གྱུར་ནས་དེ་ལས་སྐྱེས་པའི་དགའ་བ་ཁྱད་


JL00_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་ཉམས་སུ་མྱོང་ཞིང་། ཕྲག་དོག་གནས་སུ་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་ལ་མངའ་དབང་ཐོབ་ནས་སྤྲུལ་པའི་སྐུའི་མཛད་པ་དང་ཕྲིན་ལས་ལྷུན་གྱིས་འགྲུབ་པར་འགྱུར་བ་ནི། དགའ་བས་ཕྲག་དོག་གནས་སུ་དག །བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ། །མཛད་པ་ལྷུན་གྲུབ་དམ་པའོ། །ཞེས་སོ། །བཏང་སྙོམས་འབྱོངས་པས་བདག་གཞན་དགྲ་གཉེན་མཉམ། །ང་རྒྱལ་མེད་ཅིང་ཟབ་ཞིའི་རྟོགས་པ་སྐྱེ། །རྨོངས་པ་མེད་ཅིང་ཆོས་དབྱིངས་ཡེ་ཤེས་དང་། །ངོ་བོ་ཉིད་སྐུ་མངོན་དུ་འཐོབ་པར་འགྱུར། །བཏང་སྙོམས་མཐར་ཕྱིན་པས་ལ་ལར་རྗེས་སུ་ཆགས། ལ་ལར་ཁོང་ཁྲོ་བོས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་མི་འགྱུར་བས། དགྲ་གཉེན་དད་བར་མར་འཛིན་པའི་ཕྱོགས་རྣམ་པ་གསུམ་པོ་ཕན་པ་འབའ་ཞིག་གི་ཡུལ་ལ་མཉམ་ཞིང་། དེ་ལྟར་མཉམ་པས་བདག་ཉིད་གཟེངས་བསྟོད་པའི་ང་རྒྱལ་ཀྱང་རང་བཞིན་དུ་བག་ལ་ཞིར་འགྱུར་བ་དང་། དངོས་པོར་འཛིན་པའམ། དངོས་མེད་ལ་ཞིན་པའི་མཐའ་གཉིས་སུ་ལྟུང་ནས་སེམས་ཀྱི་ཆོས་ཉིད་དབུ་མར་མི་སྙོམས་པའང་། རང་བཞིན་དུ་ཟབ་པ། ཞི་བ་སྤྲོས་པ་མེད་པའི་དབྱིངས་སུ་བཏང་སྙོམས་པའི་རྟོགས་པ་ཁྱད་པར་ཅན་སྐྱེ་ཞིང་། དེ་ལྟར་སྐྱེས་ན་རྨོངས་པའི་རང་བཞིན་གཏི་མུག་གི་ཁམས་གནས་སུ་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། ངོ་བོ་ཉིད་སྐུ་མངོན་དུ་འཐོབ་པའི་ཚུལ། བཏང་སྙོམས་བཏང་སྙོམས་ཆེན་པོ་ཡིས། །ང་རྒྱལ་གཏི་མུག་གནས་སུ་དག །མཉམ་ཉིད་ཆོས་དབྱིངས་ཡེ་ཤེས་བདག །བྱང་ཆུབ་རྡོ་རྗེའི་སྐུ་ཉིད་དོ། །ཞེས་པ་རྣམས་པདྨ་རྩེ་མོ་ལས་བཤད་དོ། །ད་ནི་ཚད་མེད་བཞིའི་ཡོན་ཏན་ལ་རང་གཞུང་གི་གྲུབ་མཐའི་རྒྱུ་འབྲས་


JL00_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཉིད་དུ་རྫོགས་པར་བསྔགས་ནས་མཇུག་བསྡུ་བ་ནི། དེ་ལྟའི་ཚད་མེད་བཞི་ཡི་ཡོན་ཏན་ནི། །རྒྱུ་འབྲས་བཞིན་ཏུ་མཐའ་ཡས་བསླུ་བ་མེད། །ལམ་ངན་གཞན་གྱི་གྲུབ་མཐའ་སྲིད་པའི་རྒྱུ། །སྟོང་ཉིད་སྙིང་རྗེར་འགལ་ལ་མི་བསྟེན་པར། །ཐར་བ་དྲི་མེད་རྒྱལ་སྲས་དམ་པའི་ལམ། །རྙོག་པ་ཞི་བའི་དགེ་ལ་གོམས་འཚལ་ལོ། །འདི་ནི་རྒྱལ་བ་མཐའ་དག་གི་གཤེགས་ཤུལ་རྒྱུ་འབྲས་གཉིས་ཀ་ངོ་བོ་ཉིད་མཉམ་པའི་ཐར་ལམ་ཁྱད་པར་ཅན་ཏེ། དཔལ་ཕྲེང་གི་མདོ་ལས། གང་གིས་ཚད་མེད་བཞི་བསྒོམས་པ། །དེ་ནི་བདེ་གཤེགས་ཀུན་གྱིས་དགོངས། །ཀུན་ཏུ་ཡོན་ཏན་ཚད་མེད་དེ། །ནམ་མཁའི་ལམ་ལས་རབ་འདས་པའོ། །ཞེས་སོ། །འདི་ལྟར་རྒྱུའི་ཐེག་པ་ཕལ་མོ་ཆེས་སྐུ་གཉིས་སྐྱེད་བྱེད་ཀྱི་རྒྱུའམ་ས་བོན་ནི་ཚོགས་གཉིས་སུ་འདོད་པ་དང་། སྔགས་སུ་དག་བྱའི་སྒྲིབ་པ་གཉིས་ཚོགས་གཉིས་ཀྱི་རང་བཞིན་ཐབས་ཤེས་ཟབ་མོས་འཁྲུད་བདེ་རྐྱེན་དུ་འདོད་པས་དོན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒྲུབ་པ་ལ་མདོ་མཐུན་ཅིང་། ཁྱད་པར་འཁོར་ལོ་ཐ་མའི་དོན་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་ཡོན་ཏན་ཡེ་ལྡན་ཡིན་པའི་ཕྱིར་ལམ་དུས་ཀྱི་ཡོན་ཏན་ལྟར་སྣང་བ་ཡིན་པས་གསར་བྱུང་མི་འདོད་ལ། དེ་དང་སྔགས་ཀྱི་སྡེ་སྣོད་ལས་འགྲོ་བ་ཀུན་ཀྱང་རང་བཞིན་གྱི་དཀྱིལ་འཁོར་དམ་པའི་ཆོས་ཉིད་དུ་གནས་པ་གཉིས་གཞིའི་ངང་དུ་གཅིག་ཅིང་ལམ་ཡང་ཚོགས་གཉིས་དང་ཐབས་ཤེས་ངོ་བོ་གཅིག་ལ། འབྲས་བུ་ཡང་སྐུ་དང་ཡེ་ཤེས་སུ་ཐ་མི་དད་པས་ན་སྔོན་གྱི་དུས་ན་བྱོན་པའི་མཆོག་གཟིགས་དམ་པ་རྣམས་ཀྱི་བཤད་པ་ཕྱི་ནང་དུ་མཛད་པ་ཡིན་ནོ། །དེ་སྐད་དུ་སའི་སྟོད་འགྲེལ་ལས། ཚད་མེད་པ་འདི་བཞི་ནི་ཐར་བར་འགྲོ་བའི་ལམ་སྟེ། གཞན་དུ་ན་ལམ་ལོག་པའོ་ཞེས་བཤད་དོ། །ཇི་ལྟར་ལོག་ན།


JL00_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མུ་སྟེགས་ཅན་དང་། ཉན་ཐོས་རྣམས་ཀྱི་ལམ་འདི་ལྟ་མ་ཡིན་ཏེ། འདི་ལྟར་མུ་སྟེགས་ཅན་རྣམས་ཀྱི་ལམ་གྱི་ལྟ་བ་ནི་བདག་ལ་སོགས་པ་ཕྱིན་ཅི་ལོག་དང་ལྡན་པས་རྣམ་པ་ཐམས་ཅད་དུ་ཤེས་རབ་དང་བྲལ་བའི་ལམ་ཡིན་ནོ། །དེ་ལྟར་ཡིན་པས་དེ་ལ་ཐར་བ་མེད་དེ། ཉན་ཐོས་རྣམས་ནི་སྙིང་རྗེ་ཆེན་པོ་དང་མི་ལྡན་པས་ཐབས་དང་བྲལ་བའི་ལམ་ཡིན་ཏེ། དེ་བས་ན་དེ་དག་མཐའ་གཅིག་པའི་མྱང་འདས་ལ་གཞོལ་བར་འགྱུར་རོ། །འདིར་ཐར་བ་དྲི་མ་མེད་པ་བྱང་ཆུབ་སེམས་དཔའི་ལམ་ནི་ཐབས་དང་ཤེས་རབ་གཉིས་ཀར་ལྡན་པས་རྙོག་པ་ཞི་བའི་རང་བཞིན་ཅན་ནོ། །དེ་བས་ན་དེ་དག་མི་གནས་པའི་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། །འདི་ལྟར་ཤེས་རབ་ཀྱི་སྟོབས་ཀྱིས་ནི་འཁོར་བར་མི་ལྟུང་ལ། ཐབས་ཀྱི་སྟོབས་ཀྱིས་ནི་མྱ་ངན་ལས་འདས་པར་མི་ལྟུང་ངོ་། །དེ་སྐད་དུ་ཆོས་ཡང་དག་པར་སྡུད་པ་ལས། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ །དེ་ཡང་འདི་སྙམ་དུ་བདག་གིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཏིང་ངེ་འཛིན་གྱི་སྒོ་འདི་སེམས་ཅན་ཐམས་ཅད་ལ་བསྒྲུབ་བར་བྱའོ་སྙམ་དུ་སེམས་ཏེ། དེ་སྙིང་རྗེ་ཆེན་པོ་དེས་བསྐུལ་བས་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་གསུངས་སོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ནི་དོན་དམ་པ་མཐོང་ཡང་ཀུན་རྫོབ་མི་གཅོད་ལ། ཀུན་རྫོབ་མ་བཅད་པས་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་སེམས་ཅན་གྱི་དོན་བྱེད་པ་ལ་འཇུག་གོ །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། ཚད་མེད་བཞིའི་ཚོམས་ཏེ་རབ་བྱེད་བདུན་པའི་འགྲེལ་བའོ། །


previousཚད་མེད་བཞིའི་ཚོམས་ཏེ་རབ་བྱེད་བདུན་པའི་འགྲེལ་པ།next