Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


  collapse section
   
   
རང་བཞིན་རྫོགས་པ་ཆེན་པོའི་ལུགས་ཐུན་མོང་མ་ཡིན་པའི་གཞིའི་བཞུགས་ཚུལ་དང་འབྲེལ་བར་འཁོར་འདས་ཀྱི་སྒོ་འཕང་གཏན་ལ་ཕབ་པའི་ཚོམས་ཏེ་ལེའུ་བཅུ་གཅིག་པའི་འགྲེལ་པ།
   
   
  expand section


 
previousརང་བཞིན་རྫོགས་པ་ཆེན་པོའི་ལུགས་ཐུན་མོང་མ་ཡིན་པའི་གཞིའི་བཞུགས་ཚུལ་དང་འབྲེལ་བར་འཁོར་འདས་ཀྱི་སྒོ་འཕང་གཏན་ལ་ཕབ་པའི་ཚོམས་ཏེ་ལེའུ་བཅུ་གཅིག་པའི་འགྲེལ་པ།next

རང་བཞིན་རྫོགས་པ་ཆེན་པོའི་ལུགས་ཐུན་མོང་མ་ཡིན་པའི་གཞིའི་བཞུགས་ཚུལ་དང་འབྲེལ་བར་འཁོར་འདས་ཀྱི་སྒོ་འཕང་གཏན་ལ་ཕབ་པའི་ཚོམས་ཏེ་ལེའུ་བཅུ་གཅིག་པའི་འགྲེལ་པ།


JL01_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བསྟན་པ་མཐའ་དག་གི་རྩེ་མོར་གྱུར་པ་རང་བཞིན་རྫོགས་པ་ཆེན་པོ་བཤད་པའི་ཕྱིར། རྒྱལ་བས་འཁོར་ལོ་བར་པར་རྣམ་ཐར་གསུམ། །བསྟན་བྱའི་ངོ་བོ་སོ་སོ་རང་རིག་ཉིད། །སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ། །རང་བཞིན་བཞུགས་མ་རྫོགས་པ་ཆེན་པོར་གྲགས། དེ་ལ་འཁོར་ལོ་བར་པ་ནི་གཉེན་པོར་འཛིན་པ་ལས་གྲོལ་བའི་ཐབས་སུ་ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་གྱིས་གཏན་ལ་འབེབས་པ་ལས། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི། ཆོས་ཉིད་ཙམ་དུའང་


JL01_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་མེད་པས་རབ་གི་ངོ་བོས་རྣམ་པར་དབེན་པའི་མཚན་ཉིད་ཅན་ཏེ། བདེན་པའི་དངོས་པོ་དང་། ཐ་སྙད་ཀྱི་ཡུལ་མ་གྲུབ་བས་རང་གི་ངོ་བོས་གྲུབ་པ་རྡུལ་ཙམ་ཡང་མི་དམིགས་པའོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་ཞི་བའི་མཚན་ཉིད་ཅན་ཏེ། སྤྲོས་པ་དང་མཚན་མ་དང་རྒྱུ་ཅུང་ཟད་ཀྱང་མི་དམིགས་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི། སྡུག་བསྔལ་དང་། གཏི་མུག་ལས་འདས་པའི་མཚན་ཉིད་ཅན་ཏེ། མངོན་པར་འདུ་བྱ་བ་དང་བཅས་པའི་སྡུག་བསྔལ་གྱི་མཚན་ཉིད་ཅན་རྣམས་ལ་དམིགས་ནས། ཤེས་རབ་ཀྱིས་ཡང་དག་པར་རྗེས་སུ་བལྟ་བ་དང་བཅས་པས་འབྲས་བུ་ལ་སྨོན་པར་བྱ་བ་ཅུང་ཟད་ཀྱང་མེད་པའོ། །དེ་སྐད་དུ་རྩ་ཤེལ་ལས། སྟོང་པ་ཉིད་ཀྱི་མཚན་ཉིད་ནི། །དམིགས་པ་མེད་པར་རྣམ་དབེན་ཉིད། །མཚན་མ་མེད་པས་ཞི་ཉིད་དེ། །གསུམ་པའི་མཚན་ཉིད་སྡུག་བསྔལ་དང་། །གཏི་མུག་ཅེས་ནི་བཤད་ཕྱིར་རོ། །ཞེས་སོ། །དེ་ལྟར་རྣམ་པར་ཐར་པའི་སྒོ་གསུམ་ཡང་གཞི་ལམ་འབྲས་བུ་གསུམ་ལ་འདུ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་ཡོད་མེད་ཀྱི་མཐའ་ལས་འདས་པའི་གཞི། རྣམ་པར་ཐར་པའི་སྒོ་མཆན་མ་མེད་པ་ནི་ད་ལྟར་ཡང་མི་གནས་པས་ལམ། རྣམ་པར་ཐར་བའི་སྒོ་སྨོན་པ་མེད་པ་ནི་མ་འོངས་པ་ལ་ལྟོས་མི་འཆབ་བས་འབྲས་བུ་སྟེ། ད་ལྟར་ན་ནི་མི་གནས་ཤིང་། །འདས་དང་མ་འོངས་ཡོད་མ་ཡིན། །གང་དུ་དེ་དག་མི་དམིགས་པ། །དེ་ལ་མི་དམིགས་པ་ཞེས་བརྗོད། །ཅེས་སོ། །དེ་ལ་མི་དམིགས་པའི་མཚན་ཉིད་ཀྱང་ངོ་བོའི་མི་མཐུན་ཕྱོགས་རྣམ་རྟོག་གིས་དབེན་པ། ཡུལ་གྱི་མི་མཐུན་ཕྱོགས་མཚན་མའི་སྣང་བ་མེད་པ། ཡུལ་ཅན་


JL01_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མི་མཐུན་ཕྱོགས་གཏི་མུག་དང་བྲལ་བའི་སྒོ་ནས་སྲིད་པའི་རྒྱུ་འབྲས་རྩ་བ་འབྱིན་པ་ལ་དུས་གསུམ་མཉམ་པ་ཉིད་ཀྱི་ལྟ་བ་ཞེས་བྱ་སྟེ་མངོན་རྟོགས་རྒྱན་ལས། ཆུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཅེས་བྱ། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་སོ། །ཚུལ་དེ་ལྟ་བུའི་ལྟ་བ་ལ་བློ་དང་སྙམ་བྱེད་ཀྱི་རིག་པས་ཕར་བཏགས་པའི་གནས་སྐབས་ན་གྲུབ་མཐའི་ཁས་ལེན་གྱི་ཉིང་མཚམས་སྦྱར་བའི་བློའི་དངོས་ཞེན་ནི་ཐལ་འགྱུར་གྱི་རིགས་པ་རྣོན་པོ་ལས་གཞན་གང་གིས་ཀྱང་བཟློག་པར་མི་ནུས་པས་སྒྲ་རྟོག་དང་ཞེན་པའི་ཡུལ་ལ་བདེ་བའི་ལྟ་བ་ཡིད་དཔྱོད་ཀྱིས་གོ་བར་བྱེད་ཅིང་སྒྲ་ཚིག་གི་ལམ་དུ་མི་འགལ་བར་བསྒྲུབ་པའི་ཚེ་དབུ་མ་ཐལ་འགྱུར་བ་ལྟར་ཡིན་ལ། དེ་ལྟ་ནའང་ནང་དུ་མཉམ་པར་བཞག་པའི་གནས་སྐབས་ན་ཐོས་པ་ནི་ཚིག་རོ། གོ་བ་ནི་རྣམ་རྟོག །མྱོང་བ་ནི་ཕོ་ཚོད་དུ་སོང་བས་འཁོར་ལོ་བར་པའི་དགོངས་པ་རིག་ཚོགས་ཀྱིས་བཀྲལ་བའི་སྟོང་ཉིད་མེད་དགག་གི་དོན་ཅི་ཡང་མ་མཐོང་བའི་སྟོང་ཉིད་ལ་ལྟ་བ་དང་། ཅི་ཡང་མ་དམིགས་པའི་ཆོས་ཉིད་ལ་བསྒོམ་པར་འདོད་པའི་གཤིས་ཀྱི་བཞུགས་ཚུལ་ཇི་ལྟ་བ་ནི་བླ་མའི་བྱིན་རླབས་དང་མན་ངག་གི་ཐབས་ལ་བརྟེན་ནས་རང་བཞིན་རྫོགས་པ་ཆེན་པོའི་བསྒོམས་བྱུང་གི་ཤེས་རབ་ལས་རིག་པ་གསུམ་གྱི་ཐ་མ་མངོན་སུམ་དུ་བྱས་ནས་རྟོགས་པ་ཡིན་ཏེ། དེ་ལ་རིག་པ་གསུམ་ནི་ཐེག་ཆེན་གྱི་མདོ་སྡེ་ལས། ལྷའི་མིག་གི་རིག་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པ་དང་། ཟག་པ་ཟད་པའི་རིག་པ་སྟེ། རིག་པ་ནི་ཤེས་པ་ཞེས་བྱའོ། །


JL01_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྣམ་གྲངས་གསུམ་དུ་བསྟན་པ་ལས། ཕྱི་མའི་དོན་བསམ་བརྗོད་རྒྱུ་འབྲས་དང་བཅས་པའི་རྣམ་ཤེས་ཚོགས་བརྒྱད་ལས་འདས་པའི་རིག་པའི་ཆོས་ཉིད་ནི་རང་བཞིན་རྫོགས་པ་ཆེན་པོའི་ཡེ་ཤེས་སུ་གནས་པ་ཡིན་ཏེ་རང་ཤར་ལས། ཨེ་མ་རྫོགས་ཆེན་ཨ་ཏི་ནི། གང་གི་ཕྱོགས་སུ་མ་ལྷུང་ལ། །རང་བྱུང་ཡེ་ཤེས་དོན་ལ་སྤྱོད། །དཔེར་ན་གཅན་གཟན་སེང་གེ་ཡིས། །སྡེར་ཆགས་ཟིལ་གྱིས་མནན་པ་བཞིན། །རྫོགས་ཆེན་རང་སྐད་སྨྲ་ཞིང་ཐེག་དམན་ཟིལ་གྱིས་གནོན། །རྫོགས་ཆེན་རང་སྐད་སྨྲས་ནས་རང་གི་དོན་ལ་འཇོག །རྫོགས་ཆེན་ཡུལ་ལ་སངས་རྒྱས་སེམས་ཅན་མེད། །རྫོགས་ཆེན་གཞི་ལ་བཟང་དང་ངན་པ་མེད། །རྫོགས་ཆེན་ལམ་ལ་ཉེ་དང་རིང་བ་མེད། །རྫོགས་ཆེན་འབྲས་བུ་ཐོབ་དང་མ་ཐོབ་མེད། །རྫོགས་ཆེན་སྐུ་ལ་ཡིན་དང་མ་ཡིན་མེད། །རྫོགས་ཆེན་གསུང་ལ་བསྒྱུར་དང་མ་བསྒྱུར་མེད། །རྫོགས་ཆེན་ཐུགས་ལ་དངོས་པོ་མཚན་མ་མེད། །རྫོགས་ཆེན་དབྱིངས་ལ་ཟད་དང་སྟོངས་པ་མེད། །རྫོགས་ཆེན་གནས་ལ་མཐོ་དང་དམའ་བ་མེད། །རྫོགས་ཆེན་ཆོས་ལ་སྤྱོད་དང་མི་སྤྱད་མེད། །རྫོགས་ཆེན་རྩལ་ལ་རྫོགས་དང་མ་རྫོགས་མེད། །རྫོགས་ཆེན་རོལ་བར་ཤར་དང་མ་ཤར་མེད། །རྫོགས་ཆེན་དོན་ལ་བསྒོམ་དང་མི་བསྒོམ་མེད། །རྫོགས་ཆེན་རིག་པ་མཐོ་དང་མི་མཐོ་མེད། །རྫོགས་ཆེན་ཡེ་ཤེས་གསད་ཆེན་ཀུན་ལ་རོལ། །རྫོགས་ཆེན་མཐའ་ལ་འདི་ཞེས་བསྟན་དུ་མེད། །རྫོགས་ཆེན་དོན་ལ་ཚིག་དང་ཡི་གེ་མེད། །རྫོགས་ཆེན་རྒྱལ་པོའི་ལྟ་བ་དེ་བཞིན་གནས། །ཚིག་དང་ཡི་གེ་མེད་པ་རྫོགས་ཆེན་དོན་ལ་སྤྱོད། །གསལ་འགྲིབ་འཛིན་རྟོག་མེད་པར་


JL01_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྣང་བདེ་བའི་ཤུགས། །རྫོགས་ཆེན་དོན་ལ་དེ་བཞིན་གནས་མེད་པའོ། །ཞེས་སོ། །ལྟ་བ་དེའི་ངོ་བོ་འཕགས་པའི་བདེན་པ་གཟུང་འཛིན་གཉིས་དང་བྲལ་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཏེ། རྟོགས་བྱའི་སངས་རྒྱས་ཆོས་ཀྱི་སྐུ་དང་མཚུངས་ལྡན་དུ་ཡོད་པ་གང་ཞིག་གོ །དེ་སྐད་དུ་འཕགས་པ་དཀོན་མཆོག་སྤྲིན་ལས། གསོལ་བ། དེ་ཁོ་ན་ཞེས་བྱ་བ་དེ་ཅི་ལགས། བཀའ་སྩལ་པ། དེ་ཁོ་ན་ཞེས་བྱ་བ་ནི་ཡང་དག་པའི་དོན་གྱི་ཚིག་བླ་དགོས་སོ། །འདི་ནི་སོ་སོ་རང་གི་རིག་པ་ཡིན་ཏེ། ཚིག་དང་ཡི་གེ་དག་གིས་གདགས་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། སྨྲ་བ་དང་། བརྗོད་པ་དང་། རྟོག་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པ། འཕགས་པའི་ཡེ་ཤེས་ཀྱི་ཡུལ་ཏེ་ཡེ་ནས་ཇི་ལྟ་བ་བཞིན་དུ་འདུག་པའོ། །ཞེས་རྐང་པ་ཐམས་ཀ་དག་གི་དངོས་དོན་ཀྱང་གསལ་བར་བསྟན་ནོ། །འདི་ལྟར་མ་རྟོགས་པ་རྣམས་ཀྱིས་ཉེས་སྤྱོད་དང་བཅས་པའི་ཚུལ་ཁྲིམས་སམ། ལྟ་བ་ལ་མཆོག་ཏུ་འཛིན་པའི་བློས་སོ་སོར་རྟོག་པའི་ཤེས་རབ་ཞེས་བྱ་བ་དེ་ཡང་སྒྲ་དང་རྟོག་གེའི་ཡུལ་འབའ་ཞིག་ཏུ་དམིགས་ནས་བརྗོད་བྲལ་བློ་འདས་ཆེན་པོའི་ཡེ་ཤེས་ལ་སྐུར་པ་འདེབས་ཤིང་། ཐེག་པ་འོག་མའི་རྟོག་དཔྱོད་ཀྱི་ཏིང་ངེ་འཛིན་ལ་མཐའ་གཅིག་ཏུ་ཞེན་ནས་འཕགས་པའི་ལམ་གྱི་རྫོགས་རིམ་ཆེན་པོ་སྟོན་པའི་རྒྱུད་ལུང་ལ་གཤེ་བ་ནི་རྨུ་རྒོད་ཀྱིས་སེམས་རྣམ་པར་དཀྲུགས་པ་ཡིན་ཏེ་ལྷག་པའི་བསམ་པ་སྐུལ་བའི་མདོ་ལས། བྱམས་པ་འདི་ལ་མང་དུ་ཐོས་པས་རྒྱགས་ཤིང་དྲེགས་པ་དག་ནི། ཡང་དག་པའི་ཚུལ་བཞིན་ཡིད་ལ་བྱེད་པ་དང་བྲལ་


JL01_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སེམས་ཀྱི་རྒྱུད་རྨུ་རྒོད་དུ་གྱུར་པ་ཡིན་ཏེ་ཞི་གནས་དང་ལྷག་མཐོང་དང་བྲལ་ཞིང་སངས་རྒྱས་ཀྱི་ཆོས་རབ་ཏུ་ཟབ་མོ་ལས་རིང་བ་ཡིན་ནོ། །ཞེས་སོ། །དེ་བས་ན་ལྟ་བ་ཟབ་མོ་ལ་བློ་ཆོད་ཀྱི་ཐལ་འགྱུར་འགོད་པ་ནི་ཉེས་པ་མི་བཟད་པས་ན་ངེས་པའི་དོན་བསྒོམ་བྱུང་གི་ཤེས་བྱའི་གཤིས་ཐོག་ཏུ་གཏན་ལ་འབེབས་པའི་རྡོ་རྗེའི་ཚིག་གི་རྒྱུད་དོན་ཟབ་མོ་ནི་རྟོག་གེའི་བསམ་བྱུང་གི་ཤེས་བྱས་གཏན་ལ་མི་ཕེབས་པའི་ཚུལ་འཕགས་པ་དགོངས་པའི་ངེས་འགྲེལ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་གསོལ་བ། བདག་གིས་དེ་བཞིན་གཤེགས་པ་གྲགས་བརྒྱ་ཆེན་གྱི་ཞིང་ཁམས་དྲེགས་པ་ཅན་ཞེས་བྱ་བར་ཕྱིན་པའི་ཚེ་མུ་སྟེགས་ཅན་རྣམ་པ་མང་པོ་དོན་མེད་པའི་མཚན་ཉིད་སེམས་པར་བགྱིད། འཇལ་བར་བགྱིད། རྟོག་པར་བགྱིད། འཚོལ་བར་བགྱིད་པ་ལས། ཡང་དག་པའི་དོན་མ་རྟོགས་ནས་བློ་གྲོས་ངན་པ་དེ་དག་གཅིག་ལ་གཅིག་རྩོད་པར་གྱུར། གཤེ་བར་གྱུར། ཞེར་འདེབས་པར་གྱུར། ཚར་གཅོད་པ་དག་མཐོང་ནས། ཀྱེ་མ། དེ་བཞིན་གཤེགས་པ་རྣམས་ཀྱི་དོན་དམ་པ་ནི་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པ་བསྟན་ན་སྙམ་མོ། །བཀའ་སྩལ་པ། ཆོས་འཕགས་ང་ནི་ཡང་དག་པར་རྟོག་གེ་ཐམས་ཅད་འདས་པར་སངས་རྒྱས་སོ། །སངས་རྒྱས་ནས། རྣམ་པར་ཕྱེའོ། །གསལ་བར་བྱས་སོ། །དོན་དམ་པ་ནི་འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་གིས་རིག་པར་ངས་བཤད་ལ། སོ་སོའི་སྐྱེ་བོ་རྣམས་ཀྱིས་རིག་པར་བྱ་བ་ནི་རྟོག་གེའི་ཡུལ་ཡིན་ནོ། །རྟོག་གེ་ནི་མཚན་མའི་སྤྱོད་ཡུལ་ཡིན་ནོ། །དོན་དམ་


JL01_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བརྗོད་དུ་མེད་པ་ཡིན་ནོ། །རྟོག་གེ་ནི་རྩོད་པ་མངོན་པར་འཕེལ་བ་ཡིན་ནོ། །དོན་དམ་པ་ནི་རྩོད་པ་ཉེ་བར་ཞི་བ་ཡིན་ནོ། །ཡང་དག་པར་ནི་རྟོག་གེས་བརྟག་པའམ། རྗེས་སུ་དཔག་པའམ། གཞལ་བར་མི་ནུས་སོ། །སོ་སོ་རང་རིག་ཚད་མེད་སྤྱོད་ཡུལ་ནི། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པས། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེའི་ཡུལ་ལས་འདས་པའོ། །ཞེས་སོ། །དེ་སེམས་ཅན་གྱི་རྒྱུད་ལ་ཞུགས་ཚུལ་ནི་འཁོར་ལོ་ཐ་མའི་དོན་གྱིས། དབང་པོ་རྣོན་པོའི་ངོར་ཤེས་བྱའི་གཤིས་ཇི་ལྟར་གནས་པ་ལྟར་བསྟན་པ་སྟེ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལས། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་རང་བཞིན་ཡོངས་སུ་དག་པ་མི་འགྱུར་མི་འཕོ་བར་སྟོན་ཏོ་ཞེས་པ་ལ་སོགས་པས་ཤིན་ཏུ་གསལ་བར་བསྟན་ཅིང་། སློབ་དཔོན་འཕགས་པའི་ཆོས་དབྱིངས་བསྟོད་པ་ལས་ཀྱང་། ས་ཡི་དཀྱིལ་ན་གནས་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པར་ཡང་། རྒྱུད་བླ་མར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། རྩ་ཤེ་ལས། དེ་བཞིན་གཤེགས་པའི་རང་བཞིན་གང་། །འགྲོ་བ་འདི་ཡི་རང་བཞིན་ཡིན། །ཞེས་སོ། །དེ་ལྟ་མོད་ཀྱི་འདི་ལ་དྲང་ངེས་ཀྱི་བརྒལ་བརྟག་མང་ཀྱང་ཉ་ལམ་དུ་ཆུ་བདེ་བ་ལྟར་ཚིག་ལམ་དུ་ཐ་


JL01_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་བདེ་བའི་ལྟར་སྣང་ཙམ་གྱིས་སྙིང་པོའི་རང་བཞིན་ངེས་དོན་དུ་མི་མཐོང་བའི་ཚུལ་སངས་རྒྱས་ཀྱི་སྙིང་པོའི་མདོ་ལས། གང་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྙིང་པོ་མཐོང་བ་མ་ཡིན་ནོ། །དཔེར་ན་དམུས་ལོང་ཞིག་གིས་གཞན་ཞིག་ལ་མར་གྱི་ཁ་དོག་དྲིས་པ་ལས་ཁ་བ་འདྲའོ་ཞེས་སྨྲས་པ་དག །དེས་ཁ་པ་ལ་ལག་པ་རེག་པས་མར་གྱི་ཁ་དོག་གྲང་མོར་འཛིན་ཏོ། །སྨྲས་པ། ངང་པའི་གཤོག་པ་འདྲའོ། །ངང་པའི་གཤོག་སྒྲ་ཐོས་པས་ཁ་བའི་ཁ་དོག་འུར་འུར་པོར་འཛིན་ཏོ་དྲིས་པ་གཤོག་པའི་ཁ་དོག་ཅི་འདྲ། དུང་དང་འདྲའོ། །དུང་ལ་རེག་པས་འཇམ་པོར་འདུག་ནས་དེ་ཡང་འཇམ་པོར་འཛིན་ཏོ། །ཇི་ལྟར་སྨྲས་ཀྱང་དམུས་ལོང་གིས་ཁ་དོག་ཇི་ལྟ་བ་བཞིན་མི་ཤེས་པ་དེ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་མཐོང་བ་རབ་ཏུ་དཀའོ། །ཞེས་སོ། །དེ་ལྟར་དཀའ་བ་ཡང་ཕུང་པོ་ལྔའི་ཉེ་བར་ལེན་པ་ལས་གཞན་ཅི་ཡང་མ་ཡིན་པས་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་འདས་པའི་འཕགས་པའི་ཡེ་ཤེས་བསལ་བཞག་མེད་པ་མངོན་དུ་མཐོང་བའི་ཚེ། ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་དགོངས་པ་གཅིག་ཏུ་གནས་པའི་ཚུལ་ཟླ་བ་སྒྲོན་མའི་མདོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམས་ན་ནི། །དེ་དག་ཐམས་ཅད་བསྒོམ་པར་འགྱུར། །སངས་རྒྱས་ཇི་སྙད་ཐམས་ཅད་ཀྱིས། །ཆོས་རྣམས་མང་པོ་རབ་བཤད་པ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །མི་གང་དོན་ལ་མཁས་པ་དག །


JL01_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་འདི་བསླབ་པར་གྱུར་པ་ལས། །སངས་རྒྱས་ཆོས་རྣམས་དཀོན་མ་ཡིན། །ཞེས་སོ། །དེ་ལྟར་ཡང་གདུལ་བྱ་བཀྲི་ཚུལ་གྱི་རིམ་པ་གསུམ་ལ་ལྟོས་ནས་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དཔེར་ན་འདི་ལྟ་སྟེ། ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ་ལན་ཚྭའི་ཆུ་རྣོན་པོས་སྤངས་ནས་སྐྲའི་རེ་བས་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྤངས་ནས་བལ་གྱི་ལ་བས་ཡོངས་སུ་སྦྱང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུབས་སྤངས་ཏེ་རས་སྲབ་མོས་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ན་བཻཌཱུ་རྱའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས་མ་རིག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་གཅད་བའི་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པར་མཛད་དེ། འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདེར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་


JL01_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་པའི་རྒྱུད་ཅན་གྱི་སེམས་ཅན་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་པར་མཛད་དོ། །ཞེས་སོ། །དཔེ་དེས་ནི་སེམས་ཅན་གྱི་ཁམས་དྲི་མ་དང་བཅས་པས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་དང་མཚུངས་པར་སྦྱར་ནས་ཐོག་མར་ལན་ཚྭའི་ཆུ་དང་སྐྲའི་རེ་བས་བྱི་དོར་བྱེད་པ་འཁོར་ལོ་དང་པོའི་སྦྱོང་བྱེད་དང་། དེ་རྗེས་ཉའི་ཁུ་བ་དང་བལ་གྱིས་བྱི་དོར་བྱེད་པ་འཁོར་ལོ་བར་པའི་སྦྱོང་བྱེད་དང་། དེ་ནས་ཨ་རུ་རའི་ཁུ་བ་དང་རས་སྲབ་མོས་བྱི་དོར་བྱེད་པ་འཁོར་ལོ་ཐ་མའི་སྦྱོང་བྱེད་དུ་བསྟན་ནས། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དག་བྱེད་མཐུ་ཆེ་བར་བསྟན་པས་འཁོར་ལོ་དང་པོས་སེམས་ཅན་རྣམས་འཁོར་བ་ལས་བློ་ལྡོག་པའི་དོན་གཙོ་བོར་བྱེད་པ་དང་། གཉིས་པས་དེ་བཞིན་གཤེགས་པའི་ཁམས་ཀྱི་མཚན་ཉིད་སྟོན་པ་དང་། གསུམ་པས་བསམ་པ་སྣ་ཚོགས་པའི་སེམས་རྒྱུད་ཅན་ལ་སྙིང་པོ་དེ་རང་ཆས་སུ་ལྡན་པར་བསྟན་པས་ན། ཐེག་ཆེན་གྱི་རིགས་ཅན་གཉིས་ལས་བར་པའི་ཆེད་དུ་བྱ་བའི་གདུལ་བྱས་འཁོར་ལོ་ཐ་མ་ལ་མ་ལྟོས་བར་བར་པའི་དགོངས་པ་རང་སྟོབས་ཀྱི་དཔྱོད་ནུས་ལ། ཐ་མའི་ཆེད་དུ་བྱ་བའི་གདུལ་བྱས་དེ་ལྟར་དཔྱོད་མི་ནུས་པ་བར་པའི་དགོངས་པ་འཚོལ་བ་ལ་ཞུགས་པས་སྔ་ཕྱི་དེ་གཉིས་དབང་པོ་རྣོ་རྟུལ་དུ་འདོད་པའི་ཚུལ་ཐོས་བསམ་གྱིས་དཔྱད་པ་རྣོན་པོས་ལྟ་བ་གཏན་ལ་འབབས་པའི་དུས་ན་འཐད་པ་དང་བཅས་ཤིང་། འོན་ཀྱང་དེ་ཁ་ཕྱིར་བལྟས་


JL01_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཡུལ་ཡིད་དཔྱོད་ཀྱི་ལྟ་བ་ཡིན་པས་ཤེས་བྱའི་གཤིས་ལ་ཇི་ལྟར་གནས་པ་ལྟར་མཐོང་བའི་ཚུལ་དག་བྱེད་ནུས་པ་ཇེ་ཆེར་སོང་བའི་གོ་རིམ་བཤད་མ་ཐག་པས་ཀྱང་ལེགས་པར་ཁ་ཚོན་ཆོད་པ་ཡིན་ནོ། །དེ་བས་འདི་ལྟར་ངེས་པའི་དེ་ཁོ་ན་ཉིད་མ་ནོར་བ་ནི་སྒྲ་ཚིག་གི་ལམ་དུ་མི་གནས་པས་སྔགས་ལམ་དུ་བྱིན་རླབས་དང་ཐབས་ལ་བརྟེན་ནས་རང་རྒྱུད་ལ་སྒྲ་ཇི་བཞིན་པར་རྟོགས་པ་ཡིན་པས་ན་དག་བྱེད་ཀྱི་རྫས་ལ་བརྟེན་པའི་དཔེ་དོན་ཡང་མི་འཛོལ་ཞིང་དངོས་དོན་ལ་གནས་པ་ཉིད་དེ། དགོངས་འགྲེལ་ལས། འཁོར་ལོ་དང་གཉིས་སོ་སོར། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི་ཞེས་དྲང་དོན་དུ་བཞག་ནས། ཐ་མ་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་བའི་གཞིའི་གནས་སུ་མ་གྱུར་པ་ལགས་སོ། །ཞེས་པས་གསལ་ལོ། །ཁ་ཅིག་ན་རེ། དེ་ལྟ་ན་བདེ་གཤེགས་སྙིང་པོ་དེ་སེམས་ཅན་གྱི་ཁམས་ལ་བེམ་པོ་ལྟར་བཞུགས་སམ་རིག་པ་ལྟར་བཞུགས། དང་པོ་ལྟར་ན་མུ་སྟེགས་བྱེད་ཀྱི་བདག་དང་མཚུངས་ཏེ། ཤེས་པ་མེད་པ་དེ་གཟུགས་ཅན་དུ་ཡོད་པར་ཡང་མི་འདོད་པས་སུས་ཀྱང་མི་མཐོང་བར་སྟོན་པ་བཞིན་ནོ། །གཉིས་པ་ལྟར་ན་སྙིང་པོ་དེ་འདུས་བྱས་སུ་འགྱུར་ཏེ་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་བཅས་པའི་ཕྱིར་རོ་ཞེ་ན། དང་པོ་ལྟར་གྱི་གནོད་


JL01_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མེད་དེ་རྣམ་ཐར་གསུམ་ལྡན་དུ་བལྟར་མི་མངོན་པར་བཞུགས་པའི་མཚན་ཉིད་མུ་སྟེགས་བྱེད་ཀྱི་མི་ཤེས་པས་ཆེ་ཆུང་གི་ཚད་དུ་བྱེད་ཅིང་སྐུ་དང་ཡེ་ཤེས་ཀྱི་ཆོས་སུ་མི་འདོད་པས་སོ། །དེ་སྐད་དུ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་། ཡངས་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེས་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོས་བསྟན་པར་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བའི་དོན་དུ། དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། བློ་གྲོས་ཆེན་པོ་མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །ཞེས་པས་འདི་ལ་རྣམ་པར་ཐར་པའི་སྒོ་གསུམ་གྱི་མཚན་ཉིད་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པས་བེམ་པོ་ལས་ཡང་དག་པར་འདས་པའོ། །ཞེས་པས་བསྟན་ཏོ། །གཉིས་པ་ལྟར་ཡང་མ་ཡིན་ཏེ་སྙིང་པོའི་མཚན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉི་མ་ལྟ་བུ་དེ་ཉིད་སྦྱང་བྱ་གློ་བུར་བའི་དྲི་མ་འཁོར་བའི་རང་བཞིན་ཚོགས་བརྒྱད་ཀུན་གཞི་དང་བཅས་པའི་ཉེར་ལེན་གྱི་སྤྲིན་སྦུབས་ན་ཡོད་པ་གང་ཞིག་སྔགས་ལམ་དུ་དབང་དང་བསྐྱེད་རྫོགས་ལ་སོགས་པའི་ཐབས་ཟབ་མོས་


JL01_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བ་སྟེ། དཔལ་ཕྲེང་གིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་བློ་བུར་དྲི་མའི་སྦུབས་ལས་མ་གྲོལ་བ་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ། །ཞེས་སོ། །ཁྱད་པར་རྫོགས་པ་ཆེན་པོ་ལས་ནི་སེམས་དང་སེམས་བྱུང་དབྱིངས་སུ་ཞི་བའི་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་བྱ་བྲལ་བློ་འདས་ཆེན་པོའི་རྒྱུན་དང་བཞག་རང་གནས་ལ་བཟོ་མི་འཆོས་པས་རྩལ་སྣང་གློ་བུར་བའི་དྲི་མ་རང་དེངས་ལ་འགྲོ་བ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ངང་ལ་གནས་པས་གཡོ་མེད་ལྷུན་གྱིས་གྲུབ། །རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། །མ་བཅོས་ཇི་བཞིན་པ་རུ་གནས་པ་དེ། །བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན། །གཅིག་ལ་གཉིས་སུ་བལྟས་པས་སྒོམ་པ་ནོར། །ངོ་བོ་གཅིག་ལ་གཉིས་ཀྱིས་ཐེབ་པ་མེད། །ཅེས་སོ། །དེ་ལྟ་ན་ཁམས་ཀྱི་དྲི་མ་བླང་དོར་གྱིས་སྦྱང་དུ་མེད་པས་ཐ་མལ་པ་དང་ཁྱད་པར་མེད་དོ་སྙམ་ན། མངོན་རྟོགས་རྒྱན་ལས། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད་ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟར། རང་གི་རང་བཞིན་ཤེས་ན་ཕུང་པོ་ལྔའི་དྲི་མས་གདོད་ནས་གོས་མ་མྱོང་བས་བྱང་ལ། དེ་ལྟར་མ་གོས་པ་ལ་ཚོགས་བརྒྱད་དང་བཅས་པའི་བློས་བསལ་བཞག་གཉིས་ཀ་མེད་པས་ཆུབ་པ་དང་འཆར་ཚུལ་ཅི་ཡང་མ་འགགས་པས་སེམས་ཅན་ཞེས་བྱ་སྟེ། །ཀུན་བྱེད་ལས། བྱང་བའི་དོན་ནི་འདི་ལྟ་སྟེ། །སྙིང་པོ་བྱང་ཆུབ་སེམས་འདི་ནི། །རང་བྱུང་ཡེ་ནས་རྣམ་དག་པས། །ཀུན་བྱེད་རྒྱལ་པོས་བྱས་པ་ཀུན། །ཀུན་བཟང་ཉིད་


JL01_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནམ་དག་པས། །བྱང་ཞེས་བྱ་བ་བཤད་པ་ཡིན། ཆུབ་ཅེས་བྱ་བ་འདི་ལྟ་སྟེ། སྙིང་པོ་རང་བྱུང་ཡེ་ཤེས་དེས། །སྣང་བ་དང་ནི་སྲིད་པ་དང་། །སྣོད་དང་བཅུད་ཀྱིས་བསྡུས་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་དང་། །དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཀུན་ལ་ཆུབ་སྟེ་ཁྱབ་པང་གནས། །དེས་ན་ཆུབ་ཅེས་བྱ་བར་བཤད། །སེམས་ཀྱི་དོན་ནི་འདི་ལྟ་སྟེ། །སྣང་སྲིད་སྣོད་བཅུད་ཐམས་ཅད་ལ། །འཇུག་ཅིང་དབང་བསྒྱུར་གསལ་བར་སྤྱོད། །དེས་ན་སེམས་ཞེས་བྱ་བར་བཤད། །ཅེས་སོ། །དེ་བས་ན་བློའི་འཛིན་སྟངས་ཀྱིས་ཆེད་དུ་མ་དཔྱད་པར་ཡང་རྣམ་པར་བྱང་བའི་ཆོས་ཐམས་ཅད་རིག་པའི་ཆོས་ཉིད་སྐད་ཅིག་མའི་ངང་དུ་རྫོགས་པ་སྟེ། ཀུན་བྱེད་ལས། འདི་ལ་མ་རྫོགས་གང་ཡང་མེད། །གཅིག་རྫོགས་གཉིས་རྫོགས་ཀུན་རྫོགས་པས། །བྱ་བ་ཕུན་སུམ་ཚོགས་པར་བདེ། །གཅིག་རྫོགས་བྱང་ཆུབ་སེམས་སུ་རྫོགས། །གཉིས་རྫོགས་སེམས་ཀྱིས་བྱས་པར་རྫོགས། །ཀུན་རྫོགས་ཕུན་སུམ་ཚོགས་པར་རྫོགས། །གཅིག་ལ་རྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་འདི་ལ་གནས། །ཀུན་རྫོགས་པ་ཡི་དོན་འདི་ཡིས། །ཐམས་ཅད་ཕུན་སུམ་ཚོགས་པར་བྱེད། །བྱ་མེད་འདི་ལ་གང་གནས་པ། །ལུས་འདི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱས་ནས། །རྩོལ་སྒྲུབ་མི་བྱེད་བདེ་བར་གནས། །ཞེས་སོ། །དེ་ལྟ་བུའི་ཆོས་ཀྱི་སྦྱིན་པ་ལས་ཕུལ་དུ་ཕྱིན་པ་མེད་པས་ཤིན་ཏུ་དང་གོང་དུ་འགྲོ་བ་གཞན་མེད་པས་ཆེན་པོའི་སྒྲ་ཞུགས་པ་ནི་འཕགས་པ་འཇིག་རྟེན་འཛིན་གྱི་དྲིས་པ་ལས་ཀྱང་ནམ་མཁའ་


JL01_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོའོ། །ཞེས་པས་ཨ་ཏི་ཡོ་གའམ་རྫོགས་པ་ཆེན་པོའི་མཚན་གཞིའང་གསལ་བར་ལུང་བསྟན་ཏོ། །གང་དུ་རྒྱ་ཆེའི་ལམ་བཟང་དམ་པའི་དོན། །མཐའ་དག་བློ་ཡི་བྱི་དོར་ཁོ་ནའི་ཕྱིར། །སྡོམ་པ་གསུམ་དང་ཕྱིན་དྲུག་བསྐྱེད་རྫོགས་སོགས། །ཀུན་ཀྱང་རྫོགས་པ་ཆེན་པོའི་ལམ་སྟེགས་ཡིན། །དེ་ལ་དེ་བཞིན་གཤེགས་པའི་བསྟན་པ་ཐམས་ཅད་ཀྱི་སྙིང་པོའི་བརྗོད་བྱ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ཏེ། གསང་བ་གྲུབ་པ་ལས། ཤེས་རབ་ལྷ་མོ་བླ་ན་མེད། །འདི་ནི་ཕ་རོལ་ཕྱིན་ཅེས་བརྗོད། །གལ་ཏེ་ཤེས་ནས་བསྒོམས་གྱུར་པ། །སེམས་ཅན་ཀུན་ལས་རྣམ་གྲོལ་འགྱུར། །ཞེས་སོ། །དེ་ལྟ་ནའང་ཡེ་ནས་ཤིན་ཏུ་རྣམ་པར་དག་པའི་ཤེས་རབ་ཀྱི་རང་བཞིན་གང་ཡིན་པ་ནི་ཐ་སྙད་དང་བསམ་བྱུང་གི་ཤེས་བྱ་སྣ་ཚོགས་པའི་གཞན་དབང་དུ་གྱུར་ནས་ཤིན་ཏུའང་སྐོག་ཏུ་གྱུར་པར་བྱས་པ་ནི་རང་བཞིན་མེད་པའི་ཤེས་རབ་ཡང་དག་པ་རྫོགས་པ་ཆེན་པོའི་གྷུང་གིས་མངོན་སུམ་དུ་གཏན་ལ་འབེབས་པས་ན་སྡོམ་པ་གསུམ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྐྱེད་རྫོགས་ལ་སོགས་པ་མཐའ་དག་རྫོགས་པ་ཆེན་པོའི་ལམ་སྟེགས་སུ་གྱུར་པ་ཡིན་སྟེ། སྤྱོད་འཇུག་ལས་ཀྱངས་ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་པས་མཚོན་ནོ། །དེ་ལྟ་ན་ཕྱིན་དྲུག་གི་ཁོང་དུ་ཤེས་རབ་གནས་པས་ཁྱད་གཞི་མེད་པའི་ཁྱད་ཆོས་སོ་སྙམ་ན། ཤེས་རབ་ཡིན་པ་ཙམ་གྱིས་མི་ཆོག་སྟེ་མདོར་ན་བློའི་རྣམ་པ་ཉེ་བར་མ་ཞི་བའི་དགེ་རྩ་དང་རྟོག་དཔྱོད་ཀྱི་ཤེས་རབ་མེ་འབར་བ་ལྟ་བུས་ནི་གཉིས་མེད་


JL01_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་གི་དགོངས་པ་དྲན་བསམ་རང་རྒྱུད་པ་ལས་འདས་པའི་ཡེ་ཤེས་མཐོང་བར་མི་ནུས་ཏེ་འདི་ལྟར་སྡོམ་པ་གསུམ་དང་། ཕྱིན་དྲུག་དང་། བསྐྱེད་རྫོགས་ལ་སོགས་པ་ནི་ལམ་བདེན་འདུས་བྱས་པ་ཡིན་པས་སོ། །དེ་སྐད་དུ་མུ་ཏིག་ཕྲེང་བ་ལས། ལུང་དང་རིགས་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྷ་དང་བསྒོམས་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱི་དེ་ཉིད་སྒྲིབ་པར་འགྱུར། །བསམ་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་བསྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང་། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །ཞེས་སོ། །དེ་བས་ན་འཕགས་པའི་ཡེ་ཤེས་ཐད་དྲང་དུ་སྟོན་པའི་དུས་ན་ནི་ཤེས་རབ་ཉིད་ཀྱང་དམིགས་བསམ་ལས་འདས་པའི་གཤིས་ཐོག་ཏུ་ཕེབས་དགོས་ཏེ། སྡུད་པ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་གནས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །ཞེས་དང་། བསམ་གྱིས་མི་ཁྱབ་པའི་རིམ་པ་ལས། རང་བཞིན་མེད་པའི་རང་བཞིན་གྱིས། །ཤེས་རབ་ཆར་ནི་ཡང་དག་གནས། །ཞེས་སོ། །ཚུལ་དེ་ལྟ་བུས་རྫོགས་པ་ཆེན་པོའི་གྲུབ་མཐའ་བཤད་གཞི་ངེས་པར་མ་བྱས་ན་ཐོས་པ་ཆེ་ལ་བསྒོམ་པ་ཆུང་བ་དག་གིས་ཐབས་ཀྱི་ཆ་ཁྱད་དུ་གསོད་པའི་གྲུབ་མཐའ་འོ་ཞེས་འཕགས་ལམ་


JL01_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མི་རྟོག་པའི་ཆོས་ཉིད་ལ་བསྐུར་བ་འདེབས་བ་བྱུང་བའི་ཕྱིར་རོ། །ད་ནི་གཞིའི་བཞུགས་ཚུལ་གཏན་ལ་དབབ་པའི་ཕྱིར། འདིར་ནི་འཁོར་དང་མྱ་ངན་འདས་པའི་ཆོས། །དབྱིངས་ལས་མ་གཡོས་གཞན་དུ་གྱུར་པ་མེད། །འཁོར་འདས་མ་གྲུབ་གཞི་ཡི་ཆོས་ཉིད་ཀྱང། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་རྫོགས། །དེ་ལ་རྟོགས་ཏེ་སངས་རྒྱས་མ་བྱུང་བས་དབྱིངས་ལས་མ་གཡོས། འཁྲུལ་དེ་འཁོར་བ་མ་བྱུང་བས་གཞན་དུ་མ་གྱུར། གཉིས་ཀ་གྲུབ་པ་མེད་བཞིན་དུ་འཁོར་འདས་སུ་སྣང་བའི་ཆོ་འཕྲུལ་གྱི་བདག་ཉིད་ཅན་དེ་ནི་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན་དུ་ཡོད་པ་སྟེ་རང་ཤར་ལས། ང་མེད་པའི་སྔོན་རོལ་ན་གཞི་འདི་ལྟར་དུ་གནས་ཏེ། །གཞི་ཀ་དག་ཆེན་པོ་ཞེས་བྱ་སྟེ་ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ་དུ་གནས་སོ། །ངོ་བོ་དེ་མི་འགྱུར་བའི་ཡེ་ཤེས་མ་འགགས་པར་གསལ་བས་གཞོན་ནུ་བུམ་པ་སྐུའི་གནས་ལུགས་ཞེས་བྱའོ། །རང་བཞིན་འོད་ལྔའི་སྣང་བ་ཡང་མ་འགགས་སོ། །ཐུགས་རྗེའི་སྣང་བ་ནི་དཔེར་ན་ནམ་མཁའ་ལ་སྤྲིན་མེད་པ་ལྟ་བུའོ་ཞེས་སོ། །འདི་ནི་འཁོར་འདས་གཉིས་ཀའི་འཕྲོ་གཞི་དངོས་རྒྱུ་མ་རིག་པ་དང་བཅས་པའི་བདེ་བར་གཤེགས་པའི་སྙིང་པོ་ཅན་གསང་སྔགས་པ་ཐམས་ཅད་ཀྱི་མི་ཤིགས་པའི་ཐིག་ལེ་ཁམས་ཀྱི་སྦྱང་གཞི་དྲི་བཅས་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་ཡིན་ཏེ་རང་ཤར་ལས། དབྱིངས་དེའི་ངོ་བོ་ནི་ནམ་མཁའ་ལྟ་བུའོ། །རང་བཞིན་ནི་ངང་གིས་འོད་གསལ་བའོ། །ཐུགས་རྗེ་ནི་རིག་པའི་སྙིང་པོར་གནས་ཏེ་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་གྱུར་པའོ། །ཞེས་སོ། །དེ་ཉིད་ངང་ན་དག་པ་སངས་རྒྱས་དང་། །མ་དག་


JL01_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་འཁོར་འདས་གཉིས་ཀྱི་ཆ། །གཉིད་ཀྱི་ངང་ན་རྨི་ལམ་མི་གཡོ་བཞིན། །གང་ནས་མ་འོངས་གཞན་དུ་འཕོ་བའང་མེད། །དེ་ལ་གཞི་དེ་ཉིད་ཀྱི་ངང་ལས་གཞི་སྣང་ཤར་དུས་ཚོགས་བརྒྱད་ཀྱི་ཉེར་ལེན་སྤྲིན་དང་འདྲ་བ་རྣམས་རང་དེངས་པས་སངས་རྒྱས་དང་། གཞི་སྣང་དེ་ཉིད་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ཏེ་ཀུན་ཏུ་བཏགས་པ་ཅན་གྱི་རང་སྣང་ལ་ཡུལ་དུ་བཟུང་བས་གཟུང་འཛིན་གཉིས་སུ་མཆེད་དེ་འཁོར་བའི་རང་བཞིན་རྨི་ལམ་ལྟ་བུར་ཤར་བས་སེམས་ཅན་ཏེ། འཁོར་འདས་སུ་སྣང་ནའང་གཉིད་དུས་ཀྱི་རྨི་ལམ་གཉིད་ཀྱི་ངང་ལས་མི་གཡོ་བ་བཞིན་གཞན་ནས་གསར་བྱུང་ཀྱང་མེད་ལ། གཞན་དུ་འཕོས་པ་ཡང་མེད་པས་འཁོར་འདས་གཉིས་ཀའི་གཞི་ཞེས་བྱའོ། །དེ་ལ་གཞི་བདུན་གྱི་མཚན་ཉིད་སྐྱོན་ཅན་དུ་བསྟན་པ་དང་། ཀ་དག་ལྷུན་གྲུབ་ཀྱི་གཞི་སྐྱོན་མེད་རང་གཞུང་དུ་དགོད་པའོ། །དང་པོ་ནི། རེ་ཞིག་གཞི་ཡི་བཞུགས་ཚུལ་གྲུབ་པའི་མཐའ། །ཀ་དག་ལྷུན་གྲུབ་མ་ངེས་ངེས་པ་དོན། །ཅིར་ཡང་བཏུབ་དང་ཅིར་ཡང་ཁས་བླང་བཏུབ། །སྣ་ཚོགས་འདོད་པའི་གཞི་བདུན་ཐམས་ཅད་ཀྱང་། །ངོ་བོ་ཀ་དག་གཅིག་པུའི་ཕྱོགས་རེ་ལ། །སོ་སོར་བཏགས་པའི་རང་གཞུང་འཛིན་པ་གཞན། །ཁོང་ལོང་བདུན་གྱིས་གླང་པོའི་སྐྱེ་མཆོད་དང་། །ངང་པའི་ཁ་དོག་བརྗོད་པ་ཇི་བཞིན་ནོ། །དེ་ལ་རྫོགས་པ་ཆེན་པོའི་ལུགས་ཀྱི་གཞིའི་འདོད་ཚུལ་བདུན་དུ་བསྟན་པ་ནི། གཞི་ཀ་དག་ཏུ་འདོད་པ། གཞི་ལྷུན་གྲུབ་ཏུ་འདོད་པ། གཞི་མ་ངེས་པར་འདོད་པ། གཞི་ངེས་པ་དོན་གྱི་དངོས་གཞི་བར་འདོད་པ། གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ། གཞི་ཅིར་ཡང་ཁས་བླང་དུ་བཏུབ་བར་འདོད་པ།


JL01_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་སྣ་ཚིགས་སུ་འདོད་པ་དང་བདུན་ནོ། །དེ་ལྟར་བདུན་པོའང་ངོ་བོ་ཀ་དག་གི་རིག་པ་གཅིག་པོ་ལ་སོ་སོའི་འཐད་གཞུང་ཕྱོགས་རེ་བས་བཏགས་པ་སྟེ། ཀློང་དྲུག་པ་ལས། ཐོག་མ་བབས་ཀྱི་གྲུབ་པའི་གཞི། །ཡོད་ནི་གཅིག་ལས་མེད་པ་ལ། །འཁྲུལ་པར་སྣང་བའི་ཕྱོགས་དག་ནས། །རྟོགས་པ་རྣམས་ཀྱིས་གཏན་ཕབ་ན། །རིམ་པ་བདུན་གྱི་ཚུལ་དུ་སྣང་། །རིམ་པ་བདུན་ཀྱི་སྣང་བ་ཡང་། །ངོ་བོ་གཅིག་གི་སྣང་ཚུལ་ལས། །གཅིག་མ་ཤེས་པས་དེ་ལྟར་སྣང་། །འོན་ཀྱང་དེ་དོན་འདི་ལྟ་སྟེ། །ལྷུན་གྲུབ་ཉིད་དུ་གནས་པ་ལ། །སྣ་ཚོགས་འདུས་པས་སྙིང་པོར་སྣང་། །ངེས་པ་མེད་པར་གནས་པ་ལ། །འགྱུ་བྱེད་ཡིད་བཅས་རྣམ་པར་སྣང་། །ངེས་པར་རང་ངོར་གནས་པ་ལ། །དྲན་བྱེད་འཕོ་བ་མེད་པར་སྣང་། །བསྒྱུར་ཏུ་བཏུབ་པར་གནས་པ་ལ། །འབད་དེ་བློ་ཡི་རྣམ་པར་སྣང་། །ཅི་ཡི་ངོ་བོར་གནས་པ་ལ། །གང་སྣང་རང་གི་ངོ་བོར་སྣང་། །ཁྲ་བོ་དག་ཏུ་གནས་པ་ལ། །སྣ་ཚོགས་སོ་སོའི་ཚུལ་དུ་སྣང་། །ཀ་ནས་དག་པར་གནས་པ་ལ། །དྲི་མ་ཡེ་ནས་མེད་པར་སྣང་། །འདི་ཀུན་བློ་ཡི་རིམ་པ་ལས། །རང་དོ་ཀ་ནས་དག་པའོ། །ཞེས་སོ། །དེ་ལ་དང་པོ་གཞི་ཀ་དག་ཏུ་འདོད་པ་ནི་མི་རིགས་ཏེ། ཀ་དག་གི་རང་བཞིན་ནི་སྤྲོས་བྲལ་ཆེན་པོ་ལ་མ་རིག་པ་མི་ལྡན་པ་ཡིན་པས་དེ་ལ་འཁོར་བ་འབྱུང་བའི་འཁྲུལ་པ་སྐྱེ་མི་སྲིད་པའི་ཕྱིར་ཏེ། གཞི་དེ་ཉིད་མ་རིག་པའི་རྒྱུད་རྒྱུར་ཡང་མི་རུང་བའི་ཕྱིར་རོ། །མ་རིག་པ་གློ་བུར་གྱི་དྲི་མ་ཡིན་པས་སྐྱེ་བར་རུང་ངོ་ཞེ་ན། རྒྱུ་བཀག་པ་ལ་འབྲས་བུ་ཁེགས་པའི་ཁྱབ་པ་ཡོད་པའི་ཕྱིར་གློ་བུར་གྱི་དྲི་མ་མི་འདོད་དེ། བདེ་གཤེགས་སྙིང་པོའི་རང་ངོ་ནི་དྲི་


JL01_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཀློང་དྲུག་པ་ལས། །ངོ་བོ་ཉིད་ལ་ཡེ་དག་པས། །སེམས་ཅན་འཁོར་བ་འདི་མི་རིགས། །མ་རིག་དྲི་མ་ཡེ་ཟད་ཕྱིར། །ཞེས་པས་བསྟན་ཏོ། །སྔོན་གྱི་བླ་མ་རྣམས་ཀ་དག་གི་གྲུབ་མཐའ་འཛིན་ལ། ལྷ་རྗེ་ཟུར་ཆུང་བ་ལྷུན་གྲུབ་གྱི་གྲུབ་མཐའ་འཛིན་པས་ཡི་གེ་རྙིང་པ་རྣམས་སུ་བཤད་སྒྲོས་ཅི་རིགས་པར་ཡོད་ཀྱང་དཔྱད་པ་རྫོགས་པའི་མན་ངག་ཐེག་མཆོག་རིན་པོ་ཆེ་བཀའ་བཙན་པ་ཡིན་ནོ། །གཉིས་པ་གཞི་ལྷུན་གྲུབ་ཏུ་འདོད་པའང་མི་འཐད་དེ། ལྷུན་གྲུབ་ཡིན་ན་སོལ་བའི་ཁ་དོག་ལྟར་འགྱུར་བ་མེད་པའི་ཕྱིར་འཁོར་འདས་གཉིས་སུ་གྱེས་པའི་རྒྱུ་མེད་ཅིང་། འཁོར་བ་ཡིན་ཀྱང་མ་རིག་པ་གཞི་ལ་གྲུབ་པས་རྟག་ཏུ་འཁོར་ནས་གྲོལ་བར་མི་རིགས་ལ། མྱང་འདས་ཡིན་ཡང་དང་པོ་ནས་མྱང་འདས་སུ་ལྷུན་གྱིས་གྲུབ་པས་རང་ངོ་ཤེས་པ་ལ་སོགས་ཚོགས་གཉིས་ཀྱི་རྐྱེན་ལ་མི་ལྟོས་པའི་ཕྱིར་རོ། །དེ་སྐད་དུ་ཀློང་དྲུག་པ་ལས། ལྷུན་གྲུབ་སྣ་ཚོགས་གཞི་དེ་ཡང་། །ཡང་དག་གཞི་ཉིད་མ་ལགས་ཏེ། །གལ་ཏེ་ཡིན་ན་འདི་ལྟར་འགྱུར། །འདི་དག་སེམས་ཅན་འབད་པས་ནི། །གྲོལ་བ་ཉིད་དུ་མི་འགྱུར་ཏེ། །མ་རིག་ཉིད་ཀྱིས་སྦགས་པའི་ཕྱིར། །རིག་པ་ཡོད་པས་གྲོལ་གསུངས་ན། །འབྲས་བུའང་གྲོལ་ཉིད་མི་འགྱུར་རམ། །དཔེར་ན་སོལ་བ་ནག་པོ་ལ། །བྱི་དོར་དག་གིས་དཀར་པོ་ཡི། །མདོག་ཏུ་བསྒྱུར་བར་མི་ནུས་བཞིན། །རྒྱུ་དང་འབྲས་བུ་ཐ་དད་པས། །ཡང་ན་ལྷུན་གྲུབ་མ་ལགས་སོ། །དེ་བཞིན་རྒྱུ་དང་འབྲས་གཅིག་ན། །འབད་པ་རྣམས་ལ་དགོས་མེད་འགྱུར། །དེ་ཕྱིར་ལྷུན་གྲུབ་ཅེས་པའི་གཞི། །དོན་ངོ་བཏུབ་པ་ལགས་མ་ལགས། །ཀུན་ཏུ་བཟང་པོས་བདག་ལ་གསུངས། །སྟོན་པས་གསུངས་པ་


JL01_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེ། །ཇི་ལྟར་ཁྱོད་ཀྱི་གོ་བ་བཞིན། །འདི་ཉིད་ཤེས་བྱའི་ཆོས་ཙམ་ལས། །ཡང་དག་ངོ་བོ་མ་ཡིན་ནོ། །ཞེས་སོ། །གསུམ་པ་གཞི་མ་ངེས་པར་འདོད་པའང་མི་འཐད་དེ། གཞི་མ་ངེས་པ་དེ་འཁོར་འདས་འབྱུང་བའི་གཞི་ཡིན་ན་དྲི་མ་དག་ནས་ཀྱང་མ་དག་པར་ལྡོག་པའམ། མ་དག་ཀྱང་དག་པའི་རང་བཞིན་ཉིད་དུ་ཐལ་བར་འགྱུར་ཏེ་ས་ཟིན་མེད་པས་གང་དུའང་འགྱུར་བ་ཡིན་པའི་ཕྱིར་དང་། འདོད་ན་སྟེས་དབང་འགའ་ཞིག་གིས་སེམས་ཅན་ཡང་འབད་མེད་དུ་གྲོལ་བ་དང་། སངས་རྒྱས་ཀྱང་འཁོར་བར་ལྟུང་ནས་སྡུག་བསྔལ་ལ་སྤྱོད་པར་ཐལ་བས་འཁོར་འདས་ཀྱི་རྣམ་པའང་འཆོལ་པར་འགྱུར་ཏེ། ཀློང་དྲུག་པ་ལས། མ་ངེས་པ་ཡི་གཞི་གསུངས་པ། །འདི་ཡང་གཞི་ཉིད་མི་བཏུབ་པར། །བདག་གིས་བློ་རིམ་འདི་ལྟར་རོ། །འབྲས་བུ་རེས་འཇོག་ཅན་ཉིད་དམ། །ཡང་ན་ལྡོག་བཅས་ཉིད་དུ་འགྱུར། །མ་ངེས་ངེས་པ་ཅན་འགྱུར་ཞིང་། །མ་ངེས་པ་ནི་ངེས་ཅན་འགྱུར། །རང་གི་མ་ངེས་རང་ཡོད་པས། །ངེས་པ་ཡིན་ན་ལས་མཐའ་བཞིན། །འདི་ཀུན་ཤེས་བྱ་མ་ལགས་སམ། །སྟོན་པས་གསུངས་པ་དེ་བཞིན་ནོ། །ཞེས་སོ། །བཞི་པ་ངེས་པ་དོན་གྱི་དངོས་གཞི་བར་འདོད་བའང་མི་འཐད་དེ། གཞི་དེ་རྟོགས་ནས་ངེས་པར་འདོད་ན་རྟོགས་པའི་སྔོན་དུ་རྟོགས་གཞི་མྱང་འདས་ཡོད་དགོས་པས་མུ་སྟེགས་རྟག་པར་བལྟ་བ་དང་མཚུངས་པས་རྒྱུ་རྐྱེན་ལས་གྲོལ་བར་འདོད་པ་དང་འགལ་ལ་མ་རྟོགས་ཀྱང་གཞི་ཡིན་ན་གཞི་ཡིན་པར་གང་གིས་ཤེས། འཁོར་བའི་ངོ་བོ་མྱང་འདས་ཡིན་པས་ཤེས་སོ་ཟེར་ན། ངོ་བོ་མྱང་འདས་ཡིན་ན་


JL01_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་གྲོལ་མི་དགོས་ཏེ། ཆུའི་རང་བཞིན་ལ་གཤེར་བད་བཟོད་འཆོས་མི་དགོས་པ་བཞིན་ནོ། །དེ་སྐད་དུ་སྔ་མ་ལས། ངེས་པའི་གཞི་ཞེས་བསྟན་པ་ལ། །འདི་ཡང་ཡང་དག་སྙིང་པོ་མིན། །དཔེར་ན་མི་གསེར་ཅན་དག་ལ། །དུང་ལ་སེར་པོར་སྣང་བ་བཞིན། །རང་ལྡོག་པ་ཡི་ཁྱད་ཀྱིས་ནི། །རང་གཞན་གཉིས་མེད་ངེས་མཐའ་བྲལ། །དེ་ཕྱིར་དེ་ཡང་ཡང་དག་མིན། །ཡང་ན་རྒྱུར་ངེས་འབྲས་ངེས་པས། །བདག་རྟག་པ་དང་ཁྱད་མེད་འགྱུར། །འདི་ཡང་ཤེས་བྱ་མ་ལགས་སམ། །གསུངས་པ་དེ་ཡང་གོང་དང་མཚུངས། །ཞེས་སོ། །ལྔ་པ་ཅིར་ཡང་བསྒྱུར་དུ་བཏུབ་པ་ཡང་མི་འཐད་དེ། རྟག་པར་བསྒྱུར་རམ། མི་རྟག་པར་བསྒྱུར། རྟག་པ་བསྒྱུར་དུ་མི་རུང་སྟེ་ནམ་མཁའ་ལ་བཅད་གཏུབ་མི་ཕེར་བ་བཞིན་ནོ། །མི་རྟག་པ་བསྒྱུར་མི་དགོས་ཏེ་མ་བསྒྱུར་ཡང་འགྱུར་བ་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་གཞི་བསྒྱུར་དུ་རུང་ན་འབྲས་བུ་རྒྱུར་ལྡོག་པས་བེམ་པོ་རིག་པ་དང་། རིག་པའང་བེམ་པོར་འགྱུར་བ་སྟེ་སྔ་མ་ལས། བསྒྱུར་དུ་བཏུབ་ཅེས་སྔར་གསུངས་པ། རང་གི་གནས་ལུགས་བསྒྱུར་བཏུབ་ན། །འདི་ཡང་ངེས་པ་མེད་པར་མཚུངས། །འབྲས་བུ་ཉིད་ནི་རྒྱུར་ལྡོག་ཕྱིར། འབད་པ་རྣམས་ལ་དགོས་མེད་པས། །ཡང་དང་ཡང་དུ་ལྡོག་པས་ན། །བེམ་པོ་རྣམས་ནི་རིག་པ་རུ། །འགྱུར་བར་བཏུབ་པ་མ་ཡིན་བཞིན། །འདི་ཡང་ཤེས་བྱ་མ་ལགས་སམ། །གསུངས་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །དྲུག་པ་ཅིར་གང་ཡང་ཁས་བླང་དུ་བཏུབ་པའང་མི་འཐད་དེ། རི་བོང་གི་རྭ་དང་། མོ་གཤམ་གྱི་བུས་འཁོར་འདས་བྱེད་པར་ཡས་ཁས་བླང་བ་སོགས་ཐུག་པ་


JL01_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྐྱོན་དུ་འགྱུར་བའི་ཚུལ། །སྔ་མ་ལས། ཁས་ལེན་རྣམས་དང་ལྡན་པར་ནི། །སྟོན་པ་ཉིད་ཀྱིས་སྔར་གསུངས་པ། འདི་ཀུན་ཕྱོགས་ཀྱི་འཕེན་པ་ཙམ། །ཐམས་ཅད་ཡིད་དོར་བསྒྲུབ་པའི་ཕྱིར། །ཐུག་པ་མེད་པའི་སྐྱོན་འགྱུར་པས། །འདི་ཡང་ཤེས་བྱ་མ་ལགས་སམ། །སྟོན་པས་གསུངས་པ་སྔར་དང་མཚུངས། །ཞེས་སོ། །བདུན་པ་གཞི་སྣ་ཚོགས་སུ་འདོད་པ་ཡང་མི་འཐད་དེ། སྣ་ཚོགས་དེ་ཕྱི་སྣང་བ་ལ་འདོད་ན་གཞི་གཅིག་པོ་ཉིད་ཀྱང་དུ་མར་ཤར་བའི་ཉེས་པ་མི་ཁེགས་ལ། ནང་དུ་ཤེས་པ་ལ་འདོད་ན་ཤེས་པ་སྙམ་བྱེད་དུ་རྟོག་པ་ལྟར་གཞི་ཡང་སྙམ་བྱེད་དུ་ཐལ་བ་དང་། དེ་གཉིས་ཚོགས་པ་ལ་འདོད་ན་གཞི་དེ་ཡང་ཕྱི་རུ་གཟུང་བའི་ཡུལ། ནང་དུ་འཛིན་པའི་སེམས་དང་བཅས་པས་ཕན་ཚུན་རྟེན་དང་བརྟེན་པར་འབྲེལ་བས་དབྱིངས་གཅིག་པར་མི་རུང་སྟེ་སྔ་མ་ལས། སྟོན་པས་གོང་དུ་ཁྲ་བོར་གསུངས། །འདི་ཡང་ཕྱོགས་དང་མེ་འཐད་པས། །གོང་གི་ངོ་བོ་དེ་སྣང་བ། །འབྲས་བུ་ཐ་དད་དོན་དེ་གསུངས། །མང་བའི་སྒྲ་ཡིས་ཉམས་པའི་ཕྱིར། །འདི་ཡང་ཤེས་བྱ་མ་ལགས་སམ། །གསུངས་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །དེ་ལྟར་གཞི་བདུན་པོ་ནི་མཐར་འཛིན་གྱི་ཤེས་བྱས་རིག་པའི་ཕྱོགས་རེ་རྟོགས་པའི་ཆ་ལ་ཞེན་པ་ཁོང་ལོང་དུ་མས་གླང་པོ་ཆེའི་བྱང་གཟུགས་བརྗོད་པ་བཞིན་ཏེ། སྙིང་པོའི་མདོ་ལས། རྒྱལ་པོས་ལོང་བ་དུ་མ་བསགས་ཏེ་གླང་པོ་ཆེ་བསྟན་ནས། །གླང་པོ་ཆེའི་མཚན་ཉིད་སོ་སོར་སྨོས་ཤིག །ཅེས་བསྒོ་བ་ལས། གླང་པོ་ཆེའི་སྣ་ལ་རེག་པ་རྣམས་ནི་ལྕགས་ཀྱུ་འདྲའོ། །ཞེས་ཟེར་རོ། །མིག་ལ་རེག་པ་རྣམས་ནི་ཕོར་བ་འདྲའོ་ཞེས་ཟེར་རོ། །རྣ་བ་ལ་རེག་པ་རྣམས་ནི་ཞིབ་མ་དང་འདྲའོ་ཞེས་ཟེར་རོ། །རྒྱབ་ལ་རེག་པ་རྣམས་ནི་ཁྱོགས་དང་


JL01_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའོ་ཞེས་ཟེར་རོ། །མཇུག་མ་ལ་རེག་པ་རྣམས་ནི་ཐི་གུ་འདྲའོ་ཞེས་ཟེར་རོ། །ལོང་བ་རྣམས་ཀྱིས་གླང་པོ་ཆེ་ལས་གཞན་སྨྲས་པ་མ་ཡིན་ཡང་། ཐམས་ཅད་རྟོགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་རང་བཞིན་ཡང་། སྟོང་པ་ཉིད་དང་། སྒྱུ་མ་ལྟ་བུ་དང་། འོད་གསལ་ལ་སོགས་པ་ཐ་དད་པར་སྨྲས་ཀྱང་ཐམས་ཅད་དུ་རྟོགས་པ་ནི་མ་ཡིན་ནོ། །ཞེས་པ་ལྟར་རོ། །གཉིས་པ་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་གཞི་སྐྱོན་མེད་དུ་ཁས་བླང་བ་ནི། འདིར་ནི་ངོ་བོ་ཀ་ནས་དག་པ་ལ། །ཡོན་ཏན་ལྷུན་གྲུབ་གཅིག་དང་ཐ་དད་མིན། །དངོས་མཚན་སྤྲོས་པ་བྲལ་བས་ཀ་དག་ལ། །གཏིང་གསལ་འགག་པ་མེད་པས་ལྷུན་གྲུབ་བོ། །དེ་ཡང་ངོ་བོ་ཀ་དག་ཡིན་པས་སྟོང་པའི་ངོས་ནས་དངོས་པོ་དང་མཚན་མར་མ་གྲུབ་ལ་རང་བཞིན་ལྷུན་གྲུབ་ཡིན་པས་སྣང་བའི་ངོས་ནས་གཏིང་གསལ་འགག་པ་མེད་པའི་ཕྱིར་རྟག་ཆད་ཀྱང་ཞར་ལ་སྤོང་བ་སྟེ། ཀློང་དྲུག་པ་ལས། ངོ་བོ་ཉིད་ལ་ཀ་དག་པས། །རང་བཞིན་དུ་ནི་ལྷུན་གྲུབ་བོ། །ཞེས་དང་། མུ་ཏིག་ཕྲེང་བར་ཡང་། ངོ་བོ་ཀ་དག་བརྗོད་གཞི་བྲལ། །རང་བཞིན་ལྷུན་གྲུབ་ཅིང་སྣང་རྫོགས། །ཞེས་སོ། །དེ་ལྟ་ན་རྒྱུད་ལས་གཞི་བདུན་གྱི་གཏན་ལ་དབབ་པ་ཡིན་ན་འདིར་བརྒྱད་དུ་ཐལ་བར་མི་འགྱུར་རམ་ཞེ་ན། ཀ་དག་དང་ལྷུན་གྲུབ་བྱེད་ལས་གཉིས་སུ་ཕྱེ་ཡང་། ཚོགས་པ་གཅིག་གིས་བསྡུས་པས་གྲངས་ལ་འགལ་བ་མི་འདུ་ཞིང་། དེ་གཉིས་རྫས་ཐ་དད་པའི་དུས་ན་ཀ་དག་ཡིན་ན་འཁྲུལ་མི་ཤེས་པ་དང་། ལྷུན་གྲུབ་ཡིན་ན་འགྱུར་མི་ཤེས་པས་འཁོར་འདས་འབྱུང་བའི་གཞིར་མི་རུང་བའང་ལྡོག་པ་མ་འདྲེས་ལ་ངོ་བོ་གཅིག་པའི་ཆས་སྤོང་ནུས་པ་ཡིན་ནོ། །དེ་གཉིས་ཐ་དད་དུ་འདོད་པ་ན་རེ། ཁྱེད་ཀྱིས་ཀ་དག་དང་ལྷུན་གྲུབ་སོ་སོ་བའི་གནས་སྐབས་དེ་སྐྱོན་ཅན་དུ་བསྒྲུབས་ན། འདིར་ཡང་གཞི་གཅིག་ལ་རྫས་འགལ་བའི་སྐྱོན་མི་འདུའམ་ཞེ་ན། སྟོང་ངོས་དོན་དམ་གྱི་ཆ་ནས་


JL01_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དག་དང་། སྣང་ངོས་ཀུན་རྫོབ་ཀྱི་ཆ་ནས་ལྷུན་གྲུབ་ཅེས་ཚིག་བླ་དྭགས་སུ་བཏགས་པ་ལས་རྫས་ཐ་དད་པ་མེད་དེ། བྲམ་ཟེ་མི་ཡིན་ཀྱང་རིགས་ཀྱི་སྒོ་ནས་དེར་བཏགས་པ་བཞིན་ནོ། །དེ་བས་ན། གཞི་གཅིག་རྫས་སུ་འགལ་བའང་མ་ཡིན་ཏེ། །གཉིད་དུ་ཕྱོགས་དང་གཉིད་དུས་ཤེས་པ་ལྟར། །ངོ་བོ་ཀ་དག་ཡིན་པས་འཁོར་མ་མྱོང་། །ལྷུན་གྲུབ་རྩལ་ལ་རོལ་པ་ཅིར་ཡང་སྣང་། །དེ་སྐད་དུ་ངོ་བོ་ཀ་ནས་དག་པའི་ཆ་ནས་སེམས་ཅན་དུ་འཁྲུལ་བ་མི་སྲིད་ཀྱང་། རང་བཞིན་ལྷུན་གྲུབ་ཀྱི་རྩལ་ལམ། རོལ་པ་ལས་དེ་ལྟར་སྣང་ཞིང་མི་འགལ་བ་ཡིན་ཏེ། དཔེར་ན་གཉིད་དུ་ཕྱོགས་པ་ནས་གཉིད་དུས་ཀྱི་སྐབས་ཏེ། རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པའི་ཤེས་ངོ་ལ་རྨི་ལམ་མད་ཀྱི། མཆོད་པའི་མདངས་རླུང་གི་ཆས་ཁུར་བའི་སྣང་ངོ་ལ་རྨི་ལམ་དུ་སྣང་བ་བཞིན་ནོ། །འོ་ན་འཁྲུལ་གཞི་ཞེས་བྱ་བ་དེ་བདེ་གཤེགས་སྙིང་པོ་ལ་འདོད་དམ། མ་རིག་པ་རྒྱུ་དང་བཅས་པ་ལ་འདོད། དང་པོ་ལྟང་ན་སངས་རྒྱས་ཀྱི་དགོངས་པ་འཁྲུལ་པ་དང་བཅས་པར་འགྱུར། གཉིས་པ་ལྟར་ན་འཁྲུལ་པའི་ངོ་བོ་མི་རྙེད་པར་འགྱུར་ཞེ་ན། ངོ་བོ་ཀ་དག་དེ་བདེ་གཤེགས་སྙིང་པོ་ཡིན་པས་ནམ་ཡང་འཁྲུལ་མ་མྱོང་། མི་མྱོང་། མྱོང་བར་མི་འགྱུར་ལ། རང་བཞིན་ལྷུན་གྲུབ་གྱི་རྩལ་ལ་ཀུན་གཞི་ཚོགས་བརྒྱད་དང་བཅས་པས་རང་ངོ་མ་ཤེས་ན་འཁྲུལ་ཞིང་ཤེས་ན་གྲོལ་བའི་འཐད་པ་དང་བཅས་པ་སྟེ། ཀློང་དྲུག་པ་ལས། ངོ་བོ་ཉིད་ལ་ཀ་དག་པས། །སེམས་ཅན་འཁོར་བ་འདི་མི་རིགས། །རིག་པ་དྲི་མ་ཡེ་ཟད་ཕྱིར། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར། །དེ་


JL01_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་འགགས་རོལ་པར་སྣང་། །སེམས་དཔའ་ཉིད་ཀྱིས་ཡང་གསོལ་བ། །རང་བཞིན་ཉིད་ལ་ལྷུན་གྲུབ་ན། །སེམས་ཅན་འདི་དག་རང་གྲོལ་རིགས། །ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། །གསུངས་པ་སེམས་ཅན་འདི་དག་ནི། །ངོ་བོ་ཀ་ནས་དག་པའི་ཕྱིར། །གྲོལ་བ་རྣམས་དང་རོལ་བར་སྣང་། །བྱང་ཆུབ་སེམས་དཔས་ཡང་གསོལ་པ། །ངོ་བོ་ཉིད་ནི་ཀ་དག་པས། །ལྷུན་གྲུབ་ལ་ཡང་དགོས་མེད་འགྱུར། །ཡང་ན་ལྷུན་གྱིས་གྲུབ་པའི་ཕྱིར། །ཀ་ནས་དག་པ་མེད་པར་འགྱུར། །སྟོན་པས་གསུངས་པ་འདུག་ཚུལ་ལ། །གང་གིས་བརྗོད་པའི་ཚིག་མེད་ཀྱང་། །བརྗོད་པའི་སྒྲ་ཚིག་དང་བྲལ་བས། །ཅི་ཡི་ངོ་བོར་གྲུབ་མེད་ཕྱིར། །ཚིག་གིས་འདི་ལ་གནོད་པ་བྲལ། །སེམས་ཅན་བདག་འཛིན་བློ་ཡུལ་ལ། །སྣ་ཚོགས་དྲན་བསམ་མ་འགགས་པས། །ཚིག་གནོད་ངོ་བོ་ཁྱད་པར་མེད། །དོན་དམ་ཀུན་རྫོབ་ཐ་སྙད་ཕྱིར། །ཞེས་སོ། །ད་ནི་དེའི་དོན་མན་ངག་གིས་ཕྱེ་ནས་བྱེ་བྲག་ཏུ་བཤད་པའི་ཕྱིར། ཇི་ལྟར་བཻ་ཌཱུརྱ་ཡི་རང་འོད་ནི། །གཏིང་གསལ་རྐྱེན་གྱིས་མ་བསྐྱེད་ཕྱིར་མི་སྣང་། །དེ་བཞིན་ཀ་དག་དངོས་མཚན་སྤངས་པའི་གདངས། །ལྷུན་གྲུབ་ཕྱི་རྒྱ་མ་རོལ་བུམ་པའི་སྐུ། །ངོ་བོས་སྟོང་ལ་གདངས་ཀྱིས་མ་འགགས་པས། །སྣང་བ་ཀུན་གྱི་འཆར་གཞིར་དེ་བཞུགས་ཀྱང་། །གཞི་ལས་གཡོས་པ་མེད་པའི་བྱང་ཆུབ་སེམས། །མཚན་མ་རིས་ཆད་ཅན་དུ་ཕྱིར་མི་གསལ། །འདི་ལྟར་ནོར་བུ་བཻཌཱུརྱ་ནི་སྲན་འཕོས་ཙམ་རི་བོའི་ཁོངས་སེང་ན་བསྟར་མི་མངོན་པར་གནས་ཀྱང་། །རྐྱེན་དང་ཀླད་པའི་ཚེ་གཏིང་གསལ་གྱི་རང་འོད་ནམ་མཁའ་ལ་འབྱིན་ནུས་པ་ལྟར། །འཁོར་འདས་གཉིས་ཀའི་འགྲོ་གཞི་ངོ་བོ་ཀ་ནས་དག་པའམ་སྐྱེ་བ་མེད་པའི་ཆ་ལ་དངོས་པོ་དང་། མཚན་མ་དང་། ཁ་དོག་ཏུ་གྲུབ་པ་མེད་ཀྱང་། རང་བཞིན་ལྷུན་གྱིས་གྲུབ་པའམ་འགག་པ་མེད་པའི་


JL01_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ནང་གསལ་ཕྲ་བའི་བདག་ཉིད་ཅན་དུ་ཡོད་པ་རྐྱེན་དང་མ་ཕྲད་ན་ཕྱིར་མི་སྣང་བ་མཐོང་ཆོས་སུ་དྭངས་ཤེལ་གཙང་མ་བཞིན་ནོ། །འདི་ལྟར་དྭངས་ཤེལ་གཙང་མ་ལ་རང་འོད་གཏིང་གསལ་དུ་ཡོད་ཀྱང་ཉི་མའི་རྐྱེན་དང་མ་ཕྲད་ན་ཕྱིར་མི་སྣང་བ་ལྟར་ཀ་དག་ལྷུན་གྲུབ་ངོ་བོ་གཅིག་པའི་དབྱིངས་ནང་གསལ་གྱི་ཕྱ་རྒྱ་མ་རལ་བ་ལ་གཞོན་ནུ་བུམ་པའི་སྐུ་ཞེས་བཏགས་ཏེ། ཀློང་དྲུག་པ་ལས། རང་བཞིན་ལྷུན་གྱིས་གྲུབ་པའི་སྣང་བ་རིན་པོ་ཆེའི་གའུའི་དགོངས་པ་ནང་ཡེ་ཤེས་རིན་པོ་ཆེའི་སྣང་བར་གསལ་བའི་ཕྱི་རྒྱ་མ་རལ་བ་གཞོན་ནུ་བུམ་པའི་སྐུའི་གནས་ལུགས་ཞེས་བྱ་སྟེ། ཞེས་སོ། །ངོ་བོ་སྐྱེ་མེད་དུ་སྟོང་ཡང་། གདངས་འགག་མེད་དུ་འཆར་བས་སྣང་བ་མཐའ་དག་གི་འཆར་གཞིར་བཞུགས་པའི་ཚུལ། འོད་གསལ་གྱི་རྒྱུད་མངྒ་ལར། རྟོགས་པས་སངས་རྒྱས་མ་བྱུང་། མ་རྟོགས་པས་སེམས་ཅན་མ་བྱུང་བའི་སྔ་རོལ་ན། རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལས་མ་གཡོས་ཏེ། རྐྱེན་མེད་པའི་སྣང་བ་གསུམ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་ཡང་རིག་པའི་ཡེ་ཤེས་ཉིད་ཀྱིས། རང་གི་འདུག་ཚུལ་གྱི་གནས་ལུགས་འདི་གསུངས་སོ། །ཀྱེ་སྣང་བ་ཆེན་པོ་ཡངས་པའི་ཀློང་འདི་མ་གཡོས་པའི་ཆོས་ཀྱི་སྐུ་ཆེན་པོ་ལས། མ་འཁྲུལ་པའི་སངས་རྒྱས་ཆེན་པོར་བཞུགས་སོ། །ངོ་བོའི་སྐུ་མ་འགགས་པར་གནས་ཏེ། ངོ་བོ་མི་འགྱུར། ཐབས་གསང་བ་མ་གཡོས། མི་གཡོ། མ་བསྐྱོད་པ། སྣང་བ་ཐམས་ཅད་དུས་གཅིག་ལ་རྫོགས་པ། ཡེ་ཤེས་ཐམས་ཅད་སྐད་ཅིག་ལ་རྫོགས་པ། སྐུ་ཐམས་ཅད་སྨིན་པར་གནས་པ། འོད་ཀྱི་སྣང་བ་ཐམས་ཅད་མ་བསྒྲིབས་པར་གསལ་བ། གནས་ལུགས་ཀྱི་སྣང་


JL01_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། སྣང་ཐབས་ཀྱིས་མེ་བསྒྲིབས་པར་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རྒྱ་མ་ཆད་པར་ཡོངས་སུ་རྫོགས་པ་ཆེན་པོའོ། །ངོ་བོའི་གནས་ལུགས་ཆེན་པོ་དེ་ཡང་སྐུ་ལྟར་གནས་ལ། ཁ་མིག་རྣ་བར་དོད་པ་ནི་ཅང་མི་བཞུགས། སྟོང་པ་ལྟར་གནས་པ་ལ་བེམ་སྟོང་ལྟར་ཅང་མི་བཞུགས། འོད་ལྔ་ལྟར་སྣང་བ་ཆེན་པོ་ལ། ཁ་དོག་ཏུ་བྱེ་བ་ནི་ཅང་མི་བཞུགས། རྒྱ་མ་ཆད་པར་སྣང་བ་ལ་འབྲེལ་བ་ལྟར་ཅང་མི་བཞུགས། མཐའ་དབུས་མེད་པ་ལྟར་དམིགས་ལ། ཕྱོགས་སུ་དམིགས་པ་ནི་ཅང་མི་བཞུགས། ཆ་ཡིས་མ་གོས་པ་ལྟར་སྣང་བ་ལ་རིས་སུ་ཕྱེ་བ་ནི་ཅང་མ་བཞུགས། རྒྱ་མ་འགགས་པ་ལྟར་སྣང་ཞིང་། དཔངས་མཐེ་བ་ལ་སྟེང་འོག་ཏུ་སྣང་བ་ནི་གང་ཡང་མེད་དོ། །རང་བཞིན་གྱི་སྣང་བ་ནི། ཡངས་པ་ལྟར་སྣང་བ་ལ་ཕྱོགས་ལྷུང་མེད་པ། གསལ་བ་ལྟར་སྣང་བ་ལ་དངོས་པོ་མེད་པ། །མཐིང་ག་ལྟར་སྣང་བ་ལ་ཆ་མ་ཕྱེ་བ། དཀར་བ་ལྟར་སྣང་བ་ལ་རིས་མི་འཛིན་པ། སེར་པོ་ལྟར་སྣང་བ་ལ་ཡོན་ཏན་རྫོགས་པ། དམར་པོ་ལྟར་སྣང་བ་ལ་གོ་མ་འགགས་པ། ལྗང་གུ་ལྟར་སྣང་བ་ལ་ཡོན་ཏན་རྫོགས་པ། སྣ་ལྔ་ཉིད་དུ་གནས་པ་ལ་ཁ་དོག་མི་འཛིན་པ་ཆེན་པོ། ཟླུམ་པ་ལ་དབྱིབས་མེད་པ། མ་འགགས་པ་ལ་རྐྱེན་མེད་པ། ཁྱབ་པ་མེད་པ་ལ་རང་གདངས་ཆེན་པོ། རང་གསལ་བ་ལ་ཕྱི་ནང་དང་བཅས་པ། རྩོལ་སྒྲུབ་མེད་པ་ལ་བབས་ཀྱིས་གྲུབ་པའོ། །ཐུགས་རྗེའི་སྣང་བ་ནི། སྟོང་པ་ལྟར་སྣང་བ་ལ་གསལ་བ་མ་འགགས་པ། སྤྲོས་པ་མེད་པ་ལ་སྤྲོས་པ་ཆེན་པོ། རང་བཞིན་མ་འགགས་པ་སྣ་ཚོགས་མ་ངེས་པ་ཆེན་པོ། གསལ་བ་ལ་མུན་པ་མེད་པ། མ་འགགས་པས་མེད་པ་ཆེན་པོ། བབས་ཀྱིས་སྟེང་བ་ལ་ཀུན་ཏུ་འཆང་བ་ཆེན་པོ། མ་འདྲེས་པ་ལ་ཡོངས་སུ་སྣང་བ་ཆེན་པོ། ཀུན་ལ་ཁྱབ་པ་


JL01_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཅིག་ཏུ་འདུས་པ་ཆེན་པོ། དག་པ་ལ་འཁྲུལ་བ་མ་འགགས་པ་ཆེན་པོ། རྫོགས་པ་ལ་གཅིག་སྣང་བ་ཆེན་པོ། །ཐུགས་རྗེ་གོ་མ་འགགས་པར་བཞུགས་པའོ། །ཞེས་སོ། །དེ་ཡང་ངོ་བོ་ཀ་དག་གི་ཆ་ནས་གཞལ་ན། དེ་ནི་སངས་རྒྱས་མ་ཡིན་སེམས་ཅན་མིན། །གཅིག་དང་ཐ་དང་མ་ཡིན་མཐའ་དབུས་མིན། །སྟེང་པ་ཕྱང་ཆད་མ་ཡིན་དངོས་པོ་མིན། །སྐྱེ་མེད་སྣང་བ་གསུམ་དང་ཐབས་གཅིག་གོ །དེ་ལ་དོན་གྱི་དབྱིངས་བསྒོམ་བྱུང་གི་ཤེས་རབ་ཀྱིས་མ་རྟོགས་ན། བསམ་བྱུང་གི་བློས་གཞལ་དུ་མི་བཟོད་ཀྱང་། རེ་ཞིག་ཐོས་པའི་ཤེས་རབ་ཀྱི་ཆ་ནས་མན་ངག་གི་རྒྱུད་ཡིན་པས་མ་བཀྲལ་ཡང་ལུང་གི་གོ་བ་ཙམ་དུ་ཞལ་གསལ་བ་མུ་ཏིག་ཕྲེང་བ་ལས། རང་བཞིན་གནས་པའི་ངོ་བོ་ལ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མ་རིག་མེད་ཅིང་འཁྲུལ་བ་མེད། །སེམས་མེད་ཡིད་ཀྱང་ཡོད་པ་མིན། །དགྲ་མེད་བཤེས་མེད་གཉེན་ཡང་མེད། །ཉོན་མོངས་མེད་ཅིང་ངར་འཛིན་མེད། །འགྲོ་བ་མེད་ཅིང་འོང་བ་མེད། །ཆོས་མེད་ཆོས་སུ་སྣང་བ་མེད། །ཐབས་མེད་ཤེས་རབ་ཉིད་ཀྱང་མེད། །ཕུང་པོ་མེད་ཅིང་ཁམས་ཀྱང་མེད། །ཡུམ་མེད་འཛིན་པར་བྱ་བ་མེད། །དབང་པོ་མེད་ཅིང་ཡུལ་ཀྱང་མེད། །གཟུང་བར་བྱ་དང་འཛིན་པ་མེད། །སྐུ་མེད་ཡེ་ཤེས་ཉིད་ཀྱང་མེད། །ཤེས་དང་ཤེས་བྱའི་བདག་པོ་མེད། །འོད་མེད་ཁ་དོག་ཡོད་མ་ཡིན། །སྒྲ་མེད་དྲི་ལ་སོགས་པ་མེད། །འདོད་པ་མེད་ཅིང་ཞེན་པ་མེད། །དབྱིངས་མེད་གཞལ་ཡས་ཁང་ཡང་མེད། །ལྷ་མེད་མཆོད་པའི་ཡུལ་ལས་འདས། །ཞེས་དང་། །རང་ཤར་ལས། དང་པོའི་གཞི་ཀ་དག་ཆེན་པོ་དེ་ལ། བསམ་པ་མེད། མ་རིག་པ་མེད། སེམས་མེད། ཡིད་མེད་


JL01_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་མེད་དོ། །དེ་ཡང་འདི་ལྟ་སྟེ། རྒྱ་མ་ཆད་པའི་ཡེ་ཤེས། ལྷུན་གྱིས་གྲུབ་པའི་སངས་རྒྱས། སྤྲོས་པ་དང་བྲལ་བའི་ཆོས་ཉིད། །མཐའ་དང་བྲལ་བའི་རིག་པ། དག་པ་ཆེན་པོའི་སྣང་བ། ཕྱོགས་ལྷུང་མེད་པའི་ལྟ་བ་བཞུགས་སོ། །དེ་ཡང་ཡངས་པ། གསལ་བ་མི་འགྱུར་གཡེ་ཤེས་མི་འགག་པ། ཐིག་ལེ་སྣ་ཚོགས་སུ་འཕྲོག་མ་གྲུབ་པའི་ཆོས་ཉིད། །ཕྱི་རྒྱ་མ་རལ་གནང་ཡེ་ཤེས་ཀྱི་འོད་ལྔ་མི་འགག་པར་གསལ་བ་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་པའོ། །ཞེས་སོ། །དེ་ཡང་བསམ་པ་མེད་མ་རིག་པ་མེད་ཡིད་མེད་འཛིན་པ་མེད་ཞེས་པས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་འཁོར་བའི་སྒོ་བཀག་ལ། རྒྱ་མ་ཆད་པའི་ཡེ་ཤེས་དང་། ལྷུན་གྱིས་གྲུབ་པའི་སངས་རྒྱས་ལ་སོགས་པས་སྤྲོས་བྲལ་གྱི་ཆོས་ཉིད་ལེགས་པར་གཏན་ལ་ཕབ་པས་ཀ་དག་གི་ཆོས་ཉིད་སྟོང་པ་ཕྱང་ཆད་དུ་འདོད་པ་ཡང་བཀག་པ་ཡིན་ནོ། །རང་བཞིན་ལྷུན་གྲུབ་ཀྱི་ཆ་ནས་གཞལ་ན་ཡངས་པར་རྒྱ་མ་ཆད། །དོག་པར་ཕྱོགས་སུ་མ་ལྷུང་། སྐུ་དང་ཡེ་ཤེས་ལ་སོགས་པའི་འཆར་གཞི་ནང་གསལ་ཐིམ་ལམ་རྨུགས་པར་ཡོད་ཀྱང་། ཕྱི་རྒྱ་མ་རལ་པས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གཡོས་ན་ཕྱིར་གསལ་བས་ནང་མ་ཡིན་ལ། གསལ་ཡང་ནང་ལས་མི་འགྱུར་བས་ཕྱི་མ་ཡིན་ལ། གཉིས་ཀའང་ཐ་སྙད་ཙམ་པས་ཕྱི་ནང་གཉིས་ཀ་མ་ཡིན་པ་ལྷུན་སྟུག་པོ་བཀོད་པའི་དབྱིངས། རྩ་བ་སྲོག་རླུང་ལྔ་དང་། དེ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་ལྔ་ཚན་ལྔ་དང་། ཡེ་ཤེས་ལྔ་དང་འོད་ལྔ་ལ་སོགས་པ་ཐམས་ཅད་རྨི་འཆར་གཞི་འམ། བརྟེན་པའི་ཡུལ་ཆ་ཕྲ་ལ་རྟག་མི་བཟོད་པ། འཕེལ་འགྲིབ་དང་། གང་སྟོང་མེད་པ། དབྱིངས་སུ་ཐིམ་པའི་ཆ་ནས་ཅིར་ཡང་མ་གྲུབ་པ། འགགས་པ་མེད་པའི་ཆ་ནས་སྣ་ཚོགས་སུ་འཆར་བ་སྟེ། རང་ཤར་ལས།


JL01_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དེ་ཡང་རྒྱ་མ་ཆད་པ། ཕྱོགས་སུ་མ་ལྷུང་བ། འགྲིབ་པ་མེད་པ། སྟོང་པ་མེད་པ། གང་བ་མེད་པ། གསལ་བ་དང་བཅས་པས། སྐུ་མང་པོ་འཆར་བའི་གནས། ཡངས་པ་ཀུན་གྱི་བདག་ཉིད། ཅེས་དང་། ཀློང་དྲུག་པ་ལས། འདི་ལ་དབང་པོར་སྣང་བ་མེད། རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། ཕྱད་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། སྙིང་པོ་ཐམས་ཅད་བཅུད་བསྡུས་པའི། དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཞེས་སོ། །གཉིས་ཀའི་ཆ་ནས་གཞལ་ན། ངོ་བོ་ལ་ཡོད་མེད་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་ཆོས་ཉིད་གང་དུ་ཡང་མ་ཕྱེ་བའི་ཀ་དག །རང་བཞིན་འགག་པ་མེད་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷུན་གྲུབ། ཐུགས་རྗེ་གོ་མ་འགགས་པས་མཛད་པ་ཕྲིན་ལས་ཀུན་ལ་ཁྱབ་པའི་སྣང་བ་གསུམ་དང་ཐབས་གཅིག་གི་རང་བཞིན་ལས་འདུ་འབྲལ་མེད་པའི་བདག་ཉིད་ཅན་དུ་བཞུགས་པའི་ཚུལ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པས་དོན་མེད་གྲུབ་པ་མེད། །གང་དུ་མ་ཕྱེའི་ཆོས་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པ་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་ཅན་རགས་པ་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མ་མཛད། །མ་སྐྱེས་པས་ན་འགགས་སྟོང་ངོ་། །རང་བཞིན་ལྷུན་གྲུབ་


JL01_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆེ་ན་བརྟགས་པས་སྟོང་། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལས། །མི་མཛད་སྣ་ཚོགས་འཆར་བའི་སྒོ། །མཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །དེ་མེད་འཁོར་འདས་སྟེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །ཞེས་སོ། །དེ་ཡན་ཆད་ནི་གཞི་བརྒྱད་པའི་བཞུགས་ཚུལ་དུ་ངེས་ཀྱང་གཞི་ལམ་འབྲེལ་པའི་མཆམས་ཕན་ཚུན་གཅིག་ལ་གཅིག་ལྟོས་ཅན་ཡིན་པས་གཞི་ལས་གཞི་སྣང་གཡོ་ཚུལ་དང་སྦྱར་ནས་བཤད་པའི་ཚུལ་ནི། དེ་ཉིད་ངང་ལས་རིག་པའི་བདག་ཉིད་ཅན། །རླུང་ལྔའི་སྙིང་པོ་གདངས་ཀྱིས་ཕྱིར་འཕགས་པས། །ནང་གསལ་གཞོན་ནུ་བུམ་པའི་རྒྱ་རལ་ནས། །གཞི་ལས་གཡོས་པ་མེད་བཞིན་གཞི་སྣང་ཤར། །གང་ཚེ་ཐུགས་རྗེའི་རིག་གདངས་རྣམ་པའི་ཡུལ། །དཔྱོད་བྱེད་ཤེས་པར་ཤར་བ་རིག་པ་ལ། །ལྟོས་པའི་མ་རིག་ཅན་གྱི་ཆ་བཟུང་བས། །སྤྲིན་བྲལ་མཁའ་བཞིན་དངས་པའི་ཀ་དག་ལས། །ལྷུན་གྲུབ་གཡོ་བ་འཆར་ཚུལ་བརྒྱད་དུ་ཤར། །


JL01_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་འཁོར་འདས་འབྲེལ་བའི་སྒོ་འཕར་སྟེ། །ཐེག་རྩེ་ཤིན་ཏུ་རྣལ་འབྱོར་རྒྱུད་སྡེ་དང་། །མན་ངག་ལྡེ་མིག་གངས་ལྡན་རི་ཡི་ལྗོངས། །དྲི་མེད་འོད་ཟེར་སྟོང་ལྡན་གཅིག་གིས་ཕྱེ། །དེ་སྐད་དུ་རང་ཤར་ལས། །དེ་དག་ནི་ངོ་བོ་ཀ་དག་གི་གནས་ལུགས་ཞེས་བྱ་སྟེ། །རྒྱ་གར་ཡང་མ་ཆད་ཕྱོགས་གང་དུ་ཡང་མ་ལྷུང་བའོ། །དེའི་འོག་ན་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱ་བ་ཡོད་དེ། དེ་ལ་འཆར་ལུགས་རྣམ་པ་དྲུག་ཡོད་དོ། །སྒོ་རྣམ་པ་གཉིས་ཡོད་དོ། །དེ་ནི་གཞི་ལྷུན་གྲུབ་ཅེས་བྱའོ། །གཞི་མ་ངེས་པ་ཅེས་བྱ། །གཞི་སྣ་ཚོགས་སུ་འཆར་བ་ཞེས་ཀྱང་བྱའོ། །དེ་མན་ཆད་ན་བཟློག་པའི་ས་ཡོད་དོ། །དེའི་འོག་ན་གཞི་སྣང་ཆེན་པོ་ཞེས་བྱ་བ་ཡོད་དོ། །དེའི་འོག་ན་ལོངས་སྐུའི་སྣང་བ་ཡོད་དོ། །ཞེས་པའི་དོན་བཀྲལ་ན་དེ་ལ་ཐོག་མ་གཞིའི་གནས་ལུགས་ནང་གསལ་གཞོན་ནུ་བུམ་སྐུའམ་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཀྱི་རླུང་ལྔའི་སྙིང་པོ་ངོ་བོ་སྐུ། རང་བཞིན་གསུང་། ཐུགས་རྗེ་རིག་པའི་བདག་ཉིད་ཅན་དུ་གནས་པ་སྲོག་རླུང་ཡན་ལག་བཞི་ལྡན་གྱི་ཆས་བསྐྱོད་པ་ལས་འོད་ལྔ་ནང་གསལ་ཀྱི་དབྱིངས་བུམ་པའི་སྐུ་ལྟར་གནས་པའི་རྒྱ་དྲལ་ཏེ། ལྷུན་གྲུབ་ཀྱི་གདངས་ཕྱིར་གསལ་དུ་ཤར། དེའི་རྣམ་པ་ལ་ཐུགས་རྗེ་རིག་པའི་གདངས་དཔྱོད་བྱེད་ལྟར་ཤར་བས་རིག་པ་ལ་ལྟོས་པའི་མ་རིག་པ་ཅན་ཞེས་བྱ་སྟེ། གཞི་མ་འགྱུར་ཡང་རང་མལ་དུ་ཡོད་པའི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལས། གཞི་སྣང་གི་རྩལ་གཡོས་པས་རིག་ཆའི་གདངས་མཆེད་པ་ཞེས་བྱ་སྟེ་བཀྲ་ཤེས་མཛེས་ལྡན་ལས། ཀྱེ་མང་ལ་འཁྲུལ་པ་མེད་ཀྱང་ངའི་རྩལ་ལས་འཁྲུལ་པ་བྱུང་སྟེ། གཞི་མི་འགྱུར་བ་ལས་རང་བཞིན་མ་འགགས་པར་ཤར་ནས་ཐུགས་རྗེ་མ་ངེས་


JL01_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་མ་རིག་པ་རང་བྱུང་སྟེ། དཔེར་ན་ནམ་མཁའ་ལ་སྤྲིན་ཡང་དག་པར་ཡོད་པ་མ་ཡིན་ཏེ་གློ་བུར་དུ་སྤྲིན་བྱུང་བ་དང་འདྲ་བར། གཞི་ལ་མ་རིག་པ་ཡོད་པ་ཅད་མ་ཡིན་ཏེ་ཐུགས་རྗེ་ལྟར་ཤར་བ་ལས་མ་རིག་པ་བྱུང་སྟེ། གཞི་ལྷུན་གྲུབ་གྱི་གནས་ལུགས་ཞེས་བྱ་བ་ཆགས་སོ། དེ་ཡང་མ་ངེས་པའི་སྣང་བ་ཆེན་པོ་ཞིག་ཏུ་གནས་སོ། །ཞེས་སོ། དེའི་ཚེ་ཀ་དག་གི་རང་བཞིན་ཅི་ཡང་མ་ཡིན་པ་སྤྲིན་དྭངས་པའི་ནམ་མཁའ་ལྟ་བུའི་ངང་ལས་རང་མལ་ན་ཡོད་པའི་གཞི་ལྷུན་གྲུབ་ཀྱི་འཆར་ཚུལ་བརྒྱད་བྱུང་བ་ལ་རིན་པོ་ཆེ་ག་འུའི་གནས་ལུགས་ཞེས་ཀྱང་བྱ་སྟེ་ཐུགས་རྗེའི་རྩལ་ལས་འདོད་ཡོན་གྱི་གོ་མ་འགགས་པའོ། །དེ་ཡང་འདི་ལྟར་མ་གྲུབ་པའི་གྲུབ་པ་ཆེན་པོས་གནས་པས་ལྷུན་གྲུབ་ལྟར་འཆར། །ཐུགས་རྗེ་ལྟར་འཆར་བའི་གོ་མ་འགགས་པས་སེམས་ཅན་གྱི་དོན་བྱུང་། ཡེ་ཤེས་ལྟར་འཆར་བའི་ལོངས་སྤྱོད་མ་འགགས་པས་ཡེ་ཤེས་ལྔའི་རང་འོད་དུ་སྣང། སྐུ་ལྟར་འཆར་བའི་ངོ་བོ་མ་འགགས་པས་རིག་པ་སྐུ་རུ་སྨིན། གཉིས་མེད་ལྟར་འཆར་བའི་ལྟ་བ་མ་ངེས་པས་གཅིག་དང་དུ་མ་ལས་གྲོལ། མཐའ་གྲོལ་ལྟར་འཆར་བའི་ཐབས་མ་འགགས་པས་འཁྲུལ་སྣང་རང་རྒྱུད་པར་མི་གནས་དག་པ་ཡེ་ཤེས་ཀྱི་སྒོ་མཐར་ཕྱིན་པས་དེ་བཞིན་གཤེགས་པའི་སྙིང་པོ་ཀ་དག་ཏུ་འཆར། མ་དག་པ་ལྟར་འཆར་བའི་ཐུགས་རྗེ་མ་འགགས་པས་རིགས་དྲུག་གི་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་འབྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། འཆར་ཚུལ་བརྒྱད་ལས་ཡེ་ཤེས་ཀྱི་སྣང་བ་ལོངས་སྐུ་དང་། དེའི་རྩལ་ལས་དཀར་རིགས་ལྔའི་སྣང་བ་ཚད་མེད་པ་ལས་རང་བཞིན་སྤྲུལ་སྐུ་སྣང་ལ། མར་འགྲོ་དྲུག་གི་སྣང་བ་སྟོན་པ་དང་བཅས་པའི་འཆར་གཞི་ལྷུན་གྲུབ་ཏུ་ཡོད་དེ། སྔ་མ་ལས། དེ་ཡང་འཆར་ལུགས་རྣམ་པ་བརྒྱད་དང་


JL01_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ། རིན་པོ་ཆེ་གའུའི་གནས་ལུགས་ཞེས་བྱ་སྟེ། འདོད་ཡོན་གྱི་གོ་མ་འགགས་པའོ། །མ་གྲུབ་པའི་གྲུབ་པ་ཆེན་པོར་གནས་པ། ཐུགས་རྗེ་ལྟར་འཆར་བའི་གོ་མ་འགགས་པ། ཡེ་ཤེས་ལྟར་འཆར་བའི་ལོངས་སྤྱོད་མ་འགགས་པ། སྐུ་ལྟར་འཆར་བའི་ངོ་བོ་མ་འགགས་པ། གཉིས་མེད་ལྟར་འཆར་བའི་ལྟ་བ་མ་ངེས་པ། མཐའ་གྲོལ་ལྟར་འཆར་བའི་ཐབས་མ་འགགས་པ། དགེ་བ་ཡེ་ཤེས་ཀྱི་སྒོ་མཐར་ཕྱིན་པ། མ་དག་པ་ལྟར་འཆར་བའི་ཐུགས་རྗེ་མ་འགགས་པ། འདོད་ཡོན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། ཞེས་སོ། དེ་ལྟར་གནས་ཚུལ་བརྒྱད་པོ་ནི་ངོ་བོ་ཅིར་ཡང་མ་གྲུབ་པའི་ཀ་དག་གི་རྩལ་ལ་རང་མལ་ན་ཡོད་པའི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱ་སྟེ། ངང་ལས་མ་གཡོས་པའི་རྩལ་སྣང་ངམ་གདངས་ལས་ཤར་བ་ཡིན་ལ་གཞི་དེའི་དང་དུ་མཐར་ཕྱིན་པ་ལ་འབྲས་བུ་ལྷུན་གྲུབ་རིན་པོ་ཆེ་གསང་བའི་སྦུབས་ཞེས་བྱའོ། །དེའི་འོག་ཏུ་གཞི་ལས་གཞི་སྣང་དུ་གཡོས་པའི་འོད་གསལ་གྱི་ཐིག་ལེ་དང་གདངས་གཡོ་བ་ལ་གཞི་སྣང་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཕྱིར་གསལ་གྱི་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ཉིད་ལས། ནང་གཞོན་ནུ་བུམ་པའི་སྐུ་ཞེས་བྱ་བ་ཁ་རལ་ཏེ། ཕྱི་ལྷུན་གྲུབ་གྱི་གནས་ལུགས་སུ་གནས་སོ། །དུས་དེ་ཙམ་ན་པའི་སྣང་བ་ཕྱིར་རལ་ཏེ། སང་མ་སེང་མ། ཤག་མ་ཤིག་མ་ཁྲལ་མ་ཁྲོལ་མ། ཡང་མ་ཡེང་མ། འགུལ་བ། འཕྲིག་པ་སྣ་ཚོགས་སུ་འཕྲོ་བ་བྱུང་ངོ་། །དེ་ནས་ལྷུན་གྲུབ་ཀྱི་གནས་ལུགས་ཆེན་པོ་ཆགས་སོ། །ཞེས་སོ། །དེའང་འཆར་ཚུལ་བརྒྱད་དུ་གནས་པའི་ཚུལ། །རིན་པོ་ཆེ་སྤུངས་པའི་རྒྱུད་ལས། ཀྱེ་མ་སྟོན་པ་ཀུན་ཏུ་བཟང་། །གཞི་ཞེས་འཆར་ཚུལ་ཇི་ལྟ་བུ། །ཡོན་ཏན་འཆར་སྒོ་གང་ཙམ་ལགས། །སྟོང་པ་ཉིད་ལ་ཇི་ལྟ་བུར། །ཡོན་ཏན་རྫོགས་ཚུལ་


JL01_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་གསུངས། །དེ་ནས་ཉིད་ཀྱིས་བཀའ་བསྩལ་པ། །སྐྱེ་བ་མེད་པའི་ཆོ་འཕྲུལ་ལས། །སངས་རྒྱས་རྣམས་ཀྱི་མཛད་པ་རུ། །ཡེ་ནས་འབྱེད་པ་མེད་པར་ནི། །མ་འགགས་འགག་པ་མེད་པར་ཡང། །སྣང་བ་ཉིད་ནི་ཡེ་དག་པར། །རང་གི་ངོ་ལ་གནས་པ་སྟེ། །མི་འབྱེད་ཐུགས་རྗེ་ཆེན་པོ་ལས། །ལྷུན་གྲུབ་གདགས་པ་མ་ངེས་པར། །འཆར་བྱེད་བརྒྱད་ཀྱི་ཚུལ་དུ་བྱང་། །དེ་ཡི་སྣང་ཚུལ་མ་འགགས་པས། །ཐུགས་རྗེ་ལྟ་བུའི་འཆར་ཚུལ་ལས། །སེམས་ཅན་ཀུན་གྱི་སྐྱོབ་པའི་གནས། །སྣང་བ་རང་གསལ་འགག་མེད་ལས། །འོད་ལྔའི་འཆར་བྱེད་ཚུལ་དུ་སྣང་། །མཁྱེན་པའི་སྣང་ཆ་མ་འགགས་པས། །ཡེ་ཤེས་དག་པའི་སྒོ་ཉིད་དུ། །སྣང་བ་འགག་མེད་ལམ་ལྟར་ཤར། །རང་སྣང་ལུས་ཀུན་མཐའ་རྫོགས་ཕྱིར། །ཆོས་རྣམས་ཀུན་གྱི་སྐུ་ལྟར་སྣང་། །ཤེས་པའི་ངོ་བོ་གཅིག་ཡིན་པས། །གཉིས་སུ་མེད་པ་ལྟར་ཀྱང་ཤར། དེ་ཉིད་རང་སར་གནས་མེད་པས། །མཐའ་གྲོལ་ཆེན་པོའི་སྣང་བ་ནི། །དེས་མེད་ལྷུན་གྲུབ་གཞི་ལ་སྣང་། །རིག་པ་ཟད་ཐལ་གཅིག་རྫོགས་ཕྱིར། །དག་པ་ཡེ་ཤེས་ཉིད་ཀྱི་སྒོར། །ངོ་བོ་ཉིད་དང་འབྲེལ་པའོ། །བྱུང་ཚུལ་འགག་པ་མེད་པའི་ཕྱིར། །སེམས་ཅན་ཀུན་ཀྱི་བྱུང་ཁུངས་སུ། །མ་དག་འཁོར་བའི་སྒོ་ལྟར་ཡང་། །ཁྱབ་བྱེད་སྣང་བའི་ཆ་ལས་ཤར། །འདི་ཀུན་འཆར་བྱེད་བརྒྱད་དུ་སྣང་། །འབྱུང་བའི་ཚུལ་དུ་རང་ཤར་བས། །ལྷུན་གྱིས་གྲུབ་པའི་སྣང་བ་ཞེས། །རིན་པོ་ཆེའི་ཚུལ་དུ་སྣང་། །དེ་ལྟར་སྟོང་གསལ་ཆེན་པོ་ལས། །ཅི་མེད་ཅིར་ཡང་སྣང་བའི་ཚུལ། །འབྱུང་ཚུལ་ཡོན་ཏན་མ་འགགས་ཏེ། །ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་སྣང་བའི་རང་བཞིན་དུ། །ཡོན་ཏན་ཆེན་པོ་རྣམས་སུ་སྣང་། །འཆར་བྱེད་སྒོ་རྣམ་བརྒྱད་ལས་ཀྱང་། །ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །ཞེས་


JL01_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སེ། །དེ་ལྟར་ཕྱི་ལྟར་འཆར་ཚུལ་བརྒྱད་ཀྱི་གཞི་སྣང་ལ་ལམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱ་སྟེ། ཉམས་ལེན་གྱི་དུས་ན་སྣང་བ་བཞིའི་ཡེ་ཤེས་ལ་སོགས་པའི་ལམ་སྣང་ཐམས་ཅད་དང་། འཁོར་འདས་ཀྱི་ཆོས་སོ་ཅོག་ཐམས་ཅད་འབྱུང་བའི་གཞིར་གྲུབ་ཅིང་། ཁྱད་པར་སྐུ་དང་ཡེ་ཤེས་ཀྱི་རང་འོད་ལས་ལམ་མངོན་པར་སྣང་བའི་གཞི་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཡོན་ཏན་གྱི་གོམ་འགགས་པ་ལས་རང་བཞིན་སྤྲུལ་པའི་སྐུར་སྣང་ཞིང་། ཐུགས་རྗེའི་གོ་མ་འགགས་པ་ལས་མ་དག་པ་འགྲོ་དྲུག་ལྟར་སྣང་བ་དང་དེ་འདུལ་བྱེད་རིགས་པའི་སྐྱེས་བུ་ཐུབ་དྲུག་དང་། མ་དག་པའི་སྤྲུལ་པ་སྣ་ཚོགས་པའི་གདུལ་བའི་ཞིང་སྣང་ཡོད་པའི་ཚུལ་ཡང་བཀྲ་ཤིས་མཛེས་ལྡན་ཆེན་པོ་ལས། དེའི་ཡེ་ཤེས་ཀྱི་གོ་མ་འགགས་པ་ལས་ལོངས་སྤྱོད་རྫོགས་པའི་སྣང་ལུགས་ཆགས་སོ། །ཡོན་ཏན་གྱི་གོ་མ་འགགས་པ་ལས་རང་བཞིན་སྤྲུལ་པའི་སྐུའི་སྣང་ལུགས་སྲིད་དོ། །དེའི་ཐུགས་རྗེའི་གོ་མ་འགགས་པ་ལས་མ་དག་པའི་སྣང་ལུགས་འབྱུང་ངོ་། །ཞེས་སོ། །མདོར་བསྡུ་ན། ལྷུན་གྲུབ་རིན་པོ་ཆེ་ལ་གཞི་ལམ་འབྲས་བུའི་སྦུབས་གསུམ་དུ་གཏན་ལ་ཕབ་པ་ལས། མདོར་ན་གཞིའི་གནས་སྐབས་སུ་ཀ་དག་དང་ལྷུན་གྲུབ་གཉིས་རྫས་ཐ་དད་པར་གྱུར་ན་གཅིག་ཤོས་ཀྱི་གྲུབ་མཐས་གཅིག་ཤོས་འགེགས་པའི་སྐྱོན་ཡོད་ལ། དེ་གཉིས་ངོ་བོ་གཅིག་ལ་རང་ལྡོག་མ་འདྲེས་པའི་གནས་སྐབས་ན་གཞི་འབྲས་ལ་མ་རིག་པ་མི་ལྡན་པའི་ཆ་ནས་ཀ་དག་དང་། གཞི་འབྲས་ཀྱིས་མ་རིག་པ་མ་སྤངས་ལ་མི་ལྡན་པའི་ཆ་ནས་ལྷུན་གྲུབ་ཏུ་བཏགས་ཤིང་། དེ་ཡང་གཞི་དང་ལམ་དང་འབྲས་བུའི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གསུམ་དུ་གཏན་ལ་ཕབ་པ་ལས་


JL01_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་སྣང་དུ་ཤར་བ་ལམ་རིན་པོ་ཆེའི་སྦུབས་ལ་འཁོར་འདས་སུ་སྣང་བའི་འཁྲུལ་གཞི་དང་གྲོལ་གཞི་གཉིས་ཀ་ཡོད་པའི་ཚུལ་རྟོགས་སླ་བར་བཤད་ན་བཀྲ་ཤིས་མཛེས་ལྡན་ལས། དེ་ལས་ལྷུན་གྲུབ་རིན་པོ་ཆེའི་སྣང་ལུགས་འབྱུང་སྟེ། དེ་ནི་སངས་རྒྱས་ལས་ཆོས་ཐམས་ཅད་འབྱུང་བའི་གཞི་ཞེས་བྱའོ། །དེ་ལས་ནི་སངས་རྒྱས་འབྱུང་ངོ་། །སེམས་ཅན་འབྱུང་ངོ་། །ཡེ་ཤེས་འབྱུང་ངོ་། །འོད་འབྱུང་ངོ་། །རིག་པ་འབྱུང་ངོ་། །མ་རིག་པ་འབྱུང་ངོ་། །ལས་ཐམས་ཅད་འབྱུང་ངོ་། །ཐུགས་རྗེ་འབྱུང་ངོ་། །ཡོད་པ་ལྟར་སྣང་བ་འབྱུང་ངོ་། །དེ་ལ་ནི་ངོ་བོ་ཡོད་དོ། །རང་བཞིན་ལྟར་སྣང་བ་ཡོད་དོ། །ཐུགས་རྗེ་ལྟར་སྣང་བ་ཡོད་དོ། །རྩལ་ཡོད་དོ། །སྣང་བ་ཡོད་དོ། །སེམས་ཡོད་དོ། །ཡིད་ཡོད་དོ། །འཁྲུལ་པ་ཡོད་དོ། །མ་འཕྲུལ་པ་ཡང་ཡོད་དོ། །ཐམས་ཅད་འབྱུང་བ་ཆེན་པོའོ། །དེ་ནི་སངས་རྒྱས་དང་སེམས་ཅན་གྱི་དབྱིངས་ཆེན་མོ་ཞེས་བྱའོ། །དེ་ལས་ལོངས་སྐུའི་སྣང་ལུགས་འགྱུར་སྟེ། ད་ནི་ལམ་མངོན་པར་སྣང་བའི་གཞི་ཞེས་བྱའོ། །དེ་ཡང་གསལ་བ། དྲོ་ག་བསིལ་བ། ཡང་བ། གཡོ་བའི་བདག་ཉིད་འཛིན་པ། སྐུ་ལྔ་དང་ལྡན་པ། ཡེ་ཤེས་ལྔ་དང་ལྡན་པ། རིགས་ལྔ་དང་། ཁ་དོག་ལྔ་དང་། འོད་ལྔ་དང་། ཡབ་ལྔ་དང་། ཡུམ་ལྔ་དང་། གཟུགས་ལྔ་དང་། སྒྲ་ལྔ་དང་། དྲི་ལྔ་དང་། རོ་ལྔ་དང་། རེག་ལྔ་དང་། ཆོས་ལྔ་དང་། སྣང་བ་ལྔ་དང་། གཙོ་བོ་ལྔ་དང་། འཁོར་ལྔ་དང་ལྡན་པའོ། །དེ་ཡང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། ཡངས་པའི་ཆོས་དྲུག་དང་ལྡན་པའོ། །དེ་ནི་ལོངས་སྐུའི་སྣང་ལུགས་ཏེ། །དེ་དང་དེ་ལས་བྱུང་བའི་འབྲེལ་པའོ། །དེའི་སྣང་བ་ལས་རང་བཞིན་སྤྲུལ་པའི་སྐུའི་སྣང་བ་དང་།


JL01_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་འདུལ་བ་སྤྲུལ་སྐུའི་སྣང་ལུགས་དང་། མ་དག་པ་སྤྲུལ་པ་སྐུའི་སྣང་ལུགས་ཆགས་སོ། །དེ་འང་རང་བཞིན་སྤྲུལ་པའི་སྐུ་ནི། ངོ་བོ་ལྷུན་གྲུབ་ལས་ཤར་བའོ། །རང་བཞིན་སྤྲུལ་པའི་སྐུ་དེའི་སྣང་ལུགས་ནི། །ལོངས་སྤྱོད་མི་ཟད་པ། འཁོར་མི་ཟད་པ། ཡོན་ཏན་ཟད་མི་ཤེས་པ། སྟོབས་ཟད་མི་ཤེས་པ། རྩལ་ཟད་མི་ཤེས་པ། ཆོ་འཕྲུལ་ཟད་མི་ཤེས་པ། ཚེའི་ཚད་གྲངས་མེད་པ། ནད་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བ། གཞལ་ཡས་ཁང་བསམ་གྱིས་མི་ཁྱབ་པ། ཆོས་བསམ་གྱིས་མི་ཁྱབ་པ་སྒྲོགས་པའོ། །དེ་ནི་རང་བཞིན་སྤྲུལ་པ་སྐུའི་སྣང་ལུགས་ཞེས་བྱའོ། །དེ་ལས་འགྲོ་བ་འདུལ་བ་སྤྲུལ་པའི་སྐུ་འབྱུང་ངོ་། །དེ་ཡང་སྣ་ཚོགས་སུ་སྣང་བ་ལ་སྣ་ཚོགས་ཀྱི་དོན་ཤེས་པ། སྣང་ཡང་རྗེས་སུ་མ་ཆད་པའོ། །སྣང་བ་ལ་རྗེས་སུ་མི་ཞེན་པ། མིག་རྣམ་པར་དག་པ་མངའ་བ། སྙན་རྣམ་པར་དག་པ་མངའ་བ། ཤངས་རྣམ་པར་དག་པ་མངའ་བ། ལྗགས་རྣམ་པར་དག་པ་མངའ་བ། སྐུ་རྣམ་པར་དག་པ་མངའ་བ། ཐུགས་རྣམ་པར་དག་པ་མངའ་བ། ཐུགས་རྗེའི་མཛད་པ་སྣ་ཚོགས་སྟོན་པ། ཡེ་ཤེས་ཁྱད་པར་ཅན་མངའ་བ། མཁྱེན་པ་མ་འགགས་པར་ཀུན་ཏུ་སྣང་བའོ། །དེ་ནི་འགྲོ་བ་འདུལ་བ་སྤྲུལ་པའི་སྐུའོ། །དེ་ལས་མ་དག་པའི་འཇིག་རྟེན་གྱི་ཁམས་ཆགས་སོ། །དེ་ཡང་འདི་ལྟར་སྣང་བ་ཆེན་པོ་སྟེ། ཕྱི་སྣོད་འབྱུང་བ་ལྔའི་དཀྱིལ་འཁོར་ཆགས་པ་ལས་ས་དང་། ཆུ་དང་། མེ་དང་། རླུང་དང་། འབྱུང་བ་ཆེན་པོ་ནམ་མཁའ་སྲིད་དོ། །དེ་ལ་འཛིན་པའི་བསམ་པ་བརྗོད་ཀྱིས་མི་ལང་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་དང་། ཁོང་ཁྲོ་དང་དྲུག་གོ །དེ་ལས་འགྲོ་བ་རིགས་དྲུག་


JL01_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ངོ་། །འདོད་ཆགས་ལས་མི་རུ་ཆགས། ང་རྒྱལ་ལས་ལྷ་རུ་ཆགས། ཕྲག་དོག་ལས་ལྷ་མ་ཡིན་དུ་ཆགས། སེར་སྣ་ལས་ཡི་དགས་སུ་ཆགས། གཏི་མུག་ལས་བྱོལ་སོང་དུ་ཆགས། ཞེ་སྡང་གནག་པ་ལས་དམྱལ་བར་ཆགས་སོ། །དེ་བཞིན་དུ་རིགས་དྲུག་གི་སྣང་བར་ཆགས་སོ། །དེ་ནི་འཁོར་བའི་གནས་སོ། །དེ་ཡང་གནས་ལུགས་ཆེན་པོ་གཅིག་ལས་སྣང་ལུགས་བཞི་ལྟར་བྱུང་ངོ་། །གནས་ལུགས་བཞི་ལས་སྣང་ཐབས་བཞི་ལྟར་ཤར་རོ། །སྣང་བ་ཆེན་པོ་བཞི་ནི། ལྷུན་གྲུབ་ལ་སྣ་ཚོགས་སྣང་བའོ། །ལོངས་སྐུ་ལ་ཁ་མིག་རྣ་བ་ཅན་འོད་ཀྱི་རང་བཞིན་སྒྱུ་མའི་སྐུར་གནས་པའོ། །སྤྲུལ་སྐུ་ལ་གཟུགས་ལྟར་སྣང་བའོ། །སེམས་ཅན་ལ་སྣང་བ་ཐ་དད་དུ་སྣང་བའོ། །དེ་ཡང་སེམས་ཅན་ལ་སྣང་ཐབས་ཀྱི་སྒྲིབ་པའོ། །ཞེས་སོ། །དེ་ལྟར་ཐོག་མའི་ཀ་དག་གི་གཞི་ལས་རང་ཆས་སུ་ལྡན་པའི་རང་མལ་གྱི་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་མེད་ན་གཞི་སྣང་འཆར་བའི་རྒྱུ་མེད་ལ། གཞི་སྣང་མེད་ན་ལྷུན་གྲུབ་སྒེ་བརྒྱད་ཀྱི་འཆར་ཚུལ་ལས། ཡེ་ཤེས་ཀྱི་སྣང་བ་ལོངས་སྐུ་དང་། དེའི་རྩལ་ལས་བྱད་དང་མེ་ལོང་ལྟར་འཆར་ཞིང་རྫོགས་པ་ཆེན་པོའི་གདུལ་བྱའི་རང་ངོ་ལ་སྣང་བའི་ཕྱེད་སྤྲུལ་ལོངས་སྐུ་འམ་རང་བཞིན་སྤྲུལ་པའི་སྐུ་དང་། རང་སྣང་འགྲོ་དྲུག་གི་ཞིང་ཁམས་སྟོན་པ་དང་བཅས་པ་སྟེ་འཁོར་འདས་གཉིས་བྱུང་བའི་སྒོ་ངོས་མི་ཟིན་ཤིང་། དེ་གཉིས་ཡན་མན་དུ་སྟེ་ཆད་དེ་གདུལ་བྱ་འདུལ་བྱེད་དུ་འང་མི་འཐད་དོ། །སྤྱིར་སེམས་ཅན་གྱི་རང་ངོ་འཁྲུལ་པ་དང་། སངས་རྒྱས་ཀྱི་རང་ངོ་རྣམ་དག་ཡིན་པས་སྣང་བ་མི་གཅིག་ཀྱང་། གཞི་ལ་ཐུགས་རྗེ་ཡོད་པ་གཞི་སྣང་ལས་ཤར་ཏེ་གདུལ་བྱ་འདུལ་བྱེད་དུ་འབྲེལ་བ་སྟེ། གསང་སྙིང་ལས། ཐུགས་རྗེ་ཆེན་པོས་འབྲེལ་བས་ན། འགྲོ་དྲུག་དུས་གནས་མ་ལུས་སྣང་


JL01_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །དེ་ཡང་འགྲོ་དྲུག་གི་སྣང་བ་རང་རང་ལ་སྣང་རུང་གི་འཁྲུལ་པའི་ཆ་ནི་རང་སྒོའི་འཁོར་བས་བཀོད་པས་རང་སྣང་གི་ཆ་སྦུབས་འཕོ་དུས་རང་ལོག་ཏུ་འགྲོ་ལ། ཐུན་མོང་གི་ཆ་ནི་སྤྱི་མཐུན་ལས་དང་སྟོན་པའི་མཛད་པས་བཀོད་པས་རང་ཉིད་མེད་ཀྱང་གཞན་ངོར་ཤུལ་ན་ཡོད་པ་གཉིས་ཀྱང་དབྱེ་བ་ཕྱེད་དགོས་སོ། །དེ་ལྟར་ཕྱེད་ནས་ལྷུན་གྲུབ་ཀྱི་སྒོ་ལས་ཤར་བའི་རང་སྒོའི་འཁྲུལ་སྣང་མེད་བཞིན་དུ་སྣང་བའི་འགྲོ་དྲུག་གི་ཆ་རྨི་ལམ་ལྟ་བུ་ཀ་དག་གིས་ལ་རང་ལོག་ཏུ་གཏོང་དགོས་ལ། དེས་མཚོན་ནས་བར་དོར་ཡང་རང་ངོར་སྣང་བའི་འགྲོ་དྲུག་ལ་རང་སྣང་གི་སྤྲུལ་པས་དོན་བྱེད་པ་དང་། མི་བྱེད་པའི་ཆ་གཉིས་སུ་བཤད་པ་ནི། མ་དག་པ་འཁོར་བའི་སྒོམ་ཤར་བའི་གོང་དུ་རང་ངོ་ཤེས་ན་བྱ་བའི་ཡུལ་མེད་ལ། ཤར་ན་དོན་བྱེད་དགོས་པའང་འཁྲུལ་སྣང་སྟོངས་མ་སྟེངས་ཀྱི་རྗེས་སུ་འབྲང་ངོ་། །དེ་བཞིན་དུ་རིག་པའི་གཞི་ལ་འབྱུང་ལྔའི་འོད་མ་དྭངས་དང་སྣང་ཆའི་སྒོ་མེད་ན་རིག་པ་ནང་དུ་རྒྱ་ཆད། འབྱུང་བ་ཕྱིར་རྒྱ་ཆད་པས་སྣོད་བཅུད་ཀྱི་སྣང་བའང་མི་འབྱུང་ལ། གཉིས་མེད་ལྟར་མེད་ན་སེམས་ཅན་གྱི་ལུས་ངག་ཡིད་གསུམ་དང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སུ་འབྲེལ་མི་ཤེས་པས་སེམས་ཅན་སངས་རྒྱས་སུའང་མི་འགྲུབ། ཡེ་ཤེས་ལྟར་སྣང་བ་མེད་ན་ཤེས་བྱ་རང་མཚན་པར་གྱུར་པས་གཞི་ལམ་འབྲེལ་བའི་མཚམས་མི་སྦྱོར། མཐའ་གྲོལ་ལྟར་སྣང་བ་མེད་ན་འབྲས་བུ་རྒྱུར་ལྡོག་པས་ངེས་པའི་ས་ཟིན་མི་ཐོབ། མ་དག་པ་འཁོར་བའི་སྒོ་མེད་ན་སེམས་ཅན་དུ་འཁྲུལ་མི་ཤེས་པས་འཁོར་འདས་ཀྱི་བསྟི་གནས་སུ་མི་རུང་། དག་པ་ཡེ་ཤེས་ཀྱི་སྒོ་མེད་ན་རིག་ངོ་ལ་སངས་རྒྱས་ཀྱི་ཡོན་ཏན་མི་འབྱུང་ངོ་། །དེ་བས་ན་གཞི་ལ་མ་དག་པ་ཡོད་མི་སྲིད་ཀྱང་གཞི་སྣང་


JL01_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ལ་འཁོར་འདས་གཉིས་སུ་འཆར་བའི་སྒོ་སྐར་ཁུང་ལྟར་ཡོད་པ་ལ། ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཞེས་བྱ་སྟེ། རིན་པོ་ཆེ་སྤངས་པ་ལས་འཆར་བྱེད་སྒོ་རྣམ་བརྒྱད་ལ་ཡང་། ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །རིགས་དྲུག་འབྲེས་ཁུང་རང་བཅད་ནས། འཁོར་བར་དཔྱད་ཐག་ཆད་པ་རྣམས་། སྙིང་རྗེའི་ཞགས་པས་གཟུང་བའི་ཕྱིར། སྐྱེ་བཞིའི་གཟུགས་ཀྱི་སེམས་ཅན་ལ། ཐུགས་རྗེ་ཆེན་པོ་ཉིད་དུ་སྣང་། །འཁོར་འདས་རང་འབྲེལ་ཡོན་ཏན་དུ། །གཉིས་ཆ་འདྲེས་པའི་ཚུལ་དུ་སྣང་། །འདི་མེད་འཁོར་འདས་སྟེ་ཆད་པས། །རྟོགས་པ་མེད་པའི་སྐྱོན་དུ་འགྱུར། །ཡོན་ཏན་འབྱུང་ཚུལ་འདི་ཙམ་མོ། །སངས་རྒྱས་ཀུན་གྱི་རང་ཡུལ་ལ། །ལུས་དང་གྲིབ་མ་ཇི་བཞིན་དུ། །སྣང་བའི་འོད་ལྔས་ཁྱབ་པའི་ཕྱིར། །ནང་གི་སྣང་ཆ་དང་གསལ་བར། །འོད་ལྔའི་ཚུལ་གྱི་འཆར་སྒོ་ལས། །ཡོན་ཏན་གསལ་བྱེད་ཕྱིར་མ་ཤོར། །འདི་མེད་སེམས་ཅན་རང་འོད་དང་། རྒྱ་ཆ་དགུད་དུ་བཅད་པར་འགྱུར། །ཟུང་འཇུག་འཆར་བྱེད་འབྲེལ་བའི་ཕྱིར། །རང་སྣང་ཡོན་ཏན་ཆེན་པོར་བྱུང་། །ལུས་ཀུན་གཅིག་ཏུ་དྲིལ་བའི་ཕྱིར། །སྐུ་གསུམ་གཅིག་ཏུ་གནས་པས་ན། །ངོ་བོ་སྐུ་ཡི་རང་བཞིན་དུ། རང་སྣང་ནང་དུ་མི་འབྱེད་པར། །ངོ་བོ་གསལ་བྱེད་སྐུ་ལྔར་ཤར། །འདི་མེད་ངོ་བོ་མི་རྙེད་པས། །ལུས་ཀུན་རྫོགས་པའི་སྐུ་ལྟར་སྣང་། དེ་ཀུན་ཐ་དད་མ་ཡིན་པར། །གཉིས་མེད་མཉམ་པར་གནས་བས་ན། །འབྱེད་མེད་གཉིས་སུ་མེད་པ་ཡི། །སྣང་བས་ཕྱི་དང་ནང་ཀུན་ཏུ། ཁྱབ་བྱེད་ཆེན་པོའི་ཚུལ་དུ་ཤར། །འདི་མེད་རང་ངོ་ཐ་དད་པས། །འཁོར་འདས་འདྲེས་པའི་མཚམས་མི་འབྱོར། །རང་ས་ཉིད་ལས་མི་གྲོལ་བས། །སྒྱུར་ལྡོག་མེད་པའི་སྐྱོན་དུ་འགྱུར། །སྣང་བྱེད་ཡོན་ཏན་ཚུལ་དུ་ཤར། ཤེས་བྱ་ཀུན་ལ་རང་ཁྱབ་པས། །གཞི་སྦྱོར་ཆེན་པོའི་སྣང་བར་ནི། །འཁོར་འདས་འདྲེས་པའི་ལམ་དུ་སྣང་། །འདི་མེད་གཞི་ལམ་མི་འབྱོར་བས། །ཡེ་ཤེས་བཞི་ཡི་ལ་མཉིད་དུ། །


JL01_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ཀྱི་གསང་ལམ་དུ། །སྣང་བ་བཞི་ཡི་ཚུལ་དུ་ཡང་། །ཅིག་ཅར་བ་དང་རིམ་གྱིས་སུ། །དབང་པོའི་སྒོ་རྣམས་ཡོད་བཞིན་སྣང་། །མཐའ་བཞིའི་དྲི་མ་ལས་འདས་པའི། །འཆར་བྱེད་ཡོན་ཏན་མ་འགགས་པར། །མཐའ་གྲོལ་ཆེན་པོའི་སྣད་ཚུལ་དུ། །ལྷུན་གྲུབ་རང་རྫོགས་ཆེན་པོ་ལས། །ངེས་པའི་ཀ་དག་ལ་སྤྱོད་ཕྱིར། །མཐའ་དང་གྲོལ་བའི་ཡེ་ཤེས་སུ། །འདི་ཉིད་རང་བྱུང་རང་ཤར་བས། །མཐའ་ལས་གྲོལ་བའི་སྣང་བར་ནི། །ངོ་བོ་ཉིད་དང་འབྲེལ་བར་སྣང་། །འདི་མེད་ངེས་པ་མི་འཐོབ་པས། །རྒྱུ་འབྲས་ལྡོག་པའི་སྐྱོན་འགྱུར་བས། །མཐའ་གྲོལ་ཉིད་དུ་ཡང་དག་སྣང་། །ཡོན་ཏན་འཆར་ཚུལ་མ་འགགས་པས། །འཁོར་བ་སྐྱེད་པའི་བྱུང་ཁུངས་སུ། །མ་དག་པ་ཡི་འཆར་སྒོ་ལྟར། །འབྱུང་ཚུལ་འགག་པ་མེད་པར་ཤར། །འདི་མེད་འཁྲུལ་པ་མིང་མེད་པས། །དེ་ཕྱིར་མ་དག་འཁོར་བའི་སྒོ། །སྲིད་པ་རྣམས་ཀྱི་རྒྱུ་སྲང་དུ། །སྣང་བ་འགགས་མེད་ཚུལ་དུ་ཤར། །མ་དག་འཁོར་བའི་སྒོ་ཞེས་བསྟན། །ཐོད་རྒལ་ཡེ་ཤེས་ཡོད་པས་ན། །དག་པ་ཉིད་ཀྱིས་དག་པ་མཚེན། །འཆར་བྱེད་སྣང་བ་སོ་སོའི་ལམ། །དག་པ་ཡེ་ཤེས་ཆེན་པོའི་སྒོར། །ཟང་ཐལ་རྣམ་པ་གསུམ་དུ་ཤར། །འདི་མེད་རང་རྩལ་མི་རྫོགས་པས། །དག་པ་ཡེ་ཤེས་ཆེན་པོའི་སྒོར། །ངོ་བོ་ཀ་དག་རྟོགས་ཕྱིར་ཤར། །ཞེས་སོ། །དེ་ལྟར་གཞི་དང་གཞི་སྣང་གི་འཆར་ཆུལ་དེ་དག་ནི་རང་ངོ་རིག་པ་རྣམས་ལ་གྲོལ་རྐྱེན་དུ་སྣང་བས་སངས་རྒྱས་སུ་འགྲུབ་ལ། མ་ཤེས་ན་སོ་སོའི་ཆ་བརྒྱད་པོས་འཁྲུལ་གཞི་རེ་བྱེད་པས་འཁོར་བར་འཕེན་པ་ཡིན་ལ། དེ་ཡང་ལྷུན་གྲུབ་སྣང་ཚུལ་གྱི་ཆ་ལས་སྐྱོན་ཡོན་གཉིས་མེད་དུ་ཤར་ཀྱང་། འཁྲུལ་པ་འཇུག་ཚུལ་གྱི་ཆ་ནས་བདག་གཞན་གཉིས་སྣང་དུ་གྲུབ་ལ། འཁྲུལ་པ་ལྡོག་ཚུལ་གྱི་ཆ་ནས་མཐའ་


JL01_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་རིས་མེད་དུ་རྟོགས་ནས་སངས་རྒྱའོ། །དེ་བས་ན། གཞིའི་མཚན་ཉིད་མ་རྟོགས་པ་རྣམས་ལ་ལྷུན་གྲུབ་སྐྱོན་དུ་སྣང་ལ། དེ་ལྟར་རྟོགས་པ་རྣམས་ལ་ལྷུན་གྲུབ་ཡོན་ཏན་དུ་འཆར་བས་འཁྲུལ་གཞི་དང་གྲོལ་གཞི་གཉིས་ཀའི་སྒོ་ལྷུན་གྲུབ་ལ་ཐུག་བས་བར་དོ། ཐ་མ་ལ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཤར་བའི་ཆེ་འང་ངེས་པའི་གདེངས་བསྐྱེད་པ་ཤིན་ཏུ་གལ་ཆེ་ལ། རྟོགས་པ་མ་སྐྱེས་ཤིང་གོམས་པ་ཡུན་ཐུང་བ་དག་ནི་དེ་རང་ས་མ་ཟིན་པས་སྲིད་པའི་བར་དོ་ལ་ཁ་འཁྱལ་བ་ཡིན་ནོ། །མདོར་བསྡུ་ན། ཀ་དག་གི་རྩལ་སྣང་རང་མལ་དུ་བསྡུ་བ་ནི་མཐར་གྱིས་སྡོམས་ཆེན་པོ་ཡིན་ཏེ། དེ་ལྟར་མ་བསྡུས་ན་ཉི་ཟླ་ལྷུང་བ་མེད་ཀྱང་འོད་ཟེར་གྱིས་གླིང་བཞིར་ལྷུང་བ་བཞིན་ནོ། །དེ་རང་ཉིད་ཀྱི་རིག་པ་སྐད་ཅིག་དྲན་རྫོགས་ལ་སྦྱར་ན། མཐའ་བཞིའི་སྤྲོས་པ་དང་བྲལ་བ་ནི་ཀ་དག་བདེ་གཤེགས་སྙིང་པོ། མཁྱེན་ཆ་ནང་གསལ་གྱི་ཡེ་ཤེས་ནི་གཞི་ལྷུན་གྲུབ་ཆེན་པོ། ལྷག་མཐོང་དུ་སོ་སོར་རྟོག་པ་ནི་ལམ་ལྷུན་གྲུབ་ཆེན་པོ། རང་བཞིན་ཤེས་པའི་སངས་རྒྱས་ནི་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས། དེ་རྣམ་ཤེས་ཚོགས་བརྒྱད་དང་འབྲེལ་བའི་ཚེ་འཁོར་བ་ཡང་རང་ལ་ཤར། ལོ་སུམ་ཅུ་རྩ་གཅིག་ཏུ་དྲན་པའི་རྒྱུན་བསྐྱངས་བས་འཁོར་འདས་ཀྱི་མཚང་འདི་རུ་བརྟོལ་བས་ད་ནི་ཅི་ཡང་མི་བྱེད་དོ། །མི་བྱེད་པ་ཁོ་ནའི་ངང་དུ་རྟོག་དཔྱོད་མེད་པར་རོ་ཉལ་བྱས་ཀྱང་སྦྱངས་བ་མ་བྱས་པའི་བློ་གྲོས་གྱིན་བདེ་ཡང་སོ་སོར་རྟོག་པའི་ཤེས་རབ་ཏུ་ལངས་ནས་རྨོངས་པའི་སྐྱེ་བོ་དང་མ་བཤེས་ཀྱང་དེ་བཞིན་གཤེགས་པའི་བསྟན་པ་རིན་པོ་ཆེའི་དེ་ཁོ་ན་ཉིད་དང་བཤེས་ནས་དམ་པའི་ཆོས་ཀྱི་སྣང་བ་འདི་སྙེད་ཅིག་ཤར་རོ། །ཤར་བ་དེ་ཡང་བསྟན་པའི་ཞབས་ཏོག་དང་སེམས་ཅན་འབའ་ཞིག་ལ་ཕན་པར་སྨོན་པ་ལས་གཞན་པའི་རེ་དོགས་ཏིལ་གྱི་ཤུན་པ་ཙམ་


JL01_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་རང་གི་མཚན་ཉིད་སུ་ལའང་མི་དངོམ་སུས་ཀྱང་མ་རྟོགས་པའི་ངང་དུ་མི་ཚེའི་ཉི་མ་དབེན་པའི་རི་སུལ་དུ་ཏལ་ལ་སོང་བས་བདེ་ཆེན་ཆོས་ཉིད་ཀྱི་བཙན་ས་ཟིན་པ་དེ་ལས་ཅན་གྱི་སློབ་མ་དག་གི་ཕ་ཕོགས་སུ་གྱུར་པ་ཡིན་ནོ། །དེ་ལྟ་བུའི་གཞི་དེ་སེམས་རྒྱུད་ཀྱི་བསྡུས་སོ་ཅོག་གིས་སེམས་ཅན་ལ་ཁྱབ་ཅིང་། ཁྱད་པར་མིའི་འགྲོ་བ་རྣམས་ཀྱི་སྙིང་ག་ན་གནས་པ་ལས། ཐོད་རྒལ་གྱི་ལམ་དུ་འཇུག་པ་རྣམས་ལ་ནི་ནང་གདངས་གཞི་སྣང་གི་ཆ་དབུ་མའི་འོད་རྩ་དང་མིག་ལས་བརྒྱུད་ཕྱིའི་ནམ་མཁའ་ལ་སྣང་སྟེ། དེ་ཡང་ཆོས་ཉིད་མངོན་སུམ་གྱི་དུས་ནས་མ་དག་པ་འཁོར་བའི་སྒོ་གཙོ་ཆེར་སྣང་བའི་ཚུལ་ཡང་། འོད་སྣང་ཚད་མེད་པ་དང་། ཕྱིའི་ཡུལ་སྣང་དབང་པོ་ལ་ཤར་བ་དང་། ནང་གི་རྟོག་ཚོགས་ལ་སོགས་པའོ། །ཡེ་ཤེས་ཀྱི་སྒོ་ནི་ཉམས་ལེན་གྱི་དུས་ན་སྣང་ཤེས་གཉིས་སུ་འཆར་བའི་ཉམས་ཐམས་ཅད་དོ། །འོད་ལྟར་ཤར་བ་ནི་ཉམས་གོང་འཕེལ་གྱི་སྣང་བའོ། །སྐུ་ལྟར་ཤར་བ་ནི་རིག་པ་ཚད་ཕེབས་སོ། །མཐའ་གྲོལ་ལྟར་ཤར་བ་ནི་ཆོས་ཉིད་ཟད་ནས་ཅིར་ཡང་མི་འཛིན་པའི་དུས་སོ། །ཐུགས་རྗེ་ལྟར་ཤར་བ་ནི་རྣམ་པ་ཐམས་ཅད་དུ་ཤེས་རབ་དང་སྙིང་རྗེ་འཆར་བའི་དུས་སོ། །དེ་ལྟར་ཕྱི་ལྟར་ཤར་བའི་གཞི་སྣང་རྣམས་རང་གི་ངོ་བོ་ལ་ཐིམ་པས་གཞི་ཐོག་ཏུ་གྲོལ་བ་ནི་ཐོད་རྒལ་གྱི་སྣང་བཞི་མཐར་ཕྱིན་ནས་ཚེ་འདི་ལ་གྲོལ་བའི་འཐད་པའོ། །དེར་མ་གྲོལ་ན་སྣང་མཆེད་ཐོབ་པའི་རྗེས་ཀྱི་བར་དོ་དང་པོ་དེ་ཉིད་གཞིའི་ཀ་དག་གི་རང་མལ་ལས་མ་གཡོས་པར་རང་སྣང་། གཞི་སྣང་གི་ཆ་འོད་གསལ་དུ་ཤར། ལྷུན་གྲུབ་གྱི་སྣང་བལ་སྐུ་ལྟར་ཤར་བ་ཚོམ་བུ། འོད་ལྟར་ཤར་


JL01_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡེ་ཤེས། བཞི་སྦྱོར་གྱི་སྣང་ཆའོ། །ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་འཁོར་འདས་གཉིས་ཀའི་སྒོ་ཡོད་པས་རང་ངོ་ཤེས་ན་ཐུགས་རྗེ་དང་། གཉིས་མེད་དང་། མཐའ་གྲོལ་ལྟར་ཤར་ནས་རྩལ་སྣང་གཞི་ལ་བསྡུས་ཏེ་གྲོལ་ལ། མ་ཤེས་ན་གཞི་སྣང་འཁྲུལ་པར་ཤར་ནས་འཁོར་བའོ། །དེ་བས་ན་འཁོར་འདས་རིག་པའི་ཆོས་ཉིད་དུ་གཅིག་པས་སངས་རྒྱས་དང་སེམས་ཅན་ཡང་སྣང་བ་རང་ངོ་འཕྲོད་མ་འཕྲོད་ཙམ་གྱི་ཁྱད་པར་ལས་མེད་པས་ཐོག་མའི་འཁྲུལ་དུས་དང་། ལམ་ཉམས་སུ་ལེན་དུས་དང་། བར་དོའི་གནས་སྐབས་གསུམ་གང་ཡིན་ཡང་གཞི་ལས་གཞི་སྣང་འཆར་ཚུལ་གྱི་གནད་ངོས་ཟིན་ན། གཉིད་སངས་པའི་རྨི་ལམ་རང་ལོག་པ་བཞིན་འཁོར་འདས་རྒྱ་གྲོལ་ལ་འགྲོ་བའི་གནད་ངོ་ཤེས་པར་བྱ་ལ། དེ་བཞིན་དུ་གཞི་སྣང་གི་གདངས་གཞི་ལ་ཐིམ་ཚུལ་ཡང་། རང་ངོ་ཤེས་ན་གྲོལ་སྟོབས་ཀྱིས་ཐིམ་ལ། མ་ཤེས་ན་འཁྲུལ་སྟོབས་ཀྱིས་ཐིམ་པའང་དངས་ཤེལ་ཉི་འོད་ཀྱིས་ཕོག་པའི་འོད་ཉི་མ་ཡོད་མེད་ཀྱི་རྗེས་སུ་འགྲོ་བའམ། རྨི་ལམ་རྨི་བདོ་བ་གཉིད་ཀྱི་ངང་དུ་ཐིམ་པ་བཞིན་སྣང་བའི་ཆ་དེ་དག་གང་ཡང་མེད་པར་སོང་བ་ལ་ཡེ་གདངས་ནང་དུ་ལོག་པ་ཞེས་བྱ་སྟེ། དང་པོར་གཞན་ནས་བྱུང་བ་ཡང་མེད་ལ། མཐར་གྱིས་གཤེད་དུ་སོང་བའང་མེད་པའི་ཚུལ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རིག་པ་ཉིད་ཀྱི་ཡོན་ཏན་ནམ། །རོལ་པའི་རྩལ་དུ་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། །རང་གི་ངོ་བོར་རང་ཐིམ་པས། །མ་བཞག་ཐེབ་པའི་ཚུལ་གྱིས་ནི། །མཛད་པ་མེད་པའི་ཀློང་དུ་འདས། །མི་མཛད་ཅི་ཡང་མ་ཡིན་པས། །བྱེད་སྤྱོད་ཐམས་ཅད་མྱ་ངན་འདས། །མ་བྱས་བྱེད་པར་སྣང་མེད་པས། །འདུས་


JL01_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་རྣམས་ནི་དག་པའི་ཀློང་། །དེ་ཉིད་རང་ལ་རང་ཐིམ་པས། །གཞན་དུ་སོང་བ་མ་ཡིན་ནོ། །དཔེར་ན་ཉི་མའི་སྙིང་པོ་ལ། །རང་གི་ཟེར་རྣམས་རང་ཐིམ་ལྟར། །རང་གི་གདངས་དང་བཅས་པ་ཡིས། །གཟིགས་སྣང་ཐམས་ཅད་མྱ་ངན་འདས། །འདི་ཀུན་ཡོན་ཏན་རིན་པོ་ཆེ། །སྐྱོན་ལ་མི་གནས་རང་སའོ། །རང་འོད་རང་ལ་ཐིམ་པས་ནི། །འདི་ཡང་ཡོན་ཏན་ཆེན་པོར་ཤར། །རང་གི་ངོ་བོ་རྣམ་དག་པར། །མཚན་མར་འཛིན་པའི་ཞེན་ཡུལ་འགགས། །ཕྱི་རོལ་འབྱུང་བཞི་རགས་པར་ཡང་། །འདིར་མི་སྣང་སྟེ་ཞེན་པ་ལྡོག །རང་དག་སྟོང་པ་ཆེན་པོ་ལས། ཁ་དོག་བདག་འཛིན་མྱ་ངན་འདས། །འདི་ཡང་གཞན་དུ་སོང་བ་མེད། །རང་གི་ངོ་བོ་རྣམ་དག་པར། །མཚན་མར་འཛིན་པའི་ཞེན་ཡུལ་འགགས། །ཕྱི་རོལ་འབྱུང་བཞི་རགས་པར་ཡང་། །འདིར་མི་སྣང་སྟེ་ཞེན་པ་ལྡོག །རང་དག་སྟོང་པ་ཆེན་པོ་ལས། ཁ་དོག་བདག་འཛིན་མྱ་ངན་འདས། །འདི་ཡང་གཞན་དུ་སོང་བ་མེད། །རང་གི་ངོ་བོར་རང་ཐིམ་པས། །སྣང་བ་ཐམས་ཅད་མྱ་ངན་འདས། །འོད་ཀྱི་དཀྱིལ་འཁོར་རང་ཐིམ་པ། །དཔེར་ན་ནམ་མཁའི་འཇའ་ཚོན་ཉིད། །ནམ་མཁའ་ཉིད་ལ་རང་ཡལ་ལྟར། །མི་འབྱེད་ཆེན་པོའི་ཀློང་དུ་ནི། །འཛིན་ཆགས་ཐམས་ཅད་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡོན་ཏན་འཆར་ཚུལ་འདི་ལྟ་བུ། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད། །རང་གི་ངོ་བོར་རང་ཐིམ་པས། །ཤེས་པའི་འཛིན་རྟོག་དྲན་བསམ་ནི། །རང་གནས་མཉམ་པ་ཉིད་ཀློང་དུ། །ཐམས་ཅད་གཉིས་མེད་མྱ་ངན་འདས། །སོ་སོའི་ཡེ་ཤེས་སྣང་ཆ་ཡང་། །བྱས་པ་མེད་པའི་ཀློང་དཀྱིལ་དུ། །ནུབ་པ་མེད་པར་མྱ་ངན་འདས། །དེ་ཉིད་རང་ལ་རང་ཐིམ་པས། །ཡེ་ཤེས་རོལ་པ་སྣ་ཚོགས་ཀུན། །རང་ངོ་མ་ལ་ཐིམ་པ་ནི། །དཔེར་ན་མ་བད་བུ་འཇུག་བཞིན། །རང་གི་ཡེ་ཤེས་རང་ཡིད་ཆས། །རང་གི་རང་བཞིན་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་ཐིམ་པའི་ཚུལ། །སྐུ་ཉིད་སྐུ་ལ་རང་ཐིམ་པས། །གཟུགས་ཀུན་མི་རྟོག་ཆེན་པོར་ནི། །སྣང་བ་མེད་པར་


JL01_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་འདས། རགས་པས་བསྡུས་པའི་འབྱུང་བ་དང་། །ཕྲ་བས་བཟུང་བའི་མ་རིག་སོགས། །འབྱེད་པ་མེད་པར་མྱ་ངན་འདས། །སྐུ་རྣམས་རང་ངོར་ཐིམ་པས་ནི། །ཤེས་པའི་འབྱུང་ཆ་ཕྱིར་མ་ཤོར། །དཔེར་ན་བུམ་པའི་སྐུ་གཟུགས་བཞིན། །ནང་གསལ་ཕྱི་ཡི་རྒྱུ་བ་རྣམས། །རང་བཞིན་མེད་པར་གནས་སུ་དག །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་འདི་ལྟ་བུ། །གཉིས་མེད་གཉིས་མེད་རང་ཐིམ་པས། །གྲངས་སུ་འཛིན་པའི་ཞེན་པ་རྣམས། །ཉག་གཅིག་སྤྲོས་དང་བྲལ་པར་ནི། །མི་གཉིས་གཅིག་པའི་ཚུལ་དུ་ཡང་། །རང་ཐིམ་ཉིད་དུ་མྱ་ངན་འདས། །གཉིས་སུ་སྣང་བ་རང་ཐིམ་པས། །དཔེར་ན་ཆུ་བོ་ཆུ་བོ་ལ། །ཐིམ་པ་བཞིན་ཏེ་དབྱེར་མི་ཕྱེད། །དབྱེར་མེད་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །མ་འགགས་ཡོན་ཏན་འདི་ལྟ་བུ། །མཐའ་གྲོལ་ཉིད་ནི་མཐའ་གྲོལ་ལ། །རང་གི་ངོ་བོ་རང་ཐིམ་པས། །སྐུ་གསུམ་འཛིན་པའི་རང་རྒྱུད་ཀུན། །ལུས་རྣམས་ཟད་པར་མྱ་ངན་འདས། །མཐའ་གཉིས་རང་དག་རང་ཐིམ་པས། །དཔེར་ན་ནམ་མཁའ་ནམ་མཁའ་ལ། །ཐིམ་པ་བཞིན་ཏེ་ངོས་བཟུང་མེད། །མུ་བཞིའི་རྟོག་ཞེན་རང་འགགས་ནས། །མི་གནས་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །སྣང་བའི་ཡོན་ཏན་འདི་ལྟ་བུ། །མ་དག་འཁོར་བར་རང་འཇུག་སྒོ། །ངོ་བོ་ཉིད་ཀྱིས་དག་སྒོ་ལ། །སོང་བ་མེད་པའི་ཚུལ་དུ་ཐིམ། དཔེར་ན་སྤྲ་ཡི་ཚོན་ཐག་རྣམས། །བརྟུལ་བས་དབུས་སུ་རང་འདུས་ལྟར། །དབང་པོའི་སྤྱོད་ཡུལ་མྱ་ངན་འདས། །འདི་ཉིད་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་ཆ་རྫོགས་པ། །དག་པ་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་ལ་རང་ཐིམ་པས། །སྐུ་དང་ཡེ་ཤེས་མྱ་ངན་འདས། །དཔེར་ན་སེང་གེ་གངས་ཟིན་བཞིན། །མི་ལྡོག་འཇིགས་མེད་གདེངས་རྣམས་རྙེད། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་


JL01_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་འབྱུང་ཚུལ་གྱི། །གཅིག་པར་གནས་པའི་ཡེ་ཤེས་སོ། །མ་བཙལ་རང་གིས་རང་རྙེད་པར། །སྔོན་ནས་དེ་ཡི་རང་བཞིན་ནོ། །ཞེས་སོ། །ལར་གཞིའི་བཞུགས་ཚུལ་མ་ཤེས་ན་རྫོགས་པ་ཆེན་པོའི་གྲུབ་མཐའ་ཤེས་པ་མ་ཡིན་ལ། དེའི་གནད་ནི་ལྷུན་གྲུབ་གྱི་སྤུབས་གསུམ་ལ་ཐུག་པས་དེའི་ཚུལ་ཤིན་ཏུ་རྟོགས་དཀའ་བའི་གནས་ཡིན་པས་སྔན་ཆད་བསྟན་པ་འདི་ཆེས་ཆེར་དར་བའི་དུས་ཀྱང་གྲུབ་མཐའ་ཇི་བཞིན་བམ་ལྷོངས་ན་དེངས་ནི་རྫོགས་པ་ཆེན་པོའི་བསྟན་པ་གཟུགས་བརྙན་ཙམ་ལས་མི་སྣང་བས་སྨོས་ཅི་དགོས། དེ་བས་ན་འདིར་བཀོད་པ་ཡང་ཀུན་ཏུ་བཟང་པོ་མངོན་སུམ་པའི་ཆོས་འཁོར་ལས་ཤེས་པ་ཡིན་ཏེ་ཐེག་པའི་མཆོག་རིན་པོ་ཆེར། ཚུལ་འདི་ནི་གསང་བསྙིང་ཐིག་གི་དཀའ་བའི་གནས་ཏེ། རྒྱུད་དང་མན་ངག་ནས་གསལ་བར་གསུངས་ཀྱང་། བོད་འདིར་སྔོན་ཆད་སློང་ནུས་པ་ཙམ་མ་བྱུང་བས། ཁོ་བོས་ཤིན་ཏུ་གསལ་བར་ཕྱེ་ནས་བསྟན་པས། ཕྱིན་ཆད་གནད་འདི་ཤེས་པ་བྱུང་ན་ཡི་གེ་འདིའི་མཐུར་ཤེས་པར་བྱའོ། །ཞེས་སོ། །ད་ནི་གཞི་དེ་ལས་ཀུན་ཏུ་བཟང་པོ་གྲོལ་ཚུལ་ནི། དེའི་ཚེ་གཞི་སྣང་མཐོང་བའི་སྐད་ཅིག་མར། དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་དེས། །སྣང་བ་འཁྲུལ་པར་མ་མཆེད་རང་སྣང་དུ། །རིག་པས་ལུང་མ་བསྟན་གྱི་གཞི་ལས་འཕགས། །གཞི་ཉིད་འབྲས་བུར་སྨིན་པའི་ཤེས་རབ་ཀྱིས། །སྐད་ཅིག་གཅིག་ལ་བྱེ་བྲག་རབ་ཏུ་ཕྱེད། །ཕྱེད་ཐོག་ཤེས་རབ་ཉིད་ཀྱང་སྐུར་སྨིན་པ། །གཞན་བྱུང་རྐྱེན་ལ་མ་ལྟོས་རང་སར་གནས། །སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དུ། །སྐད་ཅིག་ཉིད་ལ་མངོན་པར་སངས་རྒྱས་སོ། །དེ་ལ་ཐོག་མའི་དབྱིངས་ལས་ལྷུན་གྲུབ་ཀྱི་ནང་གདངས་ཕྱིར་འཕགས་ཏེ་ཐུགས་རྗེའི་རིག་པ་མ་རིག་པའི་ཆར་ལྡོག་


JL01_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མགོ་བརྩམས་པ་ཙམ་ནས་རིག་པའི་ཆོས་ཉིད་ཀུན་ཏུ་བཟང་པོས་རང་སྣང་རང་བཞིན་མེད་པར་ཤེས་པས་རྟོག་དཔྱོད་ཀྱི་རྒྱུན་ཆད་གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་ངོ་བོ་ཉིད་མེད་པའི་དང་དུ་རང་ལོག་སྟེ་ཕྱིན་ཆད་འཁྲུལ་མི་ཤེས་པའི་ཀ་དག་གིས་ལ་ཐིམ་ནས་སངས་རྒྱས་ཐམས་ཅད་ལས་སྔོན་རོལ་པའི་སྟོན་པར་སངས་རྒྱས་པ་སྟེ་སྒྲ་ཐལ་འགྱུར་ལས། དེ་ལྟར་འཁོར་འདས་ཐོག་མཐའ་ལས། སངས་རྒྱས་འཁྲུལ་པར་མ་གྱུར་པས། གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ཐག་ཆོད་པའོ། །ཞེས་དང་། བདེ་བ་འཁོར་ལོ་ལས། ཉུག་ཙམ་ལས་ནི་རིག་བྱུང་ནས། ཝལ་གྱིས་གསལ་ནས་སྒྲོ་སྐུར་བྲལ། །ཞེས་སོ། ཁ་ཅིག །གྲོལ་ས་ཉིད་ནི་ཐོག་མའོ། །ཞེས་པའི་ཚིག་ཙམ་ལ་འཁྲུལ་ནས། གཞི་ཐོག་དེ་ཉིད་དུ་གྲོལ་བར་འདོད་པ་ནི་ནོར་ས་ཆེན་པོ་ཡིན་ཏེ། འཁྲུལ་པ་འབྱུང་རུང་གི་ཆ་ནས་བཞག་པའི་གཞི་ལ་གྲོལ་ན་སྤངས་རྟོགས་ཀྱི་ཆ་ནས་གནས་དཔགས་པ་ཅུང་ཟད་ཀྱང་མེད་པས་ད་དུང་འཁྲུལ་པར་འགྱུར་ཏེ། གཞིའི་སྒྲ་དོན་ནི་འཁོར་འདས་གཉིས་ཀ་འབྱུང་རུང་གི་ཆ་ལ་བཏགས་པས་ན་དེའི་རང་ས་ལས་མ་གཡོས་པའི་ཕྱིར་རོ། །དེ་བས་ན་གྲོལ་ས་ཐོག་མར་བཤད་པ་ནི་གཞི་ལས་འཕགས་པའི་རིག་པ་ངས་ནི་ལུང་མ་བསྟན་གྱི་ཆ་ཐམས་ཅད་སྤངས། རྟོགས་བྱ་དབྱིངས་ཀྱི་ཡོན་ཏན་ལ་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་ནས་མངོན་པར་སངས་རྒྱས་པའི་གནས་ལུགས་ཀྱི་ཐོག་མ་ལས་གཞན་དུ་མི་འགྱུར་བའི་དོན་ཡིན་ཏེ། འཇམ་དཔལ་སྒྱུ་འཕྲུལ་ལས་ཀྱང་། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པས་གསལ་ལོ། །དེ་བས་ན་སྐབས་འདིར་ནི་མི་སློབ་པའི་ཟུང་འཇུག་ལ་སོགས་པའི་ཤེས་བྱ་ཤེས་བྱེད་ཀྱི་སྤྲོས་པའི་སྒྲ་ཚིག་བྱིངས་


JL01_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་མི་སྡུད་པར་རང་གནས་ཀྱི་རིག་པ་འཆིང་གྲོལ་མེད་པའི་དོན་གྱིས་གཞལ་ནས་འབྲས་བུའི་སངས་རྒྱས་མངོན་སུམ་དུ་གཏན་ལ་འབེབས་པ་ཡིན་པས་ཐོག་མའི་གཞི་ཐོག་ནས་ཀུན་ཏུ་བཟང་པོ་སངས་རྒྱས་པ་དེ་ཡང་གཞི། ཤེས་ཀྱི་མ་རིག་པ་དྲུག་ཆོས་དྲུག་གི་བདེན་པས་བཅོམ་ནས་སངས་རྒྱས་བ་སྟེ། དགོངས་པ་བཀའ་བགྲོས་ལས། དེ་ཚེ་ཀུན་བཟང་ཆོས་དྲུག་གིས། །གཞི་ཤེས་མ་རིག་དྲུག་བཅོམ་ནས། །ཉུག་ཙམ་ལས་ནི་ཡིད་ཙམ་སྟོངས། །རིག་ཙམ་བྱུང་བས་རིག་འགྲིབ་བརླབ། །སལ་གྱིས་གསལ་བས་མུན་སོང་སངས། །ཝལ་གྱིས་བྱུང་བས་འཐིབས་པ་མེད། །སྒྲོ་སྐུར་བྲལ་བས་མ་རིག་དག །འགྱུར་བ་མེད་པས་ནམ་མཁའ་འདྲ། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །འཁྲུལ་པ་མ་རིག་ལོག་བཅོམ་པས། །ལུང་མ་བསྟན་པ་རང་བརླག་སྟོངས། །བེམ་རིག་བྱེད་པས་གཞི་དང་ཕྲད། །དེ་ཕྱིར་མ་རིག་མུན་པས་སངས། །ཞེས་སོ། །དེ་ཡང་ཉུག་ཙམ་པའི་རིག་པས་གཞི་ལས་འཕགས། རིག་ཙམ་དུ་ཡོད་པས་རང་ངོར་སྣང་བ་མ་འགགས། གསལ་གྱིས་གསལ་བས་བྱེ་བྲག་ཕྱེད། །ཝལ་གྱིས་བྱུང་བས་ཕྱོད་པའི་ཐོག་ཏུ་གྲོལ། སྒྲོ་སྐུར་དང་བྲལ་བས་གཞན་རྐྱན་ལམ་ལྟོས། འགྱུར་བ་མེད་པས་རང་སར་གནས་པ་སྟེ་བཅོམ་བྱེད་ཤེས་རབ་ཀྱི་རང་བཞིན་ཆོས་ཉིད་དོན་དམ་པའི་བདེན་པ་མངོན་དུ་གྱུར་པ་ལས་གཞིའི་ཆོས་ཉིད་འབྲས་བུར་སྨིན་པ་སྟེ། སྒྲོན་མ་འབར་བ་ལས། གཞི་ཉིད་འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུར་སྨིན་པ་ཡིས། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡིས་ཡེ་ཤེས་རྒྱུན་མ་ཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་སོ། །དེ་ལྟ་བུའི་གདོད་མའི་སངས་རྒྱས་ངེས་ནི་ལུང་མ་བསྟན་གྱི་མ་རིག་པ་ཆ་དང་བཅས་པ་


JL01_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཤིང་ཉོན་མོངས་པ་ལས་གྲོལ་བས་འབད་པ་མེད་པར་བསོད་ནམས་ཀྱི་ཚོགས་རྫོགས་ལ། དེ་བཞིན་ཉིད་ཀྱི་དགེ་བ་སྡིག་པའི་ཆོས་ཅན་མ་ཡིན་པ་རང་བྱུང་དུ་རྟོགས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པས་ཚོགས་ཆེན་ཡེ་རྫོགས་དང་སྒྲིབ་པ་ཡེ་དག་གི་སངས་རྒྱས་ཞེས་བྱ་སྟེ། མདོ་སྡེ་པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །ད་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་དེ་ནི་ངས་རྙེད་དེ། །ང་ནི་རྟག་ཏུ་ཆེས་ཀྱང་རབ་སྟོན་ཏོ། །ཞེས་སོ། །འོན་ཀྱང་ལམ་མས་སྦྱངས་ཀྱི་ཚོགས་གཉིས་རྫོགས་ཚུལ་དང་འདི་མི་མཚུངས་ཏེ། ཅིའི་ཕྱིར་ཞེན་དེ་དག་ནི་སེམས་པ་ཡིད་ཀྱི་ལས་དང་། བསམ་པ་ངག་གི་ལས་ལ་བརྟེན་ནས་རྣམ་སྨིན་དཀར་པོ་བསྐྱེད་པའི་འབྲས་བུ་ཡིན་ལ། འདིར་ནི་ཆོས་ཀྱི་དབྱིངས་དགེ་སྡིག་ལས་འདས་པའི་དོན་མངོན་དུ་བྱས་པ་ལ་ཚོགས་གཉིས་རྫོགས་པའི་ཐ་སྙད་བཏགས་པ་སྟེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། དེ་ལ་མི་དམིགས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །ཞེས་པས་བསྟན་ཏོ། །དེ་ལྟ་བུའི་སངས་རྒྱས་དེ་ཉིད་ཀྱི་ཕྱིར་གཟིགས་ཀྱི་ཤེས་བྱ་ཡུལ་སྣང་ལ་ཤར་བའི་རྣམ་པ་རང་ངོ་མཁྱེན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་ལ། དེ་ལྟར་མཁྱེན་ཀྱང་རང་ངོ་གསལ་གསལ་ལས་མི་གཡོ་བས་དཔྱོད་བྱེད་ཀྱི་སྤྲོས་པ་ཆོས་ཉིད་ཀྱི་ངང་དུ་ཞི་བ་ནི་ཐམས་ཅད་མཁྱེན་པའི་སངས་རྒྱས་ཏེ། དེ་གཉིས་ལྡོག་པ་ཐ་དང་ཀྱང་ངོ་བོ་གཅིག་ལས་མི་འདའ་བས་འདིར་ཆོས་ཀྱི་སྐུའི་གནས་སྐབས་ན་ནང་གསལ་དུ་བཞུགས་པའི་ཚུལ་ནི། རང་ཤར་ལས། ཀྱེ་སྐྱེས་བུ་སྨྲ་བའི་སེང་གེ་ཁྱོད་ཉོན་ཅིག །རིན་པོ་ཆེ་རྣམ་པར་བཀོད་པའི་ཕུང་པོ་ནི་དཔངས་མཐོ། རིན་པོ་ཆེའི་གཞལ་ཡས་ཁང་ནི་བཀོད་ལེགས། རིན་པོ་ཆེ་རྣམ་པར་སྤྲས་པའི་བཙུན་མོ་ནི་རྒྱན་


JL01_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། རིན་པོ་ཆ་རྣམ་པར་བཀོད་པའི་དྲྭ་བ་ནི་ཆ་སྙོམས། རིན་པོ་ཆེ་མཛེས་པའི་རྟ་ནི་བང་འགྱོགས། རིན་པོ་ཆེ་སྣ་ཚོགས་བབ་ལ་ཟད་པ་མེད། རིན་པོ་ཆེ་སྣ་ལྔའི་ཐང་ནི་ཀུན་སྙོམས། །རིན་པོ་ཆེ་གསང་བའི་ཉི་མ་ལ་འཆར་ནུབ་མེད། །རིན་པོ་ཆེ་ཆུའི་པདྨ་ལ་གོས་པ་མེད། །རིན་པོ་ཆེ་མེའི་དཀྱིལ་འཁོར་བརྩེགས་ལེགས། རིན་པོ་ཆེ་རླུང་གི་ཤེས་རབ་ལ་རྟོག་པ་མེད། རིན་པོ་ཆེ་སའི་དཀྱིལ་འཁོར་ཐེག་པ་ཆེ། རིན་པོ་ཆེའི་ནམ་མཁའི་ནི་མཐའ་དང་དབུས་མེད། རིན་པོ་ཆེ་འབར་བའི་འོད་ལ་འཆར་ནུབ་མེད། །རིན་པོ་ཆེ་ཟར་གྱི་ཕྲེང་བ་རྩར་ལེགས། རིན་པོ་ཆེ་སྟོང་པའི་དཀྱིལ་འཁོར་བྲི་ལེགས། རིན་པོ་ཆེ་མཐའི་རྒྱ་མདུད་གསུམ་པོ་འདི་འདྲིལ་ལེགས། རིན་པོ་ཆེ་གཏིང་གི་མུན་སེལ་ནི་ཡངས་ལ་ལྷུན་སྟུག །རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་ནུབ་པ་མེད། རིན་པོ་ཆེའི་སྒྲོལ་མ་འབར་བ་ནི་འོད་གསལ། རིན་པོ་ཆེ་གསང་བའི་ཡེ་ཤེས་ལ་འཕེལ་འགྲིབ་མེད། རིན་པོ་ཆེ་རྣམ་པར་འབྲེལ་བའི་ལམ་ལ་བགྲོད་དུ་མེད། རིན་པོ་ཆེ་སྐུ་གདུང་འབར་བའི་མཆོད་རྟེན་ནི་བརྩེགས་ལེགས། རིན་པོ་ཆེ་རྡོ་རྗེའི་གདན་འགྱུར་བ་མེད། རིན་པོ་ཆེ་སྟོང་པའི་ལམ་ལ་ཐུག་པ་མེད། དགོངས་པ་རང་གནས་ཀྱི་མན་ངག་ཏུ་བསྟན་པའོ་ཞེས་པའི་བརྡའ་དོན་ནི། ངོ་བོ་ཀ་དག་གི་ཆ་ལ་བློའི་རྟོག་དཔྱོད་ཀྱི་ཐུག་པ་མེད་པས་དཔངས་མཐོ། །རང་བཞིན་ལྷུན་གྲུབ་ཀྱི་འོད་ལྔ་འཁོར་འདས་ཐམས་ཅད་ཀྱི་བསྟི་གནས་ལྟར་བཞུགས་པས་གཞལ་ཡས་ཁང་ལྟར་བཀོད་ལེགས། དབྱིངས་སུ་བཞུགས་པའི་གནས་སྐབས་ན་སྟོང་ཆ་ཤས་ཆེ་བས་བཙུན་མོའི་བརྡར་བརྟགས། དེ་ལྟར་ཡང་རིག་ཆས་སྤངས་པ་མ་ཡིན་པས་དྲྭ་བའི་སྒྲས་ཡབ་ཡུམ་ཐབས་ཤེས་སུ་འབྲེལ། དེའི་ངོ་བོ་ཡང་ཤེས་རབ་ཀྱི་


JL01_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཅན་ཤིན་ཏུ་ཕྲ་བའི་རླུང་དུ་གནས་པས་རྟའི་སྒྲ་དང་ལྡན། དེ་ལས་ཤེས་བྱ་ཤེས་བྱེད་ཐམས་ཅད་འབྱུང་བས་བང་ལ་ཟད་པ་མེད། ཕྱིར་གསལ་གྱི་ཤེས་པ་འཇུག་པའི་ཡུལ་རྒྱ་ཆེ་བས་ཀུན་སྙོམས་ཀྱི་ཐད་དུ་བརྗོད། འོད་ལྔའི་རང་མདངས་ནུབ་པ་མེད་པ་སོ་གསང་བའི་ཉི་མར་བསྒྲགས། དེ་ལས་དབྱིངས་ཀྱི་འབྱུང་བ་ལྔ་ས་ས་སོ་སོ་ན་བཀོད་པས་རིན་པོ་ཆེ་ཆུའི་པདྨ་དང་། མེའི་དཀྱིལ་འཁོར་དང་། རླུང་གི་ཤེས་རབ་དང་། སའི་ཐེག་པ་དང་། ནམ་མཁའ་མཐའ་བྲལ་གྱི་སྒྲས་བསྟན། གཏིང་གསལ་གྱི་གདངས་ནུབ་པ་མེད་པས་འབར་བའི་འོད་ཅེས་བསྟན། ཡེ་ཤེས་ཀྱི་རང་འོད་བལྟར་མི་མངོན་པར་འཁྱིལ་བས་ཟེར་གྱི་ཕྲེང་བར་བཏགས། དངོས་པོ་དང་མཚན་མར་ནམ་ཡང་མ་གྲུབ་པས་སྟོང་པའི་དཀྱིལ་འཁོར་གྱི་སྒྲ་དང་བཅས། ཐལ་བྱུང་གི་སྟོང་རྒྱང་མ་ཡིན་པས་འདྲིལ་ལེགས་ཤིང་རྣམ་ཐར་སྒོ་གསུམ་དང་ལྡན་པས་རྒྱ་མདུད་གསུམ་དུ་བཏགས། རིག་པ་གདངས་ཕྱེད་པ་དང་ལྡན་པས་འོད་ཀྱི་ཁང་པ་ཅན་དུ་བརྗོད། ཡངས་ལ་ལྷུན་སྟུག་བས་འོད་མཐའ་མེད་པའི་སྣང་བར་གྲགས། རྣམ་པར་གྲོལ་བའི་ཡེ་ཤེས་ཡིན་པས་རྒྱལ་མཚན་གྱི་རྩེ་མོའི་སྒྲས་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སྒྲོན་མ་འོད་འབར་བས་མི་འཇིགས་པ་བཞི་དང་། ཡེ་ཤེས་འཕེལ་འགྲིབ་མེད་པས་སོ་སོ་རིག་པ་དང་། རྣམ་པར་འབྲེལ་བའི་སྒྲས་མ་འདྲེས་པ་བཅོ་བརྒྱད་དང་། མཚན་དང་དཔེ་བྱད་ལ་སོགས་པ་རྟག་ཏུ་མི་ནུབ་པའི་རང་བཞིན་དང་། དེ་བཞིན་གཤིགས་པའི་སྤངས་རྟོགས་ཀྱི་གཟུགས་བསྙན་མཆོད་རྟེན་གྱི་སྒྲས་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་མ་ལུས་པའི་བདག་ཉིད་ཅན་དུ་བརྟན་ཅིང་། དེ་ཡང་དབྱངས་ལས་གཡོས་པ་མེད་པས་རྡོ་རྗེའི་གདན་དང་། ཐབས་ལ་མཁས་པ་དང་ཐུགས་རྗེ་ཆེན་པོའི་སྟོང་ལམ་ལ་ཐུག་


JL01_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་སྒྲས་ནང་དབྱིངས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པར་བསྟན་ནས། དགོངས་པ་རང་གནས་ཀྱི་སྒྲས་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་བླ་མའམ་སྤྱི་དཔལ་ཆེན་པོར་བཞུགས་པ་ཉིད་རྡོ་རྗེའི་ཚིག་གིས་བཅིངས་པས་མན་ངག་ཏུ་བསྟན་པའོ། །ཞེས་པའི་བརྡས་བསྟན་ཏོ། །དེ་ལྟར་དབྱིངས་སུ་བཞུགས་ཀྱང་གཞན་དོན་རྒྱུན་མི་ཆད་པ་ནི། གང་ཚེ་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན། །རྣམ་གྲོལ་ཡོན་ཏན་རྒྱས་པའི་ལྷུན་གྲུབ་སྒོ། །ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་བྱས་ནས། །དེ་ཡི་རྩལ་ལས་ཚངས་ཆེན་བསྐལ་པ་བཀོད། །དག་པ་རང་བཞིན་སྤྲུལ་སྐུའི་སྣང་བ་དང་། །མ་དག་འཁོར་བའི་སྒོ་ལས་སེམས་ཅན་གྱི། །སྣང་བ་ཉིད་དང་མཐུན་པའི་སྟོན་པ་ཡིས། །འཁོར་བ་སྟོངས་པའི་ཕྲིན་ལས་ཟད་མི་ཤེས། །ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱི། །མངའ་དབང་རྫོགས་པའི་སྟོན་པ་ཆེན་པོ་དེའི། །ཞིང་དང་མཛད་པ་ཆོས་ཀྱི་དབྱིངས་དང་མཉམ། །སངས་རྒྱས་ཉིད་ཀྱི་སྣང་བ་དེ་ཙམ་མོ། །དེ་ལ་གཉིས་སུ་འཛིན་པ་ཡོད་མིན་པས། །གདུལ་བྱ་འདུལ་བྱེད་རྣམ་པར་མི་རྟོག་ཀྱང་། །ནོར་བུ་མཆོག་དང་དཔག་བསམ་ཤིང་ཆེན་ལྟར། །རྩོལ་བ་མེད་པའི་ཐུགས་རྗེ་གཞན་ངོར་སྣང་། །འདི་ལྟར་དབྱིངས་དག་མཉམ་ཀ་དག་ཆོས་སྐུའི་ངང་ལས་མ་གཡོས་བཞིན་དུ། ལྷུན་གྲུབ་ཀྱི་རྩལ་སྣང་དུ་འཆར་བའི་སྒོ་ལས་སེམས་ཅན་གྱི་སྣང་ཚུལ་དང་མཐུན་པའི་དོན་མཛད་པ་ཡང་། ལྷུན་གྲུབ་ཀྱི་འོད་དང་སྐུའི་རྩལ་ལས་དབྱིངས་ཀྱི་ལོངས་སྐུའི་སྣང་བ་དང་། དེ་ལས་ཚངས་ཆེན་གྱི་བསྐལ་པ་དང་། དེ་ལས་རང་བཞིན་སྤྲུལ་སྐུའི་སྣང་བ་བཀོད་དེ། །མ་དག་པ་འཁོར་བའི་སྒོ་ལྟར་


JL01_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བའི་སེམས་ཅན་གྱི་གནས་རིགས་སོ་སོའི་སྣང་བ་དང་མཐུན་པའི་སྟོན་པར་བསྟན་ནས་འཁོར་བ་སྟོངས་པར་མཛད་ཅིག་མདོར་ན་དེའི་ཞིང་དང་མཛད་པ་ནི་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་སངས་རྒྱས་དང་སེམས་ཅན་གྱི་སྣང་བས་ཇི་ཙམ་ཁྱབ་པ་དེ་ཙམ་དུ་ཐོག་མ་དང་ཐ་མ་མེད་པར་བཞུགས་པས་མངའ་དབང་རྫོགས་པའི་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། འཇམ་དཔལ་སྒྱུ་འཕྲུལ་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་སོ། །འདི་དག་གི་ཚུལ་ནི་མགོན་པོ་བྱམས་པས་ཀྱང་། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་དང་། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །སོ་སོར་རང་གི་རྟོགས་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་སྤོང་ཕྱིར་རོ། །དང་པོ་གསུམ་གྱིས་རང་དོན་ཏེ། །ཕྱི་མ་གསུམ་གྱིས་གཞན་དོན་ཡིན། །ཞེས་འདུས་མ་བྱས་པ་ནི་འདིར་དབྱིངས་དག་མཉམ་སྤྲོས་བྲལ་ཆེན་པོ་ལ་ཀ་དག་ཏུ་བཏགས་པ་དང་། ལྷུན་གྲུབ་ནི་སྦུབས་གསུམ་གྱི་མཚན་ཉིད་དུ་གཅིག་ལ། གཞན་རྐྱེན་གྱིས་མི་རྟོགས་པའི་ཚུལ་ནི་ཐུགས་རྗེའི་རྩལ་སྣང་རང་རིག་པ་ལས་རང་བྱུང་གིས་སངས་རྒྱས་པ་དང་། མཁྱེན་བརྩེ་ནུས་པར་ལྡན་པ་ནི་གཞི་ལས་འཕགས་པ་ལ་སོགས་པའི་ཆོས་དྲུག་གི་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་སུ་མངོན་པར་བྱང་ཆུབ་པས་ཕྱིན་ཆད་འཁྲུལ་ནི་ཤེས་བ་སྟེ། །དེ་ལྟ་བུ་ནི་དོན་གཉིས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡིན་པར་བསྟན་ནས། ལྷག་མ་རྣམས་ཀྱིས་དབྱིངས་ལ་བཞུགས་ནས་སྤྲུལ་པ་འབྱུང་ཚུལ་ཀྱང་གསལ་བར་བསྟན་ཅིང་། དེའི་འགྲེལ་པ་ལས་ཀྱང་། དེ་ལྟར་ཤིང་ཏུ་རྨད་དུ་


JL01_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཞིང་བསམ་དུ་མེད་པའི་ཡུལ་སངས་རྒྱས་ཉིད་དེ། གཞན་ལས་མ་ཐོས་པར་རང་ཉིད་སློབ་དཔོན་མེད་པར་རང་བྱུང་གི་ཡེ་ཤེས་ཀྱིས་བརྗོད་དུ་མེད་པའི་རང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་རྗེས་སུ་རྟོགས་པ་ལ་རྟོགས་པ་དང་མི་ལྡན་པའི་དམུན་ལོང་དུ་གྱུར་པ་དག་ཀྱང་རྟོགས་པར་བྱ་བའི་ཕྱིར། དེ་རྟོགས་པར་ལམ་སྟོན་པར་མཛད་པའི་ཕྱིར། བླ་ན་མེད་པའི་ཡེ་ཤེས་དང་། ཐུགས་རྗེ་དང་ལྡན་པ་ཉིད་དུ་རིག་པར་བྱའོ། །ཞེས་སོ། །ཡང་གཞི་དེ་ལས་སེམས་ཅན་འཁྲུལ་ཚུལ་ནི། །དེ་ཉིད་མ་རིག་ཁམས་གསུམ་སེམས་ཅན་རྣམས། །ཐོག་མའི་གཞི་ལ་འཁྲུལ་བ་མ་མཆིས་ཀྱང་། །གཞི་སྣང་ཤར་བའི་རྣམ་པ་མ་རིག་པའི། །གློ་བུར་རྐྱེན་ནི་བདག་ཉིད་གཅིག་པ་སྟེ། །དེ་ཉིད་ཐུར་སོང་ལྷན་ཅིག་སྐྱེས་པ་ལ། །མིང་དོན་བདག་རྟོག་ཀུན་ཏུ་བརྟགས་པ་ཡི། །མ་རིག་གསུམ་ལས་འཁྲུལ་པའི་རྐྱེན་བཞི་མཆེད། །གཞི་ཉིད་ཁྱིམ་ལྟར་གནས་བརྒྱུད་ཡི་རྐྱེན། །དེ་ལ་རྟོག་དཔྱོད་ཤར་བ་བདག་པོའི་རྐྱེན། །དེ་ལས་ཡུལ་དང་ཡུལ་ཅན་དམིགས་པའི་རྐྱེན། །གསུམ་པོ་དུས་མཚུངས་དེ་མ་ཐག་པའི་རྐྱེན། །ཚོགས་ལས་རིམ་བཞིན་འཁྲུལ་པ་སྟོབས་གྱུར་ནས། །ཉོན་མོངས་ཚོགས་འཕེལ་འཁོར་བའི་གནས་རིགས་གྲུབ། །རྟེན་འབྲེལ་བཅུ་གཉིས་ཤིང་རྟའི་འཕང་ལོ་བཞིན། །འདི་ལྟར་ཐོག་མའི་གཞི་ལ་འཁྲུལ་པ་མེད་ཀྱང་། །གཞི་སྣང་དུ་ཤར་བའི་རང་ངོ་མ་རིག་པའི་རྒྱུ་བདག་ཉིད་གཅིག་པ་ཅན་གྱི་མ་རིག་པའོ། །དེ་ལས་དཔྱོད་བྱེད་ཀྱི་ཤེས་པ་ཕྲ་མོ་ཞིག་ལངས་པ་དེ་ཉིད་ནུས་པ་ཇེ་ཆེར་སོང་ནས་ངོ་མ་ཤེས་ཙམ་ལྡོག་པ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ། །དེའི་ངང་ལས་ཡུལ་འོད་སྣང་ལ་བདག་དང་གཞན་གྱི་བློས་གཉིས་སུ་སྣང་བར་ཕྱེ་བའི་ཆ་ནས་མིང་དང་། དོན་དང་། བདག་ཏུ་རྟོག་པའི་ཆར་སོང་བ་ནི་ཀུན་ཏུ་བརྟགས་པ་ཅན་གྱི་མ་རིག་པ་སྟེ། དེ་ལྟར་རྒྱུའི་རྐྱེན་མ་རིག་པ་གསུམ་པོ་ཚོགས་ཤིང་འདུས་པ་ནི་དཔེར་ན་ཡུལ་དང་། མིག་དང་


JL01_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཤེས་གསུམ་ཚོགས་པ་ལས། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་བ་བཞིན་ནོ། །དེ་ལས་རྐྱེན་བཞི་མཆེད་ཚུལ་ནི་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཁམས་གསུམ་གྱི་སེམས་ཅན་འདི་དག་ཐམས་ཅད་ནི་གཞི་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཁྲུལ་ལོ། །གཞི་དེ་ངོ་བོ་སྟོང་པ། རང་བཞིན་གྱིས་གསལ་བ། ཐུགས་རྗེ་སེམས་ཅན་ལ་སྣང་ནུས་པའོ། །དེ་ལ་འཛིན་བྱེད་ཀྱི་ཤེས་པ་མ་རིག་པའི་ཆ་ལས་བྱུང་བ་ཕྲེང་ཙམ་ཅིག་འགྱུས་པ་ལས། ཤེས་བ་དམུན་པོ་ཕ་གི་ལས་དབྱུང་ངམ། ང་ལས་ཕ་གི་བྱུང་སྙམ་པའི་ཤེས་པ་བྱུང་བ་ཙམ་གྱིས་འཁྲུལ་ལོ། །མ་རིག་པ་དེ་གཞི་ལ་མོད་དེ་ཉམས་སམ་རྣམ་པ་ལ་ཡོད་དོ། །རྣམ་པ་ལས་རྐྱེན་རྣམ་པ་བཞི་བྱུང་ངོ་། །དེ་ཡང་གཞི་འོད་ཁྱིམ་གྱི་ཚུལ་དུ་གནས་པ་ལས་རྒྱུའི་རྐྱེན་ཞེས་བྱ་སྟེ། མ་རིག་པ་དངོས་སོ། །དེ་ལ་རྟོག་དཔྱོད་ཏུ་སོང་བས་བདག་པོའི་རྐྱེན་ཞེས་བྱའོ། །དེ་ལ་ཡུལ་དུ་བཟུང་བས་དམིགས་པའི་རྐྱེན་ཞེས་བྱ་སྟེ། དཔེར་ན་མེ་ལོང་ལ་སྐྱེས་བུའི་བྱད་བསྟན་པ་ལྟ་བུའོ། །དེ་གསུམ་མཚུངས་པས་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །དེ་རང་གི་གཞི་ཡིན་པ་ལ་རང་གི་ངོ་མ་ཤེས་ཏེ་འཁྲུལ་ནས་ཁམས་གསུམ་འཁོར་བ་གྲུབ་བོ། །དེ་ལས་ཉོན་མོངས་པ་རགས་སུ་སོང་ནས་སེམས་ཅན་གྱི་གཟུགས་ཐ་དད་བྱུང་ངོ་། །གཞི་དེ་ལྟ་བུ་ལས་འཁྲུལ་ལོ། །ཞེས་སོ། །དེ་ལྟར་རྐྱེན་བཞི་ལས་རྒྱུ་དང་། འབྲས་བུ་དང་། མིང་དང་། སྣང་བ་སྣ་ཚོགས་སུ་འཁྲུལ་ཚུལ་ཡང་བཀྲ་ཤིས་མཛེས་ལྡན་ལས། དེ་ཡང་རྐྱེན་བཞི་ཡིས་འཁྲུལ་ཏེ། ཐ་མ་ཡང་རྐྱེན་བཞི་ལ་ཐུག་གོ །རྒྱུ་དམིགས་པ་ཅན་དུ་འཛིན་པའི་རྐྱེན་ལས། འབྲས་བུ་སྣ་ཚོགས་པའི་རྒྱུར་འཁྲུལ། བདག་པོ་ཡུལ་ཅན་དུ་འཛིན་པའི་རྐྱེན་ལས་མིང་སྣ་ཚོགས་སུ་འཁྲུལ། །དམིགས་པ་བློ་ཅན་དུ་འཛིན་པའི་རྐྱེན་ལས་འབྲས་བུ་ཐུག་པ་མེད་པར་འཁྲུལ་ལོ། །དེ་མ་ཐག་པ་འཛིན་པ་ཅན་གྱི་རྐྱེན་ལས་སྣང་བ་སྣ་ཚོགས་སུ་འཁྲུལ་ལོ།


JL01_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་གསང་སྔགས་གཞིའི་འཁྲུལ་ལུགས་ཆེན་པོའོ། །དེ་ཡང་སྣང་ཐབས་ལ་མ་རིག་པའི་རྐྱེན་རང་ཀ་མ་དང་བཅས་ཏེ་སྣང་ངོ་། །མ་རིག་པ་དེ་ཡང་རྩ་བའི་ཉོན་མོངས་པ་ལྔ་དང་བཅས་ཏེ་རྟོག་ཚོགས་དུ་མ་སྡུད་པའོ། །རྐྱེན་སྟོང་ཕྲག་དུ་མ་དང་བཅས་པ། སྣང་ཚུལ་དུ་མ་དང་བཅས་པ། སྣང་ཚུལ་གྱིས་འབྱམས་པའོ། །དེ་ཡང་ལྷུན་གྲུབ་རིན་པོ་ཆེའི་གའུའི་གནས་ལུགས་ཀྱི་སྣང་བ་མ་འགགས་པ་ལས། གཞི་མ་འགྱུར་བར་སྣང་བར་འགྱུར་ཏེ། ཡུལ་དུ་མའི་རྗེས་སུ་འབྲེངས་ཏེ། ཐམས་ཅད་ལ་རྟོག་པའོ། །ཆོས་སྐུའི་སྣང་བ་མ་འགྱུར་ཀྱང་། འཁྲུལ་པའི་སྣང་བ་ལ་འགྱུར་འགྱུར་ལྟར་བྱུང་བའོ། །རྡོ་རྗེ་སེམས་དཔའ་ལ་འཁྲུལ་པ་མི་མངའ་ཡང་། སེམས་ཅན་ལ་འཁྲུལ་པའི་ཚུལ་སྟོན་པའོ། །ཐ་མ་རང་གི་སྣང་བ་རང་རྐྱེན་གཞི་ལ་བཟློག་པའོ། །གཉིས་སུ་མེད་པའི་སྣང་བ་རང་ཤར་བར་མ་ཤེས་ཏེ། འཁྲུལ་པ་ལ་བདག་པོར་བཟུང་བས་བདག་པོའི་རྐྱེན། རང་རིག་པའི་འབྲས་བུ་རང་ཤར་བར་མ་ཤེས། རྒྱུ་ཉིད་ལྟོས་ཅན་བཟུང་བས་རྒྱུའི་རྐྱེན་ནོ། །ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས། དམིགས་པ་ལ་ཡུལ་དུ་བཟུང་པས་དམིགས་པ་རང་ངོའི་རྐྱེན། དུས་ལ་ལྟོས་ནས་འོད་རང་བྱུང་བར་མ་ཤེས། དེ་མ་ཡིན་པ་ལ་དེར་འཛིན་པའི་ཤེས་པ་བྱུང་ནས། མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་སོ། །དེ་དག་གི་དོན་མདོར་བསྡུ་ན། རྒྱུའི་རྐྱེན་མ་རིག་པ་གསུམ་ནི་སྐྱེས་བུའི་བྱད་བཞིན་ལྟ་བུའོ། །དེ་ལ་རྟོག་དཔྱོད་དུ་སོང་བའི་བདག་པོའི་རྐྱེན་ནི་ལེ་ལོང་ལྟ་བུའོ། །དམིགས་པའི་རྐྱེན་ནི་མེ་ལོང་དང་། བྱད་བཞིན་དང་། བདག་དངོས་གསུམ་དུ་བཟུང་བས་བྱད་དང་མེ་ལོང་དུ་རྟོག་པ་ལྟར་འོད་དང་། རིག་པ་དང་། ཡུལ་ཅན་གསུམ་དུ་ཚོགས་པ་ལ་དམིགས་པའི་རྐྱེན་ཞེས་བྱའོ། །དེ་གསུམ་ག་དུས་མཚུངས་པ་ནི་དེ་མ་ཐག་པའི་རྐྱེན་ཏེ་འཁྲུལ་པར་དངོས་སུ་ཤར་བའོ། །དེ་ལ་རྐྱེན་


JL01_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་དེ་དག་གང་ཟག་གི་དུས་ན་ལམ་དུ་འགྲོ་ཚུལ་ནི། རྒྱུའི་ངང་དུ་སངས་རྒྱས་དང་སེམས་ཅན་གཅིག་པས་སྤངས་བླངས་ལས་འདས་པའི་ཡེ་ཤེས་སུ་ངོས་ཟིན་པས་རྒྱུའི་རྐྱེན་རང་སར་གྲོལ། ཡུལ་སྣ་ཚོགས་སུ་ཤར་བ་ཆོས་ཉིད་རང་སྣང་དུ་ལོག་པས་བདག་པོའི་རྐྱེན་ལས་གྲོལ། དེ་ཡང་རང་བྱུང་གི་ཡེ་ཤེས་ལས་མི་འདའ་བར་ཤེས་པས་དམིགས་པའི་རྐྱེན་ལས་གྲོལ། དུས་མེད་ཀུན་ཏུ་བཟང་པོ་ལ་སྔ་ཕྱི་ཕན་ཚུན་གྱི་འགལ་བས་དེ་མ་ཐག་པའི་རྐྱེན་ལས་གྲོལ་བའོ། །དེ་ལྟར་རྒྱུ་རྐྱེན་གཉིས་སུ་འཁྲུལ་པའི་རང་བཞིན་ཡང་གཉིས་ཀའི་སྨིན་སོ་ལུས་ཀྱིས་བྱས་པས་བསགས་པ་ཐ་དད་པར་འབྱུང་། སེམས་ཀྱིས་རྒྱུ་བྱས་པས་འདུ་ཤེས་པའི་ཡུལ་ལ་སོ་སོ་བ་ཉིད་ཀྱིས་ཡུལ་སེམས་ཐ་དད་དུ་འཁྲུལ། ལུས་སེམས་དང་བཅས་པ་དེ་ཡང་སྐད་ཅིག་མ་དང་པོ་ལ་འཁྲུལ་པ་གང་ཞིག་ལ་འཁོར་བའི་ཐོག་མ་ཞེས་བྱ་སྟེ། ཐལ་འགྱུར་ལས། འཁོར་བ་རྣམས་ཀྱི་ཐོག་མ་ནི། མི་འབྱེད་བྱས་མེད་རང་བཞིན་ལས། དམིགས་པར་འཛིན་པའི་ཡུལ་ཤར་ཏེ། །རྟོག་འཛིན་ལས་ནི་ཐ་སྣད་སྣང་། །དམིགས་འཛིན་འབྲལ་པ་བཅུ་གཉིས་སུ། །འཁོར་བའི་ཐོག་མ་ཉིད་དུའོ། །མ་རིག་གསུམ་གྱིས་འཁྲུལ་ཚུལ་ཏོ། །བརྒྱུད་ཅིང་འབྱེད་མེད་རྩ་བ་སྟེ། །རང་ང་ཡིན་པར་མ་ཤེས་པས། །འདི་ཡང་འཁོར་བའི་ཐོག་མའོ། །ཞེས་སོ། །དེ་དག་ཀྱང་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་གི་ཚུལ་དུ་གནས་པ་ཡིན་ཏེ། ཐུགས་རྗེའི་རྩ་ལ་རང་ངོ་མ་ཤེས་པའི་རྒྱུ་གསུམ་ནི་མ་རིག་པ། དེ་ལས་རྐྱེན་བཞི་ནི་འཁོར་བར་འདུ་བྱེད་པ། དེ་ལས་ཤེས་པ་རགས་པར་འཕེལ་བས་ཡུལ་གྱི་རྣམ་པ་ལ་དཔྱོད་པ་ནི་རྣམ་ཤེས། དེ་ཉིད་ལས་ཐ་དད་ཀྱི་མིང་དང་གཟུགས་སུ་བྱུང་བ་ནི་མིང་གཟུགས། དེའི་ཁྱད་པར་འབྱུང་བ་སོ་སོའི་ཆ་དང་ཁ་དོག་ཏུ་གྲུབ་པ་ནི་སྐྱེ་མཆེད་དྲུག །དེས་ཡུལ་ལ་ལོངས་སྤྱོད་པ་ནི་


JL01_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པ། དེ་ལས་དགའ་གདུང་བར་མ་གསུམ་སྐྱེ་བ་ནི་ཚོར་བ། དེ་ལ་བདེ་བ་ལ་ཆགས་པ་ནི་སྲེད་པ། དེ་ལས་ཡུལ་དང་དུ་ལེན་པས་ན་ལེན་པ། དེ་ལས་ལས་དང་ཉོན་མོངས་པ་རྒྱས་ཏེ་ཕྱི་མའི་རྐྱེ་བར་འཕེན་པ་ནི་སྲིད་པ། དེ་ལས་འགྲོ་བ་ཐ་དད་དུ་སྐྱེ་བ་ནི་སྐྱེ་བ། དེ་ལས་བྱིས་གཞོན་གྱི་གནས་སྐབས་མྱངས་ནས་རྒས་པ་དང་ཤི་བ་ནི་རྒ་ཤི། ཚུལ་དེ་ལྟ་བུས་དང་པོ་འཁྲུལ་པ་ནས་མཐར་གཞི་དབྱིངས་སུ་མ་གྲོལ་བར་འགྲོ་བ་དྲུག་གི་གནས་སུ་ཤིང་རྟའི་འཕང་ལོ་ལྟར་མུ་མ་ཆད་པར་འཁོར་བས་ན་འཁོར་བ་ཞེས་བྱའོ། །དེའི་རང་བཞིན་ནི། འདི་ལྟར་རིགས་དྲུག་སྐྱེ་གནས་བཞི་པོའང་། །མེད་སྣང་སྒྱུ་མའི་རང་གཟུགས་སྣང་དུས་ནས། །ཡོད་མ་མྱོང་བའི་སྟོང་གཟུགས་ཐོག་མ་ལ། །དཔྱོད་བྱེད་ཡིད་དྲུག་ལངས་ནས་ཚོགས་དྲུག་ཤར། །རྣམ་རྟོག་བདག་ཏུ་འཛིན་པའི་འཆིང་བ་ནི། རབ་ཏུ་མཐུ་ཆེ་སེམས་ཉིད་ནམ་མཁའི་ཁམས། །ངོ་བོ་ཉིད་མེད་འདི་ཡང་རབ་བཅིངས་ནས། །བདག་ཡོད་ལ་ཞེན་མགལ་མེའི་འཁོར་ལོ་བཞིན། །དེའང་གཞི་ལམ་རིག་པ་མེད་ཀྱང་། རྩལ་གཞི་སྣང་དུ་གཡོས་པ་རང་ངོ་མ་རིག་པའི་ཆ་དེ་འཁོར་བར་འཁོར་བའི་གནས་སྐབས་ན་ཀུན་གཞི་ལུང་མ་བསྟན་དུ་སོང་བ་ལས་མ་རིག་པ་དྲུག་དང་། དེའི་རྣམ་ཤེས་ཀྱི་ཆ་རང་བཞིན་གསལ་ལ་ཡུལ་དུ་མི་རྟོག་པ་ལས་དཔྱོད་བྱེད་ཀྱི་ཡིད་དྲུག་ལངས་པའི་ཚུལ་རང་ཤར་ལས། མ་རིག་པ་འདི་ལྟ་སྟེ། རྩ་བ་སེམས་ཀྱི་མ་རིག་པ་དང་། འཁྲུལ་པ་ཡུལ་གྱི་མ་རིག་པ་དང་། འཁྲུལ་གཞི་གཞིའི་མ་རིག་པ་དང་། འཛིན་པ་རྟོག་པའི་མ་རིག་པ་དང་། བཅོས་པ་ལམ་གྱི་མ་རིག་པ་དང་། མ་ཤེས་རྨོངས་པའི་མ་རིག་པ་དང་། དེ་ལྟར་མ་རིག་པ་རྣམ་པ་དྲུག་ཏུ་བྱུང་སྟེ། རང་གི་


JL01_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་མི་མཐོང་ངོ་། །དེ་ཡང་འདི་ལྟ་སྟེ། རྩ་བ་སེམས་ཀྱི་མ་རིག་པ་ནི་ལྷན་ཅིག་སྐྱེས་པ་དངོས་ཡིན་ཏེ། རིག་པའི་ཡེ་ཤེས་ངོ་མ་ཤེས་ནས་འཁྲུལ་ཏེ། ང་ལས་ཡེ་ཤེས་ཀྱི་སྣང་བ་འདི་བྱུང་ངམ། ངའི་སྣང་བ་འདི་མིན་ནམ་སྙམ་པའི་ཤེས་པ་འབྱུང་སྟེ། སྙམ་བྱེད་བྱུང་བ་དེ་ལྷན་ཅིག་སྐྱེས་པ་རྩ་བའི་མ་རིག་པ་ཡིན་ཏེ། བདག་ཏུ་རྟོག་པའི་བློ་བྱུང་བས་འཁྲུལ་ལོ། །དེ་ནས་རིག་པ་ཡེ་ཤེས་ཀྱི་སྣང་བ་བསྒྲིབས་སོ། །དེ་ནི་རྩ་བ་སེམས་ཀྱི་མ་རིག་པ་ཞེས་བྱའོ། །ད་ནི་འཁྲུལ་པ་ཡུལ་གྱི་མ་རིག་པ་སྟོན་ཏེ། འཁྲུལ་པ་ནི་གང་གིས་འཁྲུལ་ལོ། །ཡུལ་ནི་སྔོན་འཇིག་རྟེན་མ་ཆགས་ཙམ་ན། དཔག་བསམ་གྱི་ཤིང་རྒྱས་པ་ཞེས་བྱ་བ། སངས་རྒྱས་གཞོན་ནུ་བུམ་པ་སྐུའི་བྱིན་རླབས་ལས་བྱུང་བའི་ཤིང་དང་། སྒོ་ང་ལས་བྱུང་པའི་དྲོང་དང་རླན་ལས་བཙས་པ་ཞིག་ཡོད་པ་ལས། དེ་ལས་ཡིད་རང་བྱུང་གི་ཡེ་ཤེས་ཞེས་བྱ་བ་བསྐྱོད་པ་ལས་མི་མཛེད་ཀྱི་འཇིག་རྟེན་ཆགས་སོ། །དེ་ནི་འཁྲུལ་པ་ཡུལ་གྱི་མ་རིག་པ་ཞེས་བྱའོ། །འདི་ནི་བརྡའ་ཡིན་ཏེ་འཁྲུལ་སེམས་གློ་བུར་བས་བསྡུས་པའི་སྣོད་དང་བཅུད་གཉིས་སུ་སྣང་བ་ལས། སྣོད་ནི་སེམས་ཅན་གྱི་དྲན་པ་གཞི་ཆེ་བ་ལས་བྱུང་བའི་གཟུགས་ཁམས། དྲན་པ་ཡས་པ་ལས་གཟུགས་མེད། །དྲན་པ་གུད་དུ་བཟུང་བ་ལས་འདོད་ཁམས་བྱུང་བས་དཔག་བསམ་ཀྱི་ཤིང་དུ་བསྟན་ལ། བུད་ནི་རིག་པ་ལ་སྒྲིབ་བྱེད་ཀྱི་ཀུན་གཞིའི་རྣམ་ཤེས་ཅི་ཡང་མི་སེམས་པ་སྒོ་ང་ལྟ་བུ་ལས་ཡུལ་དང་དབང་ཤེས་དང་ཚོར་བ་གསུམ་ལངས་བ་ལ་སྒོ་ང་དང་རླན་གྱི་བརྡས་བསྟན་པ་སྟེ་ཉི་ཟླ་ཁ་སྦྱོར་ལས། ནང་སེམས་ཀྱིས་བསྡུས་པའི་ཁམས་ལ་གཉིས་ཏེ། སེམས་ཅན་སྡུད་པར་བྱེད་པ་སྣོད་ཀྱི་ཁམས་དང་། སེམས་ཉིད་ལས་བྱུང་བའི་ཁམས་ཉིད་དོ། །སྣོད་ཀྱི་ཁམས་ནི་སེམས་ཅན་དྲན་པ་གཞི་ཆེ་བ་ལས་བྱུང་བའི་གཟུགས་ཀྱི་ཁམས་དང་། དྲན་པ་


JL01_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པ་ལས་བྱུང་བ་གཟུགས་མེད་པའི་ཁམས་དང་། དྲན་པ་གུད་དུ་འཛིན་པ་ལས་བྱུང་བའི་འདོད་པའི་ཁམས་སོ། །ཞེས་པ་ལ་སོགས་པས་བསྟན་ཏེ། །འཁྲུལ་གཞི་གཞིའི་མ་རིག་པ་ནི། འཁྲུལ་གཞི་རང་གིས་རང་མ་དག་པ་ལས་བྱུང་སྟེ། དང་པོ་རྒྱུའི་རྐྱེན་ཞེས་བྱ་བ་མ་རིག་པ་དངོས་བྱུང་སྟེ། གཞི་མ་ཤེས་མ་རིག་པའོ། །དེ་ལས་དམིགས་པའི་རྐྱེན་ཞེས་བྱ་བ་འཁྲུལ་པ་ཡུལ་གྱི་མ་རིག་པ་ལྟ་བུའོ། །དེ་ལས་བདག་པོའི་རྐྱེན་ཞེས་པ་ཤིང་ལ་ངར་འཛིན་བྱུང་། དེ་ལས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱ་བ། ཤེས་པ་རགས་སུ་སོང་ནས་འཛིན་པས་གཟུང་བའོ། །དེ་ལས་ཉོན་མོངས་པ་རགས་སུ་སོང་ངོ་། །དེ་ནི་འཁྲུལ་གཞི་གཞིའི་མ་རིག་པ་ཞེས་བྱའོ། །འཛིན་པ་རྟོག་པའི་མ་རིག་པ་ནི། དེ་ལས་ཉོན་མོངས་པའི་ཚོགས་དཔག་ཏུ་མེད་པ་བྱུང་ངོ་། །དེ་ཡང་འདི་ལྟ་སྟེ། འཛིན་པའི་ཡིད་དྲུག་བྱུང་ངོ་། །མ་རིག་པ་དང་མཚུངས་པའི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་དང་། གཏན་ལ་འབེབས་པའི་ཡིད་དང་། ཀུན་ཏུ་འཚོལ་བའི་ཡིད་དང་། རྣམ་པར་རགས་པའི་ཡིད་དང་། ངེས་པར་འཇོག་པའི་ཡིད་དོ། །དེ་ཡང་འདི་ལྟ་སྟེ། མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་ནི་འདི་ལྟ་སྟེ། རྩ་བ་རིག་པ་དངོས་ཡིན་ལ། ཡིད་ཀྱི་འགྱུ་བ་དང་བཅས་པའོ། །དེ་ནི་མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡུལ་ལ་ངའི་ཡིན་སྙམ་པའི་ཤེས་པས་བཟུང་བས། ང་དང་བདག་ཏུ་བཟུང་བས་ཉོན་མོངས་པའི་དབང་དུ་སོང་བའི་ཕྱིར་ན་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱའོ། །གཏན་ལ་འབེབས་པའི་ཡིད་ཀྱིས་ནི། ཡུལ་ངའི་ཡུལ་ཡིན་ནོ་སྙམ་པའི་ཤེས་པས་བཟུང་བས་དེ་ལ་


JL01_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་སྐྱེས་པས་གཏན་ལ་འབེབས་པ་ཞེས་བྱའོ། །ཀུན་ཏུ་འཆོལ་བའི་ཡིད་ནི་ཡུལ་གྱི་དབང་དུ་སོང་ནས་ཉོན་མོངས་པ་ཕྲ་བ་ཐམས་ཅད་ཟླ་ལ་སྡུད་པའོ། །དེའི་ཕྱིར་ཀུན་ཏུ་འཚོལ་བའི་ཡིད་ཅེས་བྱའོ། །རྣམ་པར་རགས་པའི་ཡིད་ནི་ཉོན་མོངས་པ་རགས་པས་སྲོག་གཅོད་པ་དང་། དམ་ཚིག་ཉམས་པའི་ལས་མང་པོ་བྱེད་པའོ། །ངེས་པར་འཇོག་པའི་ཡིད་ནི། །དེ་རྣམས་ཀྱི་སྣང་བ་ལ་ངའི་ཡིན་སྙམ་པ་དང་། གཞན་གྱི་ཡིན་སྙམ་པ་དེ་ནི་ངེས་པར་འཇོག་པའི་ཡིད་དོ། །དེ་ནི་འཛིན་པ་རྟོག་པའི་མ་རིག་པ་ཞེས་བྱའོ། །བཅོས་པ་ལམ་གྱི་མ་རིག་པ་ནི། ཡིད་དྲུག་འདུས་ནས་ཡེ་ཤེས་ཀྱི་ལམ་བསྒྲིབས་པ་སྟེ། དེ་ཡང་ཡིད་ཀྱིས་ཡེ་ཤེས་མི་མཐོང་ཞིང་གསལ་དུ་མི་སྟེར། ཡེ་ཤེས་ལ་རྟོགས་མེད། ཡིད་ལ་འགྱུ་བྱེད་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ལམ་བསྒྲིབ་པ་ཡིན་ནོ། །དེ་ནི་བཅོས་མ་ལམ་གྱི་མ་རིག་པ་ཞེས་བྱའོ། །མ་ཤེས་རྨོངས་པའི་མ་རིག་པ་ནི་རང་གི་སྣང་བའི་འོད་དུ་ཡོད་པ་མ་ཤེས་པས་ཡང་ནས་ཡང་དུ་འཁོར་བས་ན་འཁོར་བར་འཁོར་བའོ། །དེ་ནི་མ་ཤེས་རྨོངས་པའི་མ་རིག་པའོ། །དེ་ལྟར་མ་རིག་པ་དྲུག་ཏུ་བྱུང་བས་ཡེ་ཤེས་ཀྱི་སྣང་བ་མ་ཤེས་པའོ། །ཞེས་སོ། །དེ་ནས་ཤིན་ཏུ་རགས་པའི་ཡུལ་ཚོགས་དྲུག་གི་རྣམ་པར་ཤེས་པ་དང་འབྲེལ་བས་བདེ་གཤེགས་སྙིང་པོའི་རང་བཞིན་སྤྲོས་པ་དང་བྲལ་བའི་སེམས་ངོ་བོ་ཉིད་མེད་པ་འདི་ཡང་བཅིངས་ནས་ང་དང་ཡི་བར་འཛིན་པས་རྨི་ལམ་ལྟ་བུའི་འཁོར་བར་འཁྲུལ་ཞིང་བདག་ཏུ་ཞེན་པས་རྣམ་པ་སྣ་ཚོགས་བའི་འཁྲུལ་སྣང་ཅན་དུ་སོང་བའང་། སྲིད་ན་ལ་ལའི་སྣང་བ་ལ་ལའི་མུན། །ལ་ལའི་བདུད་རྩི་ལ་ལའི་ཆུ་དང་མེ། །ཀུན་ནས་རྣམ་པར་འགལ་བའི་འདུ་ཤེས་རྣམས། །བག་ཆགས་རྗེས་འགྲོ་ངེས་པ་བཀའ་ཡང་མེད། །ཞེས་སྨོས་ཏེ། དེ་སྐད་


JL01_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དུ་པདྨོ་རྣམ་པར་རོལ་པའི་མདོ་ལས། ལྷའི་བུ་པདྨ་རྣམ་པར་རོལ་པས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ། ཕྱི་རོལ་གྱི་ཡུལ་འདི་དག་བྱེད་པ་པོས་བྱས་པ་འམ་ཇི་ལྟར་བལྟ་བ་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ། ཕྱི་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ་སེམས་སམ་རྟོག་པའི་བག་ཆགས་ཀྱི་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་བརྟས་ཀྱང་རི་དང་རྒྱ་མཚོ་དང་ཉི་མ་དང་ཟླ་བ་ལ་སོགས་པ་སྲ་ཞིང་འཐས་པ་ལྟར་གྱུར་པ་སྣང་དུ་ག་ལ་རུང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྣང་དུ་རུང་སྟེ། གྲོང་ཁྱེར་ཆེན་པོ་ཝཱ་ར་ཎ་སིན་བྲམ་ཟེ་མེ་སྦྱིན་ཞེས་བྱ་བས་རང་གི་ལུས་སྟག་ཏུ་བསྒོམས་པས། གྲོང་ཁྱེར་གྱི་མི་རྣམས་ཀྱིས་སྟག་ཏུ་མཐོང་ནས་བྲོས་པས་གྲོང་ཁྱེར་སྟོངས་པ་བྱུང་ངོ་། །ཟད་པར་ས་དང་ཆུ་བསྒོམས་པས་ས་དང་ཆུར་སྣང་བ་དང་། རྣལ་འབྱོར་སྤྱོད་པའི་དགེ་སློང་གིས་མི་གཙང་བ་དང་རུས་གོང་གི་འདུ་ཤེས་བསྒོམས་པས་དེར་སྣང་བ་ཡིན་ན་ཐོག་མ་མེད་པའི་བག་ཆགས་རྟས་པས་ཅི་སྟེ་མི་སྣང་། ལྷའི་བུས་སྨྲས་པ། བག་ཆགས་བརྟས་པའི་དབང་གིས་རྣམ་པ་སྣ་ཚོགས་པ་དག་ཅིའི་ཕྱིར་སྣང་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། སྣང་བ་ཐམས་ཅད་མ་ངེས་པ་ཡིན་ཏེ། ལ་ལའི་སྣང་བ་ནི་ལ་ལའི་མུན་པ་ཡིན་ནོ། །འདི་ལྟར་ས་འབའ་ཞིག་ལའང་ས་ལ་སར་འདུས་ཤེས་པའང་ཡོད། །ས་ལ་མེར་འདུས་ཤེས་པའང་ཡོད། ས་ལ་ལོངས་སྤྱོད་དུ་འདུས་ཤེས་པ་འང་ཡོད། །ས་ལ་སྡུག་བསྔལ་དུ་འདུ་ཤེས་པའང་ཡོད། མེ་ལ་མེར་འདུ་ཤེས་པའང་ཡོད། མེ་ལ་ལོངས་སྤྱོད་དུ་འདུ་ཤེས་པའང་ཡོད། མེ་ལ་གནས་སུ་འདུ་ཤེས་པའང་ཡོད། མེ་ལ་ཟས་སུ་འདུ་ཤེས་པའང་ཡོད། ཆུ་ལ་ཆུར་འདུས་ཤེས་པའང་ཡོད། ཆུ་ལ་མེར་འདུ་


JL01_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའང་ཡོད། ཆུ་ལས་ར་འདུ་ཤེས་པའང་ཡོད། ཆུ་ལ་བདུད་རྩིར་འདུ་ཤེས་པའང་ཡོད། ཆུ་ལ་གནས་སུ་འདུ་ཤེས་པའང་ཡོད། ནམ་མཁའ་ལ་ནམ་མཁར་འདུ་ཤེས་པའང་ཡོད། ནམ་མཁའ་ལ་གནས་སུ་འདུ་ཤེས་པའང་ཡོད། ནམ་མཁའ་ལས་སར་འདུ་ཤེས་པའང་ཡོད། དེ་བས་ན་ངེས་པ་མེད་པའི་ཕྱིར་བག་ཆགས་ཀྱི་དབང་གིས་གང་ལྟར་ཡང་སྣང་བ་ཡིན་ནོ། །ཞེས་སོ། དེ་ལྟར་འབྱུང་བ་བཞི་པོ་ལ་རང་རང་དུ་འདུ་ཤེས་པ་ནི་འགྲོ་བ་མི་རྣམས་ཀྱི་སྣང་ངོ་ཡིན་ལ། གཞན་དུ་ས་གཅིག་པོ་ཉིད་ལའང་དམྱལ་བ་བསམ་མེ་ཞིང་པས་ལོངས་སྤྱོད། རྒྱུད་ཀྱི་ནོན་བས་སྡུག་བསྔལ་དུ་འདུ་ཤེས་པའོ། །དེ་བཞིན་དུ་མེ་ལའང་མ་ལྷས་ལོངས་སྤྱོད། ཡི་དྭགས་མེའི་ལུས་ཅན་གྱིས་གནས། མེའི་སྲིན་བུས་ཟས་སུ་འདུ་ཤེས་སོ། །ཆུ་ལ་ཡང་། དམྱལ་བ་བསམ་མེ། ཡིད་གསལ་རྣག་ཁྲག །ཧ་ཏིའི་གླིང་བསས། ལྷས་བདུད་རྩི། གཞན་འཕྲུལ་དབང་བྱེད་ལ་སོགས་པར་རིན་པོ་ཆེ་དང་མེ་ཏོག་གི་ཆར། ཀླུས་གནས་སུ་འདུ་ཤེས་པའོ། །ནམ་མཁའ་ལ་ཡང་ཏི་བྱས་གནས། ལྷས་སར་འདུ་ཤེས་པ་སྟེ། བདེན་གཉིས་ལས། དངོས་གཅིག་ཡིད་ནི་ཐ་དང་ཕྱིར། །དོན་མ་གྲུབ་པར་མཐོང་བ་ཡིན། །ཞེས་སོ། །དེ་ཐམས་ཅད་ཀྱང་འགྲོ་བ་རང་རང་གི་ལས་སྣང་དང་བག་ཆགས་འབའ་ཞིག་གི་རྣམ་པར་རྟོག་པས་བཅོས་པའི་ཚུལ། གསང་སྙིང་ལས། རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་དོར། །བཅིངས་མེད་རྣམ་པར་གྲོལ་མེད་པའི། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། ཅེས་སོ། །དེ་ལྟ་ནའང་སྣང་ཡུལ་སེམས་མ་ཡིན། །བཞིན་གྱི་གཟུགས་བརྙན་མེ་ལོང་ནང་ཞུགས་ཀྱང་། རྟེན་ཅིང་འབྲེལ་བར་འབྱུང་བའི་རྐྱེན་ཙམ་ལས། །བཞིན་དང་མེ་ལོང་ནམ་ཡང་


JL01_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་མ་མྱོང་། །འདི་ལྟར་མེ་ལོང་གི་ནང་དུ་བྱད་གཟུགས་ཤར་བ་ན། མེ་ལོང་དངས་ཕ་དེ་ཉིད་ཀྱིས་གཟུགས་བརྙན་འཆར་བའི་རྟེན་བྱས་ཏེ་དེ་ལ་བཞིན་གྱི་རྣམ་པས་འབྲེལ་བའམ། གཏོད་བྱེད་བྱད་ཀྱི་ནུས་པ་ཚོགས་པའི་རྐྱེན་གྱིས་སྣང་བ་ཙམ་ལས། །བཞིན་གྱིས་གཟུགས་བརྙན་དེ་ནི་བཞིན་དངོས་ཀྱང་མ་ཡིན་ལ། བཞིན་ལས་གཞིན་པའི་རྣམ་པ་གཏོད་བྱེད་ཀྱང་མེད་པ་བཞིན། འཁྲུལ་ངོར་འཆར་བའི་སྣང་བ་སྣ་ཚོགས་རྒྱུ་རྐྱེན་འཁྲུལ་པའི་རྟེན་ཅིང་འབྲེལ་འབྱུང་དུ་སྣང་བ་ཙམ་ལས་ཕྱི་དོན་དུ་གྲུབ་པ་མེད་དེ། །འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། མེ་ལོང་ངོས་སམ་འབྲུ་མར་སྣོད་དག་ཏུ། །བུད་མེད་ཁ་བཞིན་བརྒྱན་པས་བལྟས་པ་ན། །དེ་ན་བཞིན་གྱི་དཀྱིལ་འཁོར་ཀུན་སྣང་ཡང་། །ཡོད་པ་མ་ཡིན་མེད་པའང་མ་ཡིན་ལྟར། །ཆོས་རྣམ་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཞེས་སོ། །དེའི་རང་བཞིན་ཡང་བཅར་ན་གཟུང་འཛིན་དུ་ཚོགས་པ་ལས་བྱུང་བའི་ཚུལ། མེད་བཞིན་སྣང་བ་དེར་འཛིན་འཁྲུལ་པའི་སེམས། །ཐག་ཁྲ་མཐོང་ཚེ་སྦྲུལ་དུ་འཛིན་བྱེད་ཀྱི། ཤེས་པ་དང་པོ་གཟུང་བའི་ཆོས་ཡིན་ལ། །རྗེས་ལ་རྟོག་དཔྱོད་ཞུ་གས་པ་འཛིན་པའོ། །དེ་ལ་སྣང་བའི་མཚན་ཉིད་ནི་མེད་བཞིན་དུ་སྣང་བ་རྨི་ལམ་གྱི་ཤེས་པ་ལྟ་བུ་ལས་མ་འདས་ཀྱང་དེ་ལ་དེར་འཛིན་གྱི་འཁྲུལ་སེམས་གློ་བུར་བ་དཔེར་ན། ཕྱི་ཡུལ་གཟུགས་ཀྱི་ཕུང་པོ་ལ་མཚོན་ན་ཐག་ཁྲ་མཐོང་བའི་སྐད་ཅིག་མ་དང་པོ་ལ་སྤྲུལ་མ་ཡིན་བཞིན་དུ་སྤྲུལ་ཉིད་དུ་གདོན་མི་ཟ་བར་རྟོག་པ་ནི་ཚོར་བའི་ཕུང་པོས་བསྐྱེད་པའི་སེམས་ཀྱི་ཆ་སྐད་ཅིག་མ་དང་པོ་དེ་ནི་གཟུང་བའི་ཡུལ་ཡིན་ལ། འཛིན་པའི་སེམས་ནི་རྗེས་ལས་སྐྱེས་པའི་སེམས་བྱུང་གིས་དཔྱོད་


JL01_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདུ་ཤེས་ཀྱི་ཕུང་པོའི་བདག་ཉིད་ཅན་ཡིན་ཏེ་སྤྱན་རས་གཟིགས་ཀྱི་བརྟུལ་བཞུགས་ལས། དེ་ལ་གཟུང་བ་ནི་ཡུལ་དུ་འཛིན་པའི་སེམས་དང་། འཛིན་པ་ནི་དེ་ལ་དཔྱོད་པའི་སེམས་ལས་བྱུང་བའོ། །ཞེས་སོ། །འདི་ལྟར་མ་རྟོགས་པ་མངོན་པའི་ང་རྒྱལ་ཅན་དག་གཟུང་བ་ནི། ཕྱི་རོལ་གྱི་སྣང་ཡུལ་རགས་པ་འབའ་ཞིག་ཏུ་ཁས་ལེན་ལ། འཛིན་པ་ནི་རང་གི་ཤེས་པར་འདོད་པ་ཁོ་ནར་སྣང་བས་འཁྲུལ་པ་ལས་ཀྱང་ཉིད་འཁྲུལ་ཆེན་པོ་དེ་དགག་པའི་ཕྱིར། གལ་ཏེ་སྤྲུལ་དུ་སྣང་བ་གཟུང་བ་ལ། །འཛིན་པ་བདག་པོའི་ཤེས་པར་སྨྲ་བྱེད་ན། །སྣང་དང་སྣང་ཡུལ་མ་ཕྱེད་སྐྱེས་བུ་ཡང་། །སྣང་བ་ཉིད་དང་ལྷན་ཅིག་ཡོད་མེད་བྱེད། །ཅེས་སྨོས་པའི་དོན། འདི་ཙམ་གྱི་གཟུང་འཛིན་ནི་རྨོངས་ཆེན་ཀླུའི་གཉེན་པོ་ནམ་མཁའ་ལྡིང་གིས་ཀྱང་ཤེས་ཏེ་སྦྲུལ་དུ་སྣང་བ་དེ་གཟུང་བའི་ཡུལ་དུ་བལྟས་ནས། ཤེས་པ་ལ་སྒྲིན་པ་བསྐྱེད་དེ་ལྟོ་འགྲོ་རྣམས་མིད་པའི་རྗེས་ལ་ཅི་ཡང་མི་སེམས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་གཟུང་ཡུལ་གྱི་མཚན་ཉིད་དངོས་སྣང་འབའ་ཞིག་ལ་བཞག་ན། གཟུང་འཛིན་ལས་གྲོལ་བའི་འཕགས་པ་རྣམས་ལ་སྒྱུ་མ་ལྟ་བུའི་སྣང་བ་ཡང་མེད་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཇི་སྙེད་པའི་མཁྱེན་ཡུལ་ལ་བྱིན་རླབས་འཇུག་པའི་སྣང་བའང་སྣང་མི་ཤེས་པ་ལ་སོགས་པའི་ཉེས་པ་དུ་མ་ཡོད་དོ། །དེ་བས་ན་སྣང་བས་རྡོ་རི་བྲག་ལ་སོགས་པས་བཅིངས་པ་མེད་ལ། དེ་ལ་དེར་འཛིན་གྱི་ཞེན་པ་ཡུལ་དུ་སོང་བ་གང་ཞིག་ལ་འཛིན་སེམས་ཀྱི་དཔྱད་པས་བཅིངས་པ་ཉིད་ཀྱི་ཕྱིར་ཏིལ་ལི་པས་ཀྱང་། སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་བཤད་དོ། །ཁྱད་པར་སྣང་ཡུལ་སེམས་སུ་འདོད་པ་ནི་གོལ་ས་ཆེན་པོ་སྟེ། སྣང་ཡུལ་ནི་རང་མེད་པའི་ཚེ་ནའང་ཡོད་པ་དང་། རང་གཞན་


JL01_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོང་དུས་ཀྱང་དེ་ཉིད་མི་འཕོལ། ཁ་དོག་ལ་སོགས་པར་སྣང་བས་སེམས་དང་རྫས་འགལ་བ་ཉིད་དང་། གལ་ཏེ་རང་གི་སེམས་ཡིན་ན་རང་དང་ལྷན་ཅིག་འགྲོ་འོང་དུ་བྱེད་པས། རང་ཡོད་དུས་ན་དེ་ཡང་ཡོད། མེད་དུས་ན་མེད་པར་འགྱུར་དགོས་པའི་ཕྱིར་རོ། །དེ་བས་ན་སྣང་ཡུལ་ས་རྡོ་རི་བྲག་ལ་སོགས་པ་འདི་དག་ཡུལ་དུ་བྱས་ནས་དེ་ལ་དེར་འཛིན་གྱི་བློ་དང་པོ་ལ་སྣང་བ་ཞེས་འདོད་པ་ཡིན་པས་དེའི་རྩ་བ་ཆོད་ན་འཛིན་པ་རང་དག་ལ་འགྲོ་བའི་ཚུལ། གང་དུའང་མ་རིག་གཟུང་འཛིན་གློ་བུར་རྐྱེན། །སྲིད་པའི་བདག་པོ་ང་དང་ང་ཡི་བར། །མེད་བཞིན་འཁྲུལ་པའི་རྩ་བ་ཆོད་གྱུར་ན། །ཀུན་བྱེད་རྒྱལ་པོ་རང་བྱུང་རང་ལ་ཐིམ། །འདི་ལྟར་གཟུང་འཛིན་གཉིས་ནི་སྒྲོ་བཏགས་གློ་བུར་བའི་སེམས་སྲིད་པའི་བདག་པོ་ང་དང་ང་ཡི་བ་ཐམས་ཅད་ཀྱི་འཕྲོ་གཞི་ཡིན་པའི་ཕྱིར་དེའི་རྩ་བ་སྟེངས་ན་རྣམ་ཤེས་ཚོགས་བརྒྱད་དང་མཚུངས་ལྡན་གྱི་ཀུན་གཞི་ལུང་མ་བསྟན་རིག་པའི་དབྱིངས་སུ་རང་ལོག་སྟེ་གདོད་མའི་གཤིས་སུ་གྲོལ་བའི་ཚུལ་མུ་ཏིག་ཕྲེང་བ་ལས། སེམས་ནི་བག་ཆགས་ཀུན་གྱིས། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །སེམས་དང་བྲལ་ན་སངས་རྒྱས་ས། །ལུས་ཅན་ཀུན་གྱི་དྲི་མ་ཟད། །ཅེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་ལས། རང་བཞིན་རྫོགས་པ་ཆེན་པོའི་ལུགས་ཐུན་མོང་མ་ཡིན་པའི་གཞིའི་བཞུགས་ཚུལ་དང་འབྲེལ་བར་འཁོར་འདས་ཀྱི་སྒོ་འཕང་གཏན་ལ་ཕབ་པའི་ཚོམས་ཏེ། ལེའུ་བཅུ་གཅིག་པའི་འགྲེལ་པའོ།། །།


previousརང་བཞིན་རྫོགས་པ་ཆེན་པོའི་ལུགས་ཐུན་མོང་མ་ཡིན་པའི་གཞིའི་བཞུགས་ཚུལ་དང་འབྲེལ་བར་འཁོར་འདས་ཀྱི་སྒོ་འཕང་གཏན་ལ་ཕབ་པའི་ཚོམས་ཏེ་ལེའུ་བཅུ་གཅིག་པའི་འགྲེལ་པ།next