Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


  collapse section
   
   
   
རང་བཞིན་རྫོགས་པ་ཆེན་པོའི་ལམ་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གཉིས་པའི་འགྲེལ་པ།
   
  expand section


 
previousརང་བཞིན་རྫོགས་པ་ཆེན་པོའི་ལམ་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གཉིས་པའི་འགྲེལ་པ།next

རང་བཞིན་རྫོགས་པ་ཆེན་པོའི་ལམ་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གཉིས་པའི་འགྲེལ་པ།


JL01_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་འཕགས་པའི་ལམ་གྱི་རྫོགས་རིམ་ཆེན་པོ་ཆོས་ཉིད་ཡིད་དཔྱོད་དང་བྲལ་བ་དེ་ཉིད་ཀྱི་ལམ་གཏན་ལ་དབབ་པའི་ཕྱིར། གང་ཞིག་སློང་པ་མིན་པའི་ཟུང་འཇུག་ལ། །བཀྲི་བའི་ལམ་ཆེན་ཕྱིན་དྲུག་ཡོན་ཏན་ཀུན། །ཤེས་རབ་ཕ་རོལ་ཕྱིན་ལ་ཡང་དག་བསྟེན། །ལམ་དེ་ནམ་ཡང་གཞན་གྱི་རྒྱུར་མི་འགྱུར། །དེ་ཡང་སློབ་པ་ལམ་གྱི་གནས་སྐབས་བཞིའི་ཐ་མ་བར་ཆད་མེད་ལམ་གྱིས་བསྡུས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་རྒྱུན་མཐའི་ཡེ་ཤེས་ཞེས་བྱ་སྟེ། སྒྲ་དོན་གྱི་ངོས་ནས་གཞལ་ན་འཇིག་རྟེན་པའི་སྤྱོད་པས་བར་དུ་འཕན་མི་འབྱིན་པས་བར་ཆད་མེད་པ། སྒྲིབ་པ་ཐམས་ཅད་ཀྱི་ཚུར་མི་ཕོགས་པས་བརྟན་པ། དེས་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡན་ཆད་ཕིགས་པས་སྲ་བ། རྣམ་པར་མི་རྟོག་པས་རོ་གཅིག་པ་ཤེས་བྱ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དེ་བཞིན་ཉིད་ལ་དམིགས་པས་ན་ཁྱབ་པའོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་སྐད་ཅིག་ཕྱི་མ་སློབ་པ་མིན་པའི་ཟུང་འཇུག་གི་འབྲས་བུའི་གོ་འཕང་ལ་བཀྲི་བའི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀའི་རྩེ་མོར་ཡང་གྱུར་ལ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཡང་རྫོགས་པའི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་ཡང་དག་པར་བརྟེན་ཅིང་གནས་པ་ཡིན་ནོ། །དེ་ལྟ་ན་མི་བླུན་པོ་དག་འདི་སྐད་དུ་ཚུལ་གཅིག་ཁོ་ནས་བྱང་ཆུབ་སྟེ། འདི་ལྟ་སྟེ་སྟོང་ཉིད་ཀྱི་ཚུལ་གྱིས་སོ། །ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའོ་ཟེར་ཞིང་། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་སུན་འབྱིན་ཏོ་ཞེས་པའི་གནོད་བྱེད་གང་གིས་སྤོང་ཟེར་ན། ལམ་ལ་རིམ་པས་བཀྲིས་པའི་རྩེ་མོར་རྫོགས་པ་ཆེན་པོ་བཞག་པས་ཉེས་པ་དེ་མི་འདུ་སྟེ། ཆུའི་ཕ་རོལ་ཏུ་སླེང་ནས་གྲུ་གཟིངས་འདོར་བས་གྲུ་ལ་སུན་འབྱིན་པར་མི་འགྱུར་ཞིང་ཁྱད་པར་ཤེས་རབ་ཉིད་ལ་ནི་འོག་མའི་ལམ་རྫོགས་པའི་ཚུལ་ཚངས་པ་ཁྱད་པར་སེམས་གྱི་ཞུས་པའི་མདོ་ལས། མི་


JL01_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ནི་སྦྱིན་པའོ། །མི་བསྲུང་བ་ནི་ཚུལ་ཁྲིམས་སོ། །མི་གནས་པ་ནི་བཟོད་པའོ། །མི་བརྩོན་པ་ནི་བརྩོན་འགྲུས་སོ། །མི་སེམས་པ་ནི་བསམ་གཏན་ནོ། །མི་དམིགས་པ་ནི་ཤེས་རབ་བོ། །ཞེས་སོ། །གལ་ཏེ། ལྟ་བུའི་ཤེས་རབ་བམ། ཡེ་ཤེས་ཀྱི་རང་བཞིན་རྟོགས་ནས་ཀྱང་། འོག་མའི་སྦྱིན་སོགས་དྲུག་ཏུ་སྤྱོད་པའི་མཐའ་ལ་ཞེན་པས་ནི་དེ་དག་གི་ཕ་རོལ་ཏུའང་མ་ཕྱིན་ལ། ཚོགས་གཉིས་ཀྱང་མི་རྫོགས་པའི་ཚུལ་སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། དེ་ལ་མི་དམིགས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །ཞེས་སོ། ཁ་ཅིག་ན་རེ་ཡེ་ཤེས་ཀྱི་ཚོགས་དེ་ལྟར་ཡིན་སྲིད་ཀྱིས། བསོད་ནམས་ཀྱི་དེ་ལྟར་ཡིན་ན་ཀུན་རྫོབ་བདེན་པའི་འབྲས་བུ་ཀ་ཞན་དུ་འཕེན་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་བསམ་གཏན་དང་ཤེས་རབ་ཀྱི་ལམ་ལ་གཙོ་བོར་སྤྱོད་པའི་གནས་སྐབས་ན་བསོད་ནམས་ཆ་མཐུན་རྣམས་ཐར་པ་ཆ་མཐུན་དུ་སྒྱུར་ནས་ཟད་མི་ཤེས་པར་བྱ་བའི་དོན་དུ་དགོངས་པ་སྟེ་ཡེ་ཤེས་དམ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཏོག་གི་གསོལ་པ། དགེ་སློང་རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་ཚོགས་ཇི་ལྟར་བསག་པར་བགྱི། བཀའ་སྩལ་པ། ཚོགས་ནི་བསོད་ནམས་དང་ཡེ་ཤེས་སོ། །བསག་པ་ནི་མང་དུ་སྤེལ་བའོ། །གསོལ་བ། བསོད་ནམས་ཀྱི་ཚོགས་ཇི་ལྟར་ལགས། །བཀའ་བསྩལ་པ། བསོད་ནམས་ཀྱི་ཚོགས་ནི་འཁོར་བའི་ཚོགས་ཞེས་བྱ་སྟེ།


JL01_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་བ་ལང་གི་རྨིག་རྗེས་ཀྱི་ཆུ་དང་མཚུངས་སོ། །ཅི་ཕྱིར་ཞེ་ན། མྱུར་དུ་བརླག་པ། ཟད་པ། བྱིས་པ་འབྲིད་པ། ལྷ་དང་མིའི་བདེ་བ་མྱོང་ནས་སླར་ངན་སོང་དུ་འཁོར་བ་ཡིན་ནོ། །ཡེ་ཤེས་ཀྱི་ཚོགས་ནི་མྱ་ངན་ལས་འདས་པའི་ཚོགས་ཞེས་བྱ་སྟེ། །དཔེར་ན་རྒྱ་མཚོ་ཆེན་པོའི་ཆུ་ལྟ་བུར་མི་བརླག་པ། མི་ཟད་པ། མི་བསླུ་བ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ། །ཡེ་ཤེས་ཏོག་ཡེ་ཤེས་ཀྱི་ཚོགས་ཁོ་ན་བསག་པར་བྱའོ། །ཞེས་སོ། །དེ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ནམ་ཡང་འབྲས་བུ་རྒྱུར་ལྡོག་པ་མི་སྲིད་པས་ན་དེའི་ཡེ་ཤེས་ཀྱི་རང་བཞིན་རྫོགས་པ་ཆེན་པོའི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་ཁོ་ན་ཉིད་མངོན་སུམ་པར་སྟོན་པའི་མན་ངག་མཐར་ཐུག་པ་ཡིན་ནོ། །ཚུལ་དེས་རྫོགས་པ་ཆེན་པོའི་དབྱིངས་གཞལ་བའི་ཕྱིར། འདི་ལྟར་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྟོང་པ་ཉིད་ལ་མཚན་ཉིད་མི་གནས་ཤིང་། མཐའ་བྲལ་དོན་ལ་དབུ་མར་གཟུང་བ་ཡང་མེད། །ངོ་བོ་ཉིད་སྤངས་རྫོགས་པ་ཆེན་པོ་འགྲུབ། །དེ་སྐད་དུ་བཤད་རྒྱུད་དགོངས་པ་འདུས་པ་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །མ་བཅོས་མ་བསླད་བྱས་པ་མེད། །ཇི་བཞིན་རང་བཞིན་རྣམ་པར་དག །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །རང་བཞིན་མེད་པའི་རང་བཞིན་ལས། །བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྟོང་པ་མ་ཡིན་མི་གཏོང་མིན། །དབུ་མའང་དམིགས་སུ་ཡོད་མ་


JL01_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཞེས་པས་བསྟན་ཏོ། །རྫོགས་ཆེན་དང་ཤེར་ཕྱིན་མཚན་ཐ་དད་པས་དོན་ཡང་གཅིག་ཏུ་མི་གནས་སོ་ཟེར་ན་རྣམ་རིག་གཟོ་ལ་ཡེ་ཤེས་འཐིབས་པས་ཕ་རོལ་གནོན་པ་འབའ་ཞིག་བརྟུལ་ཞུགས་སུ་བསྒོམ་པའི་བཞིན་བཟང་གདོང་ལྔའི་གྲོགས་པོ་ཁྱེད་ཅག་གིས་མདོ་སྔགས་ཀྱི་ལམ་ཐམས་ཅད་ཕྱིན་དྲུག་གི་གཞུང་ལམ་དུ་གནས་པའི་རྣམ་འགྱུར་དཔྱོད་མི་ཤེས་པ་དེ་བདེན། བསྐྱེད་རྫོགས་བསྒོམ་པ་ཏིང་འཛིན་མ་ཡིན་པས་ཁྱེད་ལ་བསམ་གཏན་གྱི་སྐལ་པ་འཆད། རྫོགས་ཆེན་བསྒོམ་པ་སྟོང་ཉིད་མ་ཡིན་པས་ཁྱེད་ལ་ཤེས་རབ་ཀྱི་སྐལ་པ་ཆད། དམ་ཚིག་བསྲུང་བ་ཚུལ་ཁྲིམས་མ་ཡིན་པས་གསང་སྔགས་ཉེས་སྤྱོད་ཀྱི་གཡང་སར་སོང་། སྨྲ་བསམ་བརྗོད་མེད་འཕགས་ལམ་མ་ཡིན་པས་བདེན་པ་མཐོང་ཡང་སོ་སོ་སྐྱེ་བོར་བུད། སྨྲ་བསམ་བརྗོད་མེད་འཕགས་པའི་ལམ་ཡིན་པ་ཅིས་མངོན་ན་སྒྲ་གཅན་འཛིན་གྱིས་ཡུམ་ལ་དེ་ལྟར་དུ་བསྟོད་ཅིང་། བློའི་འཇུག་པ་དབྱིངས་སུ་ཞི་ནས་དབུ་མ་ཙམ་དུའང་མི་དམིགས་པས་རང་གི་ངོ་བོས་སྟོང་ལ། ལྷུན་གྲུབ་ཀྱི་ཆ་ནས་དྭངས་གསལ་གཡོ་བ་མེད་པའི་འོད་གསལ་ཡེ་ཤེས་ཀྱི་སྒྱུ་མ་མི་འགག་པ་ལ་རྫོགས་པ་ཆེན་པོ་ཞེས་གྲགས་ཏེ། རིན་ཆེན་རྒྱ་མཚོ་ལས། འོད་གསལ་བ་ནི་རྣམ་པ་བཞི། །རྫོགས་ནས་ཡེ་ཤེས་ཆེན་པོའི་ས། །སྣང་བ་རྣམ་པར་མི་རྟོག་པ། །མཆེད་པ་ཡེ་ཤེས་སྒྱུ་མ་སྟེ། །ཐོབ་པ་དམ་པ་འཕགས་པའི་ལམ། །ཉེ་བར་ཐོབ་པས་རྫོགས་པའོ། །ཞེས་སོ། །ཚུལ་དེ་ལྟ་བུ་སྤྱིར་ཚད་མ་ལ་སོགས་པའི་རྟོག་གེའི་རིག་པས་མི་རྟོག་པར་བསྟན་པ་ནི། རྩོད་པ་མངོན་པར་འཕེལ་བའི་རྟོག་གེ་ནི། །བརྟགས་ཤིང་རྗེས་སུ་དཔག་པའི་ཕྱི་བཞིན་འབྲང་། །དོན་དམ་ཡུལ་ནི་དེ་དང་འགལ་བ་ཅན། །སོ་སོ་རང་རིག་བརྗོད་པའི་ཡུལ་ལས་འདས། །འདི་ལྟར་


JL01_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གེའི་བསམ་བྱུང་གིས་བསྐྱེད་པའི་སོ་སོར་རྟོག་པའི་ཤེས་རབ་ནི་ཕྱོགས་ཆོས་དང་། རྫས་ལྡོག་དང་། རྗེས་སུ་འགྲོ་སྡོག་གི་ཁྱབ་པ་བརྩི་ཤིང་། མཐུན་མི་མཐུན་གྱི་ཕྱོགས་ལ་བརྟགས་ཤིང་རྗེས་སུ་དཔག་པའི་ཀུན་རྟོག་གི་འཐོར་རླུང་གཡོ་བས་སྤྲོས་པ་ཉེ་བར་ཞི་བའི་ཆོས་ཉིད་དང་འགལ་བའི་ཚུལ་ལང་ཀར་གཤེགས་པ་ལས། བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་དེ་དག་བརྟགས། །ཞེས་སོ། །དོན་དམ་པའི་རང་བཞིན་ཤེས་རབ་ཀྱི་དབང་པོས་རྟོག་པའི་བུད་ཤིང་བསྲེགས་པས། ཉེ་བར་ཞི་པ། སྤྲོས་པ་དང་བྲལ་བ། རྣམ་པར་རྟོག་པའི་རླུང་གིས་མ་བསྐྱོད་པས་རྟོག་དཔྱོད་དང་རྗེས་དཔག་གི་ཀུན་འབྱུང་བ་ཅན་དང་ཤིན་ཏུ་འགལ་བ། སོ་སོ་རང་གི་རིག་པའི་བདག་ཉིད་བརྗོད་པའི་ཡུལ་ལས་འདས་པ་སྟེ། འཇམ་དཔལ་ལ་གནས་པའི་མདོ་ལས། རྟོག་པ་རྣམས་ནི་གཡོ་བར་འགྱུར། །རྟོག་པ་མེད་ན་མྱ་ངན་འདའ། །གང་གི་རང་བཞིན་དེ་ཤེས་པ། །དེ་ནི་ཡེ་ཤེས་ལྡན་ཞེས་བྱ། །ཞེས་དང་། །གཞན་ཡང་རྟོག་གེས་བརྟག་མི་ནུས་པའི་ཕྱིར་སོ་སོ་རང་གིས་རིག་པར་བྱའོ། །ཞེས་སོ། །ཁྱད་པར་གྲུབ་མཐའི་རྟོག་གེ་ནི་དངོས་པོར་སྨྲ་བའི་གཞུང་དེ་གཤིས་ལམ་གྲུབ་བཞིན་དུ་འགལ་འདུའི་བརྒལ་བརྟག་གིས་ཟབ་མོའི་དོན་ལ་འཇལ་ནས་ཡེ་གྲོལ་གྱི་ཆོས་ཉིད་ལ་ཡང་གྲོལ་གྱིས་སྒྲོ་འདོགས་པར་བྱེད་ལ། ས་མཚམས་ཀྱི་རྟོག་གེ་ནི་བྱིས་པ་སོ་སོའི་སྐྱེ་བོ་སྟེ་ཕུང་པོ་ལྔ་ལ་ཉེ་བར་ལེན་པའི་སེམས་དང་བཅས་པས་མི་རྟོག་པའི་ཚུལ། དངོས་པོར་སྨྲ་བ་གྲུབ་མཐའི་རྟོག་གེ་དང་། །ས་མཚམས་དམན་པ་སོ་སྐྱེའི་རྟོག་གེ་ཡིས། །རྟོག་དཔྱོད་ལས་འདས་རྒྱལ་བའི་ཡེ་ཤེས་ནི། །གདོད་ནས་གྲོལ་བ་རྫོགས་པ་ཆེན་པོའི་ལམ། འདི་ལྟར་གཤིས་ལ་ཐ་སྙད་ཀྱི་ཤེས་བྱ་མི་འཇུག་བས་ངོ་བོ་ཉིད་མེད་ཀྱི་ཤེས་རབ་བསམ་


JL01_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཀྱི་གྲུབ་མཐས་མི་རྟོགས་ལ། རང་རྒྱུད་འཇིག་རྟེན་པ་ལས་མ་འཕགས་པས་འཕགས་པའི་ཡེ་ཤེས་མཐོང་ལམ་རྣམ་པར་མི་རྟོག་པ་ལ་རྟོག་དཔྱོད་ཀྱི་བློས་གཞལ་ཡང་བློ་ཡི་ཆོས་ཉིད་ཀུན་རྫོབ་ལས་ནམ་ཡང་དཔག་པ་མེད་པའི་ཕྱིར་སོ་སོའི་སྐྱེ་བོས་ཀྱང་མི་རྟོག་པའི་ཚུལ་སློབ་དཔོན་འཕགས་པའི་སྒོམ་རིམ་ལས་ཀྱང་། སྐྱེ་བ་དང་ནི་འགག་པ་ལ། །རྐྱེན་ནི་རྟོག་པ་གཅིག་པུ་ཡིན། །རྣམ་རིག་ཙམ་དུ་འབྱུང་བ་རྣམས། །དངོས་པོའི་རང་བཞིན་ཡོད་མ་ཡིན། །རྟོག་པར་འགྱུར་བའི་རྟོག་གེ་བ། །བཏགས་པ་ཙམ་དུ་བསྒོམ་པ་ན། །རང་བཞིན་མེད་ཅིང་རྣམ་རིག་མེད། །དངོས་པོ་མེད་ཅིང་ཀུན་གཞི་མེད། །འདི་དག་བྱིས་པས་རབ་ཏུ་བཏགས། །རྟོག་གེ་ངན་པས་ཀུན་ཏུ་བསྐྱེད། །ཅེས་དང་། རིགས་པ་དྲུག་ཅུ་བའི་འགྲེལ་བར། །ཁྱེད་ཅག་ཐོག་མ་མེད་པའི་ཀུན་ནས་ཉོན་མོངས་པའི་འཆིང་བས་བཅིངས་པར་མ་ཟད། །ད་དུང་ཡང་རང་གི་གྲུབ་མཐའ་ངན་པས་སྦྱར་བའི་འཆིང་བས་བཅིངས་པ་དར་གྱི་སྲིན་བུ་རང་གི་ཁུ་ཆས་འཆིང་བ་བཞིན་དུ། །ཞེས་སོ། །འདིར་རང་བཞིན་རྫོགས་པ་ཆེན་པོའི་རང་ངོའི་གནས་ལུགས་གདོད་ནས་སྤྲོས་བྲལ་དུ་གནས་པ་རྗེན་པར་བསྟན་ནས། རྣམ་ཤེས་ཚོགས་བརྐྱད་དང་བཅས་པའི་གློ་བུར་གྱི་དྲི་མ་རང་གྲོལ་གྱི་གནད་ལ་བརྟེན་ནས་དག་པར་བྱེད་པ་ལ་རྒྱུའི་ཐེག་པའི་བདེན་བཞི་དང་བདེན་གཉིས་ལ་སོགས་པའི་ཐ་སྙད་ཀྱི་བློས་མི་ཐུག་ཅིང་། ཐབས་དང་ཤེས་རབ་ཏུ་སྦྲེལ་བའི་སྔགས་ཀྱི་ཐེག་པའི་རྟེན་ཅིང་འབྲེལ་འབྱུང་གི་ལམ་རིམ་གཉིས་ལ་སོགས་པའང་རྒྱུ་འབྲས་སྔ་ཕྱིར་སྨིན་འདོད་ཡིད་དཔྱོད་ཀྱི་འཕྲད་དང་གོལ་སྒྲིབ་སྣ་ཚོགས་པའི་ཆ་ལས་མ་གྲོལ་བས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དོན་དམ་བློ་འདས་ཆེན་པོའི་ཡེ་ཤེས་ལ་སྒྲིབ་པའི་ཚུལ་ཀུན་བྱེད་


JL01_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཆོས་ཉིད་བྱང་ཆུབ་སེམས་གཅིག་ངོ་བོ་ལ། །སྡུག་བསྔལ་ཀུན་འབྱུང་བདེན་པ་རྣམ་པ་བཞིས། །སྡུག་བསྔལ་ཀུན་འབྱུང་ངན་སོང་རྒྱུ་ཟེར་ནས། །ཆོས་དབྱིངས་བྱང་ཆུབ་སེམས་དེ་སྤང་བར་བྱེད། །དེ་ཡིས་ཆོས་ཉིད་མ་མཐོང་སྤངས་པ་ཡིན། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །དོན་དམ་ཀུན་རྫོབ་བདེན་པ་རྣམ་གཉིས་ཀྱིས། །སྦྱིན་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བཅུས། །ས་བཅུ་ལམ་ལ་སྦྱངས་ཏེ་བགྲོད་པ་ཡིས། །ཆོས་ཉིད་མ་མཐོང་སྤྱོད་པའི་ས་ལ་གནས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །གཟའ་དང་རྒྱུ་སྐར་དུས་ཚིག་བཟང་སྒོ་ནས། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་ཆེན་པོ་བཞིས། །འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་དང་། །བྱིན་གྱིས་བརླབས་ནས་ལྷ་ཡི་སྐུར་བསྒོམ་པ། །དེ་ཡིས་རང་སེམས་བསྒོམ་མེད་མཐོང་བ་མིན། །ཞེས་སོ། །གལ་ཏེ་གདོད་ནས་རང་གྲོལ་ཡིན་ན་སེམས་ཅན་ཐམས་ཅད་ལམ་ལ་རྟེན་མི་དགོས་པར་རང་གྲོལ་དུ་འགྱུར་རམ་ཅི་ན། སེམས་ཅན་ཡིན་ནོ་ཅོག་གིས་དམ་པའི་བླ་མ་ཡང་མ་བརྟེན། །སྨིན་བྱེད་ཀྱིས་སྨིན་པར་ཡང་མ་བྱས། གྲོལ་བྱེད་ཀྱིས་གྲོལ་བར་ཡང་མ་བྱས། ཐབས་ཀྱི་འཇུག་སྒོ་མ་རིག །ལམ་གྱི་སྔོན་དུ་འགྲོ་བ་ལ་ལྟོས་ནས་དེ་ཉིད་རྟོགས་པའི་ཐབས་སྒྲིབ་པ་སྦྱང་བ་དང་། ཚོགས་རྫོགས་པའི་བྱ་བའང་མ་བྱས། །དངོས་གཞི་ལ་ལྟོས་ནས་རང་གྲོལ་དང་བཅོག་བཞག་གི་གནད་ཀྱང་མགོ །མོས་གུས་ལ་ལྟོས་ནས་བླ་མའི་བྱིན་རླབས་བཞུགས་པའང་མེད་པས་འབད་མེད་དུ་གལ་གྲོལ། དེ་སྐད་དུ་སྤྱི་མདོ་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཐམས་ཅད་སངས་རྒྱས་ཡིན་པ་ལ། །རྟོག་པས་བསྒྲིབས་པས་ངོ་མ་ཤེས། །ཞེས་སོ། །དེ་བས་ན་ཐབས་དང་སྤྱོད་ཕྱོགས་ལ་མ་ལྟོས་པའི་ལམ་ཡིན་ནོ་


JL01_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྐུར་པ་འདེབས་ན་ཁྱེད་ཅག་ལ་ངན་སོང་གི་སྡུག་བསྔལ་མི་བཟོད་པར་འབྱུང་བར་འགྱུར་རེ། འོན་ཏེ་དངོས་བཞིའི་གནས་སྐབས་ནའང་རྣམ་པར་རིག་པ་ཅན་གྱི་སེམས་མེད་ན་རང་གྲོལ་གྱི་གནས་ལུགས་ཆད་པར་བལྟ་བ་ཡིན། རྟོག་དཔྱོད་ཀྱི་ཤེས་རབ་མེད་ན་གཉིད་འཐུག་གི་གནས་སྐབས་ཐམས་ཅད་ཀྱང་བསམ་གཏན་དུ་ངེས་སོ་ཟེར་ན། རྣམ་པར་རིག་པ་ཅན་གྱི་སོ་སོར་རྟོག་པའི་ཤེས་རབ་དེ་ནི་ལས་དང་པོའི་གནས་སྐབས་ན་སེམས་ཡོངས་སུ་འཚོལ་བའི་བརྩོན་འགྲུས་ཙམ་ལ་དམིགས་པ་སྟེ་འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་འདི་ལ་ཆོས་རྣམས་ཀྱི་སོ་སོར་རྟོག་པའི་ཤེས་རབ་གང་ཞེ་ན། སེམས་ཡོངས་སུ་འཚོལ་བའི་བརྩོན་འགྲུས་སོ། །ཞེས་བཤད་པས་སོ། །མཐར་གྱིས་དེ་ལྟར་རྟོག་པའི་ཡུལ་དང་རྟོགས་བྱེད་སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་བསྲེག་བྱ་འཚིག་ནས་སྲེག་བྱེད་མི་གནས་པ་ལྟར་རང་བཞིན་མེད་པར་སོང་བ་ནི་འཕགས་པའི་ལྷག་མཐོང་གི་ཡེ་ཤེས་ཆོས་ཐམས་ཅད་ལ་བདག་དང་བདག་གི་བ་མེད་པའི་དོན་དམ་པའི་ཤེས་རབ་ཀྱི་དབང་པོ་ཡིན་ཏེ། སྔ་མ་ལས། དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ་ལས། མེ་བྱུང་ནས་ནི་དེ་ཉིད་བསྲེག་པར་བྱེད། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ནི། །སོ་སོར་རྟོག་པ་དེ་ཉིད་བསྲེག་པར་བྱེད། །ཅེས་སོ། །ཚུལ་དེའི་ཕྱིར་ཀུན་བྱེད་ལས། །རྫོགས་པ་ཆེན་པོའི་ལྷ་སྤྱོད་འདི། །རྒྱུ་འབྲས་བསྒྲུབ་དང་མི་འདྲ་སྟེ། །ལྟ་སྤྱོད་བྱང་ཆུབ་སེམས་འདི་མི། །ནམ་མཁའ་ལྟ་བུའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྟོག་དཔྱོད་འདས། །གང་ཞིག་རྟོག་དཔྱོད་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་བཞིན་མི་འགྲུབ། །ཅེས་སོ། །གལ་ཏེ་རྟོག་དཔྱོད་ལས་གྲོལ་བའི་གནས་སྐབས་མཐའ་དག་གཉིད་


JL01_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

སྟུག་པོར་འདོད་པ་དེས་ནི་ཡང་དག་པའི་དེ་ཁོ་ན་ཉིད་མ་མཐོང་བའི་མངོན་རྟོགས་སྟོན་པ་སྟེ། ཅིའི་ཕྱིར་ཞེ་ན། མཐོང་ལམ་རྣམ་པར་མི་རྟོག་པ་ཆོས་ཅན། རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པའི་སྐད་ཅིག་ཕྱི་མའི་འོད་གསལ་དེ་ཡང་འཕགས་པའི་བདེན་མཐོང་ལས་གཞན་དུ་འགྱུར་བའི་ཕྱིར་རོ། །རྟོག་དཔྱོད་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། ཕུང་པོ་ལྔའི་ཉེ་བར་ལེན་པ་དང་བཅས་པའི་འདུས་བྱས་ཀུན་རྫོབ་པ་ཡིན་པའི་ཕྱིར་དང་། དེ་ཆོས་ཀྱི་དབྱིངས་སུ་བྱེད་ན་འཇིག་ཚོགས་ལ་བལྟ་བའི་ཕྱོགས་སུ་བསླན་པར་བྱ་སྟེ། དབུ་མ་རྒྱན་ལས། གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་ནའང་ཡོད་མ་ཡིན། །ཞེས་སོ། །མདོར་ན་རྟོག་དཔྱོད་ཡོད་པ་དེ་སྲིད་དུ་དགེ་སྡིག་ཀྱང་ཡོད་ལ། དགེ་སྡིག་ཡོད་ན་རྒྱུ་འབྲས་ཀྱང་བསླུ་བ་མེད་པའི་ཕྱིར། །བདེན་པ་དབྱེར་མེད་དག་མཉམ་རྒྱུ་འབྲས་ལས་འདས་པའི་ཆོས་ཀྱི་དབྱིངས་ལ་ལམ་དུ་བྱེད་མི་ཤེས་པའི་རྣམ་འགྱུར་ཏེ། དབུ་མ་རིན་ཆེན་འཕྲེང་བ་ལས། ཤེས་པས་ཡོད་དང་མེད་ཞིའི་ཕྱིར། །སྡིག་དང་བསོད་ནམས་ལས་འདས་པ། །དེ་ཡི་བདེ་འགྲོ་ངན་འགྲོ་ལས། །དེ་ནི་ཐར་པ་ཁོ་ནར་བཞེད། །ཅེས་པའི་རིགས་པ་ཡང་གང་གིས་བཟློག །འདིར་རང་བཞིན་རྫོགས་པ་ཆེན་པོའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ནི་འདས་པའི་སེམས་ལ་རྟོག །མ་འོངས་པའི་སེམས་ལ་དཔྱོད། །ད་ལྟར་གྱི་སེམས་རྣམ་པར་རིག་པ་ཅན་གང་ཞིག་གིས་གྲུབ་མཐའི་བློ་ཞེན་དང་། ལམ་བདེན་འདུས་བྱས་པས་སྤོང་མི་ནུས་པས་ཤེས་བྱ་གཤིས་ཐོག་ཏུ་བཅིངས་པ་དང་། རྫས་འགལ་ཀྱང་སྟོན་པ་རང་ཉིད་ཀྱིས་ཡོངས་གྲགས་སུ་བསྟན་པའི་སྡེ་སྣོད་


JL01_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རྣམས་དང་མི་འགལ་བ་ཡིན་ཏེ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་། འཇིག་རྟེན་ལས་འདས་པའི་སྨན་གང་ཡིན་ཞེ་ན། སེམས་ཡོངས་སུ་འཚོལ་བའི་བརྩོན་འགྲུས་སོ། །འོད་སྲུང་། སེམས་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པའོ། །འོད་སྲུང་། སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར། འོད་སྲུང་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དོ། །གང་མ་རྙེད་པ་དེ་ནི་མི་དམིགས་སོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། གང་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་ཀྱི་ཆོས་ཉིད་ནི་རང་བཞིན་རྫོགས་པ་ཆེན་པོའི་བཤད་གཞིར་གནས་ཤིང་གང་ལས་མཐའ་བྲལ་དབུ་མའི་མན་ངག་གི་གཏིང་ཕྱིན་པ་ཡིན་པས་ཤེས་བྱ་དང་སྣང་པ་གཉིས་ལྟོས་གྲུབ་ཏུ་འཛིན་པ་ལས་ལྡོག་པའི་ཚུལ། །ཤེས་བྱ་སྣང་བས་མ་བཅིངས་སྟོང་པའི་དངོས། །སྟོང་པ་རང་བཞིན་གསལ་བའི་སྙིང་པོ་ནི། །རིག་པར་བཞུགས་པའི་སྐུ་དང་ཡེ་ཤེས་ཁམས། །འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་བཞིན། །དེ་ལ་སྤྱིར་ཤེས་བྱའི་གཤིས་སྣང་བའི་ཡུལ་དང་མ་འདྲེས་པ་ནི་ཕུང་པོ་ལྔའི་ཉེ་བར་ལེན་པས་རང་བཞིན་གྱི་རྣམ་པར་སྟོང་པ་ཉིད་ཡིན་ལ། །དེ་ལྟར་སྟོང་པའི་མཚན་ཉིད་ཀྱང་ཐལ་བྱུང་གི་སྟོང་རྐྱང་དུ་བལྟ་བ་མ་ཡིན་པ་རང་བཞིན་འོད་གསལ་བའི་བདག་ཉིད་ཅན་ཏེ། ཤེས་རབ་སྙིང་པོ་ལས་ཀྱང་གཟུགས་སྟོང་པའོ། །


JL01_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གཟུགས་སུ་སྣང་ཙམ་ནས་རང་གི་ངོ་བོས་སྟོང་ཞིང་། ཐ་སྙད་ཙམ་དུ་སྣང་བ་མི་འགག་པར་སྟོན་ཡང་གཟུགས་ཀྱི་རྣམ་པས་དེ་ལ་མི་གོས་པའི་ཚུལ་ཕྱོགས་ཀྱི་གླང་པོས། སྟོང་ཉིད་ཅེས་བྱ་གཟུགས་དང་བྲལ། །གཟུགས་ནི་རྣམ་པ་དང་འབྲེལ་བ་ཡིན། །ཕན་ཚུན་དུ་ནི་འགལ་བ་ཉིད། །ཅེས་སོ། །དེ་བས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་པ་ཙམ་ལས་རང་ངོ་ལ་སྐྱོན་གྱིས་བྲི་བ་དང་ཡོན་ཏན་གྱིས་གང་བ་གཉིས་ཀ་མེད་པས་ན་མིང་བཞིའི་ཕུང་པོ་གཞན་དག་ལའང་འགྲོ་བའི་ཚུལ། །ཕུང་པོ་ལྔ་པོ་འདི་དག་ཀྱང་རང་བཞིན་གྱིས་སྟོང་པར་བལྟའོ། །ཞེས་སོ། །གལ་ཏེ་ཕུང་པོ་ལྔ་ལ་སོགས་པའི་མཚན་ཉིད་རང་བཞིན་གིས་བདག་མེད་པར་མ་ཤེས་ན། ཤེས་བྱ་ཤེས་བྱེད་ཀྱིས་གཞལ་བའི་སྟོང་པ་ཉིད་ཙམ་ནི་སྣང་ཡུལ་སྣ་ཚོགས་ཀྱིས་དམ་ལ་བཞག་པས་སྲིད་པའི་ཆོས་ཉིད་ལས་འདའ་མི་ཤེས་པ་ཅན་ཏེ། འཕགས་པ་དགོངས་པ་དེས་འགྲེལ་ལས། རབ་འབྱོར་གྱིས་གསོལ་བ། སྔོན་བདག་དགོན་པ་ནས་ཁྲོད་ཅིག་ན་མཆིས་པའི་ཚེ་དགེ་སྦྱོང་ཞིག་ཀྱང་མཆིས་ཏེ། ཆོས་རྣམ་པ་སྣ་ཚོགས་ལ་དམིགས་པས་བརྡའ་སྤྲོད་པར་བགྱིད་དེ། ཁ་ཅིག་ནི་ཕུང་པོ་ལ་དམིགས་པས་སོ། ཁ་ཅིག་ནི་ཁམས་ལ་དམིགས་པས་སོ། ཁ་ཅིག་ནི་སྐྱེ་མཆེད་ལ་དམིགས་པས་སོ། ཁ་ཅིག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་དྲན་པ་ཉེ་བར་བཞག་པ་རྣམས་ལ་དམིགས་པས་སོ། །བདག་གིས་ནི་ཆོས་གཅིག་གི་མཚན་ཉིད་བདག་མེད་པར་ཤེས་པས་ཐམས་ཅད་ཀྱང་དེ་བཞིན་དུ་འཚལ་ལགས་སོ། །ཞེས་སོ། །


JL01_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ བས་ན་འདིར་རང་བཞིན་རྫོགས་པ་ཆེན་པོའི་ལམ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་འཆིང་གྲོལ་ལས་འདས་པའི་སྙིང་པོ་རིག་པའི་བདག་ཉིད་ཅན་ལ་སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་མ་ལུས་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གདོད་ནས་ཡེ་རྫོགས་ཆེན་པོ་ལས་མི་འདའ་བ་ནི་སེམས་ཕྱོགས་པ་སྤྱིའི་གྲུབ་ཕའི་མཐའ་ཡིན་པའི་ཚུལ་ཀུན་བྱེད་ལས། ང་ཡི་རང་བཞིན་སྤྲོས་བྲལ་མི་ཕྱེད་པས། ཆོས་དབྱིངས་གནས་འདི་ང་ཡི་བྱས་པ་ཡིན། །བྱང་ཆུབ་ཉིད་ལས་དེ་ན་གཞན་མི་བཞུགས། །ང་ཡི་རང་བཞིན་མ་བསྒྲིབ་ཀུན་ཁྱབ་པས། །གསལ་བའི་ནམ་མཁའ་ཡེ་ཤེས་གཞལ་ཡས་ཁང་། །རང་བྱུང་ཡེ་ཤེས་ཉིད་ལས་གཞན་མི་བཞུགས། །ཞེས་སོ། །དེ་ལྟར་གཤིས་ཀྱི་བཞུགས་ཚུལ་གཏན་ལ་ཕེབས་པའི་ངང་ལས་མ་གཡོས་ན་དྲན་བསམ་དང་བཅས་པའི་ཚོར་བ་སྣ་ཚོགས་པ་འང་སོ་སོ་རང་རིག་ཡེ་སྟོང་འཕོ་འགྱུར་མེད་པའི་ཀློང་དུ་ཆུ་བོ་དང་རླབས་ཀྱི་སྣང་ཚུལ་ལྟར་སྤང་གཉེན་མེད་པར་གྲོལ་བའི་ཚུལ་སྔ་མ་ལས། བསྒོམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་པས། །མ་བསྒོམས་རང་བཞིན་བཞག་ན་བསྒོམ་པ་ཡིན། །དོན་ནི་ཀུན་དོན་སྐྱེ་བ་མེད་པ་སྟེ། །རྣམ་རྟོག་མཚན་མ་དེ་བཞིན་རིག་བྱས་ན། །དྲན་བསམ་ཡིད་ལ་འགྱུ་བ་མ་ལུས་ཀུན། །སྐྱེ་བ་མེད་པའི་ངང་ལས་མི་ཡེངས་པ། །གང་ལྟར་བསམས་ཀྱང་བསྒོམ་པ་ཡིན་ཤེས་ན། །མ་བསྒོམས་གང་ལྟར་བཞག་ཀྱང་ཡེངས་པ་མེད། །ཅེས་སོ། །དེ་ཡང་དབང་པོའི་རིམ་པས་བློ་ཡུལ་གྱི་འཛིན་སྟངས་འཇལ་ལུགས་ཐ་དད་པའི་གྲུབ་མཐའ་གསུམ་དུ་ཕྱེ་བའི་ཚུལ། །གང་ལ་བློ་ཡི་རིམ་པས་འཇལ་ལུགས་གསུམ། །སེམས་ཀྱི་སྡེ་ནི་རོལ་པའི་རྩལ་དུ་ཤར། །


JL01_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་གི་སྡེ་ནི་རང་སྣང་བཀོད་པའི་རྒྱན། །མན་ངག་སྡེ་ནི་མེད་སྣང་སྟོང་པའི་གཟུགས། །རང་སེམས་ལས་གཞན་པའི་ཆོས་གུད་ན་མེད་པས་སྤང་བྱའི་མཐའ་ལས་གྲོལ་བ་གནས་པ་སེམས་ཀྱི་སྡེ། །ཆོས་ཅན་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པས་གཉེན་པོའི་མཐའ་ལས་གྲོལ་པས་བྱ་བྲལ་ཀློང་གི་སྡེ། ཡིན་ལུགས་གཤིས་ཐོག་ཏུ་འབེབས་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་ཟབ་པ་མན་ངག་གི་སྡེ་གསུམ་དུ་འབྱུང་བའི་ཚུལ་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་ཅན་ལ་མན་ངག་གོ །ཞེས་སོ། །དེ་ལ་དང་པོ་ནི། ཐེག་པ་ཐ་དད་པ་དང་། གདུལ་བྱེད་མ་ངེས་པ་དང་། རྒྱུ་འབྲས་སྔ་ཕྱི་དང་། རྒྱུ་རྐྱེན་རྩོལ་སྒྲུབ་དང་། བདེན་པ་གཉིས་པ་དང་། སྡོམ་པའི་ཚུལ་ལུགས་ལ་སོགས་པ་ཕྱི་ནང་དང་སྤང་གཉེན་དུ་འཛིན་པའི་དོན་གཞན་ནམ། ཕྱིན་དྲུག་དང་བསྐྱེད་རྫོགས་ལ་སོགས་པ་རྣམས་ཀྱང་དེ་ལ་དེང་འཛིན་གྱི་གཉིས་སུ་འཛིན་པ་ཅན་ལས་མ་གྲོལ་ཞིང་། རང་རྒྱུད་ཀུན་རྫོབ་པའི་ཆ་དང་བཅས་པས་ངོ་བོ་ཉིད་མེད་ཀྱི་དོན་ལས་གཞན་དུ་གྱུར་པ་གང་ཞིག་དབྱིངས་དག་མཉམ་ཆེན་པོའི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་ཆོས་ཉིད་གཅིག་དང་ཐ་དད་མེད་པའི་བྱང་ཆུབ་སེམས་ཀྱི་དོན་དམ་པའི་གཤིས་དགེ་སྡིག་བླ་དོར་ལས་འདས་པའི་དབྱིངས་སུ་སྡུད་པ་ལ་གནས་པ་སེམས་ཀྱི་སྡེ་ཞེས་བྱ་སྟེ། ཀུན་བྱེད་ལས། སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བ་བསྒོམ་མེད་སྤྱོད་པ་སྤྱད་དུ་མེད། །འབྲས་བུ་བསྒྲུབ་མེད་ས་ལམ་བགྲོད་དུ་མེད། །དཀྱིལ་འཁོར་བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད། །དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། །ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་ལ། །གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་


JL01_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །ཞེས་སོ། །དེ་ལྟ་ན་མུ་སྟེགས་ཆད་པར་བལྟ་བའི་ཆོས་ལུགས་དང་མི་མཚུངས་ས་མ་ཞེ་ན། ཆད་པར་བལྟ་བ་ནི་གདོད་མའི་གནས་སྐབས་ན་གཤིས་ཀྱི་བཞུགས་ཚུལ་དང་། ལམ་དུས་ན་རྒྱུ་འབྲས་ཀྱི་སྨིན་སོ་དང་། ལྟར་སྣང་དུས་སྐབས་ཀྱི་སྤྱོད་ཚུལ་སོགས་གང་ཡང་མ་ངེས་བཞིན་དུ་རྟོག་གེ་འདོད་རྒྱལ་བའི་སེམས་ཀྱིས་རང་དགར་རྡོལ་ཐབས་སུ་བཅོས་པའི་གྲུབ་མཐའ་ངན་པ་ལ་ཡིད་བརྟན་བཅས་ནས་ངང་ཚུལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་ལ། འདིར་ནི་གཤིས་རང་བྱུང་གི་ཡེ་ཤེས་ནམ་མཁའ་ལྟར་སྤྲོས་པའི་མཐའ་དང་བྲལ་བའི་ངོ་བོ་གང་དུའང་མ་གྲུབ་པ་ལ་རྒྱུ་འབྲས་རྩོལ་བསྒྲུབ་ཀྱི་རྫས་འགལ་བས་དགེ་སྡིག་སྐྱོན་ཡོན་ལས་འདས་པའི་དོན་ཐད་དྲང་དུ་བསྟན་པ་སྟེ་འཕགས་པ་ཀླུ་སྒྲུབ་ཀྱི་གཏམ་བྱ་རིན་ཆེན་ཕྲེང་བ་ལས། སྡིག་དང་བསོད་ནམས་བྱ་བ་འདས། །ཟབ་མོ་བཀྲོལ་བའི་དོན་དང་ལྡན། །མུ་སྟེགས་གཞན་དང་རང་ཉིད་ཀྱི་འང་། །གནས་མིན་སྐྲག་པས་མ་ཉམས་པ། །ཞེས་སོ། །མི་འདོད་ན་ཁྱེད་ཅག་འདོད་པའི་ཆོས་དབྱིངས་དེ་ཆོས་ཅན་འདུས་བྱས་ཡིན་པའི་ཕྱིར་དུས་གསུམ་དང་། ཁམས་གསུམ་དང་། དགེ་སྡིག་གི་ཆ་གཉིས་ལས་རྣམ་པར་མ་གྲོལ་བའི་ཕྱིར་ཡུམ་ཤེར་ཕྱིན་གྱི་དགོངས་པ་དང་འགལ། གཤིས་ལ་དགེ་སྡིག་ཡོད་པ་ངེས་དོན་དུ་འདོད་ན་གྲངས་ཅན་བའི་གྲུབ་མཐའ་ལས་གཞན་ཅི་ཞིག་ཏུ་སྟང་དཔྱོད། འདི་ལྟར་དགེ་བ་ནི་ལེགས་པར་བྱས་པ་སྟེ། རྣམ་སྨིན་དཀར་པོ་དང་། སྡིག་པ་ནི་ཉེས་པར་བྱས་སྟེ་རྣམ་སྨིན་ནག་པོ་བསྐྱེད་ལ་ཆོས་ཀྱི་དབྱིངས་ནི་དེ་གཉིས་ཀ་མིན་པས་དགེ་སྡིག་ལས་གྲོལ་བའི་ཚུལ་ཡང་དག་སྦྱོར་བའི་རྒྱུད་ལས་ཀྱང་། དེ་ཡིས་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་རྣམ་པར་རྟོག་པ་སྟེ། །མཁས་པས་འདི་གཉིས་རྣམ་པར་སྤང་། །ཞེས་གསུངས་པ་ལྟར་གསང་སྔགས་ཀྱི་རྒྱུད་སྡེ་


JL01_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལས་འབྱུང་བས་སོ། །ཚུལ་འདི་ལྟ་བུ་མ་རྟོགས་བདག་སེམས་ཕྱོགས་ཀྱི་གྲུབ་མཐའ་ལ་ཡིད་གཉིས་དང་དག་གང་བརྗོད་པ་རྣམས་ནི་རྣམ་ཤེས་ལས་འདས་པའི་ཡེ་ཤེས་ཀྱིས་གཤིས་ཀྱི་བཞུགས་ཚུལ་གཏན་མ་རྟོགས་པའི་མངོན་རྟོགས་གསལ་བར་སྟོན་པ་སྟེ། གཤིས་ཀྱི་གནས་ལུགས་ཐད་དྲང་དུ་བསྟན་པ་ལ་སྐྲག་པ་སྐྱེ་ན། ཀྱེ་རྡོ་རྗེ་ལས། སྔགས་ཀྱི་བཟླས་མེད་དཀའ་ཐུབ་དང་ནི་སྦྱིན་སྲེག་མེད། །དཀྱིལ་འཁོར་ཅན་ཡང་མེད་ཅིང་དཀྱིལ་འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་པ་སྟེ་དཀའ་ཐུབ་དང་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དཀྱིལ་འཁོར་ཆེན་པོ་ཉིད། །ཅེས་དང་། དོ་ཧ་མཛོད་ལས། །བདེ་བའི་དེ་ཉིད་དང་ནི་བྲལ་གྱུར་ཞིང་། །ལུས་ཀྱི་དཀའ་ཐུབ་འབའ་ཞིག་ཙམ་ལྡན་པ། །དགེ་ཚུལ་དགེ་སློང་གནས་བརྟན་ཞེས་བྱ་བའི། །བཞེད་པ་རྣམས་ནི་དེ་ལྟར་རབ་བྱུང་ནས། ཁ་ཅིག་མདོ་སྡེ་འཆད་པར་བྱེད་ཅིང་འདུག་པ་ལ་རོ་གཅིག་སེམས་ཀྱི་ཚུལ་འཛིན་མཐོང་། །གཞན་དག་ཐེག་ཆེན་དེ་ལ་རྒྱུ་བྱེད་དེ། །དེ་ནི་གཞུང་ལུགས་ཚད་མའི་བསྟན་བཅོས་ཏེ། །ཞེས་དཀའ་ཐུབ་ཀྱིས་ལུས་སེམས་གདུངས་ཤིང་རྒྱུ་འབྲས་དག་གྲོལ་འབའ་ཞིག་ཏུ་འཛིན་པས་མི་གྲོལ་བར་བསྟན་ལ། དེ་བཞིན་དུ་འཁོར་འདས་རྒྱ་གྲོལ་ལ་སོང་བའི་གཤིས་ལུགས་མ་རྟོགས་ན་བསྐྱེད་རྫོགས་འོག་མའི་ཡིད་དཔྱོད་ཀྱིས་མི་གྲོལ་བའི་ཚུལ་ཡང་དེ་ཉིད་ལས། གཞན་ཡང་དཀྱིལ་འཁོར་འཁོར་ལོ་མ་ལུས་བསྒོམ། ཁ་ཅིག་བཞི་པའི་དོན་འཆད་ཕ་ལ་ཞུགས། །ལ་ལ་ནམ་མཁའི་ཁམས་ལ་རྟོག་པར་བྱེད། །གཞན་དག་སྟོང་ཉིད་བལྟ་བར་བྱེད་པ་སྟེ། །ཕལ་ཆེར་མི་མཐུན་ཕྱོགས་ལ་ཞུགས་པ་སྟེ། །ཞེས་པ་ལ་སོགས་པས་ཀྱང་སྙིང་འགས་པར་འགྱུར་ཏ་རེ། །ཅིའི་ཕྱིར་ན་སྡོམ་པ་གསུམ་དང་། ཕྱིན་དྲུག་དང་། བསྐྱེད་རྫོགས་ལ་སོགས་པ་ནི་


JL01_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒྲུབ་པའི་རྒྱུར་བསྟན་པ་ཙམ་ལས། དེ་དག་འབྲས་བུའི་གོ་འཕང་དངོས་མ་ཡིན་པའི་ཕྱིར་དང་། འདིར་ནི་འབྲས་བུའི་རང་བཞིན་གང་ཡིན་པ་བླ་མའི་མན་ངག་གིས་རྟོགས་པར་བྱས་ཏེ། འབྲས་བུ་ཉིད་ལ་ལམ་དུ་བྱས་ནས་གློ་བུར་གྱི་དྲི་མ་སྤྱོད་པ་སྟེ་རྒྱུ་གང་གིས་ན་རྟོག་པ་དག་མཉམ་བཞིའི་དཀྱིལ་འཁོར་སྒྲོས་པ་མེད་པའི་བདག་ཉིད་ལ་ལྷ་དང་སྔགས་ཀྱི་རང་བཞིན་རང་ཆས་སུ་ཡོད་པས་བཞིན་ལག་གི་རྣམ་པ་ཅན་དང་། སྒྲ་ཚིག་འདུ་འཕྲོ་ཅན་གྱི་ལམ་ལྟར་སྣང་བ་ལས་འདས་པའི་ཕྱིར་རོ། །དེ་སྐད་དུ་བརྟག་གཉིས་ལས་ཀྱང་། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་རྣམས་ཡང་དག་གནས། །ཞེས་སོ། །དེ་ལ་སེམས་སྡེའི་གྲུབ་མཐའ་ནི་གཞི་མདུད་འགྱུར་དུ་སྨྲ་པའི་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། སྣ་ཚོགས་སུ་སྣང་ཡང་རང་སེམས་ཀྱི་རྩལ་དང་། རོལ་པ་དང་། བྱང་ཆུབ་ཀྱི་སེམས་གསུམ་དུ་གཏན་ལ་དབབ་པས་གང་ཡང་མི་འགེགས་ལ་རྩལ་སྣང་གསུམ་ཙམ་དུའང་དོན་ལ་གྲུབ་པར་མི་འཛེན་པས་སྣང་བ་སེམས་སུ་འདོད་པའི་ལོག་རྟོག་ལས་འདས་ཤིང་། །དྲན་རྟོག་རང་བཞིན་མེད་པར་ཤེས་པས་འདི་ནི་སྣང་བའོ། །འདི་ནི་སེམས་སོ་སྙམ་པའི་རྟོག་དཔྱོད་རང་མཚན་པའམ། རང་མཚན་པ་མ་ཡིན་པ་གཉིས་ཀར་བློས་རྒྱས་འདེབས་པའི་ཕྱོགས་ལས་གྲོལ་བས་སེམས་ཀྱི་སྡེ་ཞེས་བྱ་སྟེ་ཀུན་བྱེད་ལས། མ་སྐྱེས་རྣམ་པར་དག་པའི་ཆོས་ཉིད་ལ། །སྐྱེ་བ་དངོས་པོར་སྣང་བའི་གཟུགས་བརྙན་ཤར། །ཇི་ལྟར་སྐྱེས་པ་རང་བཞིན་གཉིས་མེད་པས། །ཇི་བཞིན་རྩེ་ལ་བྲལ་བདེ་བ་ཆེན་པོར་ཞོག །ཅེས་དང་། ས་ར་ཧས། མཐོང་དང་ཐོས་དང་དྲན་དང་རེག་པ་དང་། །ཟ་སྣོམ་འཁྱམ་དང་འཕྲེ་དང་འདུག་པ་དང་། །ཅལ་


JL01_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཅོལ་གཏམ་དང་ལན་སྨྲ་གྱུར་པ་ལ། །སེམས་སུ་ཤེས་ན་གཅིག་གི་རྣམ་པ་ལས་མི་བསྐྱོད། །གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་འདོམ་པར་མི་འཐུང་པར། །དེ་ནི་བསྟན་བཅོས་དོན་མང་མྱ་ངམ་གྱི། །ཐང་ལ་སྐོམ་པས་གདུངས་ཏེ་འཆི་བར་ཟད། །ཅེས་སོ། །དབྱེན་སེམས་ཀྱི་ཕྱོགས་ཡིན་དུ་སྨྲ་བ་དང་། འབྲས་བུ་སེམས་ཀྱི་བྱུང་བར་འདོད་པ་དང་། །གོལ་སྒྲིབ་ལ་བཟླ་བ་དང་། གཏན་ཚིགས་ཀྱི་ཁུངས་གཏིབ་པ་དང་། རང་བྱུང་ཡེ་ཤེས་ཕྱོགས་ལྷུང་མེད་པ་དང་། ཕྱོགས་འཛིན་གྲུབ་མཐའ་བའི་ལུགས་དང་། བློ་བྲལ་ཕྱོགས་འཛིན་ལས་འདས་པའི་ལུགས་ཏེ་རྣམ་གྲངས་བདུན་དུ་འདོད་པ་ལས། དང་པོ་ནི། ཕྱི་དོན་དུ་སྣང་ཡང་སྣང་བྱེད་ཀྱི་སེམས་ངོ་བོ་ཉིད་མེད་པའི་ཕྱིར་སྣང་བ་ཐམས་ཅད་རང་བྱུང་གི་ཡེ་ཤེས་ལས་འདའ་མི་ཤེས་པ་སྟེ། རང་རྩལ་ལྷུན་གྲུབ་ཀྱི་གདངས་ལས་དག་མ་དག་དང་འཁོར་འདས་ཀྱི་སྒོ་གཉིས་སུ་ཤར་ཡང་། ཤར་མཁན་ལ་རང་བཞིན་མེད་པས་ཤར་ས་རང་གྲོལ་དུ་འགྲོ་བ་འདིའི་ཁྱད་ཆོས་ཏེ། ཀུན་བྱེད་ལས། སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་ཀུན། །སེམས་ཀྱིས་བྱས་ཤིང་སེམས་ཀྱི་ངང་དུ་གཅིག །ཅེས་སོ། ཁ་ཅིག་སེམས་ཙམ་རྣམ་བདེན་པ་དང་འདི་ཉིད་གཅིག་གོ་སྙམ་པ་ནི་མུན་སྤྲུལ་ཏེ། འདི་ལྟར་བྱང་ཆུབ་ཀྱི་སེམས་དང་། རྩལ་དང་། རོལ་པ་གསུམ་སྣང་ཚུལ་ལ་ལྟེས་ནས་ཐ་སྙད་གསུམ་དུ་བརྗོད་ཀྱང་། ངོ་བོ་ལ་ལྟོས་ན་གཅིག་དང་ཐ་དད་པའི་ཆོས་ལས་འདས་པས་སྟོང་ངོས་ནས་གང་དུའང་མ་གྲུབ་ལ། །སྣང་ངོས་ནས་ཐ་སྙད་དུ་རིག་པས་གཉིད་དང་རྨི་ལམ་ལྟར་བཏགས་ཀྱང་མེད་པ་གསལ་སྣང་ཆེན་པོར་རྫོགས་པ་འདིའི་ཁྱད་ཆོས་སོ། །གཉིས་པ་ནི། འབྲས་བུ་གདོད་མའི་དབྱིངས་གང་དུའང་མི་འགྱུར་བས་སེམས་ལ་འཕོ་འགྱུར་མེད་ལ། མེད་བཞིན་དུ་


JL01_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་གཞིའི་ལྷུན་གྲུབ་ཀྱི་སྣང་བ་ལས་འཁོར་བ་ལྟར་ཤར་ཀྱང་ངང་ལས་མི་གཡོ། །གཡོ་བར་མི་འགྱུར་བས་མ་དག་པའི་རང་མཚན་གྱིས་སྟོང་ལ། སྣང་ཚུལ་གྱི་ཆ་ནས་གཞལ་ཀྱང་དང་པོ་དབྱིངས་ལས་བྱུང་། ད་ལྟ་དབྱིངས་ལ་གནས། ཐ་མའང་དབྱིངས་སུ་གྲོལ་བས་ནམ་མཁའ་ལ་ཁུ་རླངས་བྱང་ཞིང་ཐིམ་པ་ལྟ་བུ་སྟེ། ཡེ་གྲོལ་ཡིན་པས་མིད་གྲོལ། རང་བཞག་ཡིན་པས་གཉེན་པོས་མི་བཞག །འབྲས་བུ་ཡིན་པས་འབད་རྩོལ་མེད་པར་ལ་བཟླ་བ་སྟེ། ཀུན་བྱེད་ལས། ངང་ལ་གནས་པས་གཡོ་མེད་ལྷུན་གྱིས་གྲུབ། རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། །མ་བཅོས་ཇི་བཞིན་ས་རུ་གནས་པ་དེ། །ཀུན་བྱེད་བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན། །ཞེས་དང་། དོ་ཧ་ལས། སྐད་ཅིག་གྲོལ་བ་དེ་ལ་ཆོས་ཀྱི་སྐུ་ཞེས་བྱ། །གྲོལ་བ་དེ་ལས་གཞན་པའི་བདེ་ཆེན་བ་ཡོད་ཅེས། །བྱིས་པ་རྣམས་ཀྱིས་སྨྲས་ཀྱང་སྨིག་རྒྱུའི་ཆུ་དང་མཚུངས། །ཞེས་སོ། །གསུམ་པ་ནི། རིམ་པ་བརྒྱད་པོ་ཐམས་ཅད་བློས་བཏགས་བས་གཞི་ལས་གོལ་བ་འབའ་ཞིག་ཏེ། འདི་ལྟར་ཡོད་མཐའ་ལ་མེད་མཐས་ཟུག་པས་སྟོད་པ་རིས་ཆད་དུ་གོལ། མེད་མཐའ་ལ་ཡོད་མཐས་ཟུག་པས་སྟོང་ཉིད་ལྟར་སྣང་དུ་གོལ། ཡོད་མེད་ཆ་མཉམ་པའི་ཤེས་པ་ལ་དེར་འཛིན་གྱི་འཐད་པས་ཟུག་བས་གོལ་སྒྲིབ་ཀྱི་འཕྲད་ལས་མཐར་བ་སྟེ། ཀུན་བྱེད་ལས། ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས་གཅིག་ལ། །གཅིག་ལ་རྣམ་པར་བགྲངས་པས་གོལ་སྒྲེ་འབྱུང་། །བགྲོད་དུ་མེད་ལ་བགྲོད་པས་གོལ་ས་བྱུང་། །དམིགས་མེད་བལྟས་པས་མ་མཐོང་སྒྲིབ་པ་བྱུང་། །ཞེས་སོ། །འདིར་རིན་ཡོད་མེད་དུ་འཛིན་པའི་བློ་དང་བྲལ་བས་དྲན་པས་རང་རྒྱུད་བར་མི་གནས། བྱས་པ་མེད་པའི་ཆོས་ཉིད་ཡེ་སྟོང་ཆེན་པོ་ལ་ཕྱོགས་འཛིན་གྱི་འཆིང་དགྲོལ་མེད། མ་དག་པ་ལྟར་སྣང་ཡང་སྣང་


JL01_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ནས་བདེན་པར་མ་གྲུབ་པས་བྱུང་ཚོར་ལས་འདས་པའི་གཤིས་སུ་ལ་བ་ཟླ་བ་སྟེ། དེ་ཉིད་ལས་ང་དང་བདག་ཏུ་རྟོགས་པ་མུ་སྟེགས་འཁྲུལ་པའི་ལམ། །བྱིས་པས་བསླུས་པའི་ཆོས་སྤྱོད་རྟོག་པའི་ལམ་ཚུད་པས། །ཕྱིན་པའི་དུས་མེད་རྟོག་པའི་དུས་ཀྱང་མེད་པས་ན། །ཆོས་ཉིད་ཆོས་འཚོལ་བ་ཡི་རྙེད་པར་ག་ལ་འགྱུར། །ཞེས་སོ། །འོ་ན་ཐེག་པ་ཐམས་ཅད་བློའི་གྲུབ་མཐའ་ཡིན་ན་བློ་ལས་འདས་པའི་ཆོས་དེ་གང་ཞིག་གོ་སྙམ་ན། དཀོན་མཆོག་ཏཱ་ལའི་མདོ་ལས། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་པར་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་ལ་གོ་བར་བྱའོ། །བཞི་པ་ནི། སེམས་ལ་ངོ་བོ་ཉིད་མེད་པར་རྟོགས་པས་འཁོར་འདས་ཀྱི་གཏན་ཚིགས་ཁུངས་རྡིབ་པ་ཞེས་བྱ་སྟེ། འདི་ལྟར་གཞིའི་གནས་ལུགས་ངོ་བོ་སྤྲོས་བྲལ་ཆེན་པོ་ལ་བཅོས་སུ་མེད་པའི་དོན་རྟེགས་པས་ལྷུན་གྲུབ་ཀྱི་གདངས་སྐྱེ་མེད་དུ་གྲོལ། །རོལ་པ་འགག་མེད་ཕྱོགས་ཡན་ཆེན་པོར་དྭེངས་པ་ལ་ལས་དང་བག་ཆགས་ཀྱི་རྟེན་མེད་པས་རྣམ་སྨིན་དཀར་ནག་གཉིས་སུ་མ་གྲུབ། དེའི་ཚེ་དགེ་བས་ཕན་བརྟགས་པའི་མྱང་འདས་དང་། སྡིག་པས་གནོད་བསྐྱལ་བའི་འཁོར་བར་གྲུབ་པ་གཉིས་ཀ་འབྱུང་མི་ཤེས་པའི་ཚུལ། །སེང་གེ་རྩལ་རྫོགས་ལས། རང་རིག་ཡེ་ནས་འགྱུར་མེད་པས། །དགེ་སྡིག་གཉིས་ཀྱིས་ང་མི་སྒྲིག །རང་བྱུང་རྒྱུ་རྐྱེན་མེད་པ་ལ། །འདུས་བྱས་ཆོས་སྤྱོད་བྱ་མི་དགོས། །ཞེས་སོ། །འོ་ན་དགེ་སྡིག་གཉིས་ཀྱི་སྨིན་སོ་ལས་འཁོར་འདས་སུ་སྣང་བའི་ཆོས་རྡམ་པོ་ཚ་འདི་གང་ལས་བྱུང་སྙམ་ན། དེ་ལྟར་མ་རྟོགས་པ་རྣམས་ལ་བློ་འཁྲུལ་པའི་སྣང་ངོས་འཁོར་འདས་སུ་བསྐྱེད་ཅིང་། གང་ཞིག་བསྐྱེད་པའི་འཁྲུལ་ངོའི་རིང་བཞིན་


JL01_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་ཏུ་བལྟས་ནས་ལས་བཟང་ངན་དང་། དེ་དང་དེའི་བག་ཆགས་གོམས་པ་ལས་མེད་བཞིན་དུ་སྣང་བ་སྟེ། མདོ་ལས་མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་དང་། འཕགས་པ་ཉེ་བར་འཁོར་གྱི་ཞུས་པ་ལས། སེམས་དམྱལ་འཇིགས་པ་ང་ཡིས་བསྟན་བྱས་ཏེ། །སེམས་ཅན་སྟོང་ཕྲག་དུ་མ་སྐྱོ་བྱས་ཀྱང་། །གང་དག་ཤི་འཕོས་ངན་སོང་དག་འགྲོ་བའི། །འགྲོ་བ་དེ་དག་ནམ་ཡང་ཡོད་མ་ཡིན། །གང་དག་རལ་གྲི་མདའ་ཆེན་མཚོན་འབྱིན་པའི། །གནོད་པ་བྱེད་པའང་ཡོད་པ་མ་ཡིན་ཏེ། །ལུས་འབབ་མཐོང་དེ་ན་མཚོན་ཆ་མེད། །སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང་། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམས་བརྟགས་ཏེ། །འདུ་ཤེས་འཛིན་པས་བྱིས་པ་རྣམ་བར་ཕྱེ། །འཛིན་དང་འཛིན་མེད་དེ་ཡང་བྱུང་མེད་དེ། །ཡོངས་སུ་རྟོག་པ་སྒྱུ་མ་སྨིག་རྒྱུ་བཞིན། །ཞེས་སོ། །ལྔ་པ་ནི། རང་བྱུང་གི་ཡེ་ཤེས་གཤིས་གང་དུའང་མ་གྲུབ་པས་འཁོར་འདས་ཀུན་ལ་ཕྱོགས་ལྷུང་མེད་པར་ཁྱབ་ཀྱང་། སྣང་བ་རྣམ་པར་མི་རྟོག་པས་དངོས་པོར་རྒྱ་མ་ཆད། །སྟོང་པ་དངོས་མེད་དུ་རྒྱ་མ་ཆད། །ཐོབ་པ་གཉིས་ཀ་མ་ཡིན་པས་ཟུང་འཇུག་གི་ཕྱོགས་སུ་མ་ལྷུང་། ངོ་བོས་སྟོང་པས་རྟག་པའི་མཐའ་དང་བྲལ། །རྩལ་སྣང་མི་འགག་པས་ཆད་པའི་མཐའ་དང་བྲལ། །ཡུལ་ལ་མི་རྟོག་པས་ཕྱི་སྟོང་པ་ཉིད་དང་། ཡུལ་ཅན་དུ་མི་འཛིན་པས་ནང་སྟོང་པ་ཉིད་དང་། གཉིས་ཀར་སྒྲོ་མི་འདོགས་པས་སྟོང་པ་ཉིད་སྟོང་པ་ཉིད་དང་། །ཆོས་ཅན་དང་ཆོས་ཉིད་དུ་འཛིན་པའི་ཕྱོགས་ལས་འདས་པའི་ལྟ་བ་ནམ་མཁའ་ལྟ་བུ་ལ་ཆེན་པོ་སྟོང་པ་ཉིད་ཅེས་རང་བཞིན་རྫོགས་པ་ཆེན་པོའི་མཚན་དོན་དུ་གནས་པ་


JL01_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འདི་ལྟར་སྟོང་པ་ནི་ཉེ་བར་ཐོབ་པའི་ཡེ་ཤེས་ཡིན་པས་རྫོགས་པའི་དོན་ལ་འཇུག་ཅིང་ཆེན་པོ་ནི་བསམ་ཀྱིས་མི་ཁྱབ་པའི་དོན་ཏེ། རྒྱ་མཚོ་ལས། འོད་གསལ་བ་ནི་རྣམ་པ་བཞི། །རྫོགས་ནས་ཡེ་ཤེས་ཆེན་པོའི་ས། །སྣང་བ་རྣམ་པར་མི་རྟོག་པ། །མཆེད་པ་ཡེ་ཤེས་སྒྱུ་མ་སྟེ། །ཐོབ་པ་དམ་པ་འཕགས་པའི་ལམ། །ཉེ་བར་ཐོབ་པས་རྫོགས་པའོ། །ཞེས་དང་། ཀུན་བྱེད་ལས། ཀྱེ་ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ལ་སྒྲོ་དང་སྐུར་བའི་ཡུལ་མེད་པས། །གང་ལ་སེམས་པར་མ་བྱེད་བསྒོམ་མ་བྱེད། །སྒོ་གསུམ་མ་བཅོས་ཇི་བཞིན་ལྷུག་པར་ཞོག །ཇི་ལྟར་ཤར་བ་རང་བཞིན་ངང་གིས་གྲོལ། །སྐྱེ་མེད་ནམ་མཁའ་ལྟ་བུར་ཕྱོགས་འདས་པས། །རང་བཞིན་རྫོགས་པ་ཆེན་པོར་ཤེས་པར་གྱིས། །ཞེས་སོ། །དྲུག་པ་ནི། སོ་སོ་རང་གི་རིག་པ་ནམ་མཁའ་ལྟ་བུའི་ངང་ནས་བློ་ཡུལ་ལ་བལྟོས་གྲུབ་དང་བལྟོས་ཆོས་སྣ་ཚོགས་སུ་སྣང་བའི་ཕྱོགས་འཛིན་གང་ཡང་མི་སྤོང་སྟེ། ངོ་བོའི་གཤིས་གང་དུའང་མ་གྲུབ་ཀྱང་སེམས་སྣ་ཚོགས་སུ་རོལ་པའི་བལྟོས་གཞི་མ་ལོག་པས་བལྟོས་ཆོས་སུ་སྣང་བའི་འཆར་སྒོ་མི་འགོག་ལ། ཇི་ལྟར་ཤར་ཡང་སྐྱེ་བ་མེད་པའི་དང་ལས་མ་གཡོས་ན་འགག་མེད་ཀྱི་ཆོ་འཕྲུལ་རྒྱལ་བའི་ཡེ་ཤེས་ཀྱི་རོལ་པ་ལས་འདའ་བ་མ་ཡིན་པས་སོར་བཞག་ལྷ་མིའི་ཐེག་པ་ནས། མཐའ་བྲལ་རྫོགས་པ་ཆེན་པོའི་བར་ཀྱི་གྲུབ་མཐའི་འདོད་ཞེན་མཐའ་དག་པའང་མེ་ལོང་གཅིག་ལ་གཟུགས་བརྙན་སྣ་ཚོགས་པ་ཤར་བ་བཞིན་སྣ་ཚོགས་ཡིན་པས་གང་ཡང་མི་འགེགས་ལ། སེམས་ཀྱིས་བཟོས་པས་ཅིར་ཡང་མ་གྲུབ་བས་རང་ངོ་ལ་མ་གོས། །གོས་པར་མ་གྱུར། དེ་ཀུན་ཀྱིས་ཕན་མ་བཏགས། གནོད་མ་བསྐྱལ། གང་ཡིན་ཡིན་དུ་ཆུག །ཡིན་མིན་པས་མ་འདས་ཕྱོགས་ཡན་ཆེན་པོའི་དགོངས་པ་


JL01_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་སྨིན་དང་ལས་ཀྱིས་མི་གོས་བས་འཁོར་འདས་དབྱིངས་ནས་སངས་རྒྱས་པ་སྟེ། ཀུན་བྱེད་ལས། ཆོས་ཀུན་བྱང་ཆུབ་སེམས་ཡིན་དེ་དཔེ་ནི། །ཀུན་དཔེ་ནམ་མཁའ་ལྟ་བུའི་རང་བཞིན་དུ། །བྱང་ཆུབ་སེམས་ཀྱི་དོན་ཡང་དེ་བཞིན་ནོ། །ནམ་མཁའ་རླུང་ཆུས་མེ་རྣམ་པ་ལྔ། །བྱང་ཆུབ་སེམས་ལས་རྨད་བྱུང་མངོན་སངས་རྒྱས། །སྲིད་གསུམ་ལམ་ལྔ་འགྲོ་དྲུག་སྣང་བ་ཡང་། །རྣམ་སྨིན་ལས་ཀྱི་མི་བསྐྱོད་མངོན་སངས་རྒྱས། ཁམས་གསུམ་ཡེ་ནས་བྱང་ཆུབ་སྐུ་གསུང་ཐུགས། །དེ་བས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ནམ་མཁའི་ངང་ན་མི་གནས་མེད་པ་བཞིན། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ཡུར་ཆེ་བས། །སངས་རྒྱས་སེམས་ཅན་སྣོད་བཅུད་ཀུན་ཀྱང་གནས། །ཞེས་སོ། །ཚུལ་འདི་ལྟ་བུ་ནི་ཆོས་ཐམས་ཅད་བློ་འདས་གཞི་དང་རྩ་བ་མེད་པར་སྟོན་པའི་གསང་ཚིག་ཆེན་པོ་ཡིན་པ་རྫོགས་པ་ཆེན་པོའི་གྲུབ་མཐས་ཞལ་གསལ་བར་བསྟན་པ་ལ་སྡངས་བར་མི་བྱ་སྟེ། །འཕགས་པས་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས། ཆོས་གང་སྐྱེ་བ་མེད་ཅིང་འབྱུང་པོ་མེད། །འཆི་འཕོ་མེད་ཅིང་རྐ་བར་མི་འགྱུར་པ། །མི་ཡི་སེང་གེ་ཡིས་ནི་དེ་བསྟན་ཅིང་། །སེམས་ཅན་བརྒྱ་ཕྲག་དག་ནི་དེ་ལ་བཀོད། །གང་ཡང་གང་ལ་བོ་ངོ་ཉིད་གང་མེད། །གཞན་ཡང་མ་ཡིན་སུས་ཀྱང་མི་རྙེད་པ། །ནང་ནམ་ཡིན་ཕྱི་རོལ་དག་ན་ཡང་། །མ་རྙེད་དེ་དག་ལ་ནི་མགོན་པོས་བཀོད། །བདེ་བར་གཤེགས་པས་ཞི་བའི་འགྲོ་གསུངས་ཀྱང་། །འགྲོ་བ་གང་ཡང་རྙེད་པར་མི་འགྱུར་ཏེ། །དེ་དག་འགྲོ་ལས་གྲོལ་བར་རྣམ་པར་གསུངས། །གྲོལ་ནས་སེམས་ཅན་མང་པོ་དགྲོལ་བར་མཛད། །བདག་མེད་པར་ནི་ཆོས་ཀུན་སྟོན་མཛད་ཅིང་། །སེམས་ཅན་འཛིན་ལས་འཇིག་རྟེན་རྣམ་པར་གྲོལ། །བདག་ཉིད་འགྲོ་


JL01_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲོལ་ཞིང་འགྲོ་སྤྲོལ་བས། དེ་ཡིས་ཕ་རོལ་གཤེགས་ཀྱང་བརྒལ་བ་མེད། །དྲང་སྲོང་ཆེན་པོས་སྲིད་པའི་ཕ་རོལ་ཕྱིན། །ཕ་རོལ་གཤེགས་པ་གང་ཡང་རྙེད་མི་འགྱུར། །ཕ་རོལ་ཡོད་མ་ཡིན་ཅིང་ཚུར་ལོག་མེད། །ཕ་རོལ་སོང་ངོ་ཞེས་ཀྱང་ཚིག་ཏུ་གསུངས། །གང་གིས་ཚིག་ཏུ་སྨྲ་བ་དེ་ཡང་མེད། །གང་སྨོས་དེ་ཡི་ཚིག་ཀྱང་ཡོད་མ་ཡིན། །གང་ལ་སྨྲ་བ་དེ་ཡང་རྙེད་མི་འགྱུར། །གང་གིས་ཤེས་པ་དེ་ཡང་ཡོད་མ་ཡིན། །ལོག་པར་རྟོག་པས་ཆགས་པའི་དབང་གིས་སུ། །འདིར་ནི་འགྲོ་བ་འདི་ཀུན་རབ་ཏུ་འཁྱམ། །སྐྱེས་བུ་གང་ཞིག་ཞི་བའི་ཆོས་རིག་པ། །དེས་ནི་རང་བྱུང་དེ་བཞིན་གཤེགས་པ་མཐོང་། །ཆོས་མཆོག་ཞི་བ་རྣམས་ཀྱང་རབ་ཏུ་ཤེས། །ཞེས་སོ། །བདུན་པ་ནི། རང་བྱུང་ཡེ་ཤེས་བློ་དང་བྲལ་བས་དངོས་སྣང་ཆོས་ཉིད་དུ་ཤར། །སྣང་བའི་རོལ་པ་ཇི་ལྟར་ཤར་ཡང་བློ་འདས་ཀྱི་ཆོས་ཉིད་ལ་བདེན་བརྫུན་གྱི་སྲོག་མི་ཆ་གས། །སྟོང་དངོས་ལ་དེར་འཛིན་གྱི་བློ་ཞེན་མི་འཇུག་པས་དངོས་པོ་མེད་པའི་སྟོང་པ་ཉིད་དེ། །ཡི་གེ་མེད་པ་ལས། ཐིག་ལེ་ཉག་གཅིག་སྤྲོས་མེད་དེ། །བློ་ཡི་བྱེ་བྲག་བརྗོད་ལས་འདས། །ཞེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བསམ་རྙེད་ངོས་གཟུར་མེད་ཡེ་བཞིན་ཇི་བཞིན་སྟོང་པའི་དང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །ཞེས་སོ། །དེ་ལྟར་སེམས་ཀྱི་སྡེང་བརྗོད་བྱེད་ཀྱི་རྒྱུད་ཤྭཽ་ཀ་འབུམ་ཕྲག་ཉི་ཤུ་རྩ་གཉིས་སུ་བསྟན་པ་རྣམས་ཀྱང་བསྡུ་ན་ཀློང་གསུམ་དུ་འདུ་བ་ཡིན་ཏེ། ཆོས་ཉིད་གང་དུའང་མ་གྲུབ་པས་ངོ་བོ་ལ་བརྗོད་དུ་མེད་པའི་ཀློང་། སྟོང་པ་ཉིད་ལ་མཐའ་དག་རུང་བས་ལྟ་བ་ལ་མིན་པ་མེད་པའི་ཀློང་། གཟའ་གཏད་མེད་པ་ལ་མཚན་ཉིད་མ་གྲུབ་པས་སྤྱོད་པ་ལ་ཡིན་པ་མེད་པའི་ཀློང་ངོ་། །དེ་བམ་པོར་གཞལ་ན་སྟོང་ཕྲག་ཕྱེད་དང་སུམ་བརྒྱར་གནས་པ་ལ་འཕྱོང་གསུམ་དུ་འདུ་སྟེ། །གནས་


JL01_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་གཞི་ཐོགས་ཏུ་ཕེབས་པའི་འཕྱོང་། །སྣང་བ་རང་གྲོལ་དུ་འཆར་བའི་འཕྱོང་། །ངོ་མཉམ་ཐ་དད་མེད་པའི་འཕྱོང་གསུམ་མོ། །དེ་དག་ཀྱང་ཆོས་ཉིད་ལ་འཕྱུགས་པ་མེད་པའི་ཚིག་གི་གཟེར་བུ་ལྔ་བཅུ། ཡུལ་སེམས་གཉིས་མེད་དུ་ལ་བཟླ་བའི་དོན་གྱི་གགས་ལྔ་བརྒྱ་དང་བཅུ་གཅིག །སྣང་སེམས་གཅིག་ཅར་དུ་ཤན་འབྱེད་པའི་གནད་ཁྲི་ཕྲག་གཉིས། ལྟ་བ་ཐོད་རྒལ་དུ་གདེངས་སྤྱོད་པ་ཁྲི་ཁྲག་ལྔ། སྒོམ་པས་བློ་རྟོག་གཅོད་པའི་གནད་སྟོང་ཕྲག་གཅིག་ཏུ་དབྱེ་བ་རྣམས་ལ་མིང་ཐོགས་ཀྱི་རྒྱུད་ཚིག་སྟོང་ལ་གསུམ་གྱིས་ལྷག་པ་ཡང་སེམས་ཀྱི་ཕྱོགས་འཛིན་པ་དང་། སེམས་ཀྱི་གདེངས་འཛིན་པ་དང་། སེམས་ཀྱི་གནད་འཛིན་པ་གསུམ་དུ་འདུ་བ་ཡིན་ལ། དེ་དག་ཀྱང་གཤིས་ཐོག་ཏུ་བཅར་གྱི་དྲིལ་ན་མན་ངག་གཞན་ལྟར་སྣང་བའི་ཡུལ་ཆོས་ཉིད་ཀྱི་ལྟ་བས་རྒྱས་མི་འདེབས་པར། ཡུལ་ཅན་གྱི་རིག་པ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གསལ་གདངས་ཕྱེད་པའི་ངང་དུ་གཞན་བྱུང་གི་ཤེས་བྱ་མ་སྤངས་རང་གྲོལ་སེམས་ཀྱི་རྩལ་ལམ་རོལ་པ་ཙམ་དུ་རྫོགས་པར་བྱེད་པས་སྣ་ཚོགས་སེམས་ཀྱི་སྡེ་ཞེས་གྲགས་པ་སྟེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་དམིགས་པ་ཀུན་ལས་འདས། །རྟོག་པས་དམིགས་པའི་སྟེང་དུ་འཇོག་མི་བྱེད། །ཡུལ་ལས་འདས་པས་རྣམ་ཤེས་བསྲུང་མི་བྱེད། །དངོས་པོ་སྙིང་པོར་གསལ་བས་བསྒོམ་མི་བྱེད། །རྣམ་པ་སྙིང་པོར་གསལ་བས་རེ་དོགས་མེད། །ཅེས་སོ། །གཉིས་པ་འབྲས་བུ་ཡེ་གྲོལ་དུ་སྨྲ་བ་ཀློད་སྡེའི་ངོ་བོ་ནི། ཆོས་ཅན་དུ་སྣང་བ་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ཡངས་པར་རིག་པ་རང་སྣང་བའི་རྒྱན་ལྟར་དུ་བཀོད་པ་ལས་ཡིན་མིན་ཕྱོགས་བྲལ་ཆེན་པོའི་དགོངས་པ་ལ་འཆིང་དགྲོལ་མེད། །


JL01_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོ་ལ་ཇི་ལྟར་སྣང་ཡང་སྟོང་ངོ་ནས་ཡེ་གྲོལ་ཡིན་པས་རིག་པ་ཉིད་ཕྱི་ཤར་དུ་མི་འདོད་ཅིང་སེམས་དང་སེམས་བྱུང་གི་ཆོས་ཉིད་ཐམས་ཅད་རང་སྣང་ཙམ་ལས་ཤར་བྱ་ཤར་བྱེད་དུ་མ་གྲུབ་པས། སྣང་ཕྱོགས་ཀྱི་ངོ་བོས་སྟོང་པ་དོན་དམ་པའི་དེ་ཁོ་ན་ཉིད་ལ་གླགས་མ་རྙེད་པས་སྣང་བ་སྣ་ཚོགས་རང་སྟོང་རང་ཡལ་དུ་ཆ་ལ་ལ། ཇི་ལྟར་སྣང་ཡང་ནམ་མཁའ་ལ་གཟའ་སྐར་བཀྲམ་པ་བཞིན་རང་སྣང་བཀོད་པའི་རྒྱན་ཙམ་ལས། སེམས་སྡེ་ལྟར་རྩལ་དང་རོལ་པར་རིག་པ་ཤར་བ་མི་འདོད་པས་ཕན་ཚུན་ལྟོས་གྲུབ་དང་ཕྱོགས་ལྷུང་ཅན་དུ་མི་བལྟ་བའི་ཡེ་གྲོལ་ཀློང་འབྱམས་ཆེན་པོ་སྟེ་ཀློང་དྲུག་པ་ལས། མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །སྔགས་ལས་མ་སྐྱེས་ཡེ་རྫོགས་ཉིད། །རྒྱུ་དང་རྐྱེན་རྣམས་ཡོངས་སུ་བྲལ། །ལྟ་བསྒོམ་དྲི་མ་ཀུན་དང་བྲལ། །མཐའ་མེད་དབུས་སུ་དམིགས་པ་མེད། །རྣམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤས་ཀྱང་ཡོད་མ་ཡིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམ་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཡང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་ཡུལ་མེད། །ཚོགས་མེད་བསགས་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཐབས་མེད་ཉན་པའི་འཁོར་ཡང་མེད། །ཡུལ་མེད་དུས་གསུམ་ཉིད་ཀྱང་མེད། །དུས་གསུམ་ཚོགས་པའང་ཡོད་པ་མེད། །ཅེས་སོ། །དབྱེ་ན་བཞི། ཀློང་ནག་པོ་རྒྱུ་མེད་དུ་སྨྲ་བས་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་ལ་མ་ལྟོས་པར་བརྟན། །ཀློང་ཁྲ་བོ་སྣ་ཚོགས་སུ་སྨྲ་བས་རོལ་པའི་ཆོས་ཉིད་ལ་དགག་བསྒྲུབ་མེད། །ཀློང་དཀར་པོ་སེམས་སུ་སྨྲ་བས་


JL01_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་གི་སྣང་རིག་སེམས་ཀྱི་རྩལ་དུ་རྫོགས། །ཀློང་རབ་འབྱམས་རྒྱུ་འབྲས་ལ་བཟླ་བས་འཁོར་འདས་སུམ་ཕྱེ་བའི་ཡུལ་སེམས་གཉིས་མེད་ཀྱི་རིག་པ་ལ་རང་ཐོག་ཏུ་ངོས་ཟིན་པའི་གཟེར་ཐེབས་པའོ། །དེ་དག་སོ་སོ་ལའང་ནང་གསེས་ཐ་དད་པ་ཡོད་ཀྱང་བསྡུན་ལྷུན་གྲུབ་ཡངས་པ་ཆེན་པོའི་ཀློང་། རང་གསལ་འབད་རྩོལ་བྲལ་བའི་ཀློང་། །བྱས་མེད་གདོད་ནས་གྲུབ་པའི་ཀློང་སྟེ་རྣམ་པ་གསུམ་དུ་འདུལ། རང་བཞིན་རྒྱས་པར་སྟོན་པའི་རྗོད་བྱེད་ཚིག་གི་རྒྱུད་རྣམ་གྲངས་སུམ་སྟོང་ལ། ལེའུ་ཆིག་ཁྲི་ཆིག་སྟོང་། ཤོླ་ཀད་དུ་མ་ཕྲག་དྲུག་ཅུ་རྩ་བཞིའི་ངེས་པ་བབས་ལུགས་ཆེན་མོ་ལས་བཤད་པས་འཇིག་རྟེན་གྱི་ཁམས་གཞན་དང་མཁའ་འགྲོ་མའི་གནས་སུ་བཞུགས་པ་དག་ཀྱང་ལ་བཟླ་བ་ཁྲི་ཕྲག་བརྒྱད་དུ་འདུས་ཤིང་། དེ་ཡང་ཤན་འབྱེད་པ་ཁྲི་ཕྲག་གཉིས་སུ་འདུས་ལ། དེ་ཉིད་གེགས་དགུ་བརྒྱར་འདུས་པ་ལ་གནད་སྟོང་ཕྲག་གཉིས། གཟེར་བུ་ལྔ་བཅུ་དང་བཅས་པ་ཐམས་ཅད་ཀྱང་བྱས་གྲོལ་བཞག་གྲོལ། ཅེར་གྲོལ་གྱི་ཕྱོགས་གསུམ་དུ་འདུ་བ་ཡིན་ལ། ཁྱད་པར་ཀློང་ཡེ་ཤེས་གསང་བའི་རྒྱུད་ལ་རྟེན་པ་རྡོ་རྗེ་ཐམ་པའི་མན་ངག་ལས་སྤང་མི་ཕམ་མགོན་པོ་ལ་སོགས་པ་འཇའ་ལུས་གྲུབ་པ་ཤ་སྟག་བྱུང་བའི་ཚུལ་འོག་ཏུའང་འཆད་ཅིང་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་དུའང་བཀོད་ཡོད་དོ། །གྲུབ་པའི་མཐའ་འདི་བརྗོད་བྱ་གཏིང་ཟབ་པས་རྗོད་བྱེད་ཉུང་དུས་མཚོན་པར་ཡང་མ་ནུས་ལ། །ཁྱད་པར་ཀུན་མཁྱེན་ཆེན་པོས་ཁོ་བོ་ལ་ཞལ་བསྟན་པའི་ཚེ་དཔེ་ཆ་བམ་པོ་ཞིག་གནང་ནས་ཤིང་རྟ་ཆེན་པོ་ན་གབ་པ་མཐའ་དག་འདིས་གསལ་བ་ཡོད་དོ་ཞེས་བཀའ་བསྩལ་པས་ཤིང་རྟ་གསུམ་དང་མཛོད་ཆེན་བདུན་དུ་གབ་པ་རྣམས་འདིར་རྩལ་དུ་བཏོན་ནས་བཤད་པར་


JL01_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དབྱེ་བས་དེ་དག་ཏུ་ཆེས་གསལ་བ་རྣམས་འདིར་མ་བཀོད་དོ། །གསུམ་པ་མན་ངག་གི་སྡེ་ནི་འོག་མ་གཉིས་ལས་འཕགས་པ་ཡིན་ཏེ། འདི་ལྟར་སེམས་སྡེ་སེམས་ཡིན་པས་གསལ་བ་ལས་ཟབ་མོའི་ཕྱོགས་ཤས་ཆེ་བར་བསྒྲུབ་ཀྱང་། གསལ་བའི་རྩལ་ཟབ་མོ་ཉིད་ཆོས་ཉིད་དུ་མ་ལྷོངས་ནས་རྒྱན་དང་རོལ་པ་ལ་ཡིད་དཔྱོད་འཛིན་པའང་འབྱུང་ཉེ་ལ། ཀློང་སྡེས་ཟབ་གསལ་ཆ་མཉམ་པར་བསྒྲུབས་ཀྱང་ཆོས་ཉིད་ལ་འཛིན་པའི་ཡིད་དཔྱོད་ལས་སྟོང་ཕྱོགས་ཀྱི་གོལ་ས་འབྱུང་ཉེ་ལ། །དེ་གཉིས་ཀས་ཡུལ་སྣང་དང་ཤེས་པ་ཕྱམ་གཅིག་རོ་མཉམ་ཡོད་མ་མྱོང་། མེད་མ་མྱོང་བའི་གཞི་བྲལ་སྤྱི་འབྱམས་སུ་གདེངས་འཆའ་བས་གནད་དུ་མ་སོང་ན་གཤིས་ཤོར་གྱི་གོལ་སྒྲིབ་ཆེ་ལ། མན་ངག་སྡེ་ནི་ངོ་བོ་ཀ་དག་བརྗོད་བྲལ་བློ་འདས་ཆེན་པོའི་གདངས་རང་སྣང་ལྷུན་གྲུབ་ཀྱི་སྒོ་ལ་རང་ཤར་བས་རྩལ་སྣང་ལ་སྒྲིབ་བྱེད་དང་འཛོལ་ལས་མེད་ཅིང་ཆོས་ཅན་གྱི་སྣང་བ་ཆོས་ཉིད་སྤྲོས་བྲལ་དུ་འདུམས་པའི་གནད་ཀྱིས་ཁྱད་པར་དུ་འཕགས་པ་སྟེ། །བཀོད་པ་ཆེན་པོ་ལས་ཀྱེ་རྡོ་རྗེ་འཛིན་པ། དེ་ལྟར་གཏན་ལ་མ་ཕབ་ན། །ཡིད་དཔྱོད་འཛིན་པ་རྣམས་དང་ནི། །ཁྱད་པར་ཅི་ཡང་མེད་པར་འགྱུར། །དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེ་འམ། །བ་ལང་རྣམས་ལས་གླང་ཆེན་ནམ། །གཅན་གཟན་རྣམས་ལས་སེང་གེའམ། རྐང་ཐད་རྣམས་ལས་རྟ་པ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་སོ། །དེའང་ངོ་བོའི་ཆ་ནས་ཆོས་ཅན་གྱི་སྣང་བ་ཆོས་ཉིད་སྤྲོས་བྲལ་དུ་སྡུད་པ་ཙམ་ལྟ་བ་སྤྱིའི་གནས་ལུགས་ཕྱག་རྒྱ་ཆེན་པོའི་སྒྲས་བསྡུས་སོ་ཅོག་ལ་ཡོད་ཀྱང་། འདིར་ཡོངས་གྲོལ་ཀ་དག་གི་དགོངས་པ་ནི་འདོད་ཁའི་ལྟ་བ་ལུང་རིགས་ལ་རེ་བ་ལྟར་འཁྲུལ་མ་འཁྲུལ་དང་རྟོགས་མ་རྟོགས་སུ་བསྒྲུབ་པའི་བལྟོས་གཞི་ལོག་པས།


JL01_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བལྟོས་པའི་ཆོས་ཀྱང་རང་ལོག་པ་སྟེ། འདི་ལྟར་རང་ངོ་སྤྲོས་བྲལ་ལ་བལྟོས་ནས་རྟོགས་བྱའི་ལྟ་བ་དང་། དེའི་རང་བཞིན་ཤེས་རབ་ཀྱིས་རྟོགས་པའི་རྟོགས་བྱེད་གཉིས་ཀའང་ཡང་དག་པར་ན་རྫུན་པར་མཉམ་ཤིང་རང་བཞིན་མ་གྲུབ་པས་རི་བོང་གི་རྭ་དང་། མོ་གཤམ་གྱི་བུ་ལྟར་ཚིག་གི་སྒོ་ནས་བླ་དགས་སུ་བཏགས་པ་ཙམ་ལས་དོན་ལ་བློ་དང་སྙམ་བྱེད་དང་། ཡིན་སྙམ་དང་། ཡིད་དཔྱོད་དུ་མ་ལུས་པས་གནད་ཐོག་ཏུ་ཕེབས་པའི་མེ་བཙའ་ལྟ་བུ་སྟེ། ཁྱུང་ཆེན་ལས། སངས་རྒྱས་མེད་ཅིང་སུ་ཡིས་བཅིངས་པའི་རྒྱ། །འཁྲུལ་དང་མ་རིག་སེམས་ཅན་སུ་ལ་སྲིད་མིང་མེད། །དེ་ཕྱིར་ཡེ་ནས་མ་བཀྲོལ་ཕྱིས་གྲོལ་མི་སྣང་བའོ། །གཞི་མེད་ལམ་ཞེས་འབྲས་བུ་སུ་འདོད་པ། །འདོད་ཕྱིར་ཐར་པའི་གནས་ལ་འདི་ཡིས་བསྒྲིབ། །སྟོད་མུ་གསལ་དང་ཡོད་དང་མེད་པ་ཉིད། །རྟག་ཆད་རྒྱུ་འབྲས་གཞི་སྟེ་རྒྱུད་རྣམས་ལ། །མཐའ་བྲལ་ནམ་མཁའི་དབྱིངས་དང་མཚུངས་པ་ཉིད། །ཅེས་སོ། །དབྱེ་ན། ཁ་འཐོར། ཁ་གཏམ། རྒྱུད་རང་གཞུང་དུ་བསྟན་པ་གསུམ་ལས། དང་པོ་ནི་བློ་དང་བྲལ་བའི་ཡེ་ཤེས་ལ་དབྱེ་བསལ་གྱི་བཅོས་སུ་མེད་པས་བྱ་རྩོལ་གྱི་ལྷང་མི་གཞུག །དོན་དམ་གྱི་གཤིས་ལ་བདེན་གཉིས་དང་རྒྱུ་འབྲས་མེད་པས་གསར་དུ་གྲོལ་བའི་ལྟོས་པ་དང་བྲལ། སྐུ་གསུམ་ལམ་སྣང་དུ་བཀོད་པ་ཤེས་བྱ་གཞན་ལ་མི་ལྟོས་པས་མ་གྲོལ་བ་གང་ཡང་མེད་པའོ། །གཉིས་པ་ནི། ཁ་གཏམ་གྱི་ཚུལ་དུ་གསུངས་པའི་ངོ་བོར་མ་འཁྲུལ་པ། རང་བཞིན་རྣམ་རྟོག་གི་གཞི་རྩ་ཆོད་པ། མཚན་ཉིད་ངོས་བཟུང་དང་བྲལ་བའོ། །དབྱེ་ན། གླན་པ་ཡོངས་ལ་བོར་བའི་ཁ་གཏམ་ནི་རྩ་གནད་ཀྱི་རླུང་། རླུང་གནད་ཀྱི་སེམས་ཆོས་ཉིད་དུ་ཞི་བས་ཡེ་ཤེས་ཁུངས་ནས་དོན་སྒོ་གསུམ་འབྲེལ་ཐག་ཆོད་པའི་གནད་


JL01_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འགྱུ་བ་རང་སར་གྲོལ་ཏེ་འཁོར་འདས་བརྗོད་པ་ཆད་པའོ། ཁར་ཕོག་དུས་མེད་པའི་ཁ་གཏམ་ནི། དབྱིངས་ལ་མི་ཤོད་བ་མེད་པས་འཁོར་འདས་ལ་ཁྱབ་བརྩི། སྟོང་ཉིད་ལ་ངོས་བཟུང་མེད་པས་ངོ་བོ་ལ་འགྱུར་བརྩི། གཉིས་ཀ་ལ་བྱ་རྩོལ་མེད་པས། རང་གནས་ཀྱི་ཡེ་ཤེས་ངས་བཟུང་བའོ། །གསུམ་པ་ནི། རྒྱུད་རང་གཞུང་གི་མན་ངག་འཁོར་འདས་ལ་སྤང་བླང་མེད། ཆོས་ཉིད་སྒྲ་ཚིག་ཏུ་མི་གནས་པས་སྟོང་ཉིད་ལ་ཐ་སྙད་ཀྱིས་མི་ཐུག་པའོ། །དབྱེ་ན་ལྟ་བསྒང་དྲིལ་བས་སྤྲོས་བྲལ་གཞི་ལ་ཁྱབ། །ལས་ལ་བཟང་ངན་མེད་པས་ཁམས་གསུམ་ཡོངས་གྲོལ་དུ་ཤར། །རང་བཞིན་སྟོང་གསལ་དུ་ཤར་བས་དགེ་སྡིག་གི་ཕན་གནོད་མེད། མཚན་ཉིད་ལ་ཡི་གེ་མེད་པས་ཐེག་པ་སྣ་ཚོགས་ཀྱིས་སངས་མི་རྒྱ་བས་དབང་པོ་གཅིག་ཅར་ཐོག་བབས་སུ་གྲོལ་བའོ། །དབྱེ་ན་གཉིས། སྣང་བཏགས་ཀྱི་ལྟ་བ་ལ་བྱར་མེད་པ་དང་། སེམས་ཀྱི་དྲན་རྟོག་སྐྱེ་མེད་དུ་དྲིལ་བའོ། །དང་པོ་ནི། ངོ་བོ་ལ་ཆོས་ཉིད་མེད་པས་སངས་རྒྱས་མིང་དུའང་མ་གྲུབ། རང་བཞིན་འགག་པ་མེད་པས་འཁོར་བ་ཐ་དད་དུ་ཤར་མཚན་ཉིད་གཅིག་ཏུ་མི་གནས་པས་ལྟ་བ་སྒོམ་ལ་ཚད་མེད་པའོ། །གཉིས་པ་ནི། ངོ་བོ་སྐྱེ་མེད་དུ་དག་པས་ཉོན་མོངས་པ་གཞི་མེད་དུ་དངས། རང་བཞིན་མ་འགགས་པར་ཤར་ཡང་སྤང་བླང་བྱ་རྩོལ་དང་བྲལ། མཚན་ཉིད་ཡེ་གྲོལ་ཡིན་པས་འཁོར་འདས་ཀྱི་ཁུངས་རྡིབ་པའོ། །དེ་དག་གི་ཚེ་ལྟ་བསྒོམ་གྱི་དྲོད་ཚད་གཏར་ཁ་གེགས་སེལ་གྱི་ཚུལ་དུ་བསལ་བ་ནི། ལྟ་བ་གཡོ་བའི་དྲས་འཁོར་བའི་མཚང་ཤེས། ལྟ་བ་ཐོབ་པའི་དུས་ལུས་ངག་ལ་དྲོད་ཐོབས། ལྟ་བ་བརྟན་པའི་དུས་འཁོར་འདས་རུ་ཤན་ཕྱེད། བསྒོམ་པ་གསོ་བའི་དུས་རླུང་སེམས་ལ་རང་བྱན་ཚུད། བསྒོམ་པ་ཐོབ་པའི་དུས་སེམས་ལམ་དུ་ཚུད། བསྒོམ་པ་བདུན་པའི་དུས་རིག་པའི་རྩལ་རྫོགས། །སྤྱོད་པ་


JL01_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བའི་དུས་སྤྱོད་པ་ལ་གཟའ་གཏད་མེད། སྤྱོད་པ་ཐོབ་པའི་དུས་འཁྲུལ་སྣང་ཟིལ་གྱིས་ནོན། སྤྱོད་པ་བརྟན་པའི་དུས་སྐུ་གསུམ་གྱི་དྲོད་ཚད་ཟིན། དེའང་ལྟ་བས་ཆོས་ཉིད་ཀྱི་གེགས་བསལ་བས་ཆོས་ལ་མ་བརྟེན་ཡང་སངས་རྒྱ། བསྒོམ་པས་འགྱུ་དྲན་གྱི་གེགས་བསལ་བས་དྲན་ཚོར་ཐམས་ཅད་བསམ་གཏན་དུ་ཤར། སྤྱོད་པས་སྣང་བའི་བགེགས་བསལ་བས་སྣང་རྐྱེན་ཆོས་ཉིད་དུ་གྲོལ། །དེ་ལྟར་ལྟ་བསྒོམ་སྤྱོད་པ་གསུམ་ཡང་གཅིག་གབ་ནས་གཉིས་མངོན་དུ་ཕྱུང་བ་དང་། གཉིས་གབ་ནས་གཅིག་མངོན་དུ་ཕྱུང་བ་ལ་སོགས་པའི་ཐ་སྙད་གྲགས་པ་ནི་གཟུང་འཛིན་དང་། ཡུལ་ཤེས་གནད་ལ་བོར་ནས་རིག་པ་ཐེར་ལ་འབྱིན་པའི་མན་ངག་ཤིན་ཏུ་ཟབ་པ་ཡིན་ཏེ། དཔེར་ན་དབུ་མའི་ལུགས་སུ་རྡོ་རྗེ་གཟེགས་མ་དང་། ཡོད་མེད་སྐྱེ་འགོག་ལ་སོགས་པའི་གཏན་ཚིགས་ལྟ་བུའོ། །དེ་ལྟར་ཟབ་པ་མན་ངག་གི་སྡེ་ལ་ལུས་དང་འདྲ་བའི་ཕྱི་སྐོར། མིག་དང་འདྲ་བའི་ནང་སྐོར། སྙིང་དང་འདྲ་བའི་གསང་སྐོར། ཀུན་རྫོགས་དང་འདྲ་བའི་ཡང་གསང་བླ་ན་མེད་པ་སྟེ། སྒྲོན་མ་སྣང་བྱེད་ལས། ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་བསྟན། །ནང་སྐོར་མིག་དང་འདྲ་སྟེ་མཐོང་བ་བརྡ་ཡི་ཆོས། །གསང་སྐོར་སྙིང་དང་འདྲ་སྟེ་དྲན་བྱེད་ཟུངས་ཀྱི་ཆོས། །འདི་ནི་ལུས་ཀུན་རྫོགས་པའི་སྐྱེས་བུ་འདྲ། །ཞེས་སོ། །དེ་ལ་ཕྱི་སྐོར་ནི། ངོ་བོ་ལ་ཉོན་མོངས་པ་མ་གྲུབ་པས་དུག་ལྔ་ལམ་དུ་སློང་། །རང་བཞིན་ལ་རྩོལ་སྒྲུབ་མེད་པས་ཅིར་སྣང་ཆོས་ཉིད་ཀྱི་རྒྱན། །མཚན་ཉིད་ལ་འཕྱུགས་པ་མེད་པས་ཆོས་ཉིད་གང་དུའང་མ་ཕྱེ་བའོ། །ནང་སྐོར་ནི། ངོ་བོ་གཟུགས་ཅན་ལས་འདས་པས་ཆོས་ཉིད་ཕྱོགས་རིས་སུ་མ་ཆད། རང་བཞིན་ལ་འགྲོ་འོང་མེད་པས་


JL01_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་རྒྱུན་གྱི་ཡེ་ཤེས། མཚན་ཉིད་ནི་འཁོར་འདས་གཉིས་ཀ་ལ་ཟུག་པས་རྩ་བ་ལྟར་བྱུང་ལ། རང་ངོ་ཐ་དད་དུ་འདྲིལ་བས་སྡོད་བུ་ལྟ་བུ། རྩལ་སྣང་ཅིར་ཡང་རྒྱས་པས་ཡལ་འདབ་ལྟ་བུ། གསལ་ཆ་འགག་པ་མེད་པས་མེ་ཏོག་ལྟ་བུ། སྣ་ཚོགས་གཅིག་ཏུ་སྨིན་པས་འབྲས་བུ་ལྟ་བུའོ། །གསང་སྐོར་ནི། ངོ་བོ་གཅིག་ཅར་དུ་ཤེས་པས་ཤེས་རབ་གསུམ་ལ་རག་མ་ལུས། རང་བཞིན་དབུགས་ཆད་ལ་གྲོལ་བས་བར་དོ་ལ་ལྟོས་པ་དང་བྲལ། །མཚན་ཉིད་ཡེ་གྲོལ་ཡིན་པས་ཚོགས་གཉིས་ཀྱི་འཕེན་པ་ལས་འདས་པའོ། །ཡང་གསང་བླ་ན་མེད་པ་ནི་ངོ་བོ་ཤེས་བྱ་མ་ཡིན་པས་ཚིག་དང་ཐ་སྙད་ལ་མ་ལྟོས། རང་བཞིན་མངོན་སུམ་དུ་མཐོང་བས་ཆོས་ཉིད་ཡིད་དཔྱོད་དུ་མི་གནས། མཚན་ཉིད་སྣང་བཞི་ཡིན་པས་ཚད་ཕེབས་ཀྱི་སྐུ་གསུམ་ལམ་སྣང་དུ་ཤར་ནས་འབྲས་བུ་ཕྱི་དུས་ལ་ལྟོས་མི་འཆའ་བར་ཚེ་འདི་ཉིད་ལ་གདོད་མའི་གཞི་དབྱིངས་སུ་སྦྱོར་བའོ། །དེ་ལྟར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་གསང་དོན་དབྱིངས་ཀྱི་ལ་བཟླ་ཐད་དྲང་དུ་བཤད་ནས་གསུམ་གའང་བསྡུ་ན་ཀློང་དགུར་འདུ་སྟེ། ལྟ་བ་སྤྲོས་བྲལ་ཡིན་པས་ངོ་བོ་ལ་འཕོ་འགྱུར་མེད་པའི་ཀློང་། །སྒོམ་པ་ངང་བཞག་ཡིན་པས་རྟོག་དཔྱོད་ཀྱི་ཡིན་མིན་མེད་པའི་ཀློང་། །འབྲས་བུ་ཡོངས་གྲུབ་ཡིན་པས་གདོད་ཀྱི་རེ་དོགས་མེད་པའི་ཀློང་། །ངོ་བོ་ལ་རྟག་ཆད་མེད་པས་ཤེས་བྱེད་ཀྱི་གྲུབ་བསལ་མེད་པའི་ཀློང་། རང་བཞིན་ལ་གཏན་ཚིགས་མེད་པས་ཆོས་ཉིད་འགག་པ་མེད་པའི་ཀློང་། མཚན་ཉིད་ལ་ཀུན་དཀྲིས་མེད་པས་སྣང་སེམས་ལས་གྲོལ་བའི་ཀློང་། དབྱིངས་ལ་དུས་གསུམ་མེད་པས་འཕོ་འགྱུར་མེད་པའི་ཀློང་། རོལ་པ་ལ་ཅིར་ཡང་འཆར་བས་འགག་མེད་རང་ཤར་ཀྱི་ཀློང་། ལྷུན་མཉམ་ལ་ཕྱོགས་རིས་མེད་པས་ཡེ་གྲོལ་ཅོག་བཞག་གི་ཀློང་སྟེ་དགུར་


JL01_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ལ། དེ་དག་ཀྱང་དོན་སྡུད་པའི་དབང་དུ་མངོན་པའི་སྡེ་སྣོད། ཚིག་སྡུད་པའི་དབང་དུ་ཤློ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞིར་གནས་པ་ལེའུ་དང་། བམ་པོ་ལ་སོགས་པའི་ངེས་བརྗོད་ཀྱིས་བསྡུ་བའི་ཚུལ་ཐལ་འགྱུར་ལས། རང་བཞིན་རྫོགས་པ་ཆེན་པོ་ལས། ཚིག་གི་བྱེ་བྲག་རྣམ་འཕྲོས་པས། སྡེ་གསུམ་ལས་ནི་ཀློང་དགུར་འགྱུར། །ཚིག་སྡུད་པ་ལས་ཤློ་ཀ །འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས། །ལེའུ་སྟོང་ཕྲག་སུམ་ཅུ་ལྔ། །བམ་པོ་ཉི་ཁྲི་སྟོང་ཕྲག་གཅིག །བརྗོད་བྱ་ནམ་མཁའི་མཐའ་དང་མཉམ། །གདུལ་བྱའི་སེམས་ཅན་རྟོག་པ་གཅོད། །འདི་ལས་བརྗོད་བྱ་ཉེར་བསྡུས་པ། །གཟེར་བུ་བརྒྱ་དང་བརྒྱད་ཅུ་ལ། །གེགས་ནི་སྟོང་ཕྲག་ཕྱེད་དང་གཉིས། །གནད་ཆེན་འདུས་པ་སྟོང་ཕྲག་གསུམ། །གོལ་སྒྲིབ་ཁྲི་ཕྲག་བཞི་བཅུ་ལ། །མིང་ཐོགས་རྒྱུད་ནི་ཁྲི་ཕྲག་གཉིས། །ཆིག་བརྗོད་རིམ་པ་གསལ་བཀོད་དོ། །ཞེས་སོ། །ད་ནི་དེ་དག་ལས་ཁྱད་པར་དུ་གྱུར་པ་མན་ངག་སྡེ་པའི་ལུགས་ཐམས་ཅད་ཀྱི་ལྟ་བསྒོམ་གྱི་གདེངས་གྲོལ་ཐོག་ཏུ་གཏན་ལ་དབབ་པ་ནི། ཀུན་ཀྱང་དགྲོལ་གཞི་མེད་པའི་བྱང་ཆུབ་སེམས། །གང་གིས་འགྲོལ་བ་སྤད་པའི་རང་གསལ་ག་དང་། །གཞི་དང་རྩ་བ་མེད་པའི་ཀློང་ན་གསལ། །བྱས་ཤིང་བཅོས་པ་མེད་པས་ཡེ་གྲོལ་ཡིན། །རང་གི་རང་གྲོལ་རྐྱེན་ལ་རག་མ་ལུས། །ཅེར་གྲོལ་ཡིན་པས་ལྟོས་གཞི་ཀུན་དང་བྲལ། །གཅིག་དང་དུ་མར་གདགས་པའི་མཐའ་ལས་གྲོལ། །འདི་ལ་གཉིས། དགྲོལ་གཞི་མེད་པའི་གོ་དོན་སྤྱིའི་དབྱིངས་འཇལ་བ་དང་། སོ་སོའི་འཐད་པ་བྱེ་བྲག་ཏུ་ཕྱེ་བའོ། །དང་པོ་ནི། འདི་ལྟར་ཆོས་ཉིད་ཀྱི་གཤིས་ནི་ཡོད་དེ་བལྟར་མི་མངོན། །མེད་དེ་རྒྱ་མ་ཆད། གཉིས་ཀའི་ཕྱོགས་སུ་མ་ལྷུང་། །དབུ་མར་བཟུང་བའང་


JL01_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་ཐོག་མཐའ་དང་། སྐྱེ་འགག་དང་། འགྲོ་འོང་དང་། དུས་གསུམ་དང་། མཐའ་དབུས་དང་། རྩོལ་བསྒྲུབ་ལས་འདས་པ་གང་ཞིག་ལ་དགྲོལ་བའི་གཞི་མེད་དེ། ཆུའི་རི་མོ་ལྟར་རང་གིས་རང་གྲོལ་བའི་ཕྱིར་དང་། དགྲེལ་བའི་རྐྱེན་མི་འཇུག་སྟེ་ཆོས་ཉིད་ཀུན་ཏུ་འགྲོ་བའི་ཕྱིར་དང་། གཞི་དང་རྩ་བ་མེད་པས་སྨྲ་བསམ་བརྗོད་འདས་ཀྱི་ཀློང་ནི་རང་གསལ་མངོན་སུམ་པའི་ལྷག་མཐོང་དང་ལྷན་ཅིག་པ་ཉིད་ལ་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ཚོགས་གདོད་མ་ནས་ཡོད་མ་མྱོང་། མེད་མ་མྱོང་། སྤངས་པས་མི་སྤོང་། སྦྱངས་པས་མི་བྱང་། བསྒྱུར་བས་མི་འགྱུར། གྲོལ་བས་མི་གྲོལ་བ་ཉིད་དུ་མ་རྟོགས་ནས་སྤང་བྱ་སྤོང་བྱེད་ལ་སོགས་པའི་གཉིས་ཆོས་ཐམས་ཅད་རྫས་གཅིག་པས་དག་གྲོལ་གཉིས་སུ་མི་རུང་ལ། འདི་ལྟར་དག་གྲོལ་གཉིས་སུ་བྱེད་པ་དེ་ཡེ་ཤེས་ཀྱི་བྱེད་ན་སེམས་ཀྱིས་ཡེ་ཤེས་མ་མཐོང་། ཡེ་ཤེས་ཀྱིས་སེམས་མཐོང་བས་ལྷན་ཅིག་ཏུ་མི་འདུ་བའི་དངོས་འགལ་ལ་ཐ་སྙད་དེ་མི་རུང་ལ། དེ་བཞིན་དུ་འདས་མ་འོངས་རྫས་འགལ་བས་ཕྱི་མས་སྔ་མ་སྤངས་པའང་མེད་དེ། གཅིག་ཡོད་དུས་གཅིག་འགག་ལ། དུས་མཉམ་ན་སྔ་ཕྱི་འཆོལ་བས་སྤང་བྱས་གཉེན་པོ་དང་། གཉེན་པོས་སྤང་བྱ་བྱས་པར་འགྱུར་ཏེ། སེམས་རྒྱུན་གཅིག་ལ་དུས་མཉམ་པས་སོ། །དེ་སྐད་དུ་ཉི་ཟླ་ཁ་སྦྱོར་ལས། དེ་བཞིན་ཉིད་དུ་མ་རྟོགས་ན། །རྣལ་འབྱོར་ལུས་དང་གྲིབ་མ་བཞིན། །དེ་ལས་དེ་ཉིད་རང་འབྱུང་བས། །སྤངས་པས་སྤོང་བ་མ་ཡིན་ནོ། །དེ་བཞིན་སྦྱངས་པས་ཀྱང་ནི་མིན། །བསྒྱུར་བས་ཡང་ནི་མི་འགྱུར་རོ། །འགྱུར་མེད་སྙིང་པོ་མ་རྟོགས་ན། །ཤེལ་གྱི་བྲག་གམ་གཡུ་རྡོ་བཞིན། །སྦྱང་ཞིང་བཞུ་བར་ནུས་པ་མིན། །རང་བཞིན་གྱིས་ནི་གནས་དག་ཏུ། །རྣལ་འབྱོར་ལྡན་པ་ཡིས་ནི་བརྟག །དེ་བཞིན་ཞི་བ་ཉིད་ཀྱང་མིན། །མངོན་སུམ་ལྷག་མཐོང་མ་


JL01_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ། རི་རབ་རི་ཡི་རྒྱལ་པོ་བཞིན། །སུས་ཀྱང་གཞིག་པར་ནུས་པ་མིན། །གཉན་པོ་ཡིས་ནི་གྲོལ་བ་མིན། །མ་བཙལ་རང་དག་མ་ཤེས་པར། །རྙོག་པ་སངས་འདོད་ཆུ་རྙོག་བཞིན། །ཕྱི་ཕྱིར་སངས་པ་མ་ཡིན་ནོ། །དེ་ཉིད་དྭངས་ཀྱང་ཆོས་ཉིད་མིན། །རང་སྣང་ལྷུག་པ་མ་ཤེས་པར། །ཐ་མལ་བླུན་པོའི་སྣང་བ་བཞིན། །མངོན་ཞེན་བཟློག་པ་མ་ཡིན་ནོ། །ཞེས་སོ། །དེ་ལ་གང་ཟག་གི་བློ་རིམ་གྱི་འཇུག་སྒོའི་དབང་ལས། འབད་བཅས་དང་འབད་མེད་ཀྱི་རང་གྲོལ་གཉིས་སུ་ཡོད་པ་ལས། དང་པོ་ནི་གཤིས་ཀྱི་གནས་ཚུལ་ལས་གཡོ་བ་མེད་པའི་ངང་ནས་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ཚོགས་གང་སྐྱེས་ཀྱང་རང་བཞིན་ཤེས་པའི་ལྷག་མཐོང་གིས་ངེས་བཟུང་ལ་ངང་ལས་མི་གཡོ། གཉེན་པོས་མི་འཆིང་། རྗེས་སུ་མི་འབྲང་བ་ཉིད་དུ་བཞག་པས་རིག་པའི་གཞི་ལ་དེ་ལྟར་མ་གྲུབ་པའི་ཕྱིར་ཆུ་མ་རྙོགས་ན་དྭངས་པ་ལྟར་འགྱུ་བའི་ཆོ་འཕྲུལ་རང་བཞིན་མེད་པར་དྭངས་པ་ཡིན་ལ། འབད་མེད་ནི་ཤར་ས་དང་ཤར་མཁན་རོ་གཅིག་པས་ཆོས་ཉིད་དང་རྣམ་རྟོག་ངོ་བོ་དང་རྩལ་སྣང་གཉིས་སུ་མ་གྲུབ་པར་ཤར་ཞིང་རང་གིས་རང་གྲོལ་བས་གང་སྐྱེས་ཚུགས་མི་ཐུབ་པ་ཡིན་ཏེ། སྔ་མ་ལས། འདི་དག་བློ་རིམ་རྣམ་གཉིས་ཏེ། །འབད་བཅས་རྣམས་དང་འབད་མེད་དོ། །འབད་བཅས་རྣམས་ནི་རང་སར་བཞག །སྣང་བ་གོམས་པའི་ཚད་རྣམས་ཀྱི། །ཡེ་ཤེས་དག་པའི་སྣང་བ་ཉིད། །ཕྱི་ནང་ཀུན་ལ་རང་ཤར་ཆེ། རྐྱེན་དེས་སྐྱེ་བ་མ་ཡིན་ནོ། །ཇི་སྲིད་དེ་དག་སྐྱེ་འགྱུར་ཡང་། །རང་བཞག་རང་ས་ཉིད་དུ་གྲོལ། །དེ་ཕྱིར་རྣལ་འབྱོར་སྣང་བའོ། །འབད་མེད་རྣམས་ནི་འདི་ལྟ་སྟེ། །རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང་། རྡོ་ཡིས་རྡོ་རྣམས་གཅོག་པ་


JL01_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རང་གི་གཉེན་པོར་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་བཞག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་འཕྲད་པ་དེ། །མཚམས་མེད་སྡིག་དང་ལྡན་པ་ཡང་། །འདི་ཉིད་གོམས་པས་གྲོལ་བ་ནི། །ཐེ་ཚོམ་ཉིད་མེད་ན་ར་ཀན། །ཞེས་སོ། །གཉིས་པ་ནི། མུ་ཏིག་ཕྲེང་བ་ལས། འགག་པ་མེད་པའི་རིག་པ་ལ། །འཁྲུལ་རྒྱུ་མེད་པས་ལྡོག་པ་མེད། །ཡེ་གྲོལ་ཡིན་པས་གཏན་ནས་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད། །ཅེར་གྲོལ་ཡིན་པས་སྣང་བ་དག །མཐའ་གྲོལ་ཡིན་པས་མུ་བཞི་འགགས། །གཅིག་གྲོལ་ཡིན་པས་དུ་མ་སྟོངས། །ཞེས་རྣམ་གྲངས་ལྔར་བསྟན་པ་ལས། །དང་པོ་ཡེ་གྲོལ་གྱི་མཚན་ཉིད་ནི། ཕུང་པོ་ལྔ་དང་། ཚོགས་བརྒྱད་ཀྱི་ཉེར་ལེན་སྤྲིན་དང་འདྲ་བའི་དབུས་ནའང་རིག་པའི་མཚན་ཉིད་ནི་ནམ་མཁའ་ལྟར་རང་བཞིན་མེད་པས་སྲིད་པར་ཀུན་ཏུ་སྦྱོར་བའི་ཁུར་ཡོངས་སུ་བོར་བ། རང་ངོ་སྤྲོས་པ་དང་བྲལ་བས་བྱས་ཤིང་བཅོས་པ་མེད་པར་ཡེ་གྲོལ་དུ་ཡོད་པས་འབད་རྩོལ་དང་གཉེན་པོ་ལམ་ལྟོས་པ་སྟེ། མུ་ཏིག་ཕྲེང་བ་ལས། འབད་པས་བྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་དང་། བརྩོན་པ་དོན་ལྡན་ལས། ཡེ་ནས་གྲོལ་བའི་སེམས་ཉིད་ནི། །ཕྱི་ནས་གྲོལ་རྐྱེན་ག་ལ་སྲིད། །ཅེས་སོ། །འོ་ན་སེམས་ཅན་འཁོར་བར་འཁྱམས་པ་ཅིས་ལན་ཟེར་ན། བཞིན་བཟང་རྣམ་རིག་དྲུང་པོ་ཁྱོད་ཉིད་ཆོས་ཅན། སྒོ་གསུམ་རང་ལུགས་སུ་གྲོལ་བ་དེ་བསྡམས་ནས་ཡུལ་ལ་ཤེས་པར་བཟུང་ཐག་པ་ལ་སྣང་བར་བཟུང་དེ་སྤྲུལ་དུ་འཁྲུལ་པའི་ངང་ནས་ཕྱི་དོན་ལ་ཁ་དོག་དང་དབྱིབས་སུ་དཔྱོད་པ་ནི་གཟུགས། དེའི་གནོད་པའི་མཚན་ཉིད་ཤེས་པ་ཚོར་བ། དེ་དག་སྔ་


JL01_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་འབྲེལ་བའི་ཤེས་རྒྱུན་འདུ་ཤེས། སྦྲུལ་འཛིན་གྱི་རྟོག་པ་ལས་མ་གྲོལ་བ་འདུ་བྱེད། དེ་ཐམས་ཅད་ཀྱི་བདག་པོའི་རྐྱེན་རྣམ་པར་ཤེས་པ་ཀུན་གཞི་ཉོན་ཡིད་དང་བཅས་པ་ཚོགས་པ་ལས་རིག་པའི་ཆོས་ཉིད་ཡེ་གྲོལ་ཅིར་ཡང་མ་གྲུབ་པ་དལ་བདག་དང་བདག་གི་བར་བལྟས། མེད་སྣང་སྒྱུ་མའི་སྟེང་གཟུགས་ལ་དངོས་པོར་བཟུང་། ཁམས་གསུམ་ཡེ་ནས་ཡོད་མ་མྱོང་བའང་ཤེས་རྒྱ་ཅན་ཁྱོད་ལ་གློ་བུར་དུ་སྣང་བ་སྟེ། དེ་ཉིད་ལས། འདི་ལྟར་སྣ་ཚོགས་སྣང་བ་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེ་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །ཞེས་སོ། །དེ་བས་ན་ཡེ་གྲོལ་གྱི་རིག་པ་དབང་པོ་ལྔའི་ཉེ་བར་ལེན་པའི་རླུང་ལ་མི་བསྐུར་བར་ངང་གདངས་ཅེར་བཞག་གི་གནས་ལུགས་ལས་མི་འདའ་བ་སྟེ། དེ་ཉིད་ལས། འབྱུང་བ་ལྔ་ཉིད་ཡེ་དྭངས་པས། །སྣང་བ་འོད་གསལ་ཉིད་དུ་གྲོལ། །དབང་པོ་ལྔ་ཉིད་ཅེར་བཞག་པས། །འཛིན་པའི་ཡུལ་ལྔ་རང་སར་གྲོལ། །ཞེས་དང་། ཐལ་འགྱུར་ལས། རང་བཞིན་རྫོགས་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་བཞག་པ་སྟེ། །སྣང་ཤེས་ཆོས་ཉིད་དུ་ཟུང་འཇུག་པས། །ཡེ་གྲོལ་ཅོག་བཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། །མཚན་བཅས་རང་སར་དག་པ་དང་། །སྟོང་དང་དངོས་པོའི་མཐོང་གྲོལ་དང་། །འགྱུ་ཟད་རྟོག་པ་མེད་པ་དང་། །བློ་ཟད་ཡིད་ལས་འདས་པའོ། །ཞེས་སོ། །དེ་ཡང་རིག་པའི་ངོ་བོ་ནི་ཡེ་སྟོང་རྩ་བྲལ་ལྟོས་གཞི་ལས་འདས་བ་རྒྱུ་འབྲས་རྗེས་མེད་ནམ་མཁའ་ལྟ་བུ་ཡིན་པས། དེའི་ངང་ལས་རྩལ་གྱིས་སྣང་བ་ཇི་ལྟར་མ་ཆེད་ཀྱང་མེད་སྣང་སྟོང་པའི་རང་གཟུགས་ཤར་གྲོལ་རིས་མེད་དུ་དྭངས་སུ་བཅུག་པ་ཙམ་ལས་རྣམ་འགྱུར་གཞན་དུ་སོང་མ་མྱོང་བར་ལ་


JL01_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ་བའི་ཚུལ། དེ་ཉིད་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་དགྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་བལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །དེ་ལ་གདེང་གིས་གྲོལ་བས་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་སོ། །གཉིས་པ་རང་གྲོལ་གྱི་མཚན་ཉིད་ནི། གཉེན་པོ་ལ་བལྟོས་བཞག་མེད་པའི་དོན་ཏེ། སེམས་སྡེ་ལས། གྲོལ་བ་རང་བྱུང་གཞན་ལས་མིན། །ཞེས་སོ། །སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་ལས་བྱུང་། །རང་གིས་གྲོལ་བ་དཔེར་ན་ཆུ་དང་ཝུ་བ་བཞིན་ནོ། །འདི་ལྟར་ཡོད་མེད་དང་རྟག་ཆད་ལས་འདས་པའི་དོན་གཤིས་ཀྱི་བཞུགས་ཚུལ་རང་ལ་གྲུབ་ཟིན་པའི་རང་གྲོལ་ཡིན་ལ་གང་ཞིག་ལ། ཕུང་པོ་ལྔ་ལ་སྟོང་པར་འཛིན་པའི་ཤེས་སྒྲིབ་ཀྱི་ཉེར་ལེན་དང་བཅས་པའི་ལྟ་བ་དང་བསྒོམ་པ་དང་། སྤྱོད་པའི་འདུ་ཤེས་སྐྱོན་ཅན་གྱི་ལྷད་བཅུག་པས་ཆུ་ཀླུང་འཛ་བོ་ཞི་ཞིམ་ལ་མལ་དུ་གནས་པ་ལ་དར་ཆགས་པ་ལྟ་བུའོ། །འོ་ན་ཆོས་ཐམས་ཅད་ནས་བལྟ་བསྒོམ་སྤྱོད་པའི་དེ་ཉིད་བསྟན་པའི་དགོས་པ་གང་ཡིན་ན། རང་གྲོལ་གྱི་གནད་མི་རྟོགས་པ་རྣམས་ལ་ཐོག་མར་ཆོས་ཉིད་ཤེས་བྱས་འཇལ་བའི་ཡིད་དཔྱོད་ཀྱི་ལྟ་བསྒོམ་ལམ་བདེན་ལྟར་བསྟན་ནས་གདོད་འཇལ་བྱེད་ཀྱི་ཤེས་རབ་གཞལ་བྱའི་དབྱིངས་སུ་རང་ལོག་པའི་


JL01_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལ་དམིགས་པ་སྟེ། མུ་ཏིག་ཕྲེང་བ་ལས། བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་བ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། །ཞེས་སོ། །དེ་བས་ན་ལམ་བདེན་ཐམས་ཅད་འདུས་བྱས་ཡིན་པའི་ཕྱིར་མཐར་གྱིས་ཞི་བ་ཆོས་སྐུའི་དབྱིངས་སུ་འགོག་པའི་ཚུལ། །བདེན་གཉིས་ལས་ཀྱང་སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་ཞེས་པའི་བརྡའ་མཛད་དོ། །ཞེས་དོན་དམ་པ་ཉིད་ཀྱང་ཚིག་གིས་བཞག་པའི་བརྡའ་ཙམ་ལས་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ངོ་བོ་ཉིད་མེད་པའི་མཚན་ཉིད་རང་གྲོལ་མ་ཡིན་ན། །དེའི་མི་མཐུན་ཕྱོགས་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་བཅས་པའི་རྐྱེན་གཞན་གྱིས་དགྲོལ་བར་མི་ནུས་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ལྡོག་ཕྱོགས་དེ་དག་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཀུན་བྱེད་ལས། །རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །མ་སྐྱེས་པས་ན་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བཙལ་བའི་བསམ་པའི་དབྱིངས་མི་བསྐྱོད། །ཅེས་སོ། །དེ་བས་ན་རང་གྲོལ་ནི་ཆོས་ཉིད་ཀྱི་བདེན་པ་དབྱེར་མེད་ཡང་དག་པ་ཡིན་ལ། དེའི་སྒྲིབ་བྱེད་དམ་གེ་གས་སུ་གྱུར་བ་ནི་བློ་དང་སྙམ་བྱེད་ཀྱི་ཤེས་པར་གནས་ཤིང་། དེ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་མི་འདའ་བས་རང་གྲོལ་གྱི་ཆོས་ཉིད་མ་རིག་པ་ཙམ་ལས་འཁོར་བ་བསྐྱེད་པའི་ཚུལ། སྡུད་པ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པ་གསུང་། །ཞེས་སོ། །དེ་བས་ན་རང་གིས་རང་གྲོལ་བ་སྦྲུལ་གྱི་མདུད་པ་ཞིག་པ་ལ་དགྲོལ་བྱེད་གཞན་མི་དགོས། བཅིངས་པའི་གཏན་ཚིགས་མེད་པ་ལ་གྲོལ་བའི་འཐད་པ་གང་གིས་བསྒྲུབ། ནང་རང་གྲོལ་གྱི་དེ་ཁོ་ན་ཉིད་ངོ་ཤེས་པའི་ངང་དུ་


JL01_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གློད་ཤེས་མ་ལུང་མ་བསྟན་དང་རྩལ་རྟོག་ཡུལ་ལ་འཇུག་པའི་ཆ་ཐམས་ཅད་ཀྱང་རང་བཞིན་མེད་པར་གྲོལ་བར་འགྱུར་ཏེ། ཀློང་དྲུག་པ་ལས། འདི་ལྟར་སྣང་བའི་ཡུལ་འདི་དག །སྦྲུལ་གྱི་མདུད་པ་རང་གྲོལ་བཞིན། །རང་གི་འདུག་སར་གྲོལ་ཏེ་རྫོགས། །ཞེས་སོ། །གསུམ་པ་ཅིང་གྲོལ་གྱི་མཚན་ཉིད་ནི། སེམས་ཀྱི་སྐད་ཅིག་མ་དང་། མིག་གི་ལྟ་སྟངས་ཐོག་བབས་ཆེན་པོའི་གནད་ཀྱིས་གྲོལ་བ་སྟེ། སའི་སྙིང་པོ་ལས། ཅེར་གྲོལ་ཆེན་པོའི་ལྟ་སྟངས་ཀྱིས། །སངས་རྒྱས་སེམས་ཅན་གཉིས་ཀ་གྲོལ། །ཞེས་སོ། །དེའང་འདི་ལྟར་མཐོང་ཡུལ་ལ་མིག་ཤེས་གཉིས་ཅེར་གྱིས་ཟུག་པའི་སྐད་ཅིག་མ་དང་པོ་རང་ལ་གཟུགས་སུ་སྣང་བའི་སྤྲོས་པ་ཆོད། ཤེས་པས་གཟུགས་ལ་མ་འབྱར་བས་མིག་གིས་སྣང་ཡུལ་མི་འཛིན། །སྣང་བས་ཤེས་པ་ལ་མ་གོས་ཀྱང་སྣང་ཡུལ་གང་དུའང་མ་སོང་། །སྣང་བ་སྣང་ཐོག་ཏུ་གྲོལ་བས་གཏང་ཡལ་གང་དུའང་མི་འཛིན་པ་ལ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་དམིགས་པ་ཞེས་བྱ་བར་བདག་ཉིད་ཀྱིས་རྟོགས་ཤིང་ལུང་དང་ཡང་མི་འགལ་བའི་ཚུལ། །ཀློང་དྲུག་པ་ལས། ཐོག་བབས་ཆེན་པོའི་སེམས་ཐ་དད་པ་ཉིད་ལ། །སྣང་བ་ཐད་ཀ་རང་སར་དག །ཅེས་སོ། །ཚུལ་དེ་བཞིན་དུ་རྣ་བས་སྒྲ་ཐོས་སམ། ལྕས་རོ་མྱང་ངམ། སྣས་དྲི་ཚོར་རམ། ལུས་ལ་རེག་པ་འདུས་སམ། ཡིད་ཀྱི་རེག་པ་ཙམ་གྱི་ཆོས་ཅན་ཁོལ་བུ་བའི་གནས་སྐབས་ཐམས་ཅད་ལ་བསླབས་པས་ཁོལ་བུའི་སྣང་བ་ཐད་ཀར་ཅེར་གྲོལ་ལ་སོང་ནས་མཐར་གྱི་བག་ཆགས་ཀྱིས་བགོས་པའི་སྣང་ཡུལ་ཆོས་ཅན་སྤྱིའི་མཚན་ཉིད་ཀྱང་ཅེར་གྲོལ་དུ་དག་པ་སྟེ་མདའ་སྣུན་གྱིས། བཅིངས་པ་དག་ནི་ཕྱོགས་བཅུར་འགྲོ་བར་བརྩམས། །ཐོངས་པར་གྱུར་ན་མི་གཡོ་བརྟན་པས་གནས། །གོ་ལྡོག་རྔ་མོང་ལྟ་བུར་བདག་གིས་རྟོགས། །བུ་ཁྱོད་ནམ་ཀྱང་རང་ལ་


JL01_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཅེར་གྱི་ལྟོས། །ཞེས་པ་བཞིན་ནོ། །བཞི་པ་མཐའ་གྲོལ་གྱི་མཚན་ཉིད་ནི། སྐྱེ་མེད་ཀྱི་ཆ་ནས་ཡོད་མཐའ་ལས་གྲོལ་ཀྱང་། འགག་མེད་ཀྱི་ཆ་ནས་མེད་མཐའ་ལ་མི་གནས། རྒྱུན་མི་ཆད་པས་མེད་མཐའ་ལས་གྲོལ་ཀྱང་རྟག་དངོས་མ་ཡིན་པས་ཡོད་མཐའ་ལ་མི་གནས་ལ། གཉིས་ཀ་མ་ཡིན་ཀྱང་གཅིག་ཏུ་མི་འདུ་བས་ཐལ་འགྱུར་གྱི་ཤེས་བྱས་ཁ་ཚོན་མི་ཆོད་པ་སྟེ། རྩལ་རྫོགས་ལས། མཐའ་དང་བྲལ་བས་གྲོལ་ཞེས་བྱ། །ཞེས་དང་། ཀློང་དྲུག་པ་ལས། མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །སྔགས་ལས་མ་སྐྱེས་ཡེ་རྫོགས་ཉིད། །རྒྱུ་དང་རྐྱེན་རྣམས་ཡོངས་སུ་བྲལ། །ལྟ་བསྒོམ་དྲི་མ་ཀུན་དང་བྲལ། །མཐའ་དང་དབུས་སུ་དམིགས་པ་མེད། །རྣམ་པ་མེད་ཅིང་ཡུལ་རྣམས་མེད། །ཅེས་སོ། །དེའང་ཚུ་རོལ་འཁོར་བ་ལ་མི་གནས་པས་སྣང་བཏགས་ཐམས་ཅད་ལས་གྲོལ། །ཕ་རོལ་མྱང་འདས་ལ་མི་གནས་པས་ཆོས་ཉིད་རང་མལ་ན་མི་གཡོ། གཉིས་ཀའི་བར་གྱི་སླབ་པའི་ལམ་གསུམ་མི་དམིགས་པས་དུས་གསུམ་དང་ཤེས་བྱ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། མངོན་རྟོགས་རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་སོ། །ལྔ་པ་གཅིག་གྲོལ་གྱི་མཚན་ཉིད་ནི། བདེན་པ་དབྱེར་མེད་ཀྱི་རིག་པ་སྤྲོས་བྲལ་ཆེན་པོ་དུ་མ་རོ་གཅིག་གི་བདག་ཉིད་ཅན་ནི་ཐབས་དང་ཤེས་རབ་ཀྱི་བལྟོས་གྲུབ་ལས་ལོག་པ་སྟེ། སའི་སྙིང་པོ་ལས། གཅིག་པུ་གྲོལ་བའི་ཆོས་ཉིད་ནི། །དུ་མ་རོ་གཅིག་ཡིན་པའི་ཕྱིར། །ཞེས་སོ། །དེ་ཡང་ཆོས་ཉིད་ཀྱི་ཆ་ནས་གཅིག་དང་ཐ་དད་པའི་མཆེན་གཞི་མི་འགྲུབ་ཀྱང་། ཤེས་བྱ་ཤེས་བྱེད་ཀྱིས་བཞག་པའི་


JL01_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའི་བློ་ཡུལ་གྱི་སྦུབས་ནས་སོ་སོ་རང་རིག་པའི་ཡེ་ཤེས་ཟང་ཐལ་རྗེན་བར་བུད་པས་ཐིག་ལེ་ཉག་གཅིག་གི་ཡེ་ཤེས་ཞེས་བྱ་སྟེ། ཡི་གེ་མེད་པ་ལས། ཐིག་ལེ་ཉག་གཅིག་སྤྲོས་མེད་དེ། །བློ་ཡི་བྱེ་བྲག་བརྗོད་ལས་འདས། །ཞེས་སོ། །དེའི་ཕྱིར་གང་ཟག་གི་དབང་པོའི་རིམ་པས་གྲོལ་ལུགས་སྔ་མ་བཞི་པོ་འང་མཐར་ཐུག་སོ་སོ་རང་གི་རིག་པའི་ཆོས་ཉིད་གཅིག་ཏུ་གྲོལ་བའི་མཚན་ཉིད་ཤེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱ་གྲོལ་ཡེ་འབྱམས་ཆེན་པོའི་སྟོང་པ་ཉིད་དུ་ལ་བཟླ་བར་འགྱུར་ཏེ། འདི་ལྟར་མེ་གཅིག་གི་མཚན་ཉིད་ཤེས་པ་དང་། བུར་མ་གཅིག་གི་རོ་ཤེས་པས་ཐམས་ཅད་མངར་བར་ཤེས་པ་ལྟ་བུ་སྟེ། བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང་། བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །རང་བཞིན་སྟོང་པ་ཉིད་དུ་གཅིག །ཅེས་སོ། །དེ་ལྟ་བུའི་སོ་སོ་རང་གི་རིག་པ་ནི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་ཟག་བཅས་ཀྱི་སེམས་ལས་འདས་པའི་ཚུལ། །གང་དག་སེམས་ལས་འདས་པའི་རིག་པ་ནི། །རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན། །རྟོགས་པ་རྣམས་ནི་གཞི་ལས་རིག་པར་གྲོལ། །མ་རྟོགས་སེམས་ཅན་དེ་ཉིད་ངང་དུ་འཁོར། །རྣམ་པས་དབྱེ་ན་ཆུ་དང་ཆུ་ལྦུར་བཞིན། །འདི་ལྟར་ཀུན་གཞི་ལས་རྣམ་པར་ཤེས་པའི་ཚོགས་སྡུད་པའི་ཆ་ཐམས་ཅད་སེམས་ཡིན་ཏེ་ཡུལ་ཐོག་ཏུ་འདྲེས་པའི་ཤེས་པ་ལ་གཟུང་འཛིན་གཉིས་སུ་ཤར་ནས་དེས་འཁོར་བར་འདུ་བྱེད་པའི་ཕྱིར་ཏེ་རང་ཤར་ལས། གཟུང་བ་ཡུལ་ལ་འཛིན་པ་སེམས། །ཞེས་སོ། །རིག་པ་ནི་བདེ་གཤེགས་སྙིང་པོའི་རང་བཞིན་སྤྲོས་བྲལ་རང་མ་ལས་མ་གཡོས་པར་གནས་པས་གདོད་མ་ནས་ཆོས་སྐུའི་བདག་ཉིད་ཅན་ཏེ་གང་དུའང་མ་གྲུབ་པ་གང་དུའང་མི་རྟོག་པ། གང་ལ་ཡང་མི་གནས་པས་སེམས་ཀྱི་དྲི་མ་ལས་


JL01_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་སྟེ། མུ་ཏིག་ཕྲེང་བ་ལས། སེམས་དེ་བྲལ་ན་སངས་རྒྱས་པ། །ལུས་ཅན་ཀུན་གྱི་དྲི་མ་ཟད། །འགྲོ་བ་རྣམས་ནི་སེམས་དེས་འགྲོ། །དེ་མིན་འགྲོ་བར་ནུས་མིན་ཏེ། །དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན། །ཞེས་སོ། །དེའང་ལམ་གྱི་གནས་སྐབས་ན་སེམས་རང་གསལ་ལ་རྟོག་མེད་ཙམ་དུ་ཟིན་པ་དང་། རིག་པ་ཡུལ་མེད་ཙམ་དུ་ཟིན་པ་གཉིས་རྟོག་མེད་ཙམ་དུ་མཚུངས་ནའང་། སྔ་མ་ནི་ཀུན་གཞིའི་ཆ་བག་ལ་ཉལ་དང་འདྲེས་བས་ཡིད་ཤེས་གཟུང་འཛིན་གྱི་རྟོད་བུར་བལྟར་མི་མངོན་པར་ཡོད་ལ། ཕྱི་མ་ནི་དྲན་བསམ་རྗེས་མེད་ལ་སོང་བའི་རིག་པས་འཁོར་འདས་རྒྱ་གྲོལ་དུ་རྟོགས་པའི་ཁྱད་པར་ཡོད་དེ། །སེང་གེ་རྩལ་རྫོགས་ལས། །ཀུན་གཞི་སེམས་ཀྱི་རྩ་བ་དང་། །རང་རིག་ཡུལ་གྱི་རྩ་བ་གཉིས། །འདྲ་བའི་གཞི་ལ་གོལ་ས་ཆེ། །མ་རིག་སེམས་སུ་སྣང་བ་དང་། །རིག་པ་རྟོག་མེད་སྣང་བ་གཉིས། །འདྲ་གཞི་གཅིག་ལ་གོལ་ས་ཆེ། །ཞེས་སོ། །མདོར་ན་རིམ་པ་བརྒྱད་པོའི་ཐེག་པ་ཐམས་ཅད་དུ་ནི་གདོད་ནས་ཡོད་མ་མྱོང་བའི་སེམས་རྟོག་གློ་བུར་ཆུའི་ལྦུ་བ་ལྟ་བུ་ལམ་དུ་བྱེད་པས་རྩལ་ལམ་རོལ་པའི་འཆར་སྒོ་ལ་སྤང་གཉེན་སྣ་ཚོགས་སུ་བྱས་ནས་སེམས་ཀྱི་དྲི་མ་དང་བྲལ་ནས་ཡེ་ཤེས་སུ་འདོད་ལ། རིག་པ་ཐད་དྲང་དུ་སྟོན་པ་ཨ་ཏི་ཡངས་པ་ཆེན་པོ་ནི། མ་རིག་པ་ཚོགས་བརྒྱད་དང་བཅས་པའི་རླབས་ཀྱི་རྣམ་པས་མ་དཀྲིགས་པར་རིག་པའི་ཆོས་ཉིད་རྣལ་མར་བཞག་པ་ལ་གློ་བུར་བའི་སེམས་རྟོག་ཆུ་ལ་རི་མོ་བྲིས་པའམ་ལྦུ་བ་ཤར་བ་ལྟ་བུའི་སྤངས་གཉེན་སྣ་ཚོགས་པ་ལམ་ལྟོས་པར་གཞི་གནས་ཀྱི་རིག་པ་ཐད་དྲང་དུ་སྐྱོང་བ་སྟེ་རང་ཤར་ལས། རིག་པ་དང་མ་རིག་པའི་དཔེ་ནི་ཆུ་དང་རི་མོའི་ཚུལ་ཏེ་རྐྱེན་ལ་རག་ལུས་ཞེས་དང་། སེམས་དང་རིག་པའི་


JL01_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ནི་ཆུ་དང་ལྦུ་བའི་ཚུལ། །སེམས་ཀྱི་དབང་དུ་མ་གྱུར་ཞེས་བཤད་པ་ཡིན་ནོ། །དེའི་ཚུལ་དཔེ་དོན་འབྲེལ་བས་སྟོན་ན། །རྟོག་མེད་ཙམ་དུ་སེམས་རིག་མཚུངས་ནའང་། །རིག་པ་རང་བཞིན་མེད་པར་ཟང་ཐལ་ལ། །སེམས་ནི་ལྟེང་ཀ་ལྟ་བུར་འཁྱིལ་ཞིང་རྨོངས། །རིག་པ་གནམ་སྟོང་ཟླ་བ་གཏིང་གསལ་འདྲ། །སེམས་ནི་བཅོ་ལྔའི་ཟླ་བ་ཡུལ་འདྲེས་མཚུངས། །དྭངས་ལ་ཡུལ་མེད་རིག་པའི་ཡོན་ཏན་ཏེ། །ཡུལ་དང་ཀུན་ནས་འདྲེས་པ་སེམས་ཀྱི་ཁྱད། །དེ་ལ་མཉམ་པར་བཞག་པའི་གནས་སྐབས་ན་སེམས་རིག་གཉིས་རྟོག་པ་མེད་པ་ཙམ་དུ་མཚུངས་ན་ཡང་། རིག་པའི་ཆོས་ཉིད་ནི་ཟང་ཐལ་སྒྲིབ་གཡོག་དང་བྲལ་བས་བློ་ལ་མ་ལྟོས་ཤིང་ལྟ་སྒོམ་རྒྱུ་འབྲས་ལས་འདས་པར་ཡོད་སྟེ། སེང་གེ་རྩལ་རྫོགས་ལས། རིག་པ་མ་བསྒོམས་ལྷུན་གྲུབ་ལ། །བསྒོམ་པ་བྱས་པས་ང་མི་རྙེད། །རང་བྱུང་ཡེ་ནས་བཅོས་མེད་ལ། དཔྱོད་པ་བྱས་པས་ང་མི་མཐོང་། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་བལྟས་པས་ང་མི་མཐོང་། །ཞེས་སོ། །སེམས་ནི་བློ་དང་འབྲེལ་བས་མུ་བཞིའི་སྤྲོས་པ་གཅོད་པ་དང་། དེ་ལྟར་བཅད་པའི་ལྟ་བ་ལ་མཆོག་ཏུ་འཛིན་པ་དང་བཅས་པས་ངོ་བོ་མི་རྟོག་པར་འཇོག་པས་ལྟེང་ཀའི་ཆུ་བྲན་ལྟར་འཁྱིལ་ཞིང་རྨོངས། །རྩལ་རྟོག་དཔྱོད་དུ་སྐྱོང་བས་ཉམས་ལེན་ཆ་གཉིས་སུ་བཏང་ན་བལྟ་བྱ་ལྟ་བྱེད་ཀྱི་རྒྱུ་འབྲས་བསྒྲུབ་པས་གཉིས་འཛིན་རང་རྒྱུད་ཅན་གྱི་རིག་པའི་སྒྲོན་མ་ལ་གནོད་པ་བྱེད་པར་འགྱུར་ཏེ། ཀློང་དྲུག་པ་ལས། ལྟ་བ་སེམས་ཀྱི་དྲི་མ་ཡིན། །དྲི་མེད་དག་པའི་ཆོས་ཉིད་ལ། །བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །ཅི་ཕྱིར་བལྟ་བ་ཡོད་གྱུར་ན། །རིག་པའི་སྒྲོན་མ་མེད་པར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །ལྟ་བ་འཛིན་པའི་ཆོས་ཉིད་མེད། །


JL01_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འབྲས་བུ་བསྒྲུབ་ཏུ་མེད་པར་གསུངས། །འབྲས་བུ་བྱས་མེད་རང་བྱུང་ཉིད། །རྟོག་མེད་ས་ལ་དེ་བཞིན་གཤེགས། །ཞེས་སོ། །ཡང་རིག་པ་ནི་གནམ་སྟོང་གི་ཟླ་བ་ལྟ་བུ་སྟེ། གཏིང་གསལ་གྱི་རང་འོད་ཅུང་ཟད་ཙམ་ཉམས་ལ་མེད་ཀྱང་ཡེ་ཤེས་ཀྱི་རྩལ་སྣང་ཡིད་ཤེས་ཀྱི་ཡུལ་ལ་མི་འཇུག་པས་སོ་སོ་རང་གི་རིག་པའི་ཡེ་ཤེས་ཞེས་བྱ་སྟེ། སྒྲ་གཅན་འཛིན་གྱི་ཡུམ་ལ་བསྟོད་པ་ལས་ཀྱང་། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཅེས་སོ། །སེམས་ནི་བཅོ་ལྔའི་ཟླ་འོད་ཡུལ་སྣང་ལ་འདྲེས་པ་ལྟ་བུ་སྟེ་དྲན་བསམ་གྱི་ཡུལ་ལ་དཔྱོད་བྱེད་ཀྱི་ཤེས་བྱ་ཤར་བས་སྒོ་ལྔའི་ཡུལ་ལ་སེམས་བྱུང་གི་ཉེ་བར་ལེན་པ་འདྲེས་པ་སྟེ། རྩལ་རྫོགས་ལས། སེམས་དང་ཡེ་ཤེས་བག་ཆགས་དངོས་མ་ཡིན། །ཡེ་ཤེས་བག་ཆགས་ཀུན་དང་བྲལ་འགྱུར་ཀྱང་། །སེམས་ཀྱིས་སྣ་ཚོགས་བག་ཆགས་སྡུད་པར་བྱེད། །སེམས་དང་ཡེ་ཤེས་གཉིས་སུ་མ་ཕྱེ་ན། །སྣང་བ་ཡུལ་གྱི་རྩ་བ་མི་ཆོད་པ། །རྐྱེན་བྲལ་ཆོས་ཉིད་དག་ཀྱང་རྟོགས་པར་དཀའ། །ཞེས་སོ། །དེའང་སེམས་ནི་རིག་པའི་རྗེས་འབྲང་ཡིན་ལ། །རིག་པ་ནི་སེམས་ཀྱི་རྗེས་སུ་མི་འགྲོ་བས་སེམས་ཀྱི་གཞན་དབང་དུ་མ་གྱུར་པའོ། ཁ་ཅིག་བདེན་པ་གཟིགས་པ་རྣམས་ཀྱི་ཡུལ་དུ་བྱར་རུང་བའི་ཕྱིར་རྟོག་དཔྱོད་ནི་ཤེས་བྱ་ཡིན་ནོ། །ཞེས་འཆད་པ་ནི་ཁ་ཕྱིར་བལྟས་ཙམ་ལས། དང་ཐོག་ཏུ་མྱོང་བས་མ་གོས་པའི་གད་རྒྱངས་ཙམ་མོ། །འདིར་ནི་རང་བྱུང་གི་ཡེ་ཤེས་ཡུལ་དུ་མི་རྟོག་པའི་ཆ་ལ་རང་གནས་ཀྱི་རིག་པ་ལྷུན་གྲུབ་ཏུ་ཡོད་ཅིང་། དེའང་རྣམ་པ་མ་ཡིན་པའི་རིག་པའི་དྭངས་ཆ་ནས་གསལ་ཆ་མ་འགགས་ཀྱང་ངས་ཡུལ་གྱི་རང་


JL01_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལ་རྗེས་སུ་མི་རྟོག །མི་དཔྱོད། མི་འཛིན་པས་རང་ངོ་ལ་ཡུལ་སྣང་མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་ལྟར་རྫས་གཅིག་ངོ་བོ་གཅིག་པ་ཉིད་ལས་ཡུལ་སྣང་རང་མཚན་དུ་མ་གྲུབ་པ་རིག་པའི་ཡོན་ཏན་ཡིན་ལ། ཡུལ་ལ་འཆར་བའི་ཤེས་པ་ནི་འཁོར་བའི་སེམས་ཡིན་པས་གཟུང་འཛིན་གྱི་རྣམ་པ་ཅན་ལས་མི་འདའ་བའི་ཕྱིར་སྟོང་པའི་ཡུལ་ལ་རྩེ་གཅིག་ཏུ་གཏད་པའི་ཞི་གནས་དང་། དེ་ལ་དཔྱོད་པའི་ལྷག་མཐོང་གཉིས་ལ་ཟུང་འཇུག་དང་ཟུང་འཇུག་མ་ཡིན་པའི་ཐ་སྙད་གང་དུ་བསྒྲུབ་ཀྱང་དེར་འཛིན་གྱི་ཡུལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་ན་འཇིག་རྟེན་པའི་བསམ་གཏན་ལས་མི་འཕག་གོ །དེ་བས་ན་རིག་པ་ཅར་ཕོག་ཏུ་ངོས་ཟིན་ནས་དེའི་ངང་དུ་གློད་ཤེས་ན་སེམས་ཀྱི་དྲི་མ་གློ་བུར་བ་རིག་པའི་གཤིས་ལ་མ་གྲུབ་པས་རང་ཡལ་རྗེས་མེད་དུ་དག་ནས་བག་ཆགས་ཀྱིས་གོས་པར་མི་འགྱུར་ཏེ། རང་ཤར་ལས། རིག་པ་ཉིད་ཀྱི་སྣང་བ་ནི། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །བརྗོད་མེད་རྣམ་པར་དག་པའི་ཆོས། །ཡིན་དང་མིན་པའི་མཐའ་ལས་འདས། །དགག་དང་བསྒྲུབ་པ་མེད་པ་ཉིད། །འཛིན་དང་ཆགས་པའི་མཐའ་ལས་འདས། །དྲི་མེད་འོད་གསལ་ལྷུན་གྲུབ་ཉིད། །ཅེས་དང་། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་སོ། །དེ་བཞིན་རིག་པ་རང་གནས་ཤེས་རབ་སྟེ། །བསམ་གཏན་ཐབས་ལ་མ་བལྟོས་བྱིང་རྒོད་བྲལ། །སེམས་ནི་དམིགས་པའི་ཡུལ་ལ་རྩེ་གཅིག་པས། །ཏིང་ངེ་འཛིན་དང་རྟེན་དང་བརྟེན་པར་འབྲེལ། །རིག་པ་ཡུལ་ལ་ཤར་ཡང་སྣང་བ་ཡི། །ཟིལ་གྱིས་མ་ནོན་ད་དུང་ཆུ་སར་ལྷུང་འདྲ། །སེམས་ནི་གཟུང་འཛིན་ཆ་དང་བཅས་པ་ཡི། །རྣམ་རྟོག་ཉེ་བར་ལེན་པའི་ཕྱོགས་དང་འདྲེས། །རིག་པས་སེམས་ཉིད་གཞན་


JL01_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་སྤངས་ཀྱང་། །སེམས་དང་རིག་པ་ལྷན་ཅིག་མི་འདུ་བས། །ཡུལ་དང་རྣམ་པར་རང་དང་རྫས་གཅིག་པའི། །ཉོན་མོངས་རྣམས་ཀྱང་ལྷན་ཅིག་སྤྲན་ནས་བྲོས། །དེ་ལ་རིག་པ་རང་གནས་ཀྱི་ཤེས་རབ་ནི་ལྷག་མཐོང་ཁྱད་པར་ཅན་ཡིན་པས་རིག་པའི་ངོ་ལ་ཡུལ་སྣང་མི་འགག་ཀྱང་། །རིག་པ་ཉིད་སྣང་ཐོག་ཏུ་མི་འཚོར་བས། །བསམ་གཏན་གྱི་ངང་དུ་སེམས་བཅུར་བའི་ཐབས་ལ་མི་ལྟོས་ཤིང་། །དེ་ལྟར་མ་བཅུར་བས་གནས་འགྱུ་ཐམས་ཅད་ལ་རིག་པས་དབང་བྱས་ནས་བྱིང་རྒོད་ཀྱི་གནོད་པས་ཀྱང་བརྫི་བར་མི་ནུས་སོ། །སེམས་ལམ་དུ་བྱེད་པའི་བསམ་གཏན་ནི་ཇི་ལྟར་དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་འདོགས་ཤིང་དེ་ཡང་ལྟ་བསྒོམ་གཉིས་རྟེན་དང་བརྟེན་པ་ལྟ་བུར་ཟུང་དུ་འཇུག་པ་དེ་ཉིད་རིག་པའི་སྒྲིབ་བྱེད་དུ་སོང་ནས་རྣམ་རྟོག་ང་ལ་གསོ་བའི་བསྟི་གནས་ལྟ་བུ་ལས་ཆོད་ཆུང་པ་ཉིད་དེ་རྫོགས་པ་ཆེན་པོ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསམ་གཏན་ཤེས་གཞི་བྱར་མེད་དང་། །རྫོགས་ཆེན་ལྷག་མཐོང་རིག་པ་གཉིས། །འདྲ་དང་ནོར་པས་གོལ་ཏེ་འགྲོ། །ཞེས་སོ། །དེ་བཞིན་དུ་རིག་པ་ནི་ཡུལ་ལ་ཤར་ཀྱང་རང་ངོ་དང་རྩལ་གཉིས་ཐ་དད་དུ་མི་འགྱེས་པས་ཕྱིར་མ་དཔྱད། །ནང་དུ་མ་བརྟགས། བར་དུ་མ་བཞག་པའི་ཆོས་ཉིད་སྤྲོས་བྲལ་རྗེན་པར་བུད་པ་ལས་གཞན་དུ་མི་འགྱུར་པའི་ཕྱིར་སྣང་བའི་ཆས་ཟིལ་གྱིས་མི་ནོན་པ་སྟེ། །དཔེར་ན་དངུལ་ཆུ་ཐལ་བ་འཇམ་པོའི་སྦུབས་སུ་བཙུད་ཀྱང་དེ་ལ་རྡུལ་གྱི་ཅུང་ཟད་ཀྱང་གོས་པར་མི་འགྱུར་བ་བཞིན་ནོ། །དེ་སྐད་དུ་ཀུན་བྱེད་ལས། རིག་པར་བྱ་བའི་ཡུལ་དེ་ནི། བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །དེ་ནི་ཡུལ་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །


JL01_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཏིང་འཛིན་སྒོམ་མི་བྱེད། །ཏིང་འཛིན་སྒོམ་པ་མི་བྱེད་པས། །ཏིང་འཛིན་བག་ཆགས་གསོག་མི་འགྱུར། །བག་ཆགས་མེད་པའི་ཆོས་ཉིད་དེ། །དུས་གསུམ་སངས་རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། །ཞེས་སོ། །སེམས་ནི་ཡུལ་སྣང་རིག་པ་ལ་སྣང་དུས་དེ་ངོ་མ་ཤེས་ནས་ཡུལ་ཐོག་ཏུ་ཤོར་འབྱམས་ལ་གོམས་པས་གཟུང་འཛིན་གྱིས་བསླད་པ་མཐུ་བརྟས་པའི་རྣམ་རྟོག་དང་སྣང་བ་སྣ་ཚོགས་ཉེ་བར་ལེན་པའི་བྱེད་པ་པོ་ཡིན་ཏེ་ཀློང་དྲུག་པ་ལས། རང་རིག་བསམ་པ་བྲལ་བ་དང་། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲ་འོ་འདྲ་འོ་ནོར་ར་རེ། །ཤེས་རབ་རང་རྩལ་རྫོགས་པ་དང་། །ཡིད་ཀྱི་དྲན་པ་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོ། །བྱེད་ལས་དང་མིང་འདོགས་ཀྱི་ཆ་ནས་སེམས་དང་ཡེ་ཤེས་ཉིད་དུ་དབྱེ་ན། །སྡུད་པ་ཆུ་ལྟ་བུའི་སེམས་ཀྱིས་དྲན་བསམ་གྱི་བཞི་འཛིན། །བརྟེན་པས་ལྟ་བུའི་སེམས་ཀྱིས་ཚོགས་པ་སྣ་ཚོགས་སྡུད། །འགྲོ་བ་མེ་ལྟ་བུའི་སེམས་ཀྱིས་ཡུལ་ལ་མངོན་དུ་སྤྱོད། ཡང་བ་རླུང་ལྟ་བུའི་སེམས་ཀྱིས་ཀུན་ཏུ་བསྐྱོད་པར་བྱེད་པས་སེམས་ཞེས་མ་རིག་པའི་བདག་ཉིད་ཅན་དུ་བཞག་ལ། སྐྱེ་མེད་ཀྱི་གནས་ལུགས་རྟོགས་པ་དང་། །འགག་མེད་ཀྱི་དྲན་པ་མ་ཉམས་པ་དང་། །འགྱུར་མེད་ཀྱི་དཔེ་དོན་འདྲེས་པ་དང་། རང་རྫོགས་ཀྱི་དངོས་དོན་གོང་དུའང་མ་ཕྱེ་བའི་ཆ་ནས་སེམས་ཉིད་ཅེས་རིག་པའི་བདག་ཉིད་ཅན་དུ་བཞག་པ་སྟེ། །ཀློང་དྲུག་པ་ལས། ཀྱེ་སེམས་དཔའ་ཆེན་པོ་རིག་པ་དང་རིག་པ་ལས་བྱུང་བའི་སེམས་ཉིད་ནི་དྲི་མ་དང་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པ་སྟེ། །མདོར་ན་མྱ་ངན་ལས་འདས་པའི་རྒྱུ་དང་འབྲས་བུ་ཐམས་ཅད་དེ། རིག་པ་རང་སྣང་མཐོང་བའི་སྐྱེས་བུ་


JL01_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྤྱོད་ཡུལ་ལོ། །རང་གི་མཚན་ཉིད་འཛིན་པའི་སེམས་ཀྱི་འདི་ལྟར་བརྟགས་པར་སྣང་བ་ཐམས་ཅད་དང་། །ཡོད་པར་སྣང་བ་དང་། མེད་པར་སྣང་བ་ཐམས་ཅད་དང་། སྣང་བ་དང་། གྲག་པ་དང་། ལྟ་བ་དང་། བསྒོམ་པ་དང་། སྤྱོད་པར་སྣང་བ་ཐམས་ཅད་དང་། འཛིན་པ་དང་། རྟོག་པ་དང་། ཉོན་མོངས་པ་རྣམས་ཏེ། བསམ་པའི་ཡུལ་དུ་སྣང་བ་ཐམས་ཅད་ཡིན་ནོ། །མདོར་ན་འཁོར་བའི་ཆོས་ཐམས་ཅད་ནི་རང་གི་མཚན་ཉིད་འཛིན་པའི་སེམས་ཏེ། འགྲོ་བ་རིག་དྲུག་གི་རང་ག་མའི་སྣང་བ་ཐམས་ཅད་དོ། །ཞེས་སོ། །ཚུལ་དེའི་ཕྱིར་འཕགས་པ་སྟོང་ཕྲག་བརྒྱ་པ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་མཚན་ཉིད་འོད་གསལ་བའོ། །ཞེས་དང་། རྒྱུད་བླ་མར། སེམས་དེའི་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་ནས། ཞེས་དབྱིངས་ཆེ་བར་བཤད་པའང་དོན་མཐུན་པ་ཉིད་དུ་རིག་པར་བྱའོ། །དེ་བས་རྫོགས་པ་ཆེན་པོ་སྙིང་ཐིག་གི་ལམ་དུ་རིག་པ་རྗེན་པར་རྟོགས་པས་དབང་པོ་ལ་རྣོ་རྟུལ་མེད་པ་དང་། རིག་པ་དེའི་རྒྱུན་མ་ཆད་པར་བསྐྱངས་པས་རང་བབས་ཀྱི་ཤེས་རབ་རྒྱུན་མི་འཆད་པ་དང་། རིག་གདངས་དབང་པོའི་མངོན་སུམ་པར་གསལ་བས་རྟོག་དཔྱོད་ལ་རག་མ་ལུས་པ་དང་། བློ་དང་སྙམ་བྱེད་ལས་འདས་པའི་རིག་པ་ཟད་ཐལ་དུ་རྟོགས་པས་ཐོས་བསམ་གྱི་ཤེས་རབ་ལ་མི་ལྟོས་པ་དང་། རིག་པ་རྒྱད་པར་དེད་བས་ལྟ་བསྒོམ་སྤྱོད་འབྲས་བཅོས་མར་རྟོགས་པ་སྟེ། ཐལ་འགྱུར་ལས། སྙིང་ཐིག་ངེས་པར་བསྡུས་པ་ཡི། །དབང་པོ་རྣམས་ལ་རྣོ་རྟུལ་མེད། །ཡིད་དཔྱོད་ཚིག་གི་མཐའ་ཟད་པས། །ཤེས་རབ་མ་ཡིན་དབང་པོས་མཐོང་། །ཚིག་གི་ཆོས་ཉིད་མི་མཐོང་བས། །ཐུན་མོང་ཐེག་པས་དོན་མི་འགྲུབ། །


JL01_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་ལམ་སྣང་ཡིན་པའི་ཕྱིར། འདི་མཐོང་ཁམས་གསུམ་བཟློག་པ་མིན། །ཆོས་ཀུན་མཉམ་པར་རོ་གཅིག་པས། །གཞི་ལམ་འབྲས་བུར་ལྟོས་མིན་པའོ། །ཞེས་སོ། །གྲུབ་པའི་མཐའ་ཁྱད་པར་ཅན་འདི་ལ་ཕྱོགས་སྔར་འཛིན་ཅིང་བློ་ཡུལ་དུ་མི་ཆུད་པ་དག །སེམས་མེད་ན་བེམ་པོ་ཡིན་ཏེ། སེམས་འགགས་དུས་རིག་པའང་འགག་པའི་ཕྱིར་རོ། །ཞེས་འདོད་པ་ནི་བདག་ཅག་གིས་བཀའི་དོན་དཔྱིས་ཕྱིན་པ་ཡང་མ་རིག་ལ་ལྟ་སྒོམ་སྤྱོད་པ་སེམས་ལས་འདའ་མི་ནུས་པས་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་མ་འདྲེས་པའི་ཆོས་ཉིད་ཀྱི་གནས་ལུགས་ནི་མཐོང་ངོ་ཞེས་དམ་འཆའ་བ་སྟེ། །སེམས་མེད་ཀྱང་སེམས་ཉིད་འོད་གསལ་བའི་ཡེ་ཤེས་ཡོད་པས་རིག་པའི་བདག་ཉིད་འགག་པ་ག་ལ་སྲིད། །འཕགས་པ་དཀོན་མཆོག་བརྩེགས་པ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། འདི་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཞེས་པ་ལ་ཇི་ལྟར་སྨྲ། འདི་ལྟར་སེམས་ནི་ཀུན་ཏུ་རྟོག་པ་འཁོར་བའི་ཆོས་ཅན་ཡིན་པས་སེམས་ལ་སེམས་མ་མཆིས་ཞེས་གཞིའི་གནས་ལུགས་སུ་བསྡུ་པར་མཛད་ལ། སེམས་ཉིད་ནི་སྤྲོས་པ་དང་བྲལ་བས་མྱ་ངན་ལས་འདས་པའི་ཆོས་ཉིད་ཅན་ཡིན་པས་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་ངོ་བོའི་གནས་ལུགས་འཐད་པས་གསལ་བར་ཕྱེ་བའི་ཕྱིར་རོ། །དེ་བས་ན་སེམས་ཀྱི་མཚན་ཉིད་ནི་ཡིད་ལ་སོགས་རྣམ་པར་ཤེས་པའི་བདག་ཉིད་ཅན་དུ་ཡོད་པས་དག་བྱའི་དྲི་མ་ཡིན་ལ། །རིག་པའི་མཚན་ཉིད་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དག་པའི་འབྲས་བུ་ཡིན་པའི་ཚུལ། །ས་ར་ཧས་ཀྱང་། ཡིད་ཀྱི་དྲི་མ་དག་ན་ལྷན་ཅིག་སྐྱེས་པ་སྟེ། །


JL01_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚེ་མི་མཐུན་ཕྱོགས་ཀྱི་འཇུག་པ་མེད། །ཅེས་དང་། སེམས་དང་ཡེ་ཤེས་སུ་དབྱེ་བའང་དེ་ཉིད་ཀྱིས། །འདུས་པའི་ཚོགས་སུ་སྤྲོས་བཀུན་གྱིས་གཡེངས་པའི་སེམས། །འཕོ་དང་འཇུག་པ་མེད་པ་རང་བཞིན་བརྟན་པ་ཉིད། །སེམས་ཀྱི་སྙིང་པོ་རང་གི་བར་ནི་ལེགས་གཏད་དེ། །སྨྱོན་པ་ལྟ་བུའི་སེམས་ནི་བྱ་བ་དང་བྲལ་བ། །མཐའ་ཡིས་མ་གོས་ཡེ་ཤེས་དེ་ནི་བསྒོམ་པར་བྱ། །ཞེས་སོ། །འདིའི་མཚན་ཉིད་ལེགས་པར་མ་ཕྱེད་པ་དག །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པའི་རྐང་པ་གཅིག་པོ་དེ་ཁ་ལ་འཁྲུལ་བའང་སྣང་སྟེ། དེའི་དོན་ནི་སེམས་དེ་བདེ་གཤེགས་སྙིང་པོའི་ཁྱབ་བྱེད་ཅན་ཡིན་པར་བསྒྲུབ་ཕྱིར་དེ་སྐད་དུ་སྨོས་པ་སྟེ། །སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་སྟེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །ཅེས་པ་ལ་བརྟགས་པས་ཤེས་སོ། །དེ་ལྟར་མི་འདོད་ན་དེ་མ་ཐག །སེམས་བཅིངས་ན་ནི་འཆིང་འགྱུར་ཏེ། །དེ་ཉིད་གྲོལ་ན་ཐེ་ཚོམ་མེད། །བླུན་པོ་གང་གིས་བཅིངས་གྱུར་པ། །མཁས་རྣམས་དེ་ཡིས་མྱུར་དུ་གྲོལ། །ཞེས་བཤད་པའི་དོན་མ་མཐོང་བར་ཟད་པས་ད་དུང་དབེན་པ་བརྟེན་པ་ལ་འབད་པར་བྱའོ། །དེ་ཡང་ཁྱབ་བྱ་ཁྱབ་བྱེད་ཀྱི་སྒོ་ནས་ཕྱེ་ན། རིག་པ་ལ་སེམས་ཀྱི་སྒྲིབ་བྱེད་ཡོད་པས་སེམས་ཅན་ཞེས་བྱ་ལ། སེམས་དེ་ཉིད་རིག་པར་གྲོལ་བས་སངས་རྒྱས་ཞེས་གཞི་མཐུན་པར་གནས་པའི་ཕྱིར། །རིག་བསམ་རིག་པ་ལ་ཕར་ཁྱབ་སྟེ་སེམས་ཅན་གྱི་རང་བཞིན་མ་རིག་པ་ཅན་ལའང་རིག་པའི་ཆོས་ཉིད་ལྡང་རྒྱུ་ཡོད་པའི་ཕྱིར་རོ། །མ་རིག་པས་རིག་པ་ལ་ཚུར་ཁྱབ་པ་མི་སྲིད་དེ་མ་རིག་པ་གློ་བུར་གྱི་དྲི་མ་ཡིན་པས་དེ་ཉིད་སྤངས་པའི་སངས་རྒྱས་ལ་དེ་ཡོད་མི་སྲིད་པའི་ཕྱིར་རོ། །དེ་བས་


JL01_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་རིག་པ་རིག་པའི་ཁྱབ་བྱེད་དུ་བྱས་ནས་སེམས་དང་རིག་པ་ལྷན་ཅིག་ཏུ་འགགས་པར་འདོད་པ་ནི་ནོར་ས་ཆེན་པོ་ཡིན་ནོ། །སེམས་ལ་ནི་མ་རིག་པས་ཁྱབ་པས་སེམས་ཀྱི་ཁྱབ་བྱེད་དུ་ནི་འཐད་ཀྱིས། རིག་པ་ལ་མ་རིག་པས་ཁྱབ་མི་སྲིད་དེ། །མ་རིག་པ་དེ་ཉིད་གློ་བུར་གྱི་དྲི་མ་ཡིན་པས་རིག་པའི་ཆོས་ཉིད་མངོན་སུམ་དུ་གྱུར་པའི་ཚེ་དེའི་མི་མཐུན་ཕྱོགས་རྣམས་བྲོས་ཤིང་རྒྱུན་ཆད་པ་ཡིན་ནོ། །དེ་བས་ན་སེམས་འགགས་དུས་རང་དང་རྫས་གཅིག་པའི་མ་རིག་པ་ཆ་དང་བཅས་པ་འགགས་ཀྱང་རིག་པ་ནི་འགག་གཞི་མིན་པས་ནམ་ཡང་མི་འགག་སྟེ། གལ་ཏེ་རིག་པའང་འགགས་ན་བེམ་པོ་སེམས་ཅན་གྱི་ཁམས་སུ་འདོད་པའི་མུ་སྟེགས་བྱེད་ཀྱི་ཕྱོགས་སུ་བསླན་པར་འོས་སོ། །འདིར་ནི་མ་རིག་པ་སེམས་ཀྱི་ཆ་དང་བཅས་པ་འགགས་པས་རིག་པའི་ཆ་སྐུ་དང་ཡེ་ཤེས་སུ་རྒྱས་ཏེ་ཇི་ལྟ་བ་དང་ཇི་སྙེད་པའི་མཁྱེན་པ་གཉིས་ལ་ལོངས་སྤྱོད་པའི་ཚུལ། །མུ་ཏིག་ཕྲེང་བ་ལས། ཐུགས་ནི་བསྐྱོད་པ་ཀུན་བྲལ་བས། །བེམ་པོ་ལྟ་བུ་མ་ཡིན་ཏེ། །ཤེས་ཤིང་རིག་ལ་བྱེད་དོན་སྣང་། །ཞེས་སོ། །དེ་ལྟར་རིག་པ་ལམ་དུ་བྱས་པས་ཉོན་མོངས་པ་དང་འཁོར་བའི་བཙོན་ར་ལས་ཤིན་ཏུ་མྱུར་བར་ཐང་བའི་ཚུལ། །དེ་ལྟར་བྲོས་པས་ཉོན་མོངས་བཙོན་ར་ལས། །ངེས་པར་འབྱིན་པ་མན་ངག་སྡེ་བ་ཡི། །ཁྱད་པར་ཆོས་ཏེ་གཞན་དུ་ཉོན་མོངས་ཚོགས། །ཉན་རང་སྤོང་ཞིང་བྱང་སེམས་གཉེན་པོས་འདུལ། །སྔགས་སྤྱིར་ལམ་གཏོང་སེམས་སྤེར་གཤིས་ཐོག་དགྲོལ། །ཀློང་སྡེར་ཆོས་ཉིད་གཅིག་ཏུ་དག་བྱེད་པ། །རིག་པའི་ཀློང་ན་རང་ཚུགས་ཞིག་པ་མཚར། །དེ་ལ་རྣམ་པར་རྟོག་པ་དང་ཉོན་མོངས་པ་ལས་ངེས་པར་འབྱིན་པའི་ལམ་ཨ་ཏི་འོད་གསལ་རྡོ་རྗེ་སྙིང་པོ་འདིར་ནི་ཉོན་མོངས་པའི་རང་བཞིན་རིག་པའི་གཤིས་ལ་གདོད་ནས་ཡོད་མ་མྱོང་


JL01_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཤེས་པས་ཉན་རང་ལྟར་མི་སྤང་། །སྤོང་གཉེན་རྫས་གཅིག་པས་བྱང་སེམས་ལྟར་གཉེན་པོས་མི་འདུལ། །སེམས་རྒྱུན་གཅིག་ལ་དུས་མཉམ་པས་སྔགས་སྤྱི་ལྟར་ལམ་དུ་མི་གཏོང་། །སེམས་ཀྱིས་སེམས་མི་མཐོང་བས་སེམས་སྡེ་ལྟར་གཤིས་ཐོག་ཏུ་མི་དགྲོལ། །ཡེ་ཤེས་ཀྱིས་སེམས་མི་མཐོང་བས་ཀློང་སྡེ་ལྟར་རྒྱན་དུ་མི་འཛིན་པར་རིག་པའི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་ཆོས་ཅན་རང་ངོས་སྟོང་པ་དང་ཆོས་ཉིད་གཞན་ངོས་སྟོང་པའི་བློའི་གྲུབ་མཐའ་དང་། འདོད་ཁའི་ལྟ་བ་ཐམས་ཅད་ཚུགས་མི་ཐུབ་པར་རང་གྲོལ་རྗེས་མེད་དུ་ཞིག་པ་ཨ་ལ་ལ། ཡུལ་སྣང་རིག་ངོ་ལ་མི་འགག་ཀྱང་རིག་པ་ཡུལ་ཐོག་ཏུ་མི་འདྲེ་བས་གཟུང་འཛིན་འཁོར་བའི་རང་བཞིན་ཆུ་ལ་བྲིས་པའི་རི་མོ་བཞིན་དུ་སྤང་གཉེན་རང་གྲོལ་དུ་སོང་བས་ས་ར་ཧ་འཛུམ་མུ་ལེ། །ཡུལ་ཐོག་ཏུ་མ་ཤོར་བའི་རིག་ངོ་ལ་ཆགས་ཞན་དང་དགག་བསྒྲུབ་མི་མངོན་པས་འཁོར་འདས་རྒྱ་གྲོལ་གྱི་རང་དུ་དམ་པ་རྒྱ་གར་བ་ཡུ་ཅ་རེ། རིག་པ་ཆོས་སྐུར་གྲུབ་པ་ལ་ཆོས་ཅན་གྱི་གཏན་ཚིགས་མེད་པས་མཐའ་བྲལ་ཆེན་པོའི་ཡེ་ཤེས་སུ་ཟང་ཐལ་ལེ། །རྣམ་རྟོག་རིག་པར་གྲོལ་བས་ལྟ་སྒོམ་སྤྱོད་འབྲས་ཀྱི་རྫུན་ཕུགས་བརྡིབ་ནས་ཆོ་ག་དང་ཆོས་སྤྱོད་ཀྱིས་མི་གདུང་ཡང་སྤྲོས་པ་མེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དང་འབྲལ་མི་ཤེས་པས་ཆོས་ཀྱི་གོ་བཅད་དོ། །དེ་སྐད་དུ་འཇུག་པ་ལས། རྟག་ཏུ་འགོག་པར་གཏོགས་པའི་བསམ་གཏན་ཡིན་མོད་ཀྱི། འགྲོ་བ་མགོན་མེད་པ་ལ་སྙིང་རྗེ་ལྷག་པར་སྐྱེ། །ཞེས་སོ། །ཆོས་བརྒྱད་མྱ་ངན་ལས་འདས་ཀྱང་དཀོན་མཆོག་དང་ལས་འབྲས་ལ་གུས་པ་མི་ལྷོད་པས་བྱ་བྱེད་སེམས་ཅན་གྱི་དོན་དུ་འོང་། །རེ་དོགས་ཡུལ་མེད་དུ་སངས་ཀྱང་


JL01_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲེལ་ཡོད་སུན་མ་ཕྱུང་བས་ཆགས་སྡང་ལ་འཇིགས་རེ་ཀན། ཐ་སྙད་དང་གྲུབ་མཐའ་ལ་མ་སྦྱངས་ཀྱང་ཆོས་ཐམས་ཅད་སོ་སོ་རང་གི་རིག་པས་ང་རྒྱལ་དང་འགྲན་སེམས་དག །ཕ་རོལ་གྱི་དགག་བསྒྲུབ་ལ་མི་འཇིགས་ཀྱང་གྲུབ་མཐའི་བློ་ཚེད་ཤེས་པས་ཆོས་དང་གང་ཟག་ཚད་མ་ལ་ཕྱོགས་ལྷུང་མེད། །མཉམ་གཞག་ལ་སྐྱོང་བསྒོམ་མེད་ཀྱང་རྗེས་ཐོབ་ལ་རིག་ཆོ་ཡོད་པས་རི་སུལ་དུ་མི་ཚེ་བསྐྱལ་ནས་དེ་བཞིན་དུ་ལ་བཟླ་བ་ཡིན་ཏེ། སེང་གེ་རྩལ་རྫོགས་ལས། རང་སྣང་ཐབས་ཀྱི་རྒྱལ་པོ་ལ། །སྟོབས་ཀྱི་རིག་པ་མ་འགགས་པས། །རང་གི་ཤེས་རབ་ཉིད་ལ་དྲིས། །དམིགས་པ་མེད་པའི་ཏིང་འཛིན་ནི། །བྱ་བཙལ་བྲལ་བའི་ངང་དུ་བྲིས། །ཡུལ་གསལ་ཐོག་མ་མེད་པའི་སེམས། །རྣམ་པ་དག་པའི་དབྱིངས་ལ་དྲིས། །དེ་ནི་དགོངས་པའི་དོན་དུ་བསྟན། །ཞེས་སོ། །དེ་བཞིན་ཀུན་གཞི་དང་ནི་ཆོས་སྐུ་གཉིས། །དབྱིངས་སུ་གཅིག་ཀྱང་ཆོས་སྐུ་རྒྱ་མཚོ་འདྲ། །ཀུན་བཞིའི་རྣམ་ཤེས་དེ་ཡི་སྒྲིབ་ཆ་སྟེ། །གྲུབ་བཞིན་དུ་འཁོར་འདས་གཉིས་ཀར་ལྡིང་། །གཞི་དེ་ཉིད་ནས་འཁྲུལ་གྲེལ་ཆོས་ཉིད་ཀྱང་། །གཉིད་དུ་སོང་དང་དེ་ལས་སད་པ་བཞིན། །འཁྲུལ་པ་དབང་པོ་ཉམས་པའི་གཉིད་སྟུག་བཞིན། །གྲོལ་བདེ་ལས་སད་པའི་གནས་སྐབས་འདྲ། །དེ་ལ་སྤྱིར་འཁོར་བ་དང་མྱང་འདས་གཉིས་ཀྱང་གཞི་རིག་པའི་ངང་དུ་གཅིག་སྟེ། རང་ཤར་ལས། སེམས་ཅན་གཞི་དང་སངས་རྒྱས་གཞི། །ཁྱད་པར་གཅིག་གིས་ཕྱེ་བར་ངེས། །ཞེས་སོ། །ཇི་ལྟར་ཕྱེ་ན་ལྷུན་གྲུབ་ཀྱི་རྩལ་སྣང་རིག་ཐོག་ཏུ་མ་གྲོལ་ཞིང་གཞན་དབང་དུ་གྱུར་ནས་སེམས་དང་སེམས་བྱུང་གི་རང་བཞིན་ཟ་འོག་ཁ་ཕྱེ་བ་ལྟར་སྣང་བ་དུ་མའི་གཞི། ཁམས་གསུམ་པའི་བག་ཆགས་ཐམས་ཅད་ཀྱི་ཐོག་མའི་བྱད། །བར་གྱི་ལས། ཐ་མའི་སྣོད་དུ་གྱུར་པས་ཀུན་གཞི་ཞེས་བྱ་སྟེ། རང་ཤར་ལས། ཀུན་གཞི་རྣམ་རྟོག་འཛིན་


JL01_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །སྣ་ཚོགས་འཁྲུལ་པའི་ཤེས་པས་བསླད། །ཀུན་གཞི་མ་རིག་དངོས་པོ་ཡིན། །ཀུན་གྱི་གཞི་ཞེས་དེ་ལ་བྱ། །ཞེས་སོ། །ཀུན་ནི་མང་ཚིག་དང་། གཞི་ནི་ཚོགས་པ་སྣ་ཚོགས་པའི་རྟེན་གཞིར་གནས་པའོ། །ཆོས་ཀུ་ནི་མ་རིག་པའི་གཞན་དབང་དུ་མ་གྱུར་ལ། །སེམས་དང་སེམས་བྱུང་ལས་འདས་པས་ཡུལ་སྣ་ཚོགས་ཀྱི་སྣོད་དང་། ཡུལ་ཅན་ལང་ཡི་བར་འཛིན་པའི་ཡིད་ལ་སོགས་པ་དང་ལྷན་ཅིག་མི་གནས་ཤིང་། །ལས་དང་བག་ཆགས་ཀྱི་བསམ་པས་མ་སྦགས་པས་དྲན་རྒྱུན་ལས་འདས་པ་སྟེ། །མུ་ཏིག་ཕྲེང་བ་ལས། ཆོས་ཀྱི་སྐུ་ནི་ཟག་པ་ཟད། །སྟོང་ཞིང་གསལ་ལ་གསལ་ཞིང་ཁྱབ། །བསམ་པས་མ་སྦགས་དྲན་པ་སངས། །སྤྲོས་པ་ཉིད་དང་བྲལ་བ་སྟེ། །ནམ་མཁའ་ལྟ་བུར་ཁྱབ་ཅིང་སྟོང་། །རང་དག་མཚོན་པ་ཀུན་དང་བྲལ། །ཞེས་སོ། །དེའང་རྟེན་དང་བརྟེན་པར་གྱུར་པའི་སྒོ་ནས་དབྱེ་ན། ཀུན་གཞི་ནི་རྟེན། སེམས་ནི་བརྟེན་པ། ཆོས་སྐུ་ནི་རྟེན། ཡེ་ཤེས་ནི་བརྟེན་པ་ཡིན་ཏེ། ཀློང་དྲུག་པ་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ཀྱི་གནས་ནི་ཀུན་གཞི་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་གཞི་ནི་བསམ་པའི་ཡུལ་ཐམས་ཅད་སྡུད་ཅིང་སེམས་སུ་ཤེས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་གནས་ནི་ཆོས་ཀྱི་སྐུ་ཡིན་ནོ། །དེ་ཅིའི་ཕྱིར་ན། ཆོས་སྐུ་ནི་དྲན་རྟོག་ཐམས་ཅད་མི་མངའ་ཞིང་། ཡུལ་ཐ་སད་དུ་འཛིན་པའི་ཤེས་པ་མེད་པའི་ཕྱིར་རོ། །ཞེས་སོ། །དཔེར་བརྗོད་ཀྱི་སྒོ་ནས་དབྱེ་ན་རྒྱ་མཚོ་ལ་གྲུ་གཟིངས་ལྡིང་པ་ལྟ་བུ་སྟེ། །འདི་ལྟར་ཆོས་ཀྱི་སྐུ་ནི་ཀ་དག་སྤྲོས་བྲལ་གྱི་རིག་པ་རང་བཞིན་གང་དུའང་མ་གྲུབ་ལ། སྣ་ཚོགས་འཆར་བའི་གོམ་འགགས་ཀྱང་གློ་བུར་གྱི་དྲི་མ་ལས་ལྡོག་པས་རྒྱ་མཚོ་དྭངས་པ་དང་འདྲ་ལ། ཆོས་སྐུ་དེའི་སྒྲིབ་ཆར་གྱུར་པ་རྩལ་སྣང་ལྷུན་གྲུབ་གྱི་རིག་ཆ་


JL01_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་ལས་བྱུང་བས་ཀུན་གཞིའི་མཚན་ཉིད་མ་རིག་པ་ཐམས་ཅད་ཀྱི་རྟེན་དང་། ཁྱབ་བྱེད་དང་། ངོ་བོར་གནས་པ་གྲུ་ལྟ་བུའི་ནང་དུ་སེམས་དང་སེམས་བྱུང་ལས་དང་བག་ཆགས་ཀྱིས་སྤྲུལ་པའི་སྐྱེས་བུ་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་བྱེད་ལས་ཅན་དུ་མས་གང་བ་ལྟ་བུ་སྟེ། རང་ཤར་ལས། ཀུན་གཞི་དང་ཆོས་སྐུའི་དཔེ་ནི་རྒྱ་མཚོ་དང་གྲུ་པའི་ཚུལ་ཏེ་ལ་མ་བྱུང་། ཞེས་སོ། །དེ་ཡང་ལྷུན་གྲུབ་ཀྱི་རིག་ཆ་མ་ལྡོག །གློ་བུར་གྱི་མ་རིག་པའི་ཆ་རང་ལོག་ནས་གྲུ་གཟིངས་སྐམ་ས་ལ་ཕྱིན་པ་བཞིན་ཆོས་སྐུའི་སྒྲིབ་བྱེད་སངས་པས་དག་པ་གཉིས་ལྡན་གྱི་ཆར་གནས་པ་སྟེ། འདི་ལྟར་ཆོས་སྐུའི་ངོ་བོ་རིག་པ་དྲི་མ་མེད་པ་ནི་རྣམ་པ་ཐམས་ཅད་དུ་ལྡོག་བྱ་མ་ཡིན་པས་མཐར་ཐུག་གི་གྲོལ་གི་ཞིར་ཡོད་པས་གཉིད་སད་པ་དང་མཚུངས་ལ། ཀུན་གཞིའི་རང་བཞིན་ནི་གཉིད་དུ་སོང་བ་ལྟ་བུ་འཁྲུལ་སྣང་དང་རྨི་ལམ་སྣ་ཚོགས་པ་འཆར་བའི་རྟེན་དུ་གྱུར་པས་ནེད་ལས་སད་པར་བྱེད་དགོས་ཏེ། དེ་ཉིད་ལས། འཁྲུལ་པ་དང་གྲོལ་བའི་དཔེ་གཉིད་ལོག་པ་དང་སད་པའི་ཚུལ་ཏེ། །དབང་པོའི་ཁྱད་ཡོད་པའི་ཕྱིར་རོ། །ཞེས་སོ། །དེ་ཡང་ཀུན་གཞི་དང་དེ་ལ་བརྟེན་པའི་ཆོས་ཅན་རྣམས་དག་བྱའི་དྲི་མ་ཡིན་པས་གཉིད་དང་རྨི་ལམ་གྱི་ཆ་ལྡོག་དགོས་ཀྱང་། ཆོས་སྐུའི་ངོ་བོ་རིག་པ་དྲི་མ་མེད་པ་ནི་གནས་སྐབས་སུ་གོམས་བྱར་གྱུར་ཤིང་མཐར་ཐུག་གི་རྟོགས་བྱ་དང་གྲོལ་གཞིར་ཡོད་པས་དུས་ཐམས་ཅད་དུ་ལྡོག་བྱ་མ་ཡིན་ཏེ། །འབྲས་བུའི་གྲོལ་ས་ཡིན་པས་སོ། །དེ་ཡང་དབྱེ་ན། ཡེ་དོན་གྱི་ཀུན་གཞི་སྦྱོར་བ་དོན་གྱི་ཀུན་གཞི། །བག་ཆགས་ལུས་ཀྱི་ཀུན་གཞི། །བག་ཆགས་སྣ་ཚོགས་པའི་ཀུན་གཞི་དང་གཞིར་ཡོད་པ་ལས་དང་པོ་ནི། དབྱིངས་དེའི་ངང་ནས་དཔྱོད་བྱེད་ཐོག་མའི་འགྱུ་བ་རིག་པ་ལ་ལྟོས་པའི་མ་རིག་པ་མཚུངས་ལྡན་གྱིས་འཁོར་བའི་གོ་འབྱེད་པའི་ཆ་ནས་བརྗོད་པའོ། །གཉིས་པ་ནི།


JL01_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་བྱེད་གྱི་ཤེས་པ་དེ་ཉིད་རང་མ་རིག་པའི་ཕྱིར་བལྟས་ཀྱིས་འཁོར་བར་སྦྱོར་ལ། རང་གི་རང་བཞིན་རིག་པ་ལས་མྱང་འདས་སུ་སྦྱོར་བའོ། །གསུམ་པ་ནི། ཤེས་པ་དེ་ཉིད་ལ་ལུས་ཀྱི་བག་ཆགས་ཡོད་པས་སའི་རང་བཞིན་ཤ །ཆུའི་རང་བཞིན་ཁྲག །མེའི་རང་བཞིན་འོད། །རླུང་གི་རང་བཞིན་ཡིད་ལུས་འཆར་བའི་ཆ་ནས་བཏགས་པའོ། །བཞི་པ་ནི། ཤེས་པ་དེ་ཉིད་ཀྱི་སེམས་ཀྱི་བག་ཆགས་སྣ་ཚོགས་བརྟེན་པའི་ཆ་ནས་བརྗོད་པའོ། །དེ་ལྟར་ལྡོག་པ་བཞིར་བརྗོད་ཀྱང་རྫས་གཅིག་ཡིན་ཏེ། རྟེན་ཀུན་གཞི་དང་བརྟེན་པ་ཚོགས་བརྒྱད་འབྲེལ་བ་ཤེས་པའི་རྣམ་པར་ནི་ཡོད། ཕྱི་ནང་དུ་རྒྱ་མ་ཆད་པས་ཀུན་གཞིའི་རྣམ་ཤེས་སུ་བཏགས་ལ། །དབང་ཤེས་ལ་རང་རང་གི་ཤེས་པ་རྟོག་མེད་ཡུལ་ལྔ་འཛིན་པའི་ཆ་ནས་སྒོ་ལྔའི་རྣམ་ཤེས་སུ་བརྗོད་པའོ། །ཀུན་གཞེས་སོའི་བྱེད་ལས་ནི་དང་པོས་འཁྲུལ་གཞི་བྱེད། གཉིས་པས་ལུས་སེམས་སུ་འབྲེལ་ནས་བདེ་སྡུག་ལ་སྦྱོར། །གསུམ་པས་ལུས་དང་ཚོགས་པ་དུ་མར་འབྲེལ་བའི་རྐྱེན་བྱེད། །བཞི་བས་ལས་དང་ཉོན་མོངས་པ་གསོག་བྱེད་དང་རྒྱུ་རྐྱེན་འབྲེལ་པ་བསྒྲུབ་པའོ། །དེ་སྐད་དུ་རང་བྱུང་བདེ་བ་འཁོར་ལོ་ལས། །སྒོ་ལྔ་སྣང་བའི་ཡུལ་ཡིན་ཀྱང་། །དེ་ལ་ཡིད་ཀྱིས་མ་དཔྱད་པ། །ཀུན་གཞི་ཡིན་ཀྱང་རྣམ་ཤེས་མིན། དེ་ཡང་ཡིད་ཀྱི་རྣམ་ཤེས་ཀྱི། །བག་ཆགས་སྣ་ཚོགས་བགོས་གྱུར་ཀྱང་། །བག་ཆགས་བརྟས་པར་མི་ནུས་པས། །རྣམ་ཤེས་ཡིན་ཀྱང་ཀུན་གཞི་མིན། །རྣམ་ལྔ་ཅིར་ཡང་སྣང་བ་ལ། །གཉིས་མེད་ཡོངས་སུ་འདྲིས་པ་དང་། །ཚོགས་བརྒྱད་འདུས་ཤིང་འཛོམ་པ་ལ། །ཀུན་གཞིའི་རྣམ་ཤེས་ཡིན་ཞེས་བྱ། །ཞེས་སོ། །མདོར་བསྡུ་ན་ཀུན་གཞིའི་སྒྲ་འཇུག་པའི་རྒྱུ་མཚན་ནི། །ལས་སྔ་མའི་


JL01_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འཇོག་བས་བག་ཆགས། ཕྱི་མ་ཉེ་བར་ལེན་པས་རྣམ་སྨིན། རྒྱུ་འབྲས་སྔ་ཕྱིར་སྨིན་པའི་སྡེབས་དང་། བདེ་སྡུག་གི་ཀུན་སྦྱོར་བྱེད་པས་ཀུན་གཞི་ཞེས་བྱ་བའི་སྒྲ་ཞུགས་པའོ། །ཚུལ་འདི་ལྟ་བུའི་རྣམ་དབྱེ་མ་ཕྱེད་པ་དང་། །ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །མྱ་ངན་འདས་པའི་གཞི་མའང་ཡིན། །ཞེས་པ་ལ་འཁྲུལ་ནས་ཀུན་གཞི་ཆོས་སྐུར་འདོད་པ་ནི་ཐུན་མོང་ཐོག་པའི་སྐབས་སུའང་བ་བཀག་ན་གསང་བ་བླ་ན་མེད་པའི་ཐེག་པ་ལ་སྨོས་ཅི་དགོས་ཏེ། རང་ཤར་ལས། ལ་ལ་ཀུན་གཞི་ཆོས་སྐུར་འདོད། དེ་ལ་ལན་གདབ་བསྟན་པའི་ཕྱིར། །ཀུན་གཞིའི་མཚན་ཉིད་འདི་ལྟར་ཡིན། །དེ་ནས་དེ་ཡིས་ལན་སྨྲས་པ། །ཐམས་ཅད་རྫོགས་ཕྱིར་ཀུན་གཞི་ཡིན། །དེ་ནས་དྲིས་པའི་ཚིག་གིས་བཟློག །སངས་རྒྱས་འགྱུར་བ་ཡོད་པར་རིགས། །ཀུན་གཞི་སྣ་ཚོགས་འཆར་བའི་ཕྱིར། །དེ་ལས་ཐམས་ཅད་རྫོགས་པའི་ཕྱིར། །སངས་རྒྱས་ཉིད་དུ་སེམས་ཅན་རིགས། །ཅི་ཕྱིར་ཐམས་ཅད་རྫོགས་པའི་ཕྱིར། །ཡང་ན་རེས་འཇོག་ཅན་དུ་འགྱུར། །ཅི་ཕྱིར་སྣ་ཚོགས་འཆར་བའི་ཕྱིར། །རེས་འགའ་སངས་རྒྱས་ཡིན་པར་འགྱུར། །རེས་འགའ་སེམས་ཅན་ཡིན་པར་འགྱུར། །ཅི་ཕྱིར་རེས་འཇོག་ཡོད་པའི་ཕྱིར། །དེ་ནས་དྲིས་པ་བཟློག་སྟེ་སྨྲས། །འོ་ན་ཀུན་གཞི་མེད་དམ་ཅི། །དེ་ནས་དྲིས་པའི་ལན་བཏབ་པ། །ཀུན་གཞི་རྣམ་རྟོག་འཛིན་པ་ལ། །སྣ་ཚོགས་འཁྲུལ་པའི་ཤེས་པས་བསླད། །ཀུན་གཞི་མ་རིག་དངོས་པོ་ཡིན། །ཞེས་སོ། །དེ་བས་ན་འདི་གཉིས་ལེགས་པར་ཕྱེད་དགོས་པའི་ཚུལ། ཀློད་དྲུག་པ་ལས་ཀྱང་། ཀུན་གཞི་དང་ཆོས་སྐུ་མི་ཕྱེད་ན་གཟུགས་གཅིག་ལ་ཐ་དད་དུ་འཛིན་པའི་ཤེས་པ་འདྲ་སྟེ། །དོན་སོ་སོར་སྣང་མི་ནུས་སོ། །ཞེས་སོ། །དེ་ལ་ཆོས་སྐུའི་མཚན་ཉིད་ནི་ངོ་བོ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ། །རང་བཞིན་གསལ་བ་འོད་ཀྱི་སྙིང་


JL01_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །ཐུགས་རྗེ་འགག་མེད་རིག་པའི་སྙིང་པོ་ཅན་ཡིན་པས་ཡིད་དང་སེམས་དང་། མ་རིག་པའི་རྩ་བ་ཆད་པས་ས་ལམ་སྦྱར་བགྲོད་ལས་འདས་པ་སྟེ། རང་ཤར་ལས། ཆོས་ཀྱི་སྐུ་ཡི་ཕོ་བྲང་འགྱུར་མེད་ནི། རང་རང་ཙིཏྟའི་དཀྱིལ་ན་གསལ་བར་གནས། །སྟོང་པ་ཡེ་ཤེས་སྙིང་པོའོ། །གསལ་བ་འོད་ཀྱི་སྙིང་པོའོ། །རང་བྱུང་རིག་པའི་སྙིང་པོའོ། །སྙིང་པོ་གསུམ་ལྡན་ཆོས་ཀྱི་སྐུ། །ཡེ་ཤེས་དོན་རྟོགས་ས་ལམ་བགྲོད་དུ་མེད། །བརྗོད་པའི་མཐའ་བྲལ་ཆོས་སྐུ་ཆེན་པོ་འདི། །ཀུན་ལ་གནས་ཏེ་ཀུན་གྱིས་རྟོགས་པ་མེད། །ཡིད་མེད་སེམས་མེད་མ་རིག་འཁྲུལ་པ་མེད། །ཅེས་སོ། །དེ་ཡང་མཚོན་པ་ཚིག་གི་སྒོ་ནས་ཆོས་སྐུ་དང་། བྱང་ཆུབ་ཀྱི་སེམས་དང་། རང་བྱུང་གི་ཡེ་ཤེས་དང་། དབྱིངས་ལྷུན་གྲུབ་ཆེན་པོའི་བརྡར་བཏགས་ཀྱང་འདོགས་བྱེད་དེ་ཉིད་རྣམ་རྟོག་ཡིན་པས་རང་ངོ་བརྗོད་མེད་བློ་འདས་སྤྲོས་བྲལ་ཉག་གཅིག་ཏུ་སྟོན་པས་ཆོས་སྐུའི་གནས་ལུགས་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། རྣལ་འབྱོར་སེམས་ཙམ་པ་ལྟར་རང་རིག་རང་གསལ་དུ་མི་འདོད་པ་དང་། བློས་མཐའ་བྲལ་དུ་གཞལ་བའི་མཚུངས་དཔེར་ནམ་མཁའ་ལྟ་བུའི་སྟོང་པ་ལ་རྩིས་གཞིར་བྱེད་པ་དབུ་མ་བ་དང་མི་མཚུངས་པ་དང་། ཕྱི་ནང་དང་དུས་གསུམ་མེད་པས་སོ་སོ་སྐྱེ་བོ་ཐ་མལ་པའི་སེམས་སུ་ཡང་མ་གྲུབ་པ་དང་། རང་དང་གཞན་མེད་པས་མུ་སྟེགས་རྟག་པར་ལྟ་བ་ལྟར་རང་གི་རིག་པ་ཉིད་དུའང་མ་གྲུབ་པ་དང་། གཟུང་འཛིན་ཡོད་མ་མྱོང་ཡང་འགོག་པའི་སྙོམས་འཇུག་ལྟར་མཁྱེན་གཉིས་དང་བྲལ་བར་ཡང་མ་གྲུབ་པ་དང་། ཚོར་རིག་གི་ཡུལ་ན་མེད་ཀྱང་ལྷག་མཐོང་གི་འགལ་བྱེད་དུ་མི་གནས་པ་དང་། སེམས་དང་སེམས་བྱུང་མེད་ཀྱང་སྐྱེ་མཆེད་མུ་བཞི་ལྟར་ལུང་མ་བསྟན་གྱི་སེམས་སུ་ཡང་


JL01_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་པ་དང་། གསལ་དང་མི་གསལ་མེད་པས་ཀུན་གཞིའི་རྣམ་ཤེས་རང་གསལ་ཙམ་དུའང་མ་གྲུབ་པ་དང་། རིག་དང་མ་རིག་ལས་འདས་པས་རིག་པའང་ལམ་སྣང་ཙམ་དུ་གདགས་ནས་ཤེས་བྱའི་སྒྲིབ་པ་སྦྱང་བ་ལས་ངོ་བོ་ཉིད་མེད་པའི་གནས་ལུགས་ཡེ་ཤེས་ཆེན་པོའི་ཆོས་ཉིད་དེ། ཆོས་ཉིད་མི་གཡོ་བའི་མདོ་ལས། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གཡོ་བ་བྱ་བའི་མཐའ་དང་བྲལ་བ། སྤྲོས་པའི་ཡུལ་ལས་འདས་པ་གཟོད་མ་ནས་མཉམ་པ་ཉིད་དོ། །ཞེས་སོ། །དེ་ལྟ་མོད་ཀྱི་དེའི་མཚན་ཉིད་རྟོགས་པར་སླབ་མ་ཡིན་པས་འདྲ་གཞི་གཅིག་ལ་གོལ་ས་ཆེ་བའི་ཚུལ་ཁོང་དུ་ཆུད་པར་བྱ་བའང་རྫོགས་པ་ཆེན་པོ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མུ་སྟེགས་རྟག་པ་ཐེར་ཟུག་དང་། །རྫོགས་ཆེན་འགྱུར་མེད་ཆོས་སྐུ་ཉིད། །འདྲ་དང་ནོར་བས་གོལ་ཏེ་འགྲོ། །དེ་ཕྱིར་ནང་གི་སྒྲོ་འདོགས་ཆོད། །སོ་སོ་སྐྱེ་བོ་ཐ་མལ་དང་། །རྫོགས་ཆེན་ཁ་འབྱམས་སྒོམ་མེད་གཉིས། །འདྲ་དང་ནོར་བ་གོལ་ཏེ་འགྲོ། །དེ་ཕྱིར་གྲུབ་མཐའ་བློ་བསྒྱུར་དགོས། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །སེམས་ཙམ་རང་རིག་རང་གསལ་དང་། །ཆོས་སྐུ་རིག་པ་གསལ་བ་གཉིས། །འདྲ་དང་ནོར་བ་གོལ་ཏེ་འགྲོ། །དེ་ཕྱིར་ཀུན་གཞི་ཤན་དབྱེ་དགོས། །ཐུན་མོང་དག་གི་དབང་གསུམ་དང་། །ཁྱད་པར་འཕགས་པའི་དབང་གསུམ་གཉིས། །འདྲ་དང་ནོར་བས་གོལ་ཏེ་འགྲོ། །དེ་ཕྱིར་ཡེ་རྫོགས་དབང་གསུམ་དགོས། །དབུ་མའི་སྤྲོས་དང་བྲལ་བ་དང་། །རྫོགས་ཆེན་གོལ་སྒྲིབ་མེད་པ་གཉིས། །འདྲ་བས་ནོར་དང་གོལ་ཏེ་འགྲོ། །དེ་ཕྱིར་འཁོར་འདས་མ་རེག་དགོས། །རང་བྱུང་ངོ་བོའི་གནས་ལུགས་དང་། །དང་པོ་ཤེས་བཞིན་ལུང་མ་བསྟན། །འདྲ་དང་ནོར་བས་


JL01_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

གོལ་ཏེ་འགྲོ། །དེ་ཕྱིར་ཐོག་མཐའ་བཅད་པ་དགོས། །དང་པོ་འཁོར་འདས་བར་དོ་དང་། །ཐ་མ་སྲིད་པའི་བར་དོ་གཉིས། །འདྲ་དང་ནོར་བས་གོལ་ཏེ་འགྲོ། །དེ་ཕྱིར་ཆོས་སྐུ་ཆེན་པོ་དགོས། །བསམ་གཏན་ཤེས་གཞི་བྱར་མེད་དང་། །རྫོགས་ཆེན་ལྷག་མཐོང་རིག་པ་གཉིས། །འདྲ་དང་ནོར་བས་གོལ་ཏེ་འགྲོ། །དེ་ཕྱིར་རྐྱེན་ཐུབ་གདམས་ངག་དགོས། །ཞེས་སོ། །དེ་ཡང་ཆོས་ཉིད་མི་འཁྲུལ་པའི་ཕྱིར་ངོ་བོ་དང་། དབྱེ་བ་དང་ངེས་ཚིག་གསུམ་གྱི་སྒོ་ནས་རྣམ་པར་གཞག་པའི་ཚུལ། །ཐལ་འགྱུར་ལས། ཆོས་ཀྱི་སྐུ་ནི་སྤྲོས་བྲལ་ཏེ། །རང་དགར་འཛིན་པའི་མཚན་མ་མེད། །ངོ་བོ་སྟོང་གསལ་དབྱེར་མེད་ལ། །དབྱེ་བ་ཆོས་དང་ལོངས་སྤྲུལ་སྐུ། །གསུམ་གྱིས་ཕྱེ་བས་ཁྱད་པར་འཇུག །ངེས་ཚིག་ཆོས་ནི་ཡང་དག་ལམ། །སྐུ་ནི་དེ་ལས་འགྲུབ་པའོ། །ཞེས་སོ། །དེ་ལ་ངོ་བོ་ཡང་ཐོག་མའི་ཀ་དག་གི་གཞི་ལ་གནས་ཚུལ་གྱི་ཆ་ནས་མཚན་ཉིད་རྣམ་པ་གསུམ་དུ་བཞག་ལ། འཁྲུལ་བའི་ཡུལ་ལ་གནས་ཚུལ་གྱི་ཆ་ནས་དེའི་གདངས་ལ་གཞིག་བས་བློ་དངོས་སྤྲོས་བྲལ་ཉག་གཅིག་ཏུ་རྟོགས་པའི་ཉམས་མྱོངས་ཆ་དང་བཅས་པས་ཐོག་བཞག་རང་གྲོལ་དུ་རྒྱས་གདབ་པ་སྟེ། སྔ་མ་ལས། བཞུགས་ཚུལ་གནས་ལུགས་རྣམ་པ་གཉིས། །ཐོག་མའི་གཞི་ལ་གནས་པ་དང་། །འཁྲུལ་པའི་ཡུལ་ལ་གནས་པའོ། །ཐོག་མའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །དེ་ཡང་ངོ་བོ་སྐུར་གནས་པས། ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེ་འབྱེད་པ་མེད་པའི་ཚུལ། །བབས་ལས་གྲུབ་པ་ཉིད་ལས་ཀྱང་། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་ནི། །མཚན་མ་རིས་ཅན་མ་ཡིན་པར། །རིས་མེད་ཤེས་བྱའི་བབས་ལས་


JL01_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། །ཐུག་རྗེའི་ཆར་བ་སྣ་ཚོགས་ལས། །འདི་འདྲ་གཅིག་ཏུ་ངེས་མེད་པས། །སྣ་ཚོགས་སྣང་ཕྱིར་གཞི་ཞེས་བྱ། །འཁྲུལ་པའི་ཡུལ་ལ་རང་བཞག་དང་། །ཅོག་བཞག་རང་གྲོལ་རྒྱས་གདབ་བོ། །ཞེས་སོ། །དེའང་ངོ་བོ་སྐུར་མེད་ཀྱང་སྐུ་རྣམས་ཀྱི་ཆོས་ཉིད་བྱེད་པའི་ཆ་ནས་དེ་ལྟར་བཏགས་པའི་ཚུལ་འོག་མ་གཉིས་ལའང་ཤེས་པར་བྱའོ། །དབྱེ་བ་ནི། གཞི་ཀ་དག་ཆེན་པོའི་དོན་གང་ཡིན་པ་རང་གི་ལུས་ལ་བདེ་གཤེགས་སྙིང་པོའི་རང་བཞིན་དུ་ཡོད་པ་ཐོད་རྒལ་གྱི་གནད་ལ་བརྟེན་ནས་སྐུ་གསུམ་ལམ་སྣང་དུ་ཤར་བའི་བདག་ཉིད་གསུམ་མཚོན་གསུམ་དུ་དབྱེ་བའི་ཚུལ། རང་ཤར་ལས། སྐུ་ལ་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན་གསུམ་དུ་འདུས་སོ། །གང་ཞེ་ན། ཆོས་ཀྱི་སྐུ་བརྗོད་ལས་འདས་ལོངས་སྤྱོད་རྫོགས་པའི་སྐུ་གཟུང་བའི་ཡུལ་ལས་འདས། །སྤྲུལ་པའི་སྐུ་ཆགས་པའི་ཡུལ་ལས་འདས་པའོ། །དེ་ཡང་ཆོས་ཀྱི་སྐུ་ལ་གསུམ་སྟེ། ཆོས་ཀྱི་སྐུའི་ཆོས་སྐུ་དང་། ཆོས་ཀྱི་སྐུའི་ལོངས་སྐུ་དང་། ཆོས་ཀྱི་སྐུའི་སྤྲུལ་པའི་སྐུའོ། །དེ་ཡང་ཆོས་སྐུའི་ཆོས་སྐུ་ནི་རིག་པ་སྟེ། །ཆོས་ནི་ཡུལ་དུ་སྣང་བ། སྐུ་ནི་རིག་པའི་ངོ་བོ་མ་འགགས་པའོ། །ཆོས་ཀྱི་སྐུའི་ལོངས་སྐུ་ནི་འོད་ལྔ། ཆོས་ཀྱི་སྐུའི་སྤྲུལ་སྐུ་ནི་མིག་གི་དབང་པོ་ལ་མཐོང་བ་མ་འགགས་པའོ། །ཆོས་ཀྱི་སྐུའི་ཡུལ་ནི། ནམ་མཁའ་རྣམ་པར་དག་པ། ཆོས་ཀྱི་སྐུའི་གནས་ཙིཏྟ། ཆོས་ཀྱི་སྐུའི་ལམ་རིན་པོ་ཆེ་ཤེལ་གྱི་སྤུ་གུ་ཅན་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཡང་གསུམ་སྟེ། ལོངས་སྤྱོད་རྫོགས་པ་སྐུའི་ཆོས་སྐུ་དང་། ལོངས་སྐུའི་ལོངས་སྐུ་དང་། ལོངས་སྐུའི་སྤྲུལ་སྐུའོ། །དེའང་ལོངས་སྤྱོད་རྫོགས་པའི་སྐུའི་ཆོས་སྐུ་ནི། །ཡེ་ཤེས་ལྔའི་སྣང་བ་མ་འགགས་པར་སང་དེ་གནས་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པ་སྐུའི་ལོངས་སྐུ་ནི། །ཐིག་ལེ་རྣམ་པ་ལྔའི་ལམ་དང་


JL01_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའོ། །ལོངས་སྤྱོད་རྫོགས་པ་སྐུའི་སྤྲུལ་སྐུ་ནི། སྒོ་ལྔའི་རྣམ་ཤེས་ཡུལ་ལ་ཤར་བའི་རིག་པའོ། །ལོངས་སྤྱོད་རྫོགས་པ་སྐུའི་གནས་ནི་ཨ་ཝ་དྷུ་ཏིའོ། །ལོངས་སྤྱོད་རྫོགས་པ་སྐུའི་ལམ་ནི་རྩེ་ཆུང་གཡས་པའོ། །སྤྲུལ་པའི་སྐུ་ལ་གསུམ་སྟེ། །སྤྲུལ་པའི་སྐུའི་ཆོས་སྐུ་དང་། སྤྲུལ་པའི་སྐུའི་ལོངས་སྐུ་དང་། སྤྲུལ་པའི་སྐུའི་སྤྲུལ་སྐུའོ། །འདི་ཡང་འདི་ལྟ་སྟེ། སྤྲུལ་པའི་སྐུའི་ཆོས་སྐུ་ནི་སྒྲོན་མ་གཉིས་སོ། །སྤྲུལ་པ་སྐུའི་ལོངས་སྐུ་ནི་འོད་ལྔ་མཐོང་བའོ། །སྤྲུལ་པ་སྐུའི་སྤྲུལ་སྐུ་ནི་ཉོན་མོངས་པ་ལྔ་ཤར་བའི་སོ་སོ་རང་རིག་པའོ། །སྤྲུལ་པའི་སྐུའི་གནས་ཀླད་པའོ། །སྤྲུལ་པའི་སྐུའི་ལམ་མིག་གེ །སྤྲུལ་པའི་སྐུའི་ཡུལ་འཁྲུལ་སྣང་ཡིན་ནོ། །ཞེས་སོ། །ངེས་ཚིག་ནི། ཟབ་པ་དང་རྒྱ་ཆེ་བའི་སྙིང་པོ་མཐའ་དག་འདུས་ཤིང་འབྲས་བུ་དོན་དུ་གཉེར་བའི་ཆོས་ཡིན་པས་ཡང་དག་པའི་ལམ་ཞེས་བྱ་ལ། སྐུ་ནི་དེ་ལས་འགྲུབ་པའོ། །མདོར་བསྡུ་ན་ཆོས་སྐུའི་རང་བཞིན་ནི་མ་རིག་པ་དང་། སེམས་དང་ཡིད་དང་། རྣམ་ཤེས་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཉོན་མོངས་སུ་མེད་ལ། དབྱིངས་དང་། རིག་པ་དང་། ཡེ་ཤེས་དང་། རྣམ་པར་མི་རྟོག་པའི་བདག་ཉིད་མཚོན་བརྗོད་ཐམས་ཅད་ལས་འདས་ཤིང་འགྱུར་བ་མེད་པའི་བདེ་བ་ཆེན་པོ་སྟེ། ཐལ་འགྱུར་ལས། འཁྲུལ་ཞེས་གནས་དག་པ་ལ། །མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོག་པ་རང་འགགས་སོ། །འཁྲུལ་སྣང་དམིགས་པར་སྣང་བ་མན། །རང་བཞིན་མེ་གདངས་མ་དམིགས་པ། །ཆོས་ཀུན་མཉམ་པར་རོ་གཅིག་པས། །མི་མཛད་རྟོག་བྲལ་ཡེ་སངས་རྒྱས། །བཅོས་ཤིང་བསྒྱུར་དུ་བཏུབ་པ་མིན། །ཞེས་དང་། རྩལ་རྫོགས་ལས། །རྫོགས་ཆེན་རིག་པའི་ངོ་བོ་ལ། །སངས་རྒྱས་ཆོས་


JL01_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མ་བཅལ་རྫོགས། །ཞེས་སོ། །དེ་གཉིས་ཀྱི་འདྲའ་བག་ཏུ་གྱུར་པ་སེམས་དང་ཡེ་ཤེས་ཀྱིས་ཁྱད་པར་ཡང་ཕྱེད་དགོས་ཏེ། །མུ་ཏིག་ཕྲེང་བ་ལས། སེམས་དང་ཡེ་ཤེས་དབྱེ་བ་ནི། མཁས་པ་རྣམས་ཀྱིས་ཤེས་པར་བྱ། །ཞེས་པས། འདི་ལྟར་སེམས་ཀྱི་མཚན་ཉིད་ནི། །ཀུན་གཞི་ཚོགས་བརྒྱད་དང་མཚུངས་པར་ལྡན་པས་གཟུང་འཛིན་དང་བཅས་པའི་དྲན་བསམ་རང་ཀ་མ་ཡེ་ཤེས་ཀྱི་སྒྲིབ་བྱེད་དུ་ཡོད་ལ། ཡེ་ཤེས་ཀྱི་མཚན་ཉིད་ནི་ཆོས་སྐུ་དང་མཚུངས་ལྡན་སོ་སོ་རང་རིག་པའི་བདག་ཉིད་འཁོར་བའི་ཆོས་དྲན་བསམ་རང་ཀ་བ་དང་ལྷན་ཅིག་མི་འདུ་བ་སྟེ། དེ་ཉིད་ལས། སེམས་ནི་བག་ཆགས་ཀུན་གྱི་གཞི། ལུས་ཅན་རྣམས་ནི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །ཞེས་དང་། སེམས་དང་ཡེ་ཤེས་ཕྱེད་པས་ནི། །འགྱུ་བྱེད་རྣམས་ཀྱི་སྒོ་ཡང་འགག །ཡེ་ཤེས་དྲན་གཞི་ཉིད་དང་བྲལ། །ཞེས་སོ། །དེ་ཡང་སེམས་ནི་འདུས་བྱས་ཡིན་པས་བག་ཆགས་དང་ཉོན་མོངས་པའི་ཚོགས་སྡུད་པའི་ཚུལ། རང་ཤར་ལས། སེམས་ནི་བག་ཆགས་ཐམས་ཅད་སྡུད་པའོ། །སེམས་ནི་བག་ཆགས་ཐམས་ཅད་སློང་བའོ། །སེམས་ནི་ཉོན་མོངས་པ་ཐམས་ཅད་གསོག་པའོ། །སེམས་ནི་བག་ཆགས་ཐམས་ཅད་ཀྱི་གཞི་ཡིན་ཏེ། བག་ཆགས་དེ་ཡང་འགགས་པར་དཀའ་བས། རང་གི་སྣང་བ་སྒྲིབ་པར་བྱེད་པ། མ་རིག་པ་དང་མཉམ་དུ་གནས་པས། ཞེས་དང་། མུ་ཏིག་ཕྲེང་བ་ལས། སེམས་ནི་འདུས་ཚོགས་འབྱུང་བའི་ཕྱིར་དྲི་མ་ཉིད་དང་ཡང་སྤགས་པས། །ཀུན་སྡུད་པ་ཡི་སེམས་ལ་སེགས། །དྲི་མས་གྲངས་སུ་གྱུར་པས་ན། །ཞེས་སོ། །ཡེ་ཤེས་ནི་སེམས་དང་ལྷན་ཅིག་འདུ་བ་མ་ཡིན་པས་རྣམ་པར་རྟོག་པའི་བུད་ཤིང་པ་སྲེག་པའི་མེ་ལྟ་བུ་ཡིན་ཏེ། དེ་ཉིད་ལས། རྣམ་པར་རྟོག་པ་ཀུན་བསྲེགས་


JL01_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཡེ་ཤེས་ཉིད་ནི་མེ་བཞིན་ཟ། །ནམ་མཁའ་ཉིད་དང་མཚུངས་པ་ཡིན། །སྟོང་གསལ་རིག་པ་ཉིད་ཡིན་ནོ། །ཞེས་དང་། འཇུག་པ་ལས་ཀྱང་། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་སོ། །མདོར་ན་ཡེ་ཤེས་ལ་སྒྲིབ་བྱེད་ནི་སེམས་ཁོ་ན་ཡིན་པས་དེ་ཉིད་རང་རྒྱུད་ལྡན་དུ་ཡོད་རིང་ལ་སེམས་ཅན་ཞེས་བྱ་སྟེ། སེམས་ནི་ཕུང་པོ་ལྔ་དང་འབྲེལ་བས་ངེས་བསྡུས་པའི་དགེ་བ་ཐམས་ཅད་སོ་སྐྱེའི་ལམ་ཡིན་པས་འཁོར་བར་འདུ་བྱེད་པའི་བདག་ཉིད་ཅན་ཡིན་པ་སོ། །སེམས་མེད་ན་ཡེ་ཤེས་ཀྱང་མི་རྟོག་སོ་ ཟེར་ན་འཕགས་པའི་ལམ་མཐོན་ཕོར་ཡང་རྒྱུ་འབྲས་ངག་གྲོལ་དུ་འཛིན་པ་འདར་མི་ནུས་པས་སོ་སོ་རང་རིག་སེམས་ཀྱི་སྤྱོད་ཡུལ་དུ་བྱེད་པ་ཁྱེད་རང་གི་ལུགས་ལྟར་བདེན་དུ་ཆུག །ཅིའི་ཕྱིར་ན་ཐེག་པའི་རྒྱལ་པོ་འདིའི་དགོངས་པ་ཆོས་གཞན་དང་ཁྱད་པར་ཕྱེ་ནས་སྟོན་པའི་ཚུལ་བློ་ཡུལ་དུ་མི་ཚུད་པ་རེ་བདེན། །བདུད་རྩི་རོལ་པ་ལས། གནས་མཆོག་གསུམ་གྱི་དཀྱིལ་འཁོར་ན། །གཉིས་མེད་ལྷུན་གྱིས་གནས་པའི་ཚེ། །དེ་ཚེ་ཉན་ཐོས་དགེ་འདུན་དང་། །རང་རྒྱལ་ཐེག་ཆེན་མདོ་སྡེ་དང་། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། །དགྲ་བཅོམ་མིང་ཡང་མེད་ནང་དུ། །ཀུན་བཟང་ཐུགས་ཀྱི་དཀྱིལ་འཁོར་ནས། །དགོངས་པའི་དོན་ཀུན་རྣམ་པར་གསལ། །ཞེས་པས་སོ། །འདིར་ནི་དེ་ཉིད་སེམས་ཀྱི་སྤྱོད་ཡུལ་མ་ཡིན་པས་འབྲས་བུ་མངོན་སུམ་པ་ལ་ལམ་དུ་བྱད་དུས་སེམས་དང་ཡེ་ཤེས་ཉི་མ་དང་མུན་པ་བཞིན་ལྷན་ཅིག་ཏུ་འདུ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་རང་ཉིད་ཀྱིས་མ་རྟོགས་པ་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་པའི་ཆོས་ལས་གཞན་དུ་གྱུར་པའོ་སྙམ་ན། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་པ་ལ་ཅེ་རེ་ལོང་ངོ་། །དེ་སྐད་དུ་སམྦུ་ཊི་ལས་ཀྱང་། རྣམ་


JL01_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཡེ་ཤེས་སེམས་ཀྱིས་ནི། །མཚན་ཉིད་མཚན་གཞི་མཚོན་པར་བྱེད། །ཡེ་ཤེས་ཀྱིས་ནི་ཤེས་བྱ་བ་ལྟ། །ཤེས་བྱ་རྣམས་ཀྱིས་འགྲོ་བ་རྟག །འགྲོ་བ་བརྟག་པའི་སེམས་ཀྱིས་ནི། །ཇི་ལྟར་རང་འདོད་ལ་སོགས་འགྲོ། །རྟོག་པ་མེད་ཅིང་རྣམ་ཤེས་མེད། །དེ་བཞིན་རྟོག་གེ་པས་མི་ཤེས། ཞེས་སོ། །དེ་བཞིན་དུ། ཐོག་མའི་ངེས་མེད་གཞི་ཡི་ལྷུན་གྲུབ་དང་། །མཐར་གྱིས་གྲོལ་བའི་ཀ་དག་དྲི་བྲལ་གཉིས། །རྫས་སུ་གཅིག་ཀྱང་སླད་ཀྱི་འཁྲུལ་པའི་གཞི། །བྱེད་དང་མི་བྱེད་ཁྱད་པར་ཤེས་པ་གཅེས། །འདི་ལྟར་ཐོག་མའི་ངེས་མེད་གཞིའི་ལྷུན་གྲུབ་ནི་འཁོར་འདས་གཉིས་ཀའི་འཆར་གཞི་ཡིན་ལ། །མཐར་ཐུག་གི་གྲོལ་ས་ཀ་དག་ནི་ལྷུན་གྲུབ་ཀྱི་རྩལ་རིག་པར་ལྡོག་པ་ལས་མ་རིག་པའི་ཆ་སྡངས་ཏེ་དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་པ་ཡིན་པས་དེ་གཉིས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་པས་རིག་པའི་ཡོན་ཏན་འདྲ་ཡང་། དྲི་མ་དག་མ་དག་དང་སླད་ཀྱི་འཁྲུལ་གཞི་བྱེད་མི་བྱེད་ཀྱི་ཁྱད་ཡོད་པས་འབྲས་བུ་གཞི་ཐོག་ཏུ་གྲོལ་ཟེར་བ་རྣམས་རྫོགས་པ་ཆེན་པོའི་གཟུགས་བརྙན་དུ་རིགས་པར་བྱའོ། །དེ་བཞིན་དབྱིངས་ཀྱི་གྲོལ་ས་ཀ་དག་དང་། །ད་ལྟའི་ལམ་གྱི་རིག་པ་ཀ་དག་གཉིས། །རྒྱ་ཆད་ཕྱོགས་ལྷུང་མེད་མེད་པར་མཉམ་ནའང་། །གྲོལ་ས་ཉིད་ནི་རླུང་སེམས་ཆ་དང་བཅས། །རྣམ་པར་བྱད་པའི་འཁོར་འདས་ཀ་དག་སྟེ། །ལམ་དུས་རླུང་སེམས་མ་དག་རྐྱེན་དབང་དང་། །འགྲོགས་ཤིང་སེམས་དང་སེམས་བྱུང་དྲི་མའི་ཆོས། །བསླང་ཅིང་ཁུར་བས་དངོས་གནས་རེས་འགའ་ཙམ་དེ་ལ་གྲོལ་སའི་དབྱིངས་ཀ་དག་དང་། ལམ་དུས་ཀྱི་རིག་པ་ཀ་དག་གཉིས་རྫས་ཐ་དད་པ་མ་ཡིན་པས་འཁྲུལ་པ་དང་། །ཡུལ་སྣང་དག་ཚུལ་ལ་འདྲ་ཡང་། གྲོལ་ས་ནི་རླུང་སེམས་དག་པས་རིག་པ་དབྱིངས་སུ་ཐིམ་པའི་ཆུ་ལ་དཔག་ཆེན་གྱི་མངའ་ལྟར་ཕྱིར་མི་ལྡོག་པ་ཡིན་ལ། ད་


JL01_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ནི་རླུང་སེམས་ཀྱི་ཆས་དྲི་མས་བསླད་ཅིང་ཁུར་བས་དབང་པོའི་རྐྱེན་དང་བཅས་པའི་ཕྱིར་དངོས་གནས་སུ་འཆར་བ་རེས་འགའ་བ་ཙམ་ལས་མེད་དོ། །དེ་ཡང་ཤེས་རབ་རང་རྩལ་དུ་རྫོགས་པའི་དུས་ན་རིག་པ་སྤྲོས་བྲལ་དུ་ཤེས་བྱེད་དེ་ཉིད་ཀྱང་ཐད་ཀར་ཟང་ཐལ་ཞིག་ནས་ནང་དུ་མི་འཛིན། །ཕྱིར་མི་གཟུང་ཕན་ཚུན་བལྟོས་གྲུབ་ཅན་དུ་མི་གནས་ཀྱང་། །རིག་ཆ་དེ་རླུང་སེམས་ཀྱི་ཆས་ཁུར་བའི་ཚེ་རང་ངོ་ལས་མ་གཡོས་པར་གཞག་ན་དེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་མཚུངས་པས་ལམ་གྱི་གེགས་མི་བྱེད་ཀྱང་རྟོག་པའི་ཆ་དེ་ཉིད་ཀྱིས་ཕྱི་རོལ་དུ་ཡུལ་དང་། ནང་དུ་སེམས་ཀྱི་ཚོགས་པ་སྦྲེལ་ནས་གཟུང་འཛིན་གྱི་འདྲ་འབག་ཙམ་དུ་སྣང་བས་ཆོས་ཉིད་ཟད་པའི་བར་དུ་འགག་མི་ཤེས་པ་འདི་ཉམས་མྱོང་གི་ཐོག་ནས་བཤད་པར་རིགས་པར་བྱའོ། །དེ་བས་ན་ཐེག་པ་འོག་མར་བདེན་པ་གཉིས་ཀྱིས་གཞལ་བའི་སྐྱེ་མེད་འགག་མེད་ལ་སོགས་པའི་ཚིག་གི་དཔྱད་པ་རྣོན་པོས་འགོག་བདེན་དང་། སྤྲོས་བྲལ་དང་། དབུ་མའི་གཏན་ཚིགས་ཆེན་པོ་བཞི་ལ་སོགས་པས་བསྒྲུབས་ཀྱང་སྟོང་ངོ་ལ་སྙམ་བྱེད་དང་ཡིད་བྱེད་དང་། རྟོག་དཔྱོད་ཀྱི་ཁུངས་བསྐྱེལ་བས་བྱ་རོགས་ཁུང་ལ་སྦེད་པའི་ཚད་སྤྲིན་ལ་བྱེད་པ་ལྟ་བུ་སྟེ། འདིར་ནི་སྣང་རིག་གཉིས་ཀ་རང་བཞིན་མེད་པའི་གཏན་ལ་འབེབས་པའི་ཚུལ། སྣང་བ་སྐྱེ་མེད་ངོ་སྤྲད་པས། དབུ་མ་རབ་ཏུ་མི་གནས་པའི། །ལྟ་བ་དག་ལས་ཁྱད་པར་འཕགས། །རིག་སྣང་རང་གྲོལ་ངོ་སྤྲད་པས། སེམས་ཙམ་དག་ལས་ཁྱད་པར་འཕགས། །འབྱུང་བ་དངོས་མེད་ཟང་ཐལ་བས། །ཉན་ཐོས་དག་ལས་ཁྱད་པར་འཕགས། །ཞེས་པས་བདེན་པ་དབྱེར་མེད་ཀྱི་གཤིས་ཐད་དྲང་དུ་བསྟན་ནས། མངོན་སུམ་ཡིད་དཔྱོད་ལ་རག་མ་ལུས་པར་སྟོན་པ་ཡིན་པས་ལམ་


JL01_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་གནམ་ས་ལྟ་བུ་ཡོད་ལ། རང་སྡེ་ཕྱོགས་གཅིག་ཏུ་ཟབ་པར་སྟོན་པ་གསང་སྐོར་མན་ཆད་དུའང་དཔེ་དོན་རྟགས་གསུམ་གྱིས་རིག་པའི་གཞལ་ཚུལ་ཙམ་དང་འདྲ་ཡང་། འདི་ནི་དཔྱོད་ལྡན་གྱིས་རྟེན་གསུམ་གཞལ་བ་ལྟར་དངོས་དང་གཞི་གཉིས་ཀའི་མཚན་ཉིད་གཏན་ལ་ཕེབས་པ་དང་མཚུངས་ལ། གཞན་དུ་ནི་གཞི་མཐོང་ཀྱང་དངོས་གཏན་ལ་མ་ཕེབས་པ་བྱིས་པས་ལྷ་ཁང་བལྟས་པ་དང་མཚུངས་པ་ཡིན་ནོ། །དེ་བཞིན་ཆོས་ཉིད་བར་དོའི་རིག་གདངས་དང་། །རྟོག་བཅས་གོམས་པའི་ལྷ་ཡི་སྒྱུ་ལུས་གཉིས། །ལྷ་སྐུར་མཚུངས་ཀྱང་སྣང་བ་ཞིང་ཁམས་སུ་ཤར་ཞིང་ཤེས་ཐེག་གྲོལ་དང་མི་གྲོལ་ཁྱད། །དེ་ལ་ཆོས་ཉིད་ཀྱི་བར་དོ་དང་། བསྲེ་འཕོ་གོམས་པའི་སྒྱུ་ལུས་གཉིས། ལྷ་སྐུར་སྣང་བ་ཙམ་དུ་འདྲ་ཡང་། ཆོས་ཉིད་ཀྱི་བར་དོ་ནི་གཞི་ལ་ལྷུན་གྲུབ་ཏུ་ཡོད་པའི་རྣམ་བྱང་གི་རང་གདངས་ལམ་སྣང་དུ་ཤར་བ་ཡིན་པས་རང་ངོ་ཤེས་པ་ཙམ་གྱིས་གྲོལ་ཞིང་རྒྱ་ཆེ་ལ། སྒྱུ་ལུས་ཀྱི་ལྷ་སྐུ་ནི་རྟོག་བཅས་གོམས་པའི་འདྲ་འབག་ཡིན་པས་ད་དུང་ལམ་གྱི་ལྷག་མ་བགྲོད་དགོས་པའི་ཕྱིར་རོ། །ཁྱད་པར་ལམ་འདིར་ཞུགས་པའི་དམ་ཚིག་ཅན། །ས་བཅུའི་སྣང་བས་བསྡུས་པའི་ལོངས་སྐུ་ལ། །འཐོགས་པ་མ་ཡིན་དེ་ཡི་དཔེ་བྱད་ནི། །རང་བཞིན་སྤྲུལ་པར་བཀོད་ལ་མྱུར་དུ་འགྲོ། །འདི་ལྟར་ལམ་མས་བགྲོད་ཀྱིས་ལམ་རིམ་པར་སྦྱངས་ནས་སངས་རྒྱས་པའི་དབྱིངས་ཀྱི་ལོངས་སྐུ་ནི་ས་བཅུ་པའི་སྣང་བས་བསྡུས་པ་ཡིན་པས་འོག་མའི་རང་ལམ་ཚོགས་ཆེན་པོས་མ་རྟོགས་པར་ཐོད་རྒལ་དུ་བགྲོད་ནུས་པའི་དག་ཞིང་མ་ཡིན་ལ། རང་བཞིན་སྤྲུལ་པ་ནི་རང་སྣང་ལྷུན་གྲུབ་ཀྱི་སྒོ་ལས་དེའི་དཔེ་བྱད་མེ་ལོང་དུ་ཤར་བ་ལྟར་སངས་རྒྱས་ཀྱི་ཐུགས་རྗེས་བཀོད་པ་ཡིན་པས་དམ་ཚིག་དང་ལྡན་ན་ལམ་སྦྱངས་བགྲོད་མཐར་མ་ཕྱིན་ཀྱང་དེ་ཉིད་དུ་མིག་འཕྲུལ་ལྟར་སོན་ནས་སངས་རྒྱས་མངོན་སུམ་པ་རྣམས་ལ་ཆོས་མཉན་


JL01_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གདོད་མའི་ས་ལ་དཔག་ཆེན་མདའ་བཞིན་འགྲོ་བའི་ཁྱད་པར་ཡོད་དོ། །མདོར་ན་རྫོགས་པ་ཆེན་པོའི་གནས་ལུགས་ནི་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པས་ཆོས་ཉིད་ཀྱི་རླན་དང་མི་འབྲལ་ལ། །གཞན་དུ་ནི་རྩ་རླུང་གི་བཅུད་པའི་བསྒོམ་པ་ཡིན་པས་རྩོལ་བའི་རྐྱེན་ཁ་ན་ཡོད་དོ། །དེ་བཞིན་ཐོད་རྒལ་གྱི་དུས་ན་རིག་པ་སྐུར་སྨིན་པ་ལ་སོགས་པས་ནི་ལམ་སྣང་དུ་རྩལ་རྫོགས་པར་ནུས་ལ། རྟོག་བཅས་གོམས་པའི་ལྷ་སྐུས་ནི་རྫོགས་རིམ་གྱི་སྨིན་བྱེད་དང་། །འདོད་གཟུགས་ཀྱི་ལྷ་དང་རྫས་མཐུན་པའི་ལུས་ཀྱིས་མཁའ་སྤྱོད་དུ་གྲུབ་མཐའ་སྙོག་པ་ཙམ་ལས་མེད་དོ། །དེ་བཞིན་དུ་འོད་གསལ་ཡེ་གདངས་ཀྱི་ཐིག་ལེ་ནི་དབྱིངས་རིག་གི་སྣང་བ་ཡིན་པས་སྲོག་རྩོལ་གྱི་རྐྱེན་ལམ་ལྟོས་པའི་སྣང་ཉམས་མངོན་སུམ་པའི་ཆོས་ཉིད་ཡིད་དཔྱོད་དང་བྲལ་བ་ཡིན་ལ། ལམ་འབྲས་དང་། སྦྱར་དྲུག་དང་། གསང་འདུས་ཀྱི་ཕྲ་ཏིག་ལ་སོགས་པའི་སྟོང་གཟུགས་ནི་རྩ་རླུང་གི་བྱེད་པ་བཅིངས་པ་ལས་བྱུང་ཞིང་ཤེས་བྱའི་ཉམས་འཕེལ་འགྲིབ་ཅན་དུ་མ་ཟད་སྙིང་ཐིག་ལྟར་ཕྱི་ནང་གི་འབྱུང་བ་དབྱིངས་སུ་དེ་ངས་པས་རྡོ་རྗེའི་སྐུ་བསྒྲུབ་མི་ནུས་སོ། །དེ་སྐད་དུ། ཀུན་ཏུ་བཟང་པོ་ཀློང་དྲུག་པ་ལས་ཀྱང་། །རྙོག་པ་མེད་པའི་རང་སེམས་དང་། །རྟོག་པ་མེད་པའི་རང་རིག་གཉིས། །འདྲའོ་འདྲའོ་ནོར་ར་རེ། །མ་བསྒྲིབས་གཏིང་གསལ་སྣང་བ་དང་། །འགྲོ་བའི་བསམ་རྒྱུད་ཞེན་པ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །མ་བཙལ་བཞག་པའི་བསྒོམ་པ་དང་། །རྩ་རླུང་སེམས་ཀྱི་དལ་སོ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །དྲན་མེད་རིག་པ་ཡུལ་སྣང་དང་། །དྲན་བསམ་འགྲོ་དྲུག་འཁྲུལ་པ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཆོས་ཉིད་དག་པའི་བར་དོ་དང་། །ཡི་དམ་ལྷ་ཡི་སྒྱུ་ལུས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་དང་། །ཐེག་


JL01_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

པས་བགྲངས་པའི་སངས་རྒྱས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །སྐུ་གསུམ་འབྲས་བུའི་མཐར་ཐུག་དང་། །སྣ་ཚོགས་མ་ངེས་ལྷུན་གྲུབ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཐེག་པ་རྣམས་ཀྱི་ཡིད་དཔྱོད་དང་། རིག་པ་མངོན་སུམ་ལྟ་བ་གཉིས། །ལྟ་བའི་ཕྱོགས་ནས་འདྲ་གཉིས་པས། །འདྲའོ་འདྲའོ་ནོར་ར་རེ། །རྩོལ་མེད་རིག་སྐུ་ཡུལ་སྣང་དང་། །མཚན་མ་བསྒོམས་པའི་གཟུགས་བརྙན་གཉིས། །འདྲའོ་འདྲའོ་ནོར་ར་རེ། །རིག་པའི་མཛད་སྤྱོད་རོལ་པ་དང་། །འགྲོ་དྲུག་འཁྲུལ་པའི་སྣང་བ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །རང་བཞིན་རྣམ་དག་ཐིག་ལེ་དང་། །རླུང་བཟུང་མཚན་བཅས་ཐིག་ལེ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཆོས་སྐུ་རྣམ་དག་ཡུལ་དབྱིངས་དང་། །མྱ་ངན་འདས་པའི་གྲོང་ཁྱེར་གཉིས། །འདྲའོ་འདྲའོ་ནོར་ར་རེ། །རང་རིག་བསམ་པ་བྲལ་བ་དང་། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཤེས་རབ་རང་རྩལ་རྫོགས་པ་དང་། །ཡིད་ཀྱི་དྲན་པ་ཕྱིར་ཤོར་གཉིས། །འདྲའོ་འདྲའོ་ནོར་ར་རེ། །གསང་ཆེན་ངེས་པའི་བདེན་ཚིག་དང་། །ལྡེམ་དགོངས་བཅུད་པའི་གེགས་ཚིག་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ངེས་པའི་བཅུད་གསུམ་མན་ངག་དང་། །མཚོན་པ་དཔེ་ཡི་བསླུ་བྲིད་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་གསུངས་པ་ཡིན་ནོ། །ཚུལ་དེ་ལྟ་བུས་རང་སྡེའི་གྲུབ་མཐའ་གང་ཡིན་པའི་ཁྱད་གཞི་དང་ཁྱད་ཆོས་ལ་གདེངས་ཚུད་པར་བྱས་ནས་ད་ནི་གནད་ཐོག་ཏུ་མེ་བཙའ་བཅའ་བ་བཞིན། །སྟོང་ངོས་ཀ་དག་ལ་ལྟོས་ནས་རིག་པ་སྤྲོས་བྲལ་དུ་ཕྱུང་སྟེ་སྟོང་པའི་ཆོས་ཉིད་ཟད་པར་བྱེད་པ་དང་། །སྣང་ངོས་ལྷུན་གྲུབ་ལ་ལྟོས་ནས་རྡོས་བཅས་འོད་གསལ་དུ་དྭངས་ཏེ་སྣང་བའི་ཆོས་ཉིད་ཟད་པར་བྱེད་པའི་ཚུལ་གཉིས་ལས། དང་པོ་ལའང་ཐོག་མར་ལྟ་བ་ཡེ་གྲོལ་ནམ་མཁའ་ལྟ་བུར་སྟོན་པའི་ཚུལ། དེ་ཕྱིར་འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །གདོད་ནས་གྲེལ་པའི་རིག་པ་ཀ་


JL01_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི། །སྟོང་པ་ངོ་བོ་ཉིད་མེད་བསམ་བརྗོད་འདས། །མཚན་ཉིད་བློ་ཡི་བརྗོད་པས་ཐུག་པ་སྤངས། །སྨོན་པ་མེད་ལ་རིག་པའི་ཡོན་ཏན་རྫོགས། །འདི་ལྟར་རྡོ་རྗེའི་ལམ་མཆོག་མན་ངག་རྫོགས་པ་ཆེན་པའི་རང་བཞིན་འགྱུར་བ་མེད་པའི་གཤེས་ཀྱི་བཞུགས་ཚུལ་རྟོགས་པར་བྱས་ནས་དེའི་ངང་ལས་མི་གཡོ་བས་ཉོན་ཤེས་གློ་བུར་གྱི་དྲི་མ་མ་སྤངས་རང་དག་ལ་འགྲོ་བས་ན་ལམ་གྱི་ནང་ནས་ཀྱང་ཉེ་ལམ་མཆོག་ཏུ་གྱུར་པ་སྟེ། ནོར་བུ་ཕྲ་བཀོད་ལས། མཐའ་གཉིས་མི་གནས་རང་གསལ་ཆེ། །ཕྱག་རྒྱའི་རྡོ་རྗེ་འགྱུར་བ་མེད། །མི་བསྐྱད་དཀྱིལ་འཁོར་ལས་བྱུང་བའི། །ཡང་དག་གཞུང་ཉིད་རབ་བརྟན་སྐུ། །ཐིག་ལེ་སྣ་ཚོགས་སྐུ་ཡི་དབྱིག །མཚོན་ལྡན་དཀྱིལ་འཁོར་སྐུ་གསུམ་རྫོགས། །བྱ་བྱེད་མེད་པའི་དབྱིངས་དང་ལྡན། །གཅིག་ལས་མི་གཡོ་ཆོས་ཀྱི་སྐུ། །གཉིས་སུ་མ་ཡིན་རང་སྣང་ཡུལ། །དོན་དམ་ཀུན་རྫོབ་གཉིས་ལས་འདས། །ཞེས་སོ། །དེའང་ཐེག་པའི་རྒྱལ་པོ་འདིའི་དགོངས་པ་ནི་རིག་པའི་ངོ་བོ་ཡེ་ནས་སྤྲོས་བྲལ་ཡིན་པས་སྔོན་ཆད་བསྡམས་པ་ལས་ཕྱིས་ནས་གསར་དུ་བཀོལ་བ་ལྟ་བུར་མི་འདོད་པས་གདོད་ནས་དག་པའི་རིག་པའམ། ཀ་དག་གི་གཤིས་ལུགས་ཡེ་ཇི་བཞིན་པའི་རང་བཞིན་མ་བཅོས་པ་གང་ཡིན་པ་དེ་ཉིད་གཞིའི་ངོས་ནས་རྒྱ་གང་དུའང་མ་ཆད། རང་གི་རང་བཞིན་ལ་ངོ་བོ་ཉིད་མེད་པས་ཕྱོགས་གང་དུའང་མ་ལྷུང་། བདག་རྟོག་གི་བློ་དང་བྲལ་ཞིང་ཟང་ཐལ་རྗེན་པའི་རིག་པ་བསམ་བརྗོད་ལས་འདས་པས་ན་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་ལ་གནས། ལམ་གྱི་ངོས་ནས་ཚིག་དང་ཡི་གེས་མི་མཚོན་ལ། གཟུང་འཛིན་གྱི་ཆ་གཉིས་སུ་འཛིན་པའི་བློའི་བརྗོད་པས་མི་ཐུག་པའི་ཕྱིར་རྣམ་པར་ཐར་པའི་སྒོ་མཆན་མ་མེད་པ་ལ་རང་བཞིན་གྱིས་འཇུག །འབྲས་བུའི་ངོས་ནས་ཐོབ་བྱ་རེ་དོགས་ལས་འདས་པས་སྨོན་པ་མེད་པའི་དབྱིངས་སུ་བྱང་ཆུབ་ཀྱང་


JL01_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

རིག་ཆའི་ཡོན་ཏན་མ་ལུས་ཤིང་ལུས་པ་མེད་པ་རྫོགས་པའི་དམ་ཚིག་འོད་གསལ་རྡོ་རྗེ་སྙིང་པོའི་གདུང་དུ་གནས་ཤིང་། དེ་ཉིད་ལས་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་འབད་པ་མེད་པར་འབྱུང་བའི་ཚུལ་སེང་གེ་རྩལ་རྫོགས་ལས། རིག་པ་གཅིག་ལ་དོན་བརྡོད་པས། །སྐུ་གསུམ་རྒྱལ་བའི་ངོ་བོར་སྣང་། །སྐུ་ལས་ཡེ་ཤེས་ཆོ་འཕྲུལ་འབྱུང་། །སྣང་དང་མི་སྣང་ཆོས་མ་ཡིན། །རྟོགས་དང་མ་རྟོགས་མཐའ་ལས་གྲོལ། །སྣང་བའི་ཡེ་ཤེས་ངོ་བོར་གནས། །འབྱུང་བ་རྐྱེན་གྱིས་མ་གོས་བདག །སྣང་བའི་ཡེ་ཤེས་ཀུན་ཏུ་རོལ། །མཐའ་ཡས་ལམ་ལས་རྣམ་པར་གྲོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ནས། །སྐུ་ཡི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་སྣང་བར་གསལ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་ནས། །གསུང་གི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་གྲག་པར་སྟོན། །སྟོང་གསུམ་འཇིག་རྟེན་རབ་འབྱམས་ནས། །ཐུགས་ཀྱི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་རྟོགས་པར་སངས། །སྐུ་དང་གསུང་དང་རྡོ་རྗེའི་ཐུགས། །སྣང་བ་མེད་ལས་ཐམས་ཅད་སྣང་། །སངས་རྒྱས་སྐུ་དང་ཡེ་ཤེས་འོད། །སྣང་བ་རང་སྣང་ཉིད་དུ་ཡོད། །ཀུན་ཏུ་བཟང་པོ་རང་རིག་པའོ། །ཞེས་སོ། །དེ་ལྟ་བུའི་རིག་པའང་སྟོང་པའི་གདངས་ཀྱིས་ཡེ་ཤེས་ཀྱི་གོ་འབྱེད་པའི་ངོས་ནས་སོ་སོ་རང་རིག་པ་ཞེས་བརྗོད་ཀྱང་དྲན་བསམ་རང་རྒྱུད་པར་མི་གནས་པས་རྟོག་པ་དང་རྫས་འགལ་བའི་ཚུལ། །རིག་པའང་ཤེས་བྱའི་ཡུལ་ལ་མི་གནས་པས། །ང་དང་ང་ཡིར་འཛིན་པའི་ཆོས་དང་བྲལ། དེ་ལ་བསྒོམ་དང་བསྒོམ་པར་བྱ་བ་མེད། །མ་བཅོས་རྣལ་མར་བཞག་ན་རྗེན་པར་མཐོང་། །རང་གི་ངོ་བོ་གཞན་དུ་མ་འགྱུར་ན། །མ་རིག་འཛིན་པས་སྲིད་པར་འཁྲིད་མི་ནུས། །འདི་ལྟར་ལྟ་བསྒོམ་སྤྱོད་འབྲས་ནི་ཤེས་བྱ་ཤེས་བྱེད་ཀྱི་བསྡུས་པའི་ཆོས་ཡིན་ན་དེ་ཉིད་རིག་པའི་སྟེང་དུ་འདུ་མི་ཤེས་ཏེ། །ཅིའི་ཕྱིར་ན་རིག་པ་དེ་ཉིད་ལ་ངོ་བོ་ཉིད་མེད་པས་ཕན་ཚུན་རྫས་


JL01_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའི་ཕྱིར་དང་། །ང་དང་ང་ཡི་རབ་མེད་པས་སྐད་ཅིག་ལ་བྱ་བྱེད་དུ་མ་གྲུབ་པ་ཉིད་དང་། སོ་སོ་རང་གིས་རིག་པས་ལྟ་བསྒོམ་སྤྱོད་འབྲས་ལ་དོན་མོད་པའི་གཏན་ཚིགས་ཆེན་པོ་གསུམ་གྱིས་ལྟ་བའི་སྲོག་མེད། །བསྒོམ་པའི་དམིགས་པ་དང་བྲལ། སྤྱོད་པས་ཕན་མི་འདོགས་ན་བལྟས་པས་མི་མཐོང་བསྒོམས་པས་མི་རྙེད། །སྤྱོད་ཡུལ་དུ་དཔྱད་མི་བཟོད། འབྲས་བུ་མི་བསྒྲུབ་པའི་ཕྱིར་ཏེ་རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་བསྒོམ་དང་སྤྱོད་པ་མེད། །ལེགས་པར་བསྟན་གྱིས་ཡིད་ལ་བཟུང་། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམས་དང་མ་བསྒོམས་མཐའ་ཡས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །གལ་ཏེ་རང་བྱུང་ཡེ་ཤེས་ཉིད། །བསྒོམ་པའི་དབང་དུ་གྱུར་པའི་ཕྱིར། །ཡེ་ཤེས་དམ་བཅའ་འགལ་བར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །བསྒོམས་པས་དོན་མི་མཐོང་བར་བཤད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །བལྟ་བ་སེམས་ཀྱི་དྲི་མ་ཡིན། །དྲི་མེད་དག་པའི་ཆོས་ཉིད་ལ། བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །ཅི་ཕྱིར་བལྟ་བ་ཡོད་གྱུར་ན། །རིག་པའི་སྒྲོན་མ་མེད་པར་འགྱུར། །


JL01_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །ལྟ་བ་འཛིན་པའི་ཆོས་ཉིད་མེད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འབྲས་བུ་བསྒྲུབ་ཏུ་མེད་པར་གསུངས། །འབྲས་བུ་བྱས་མེད་རང་བྱུང་ཉིད། །རྟོག་མེད་ས་ལ་དེ་བཞིན་གཤེགས། །ཡེ་ཤེས་དག་སྣང་ཆེན་པོ་ལ། །འཛིན་མེད་རང་གདངས་གསལ་བའི་ཕྱིར། །གལ་ཏེ་འབྲས་བུ་ཡོད་པ་ན། །སངས་རྒྱས་མེད་པ་ཉིད་དུ་འགྱུར། །རང་བྱུང་རྩོལ་བ་མེད་པའི་ཕྱིར། །འབྲས་བུ་བྱས་པའི་ཆོས་ཉིད་དེ། །བྱས་པ་གང་དང་གང་ཡོད་པ། །འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར། །དེ་ཕྱིར་འབྲས་བུ་བསྒྲུབ་ཏུ་མེད། །ཅེས་སོ། །དེ་ལྟར་ལྟ་བསྒོམ་སྤྱོད་འབྲས་བཞི་མེད་པས་ས་ལ་སྦྱང་པ་དང་། ལམ་ལ་བགྲོད་པ་དང་། འབྲས་བུ་དམིགས་པ་དང་། །དབང་དང་དམ་ཚིག་དང་། རིམ་གཉིས་དང་། ཕྲིན་ལས་བསྒྲུབ་པ་ལ་སོགས་པ་ཡང་བྱར་མེད་དེ། །དེ་དག་ནི་འདུ་བྱས་ཡིན་ལ། །ཆོས་ཉིད་ནི་དུས་གསུམ་རྒྱུ་འབྲས་ལས་འདས་པའི་འདུས་མ་བྱས་ཡིན་པས་རྒྱུ་རྐྱེན་གྱི་རྟེན་འབྲེལ་ལ་མི་བལྟོས་པའི་ཚུལ་ཀུན་བྱེད་ལས། །བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ཀུན་བྱེད་བྱང་ཆུབ་ང་ལ་དད་པ་ཡིས། །ལས་དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་པ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བཙལ་མེད་ལམ་ལ་འགྲོད་དུ་མེད། །ས་ལ་སྦྱང་མེད་རྒྱུ་དང་འབྲས་བུ་མེད། །དོན་དམ་དང་ནི་ཀུན་རྫོབ་རྣམ་གཉིས་མེད། །བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང་། །སེམས་བསྐྱེད་མེད་ཅིང་གཉེན་པོ་མི་མཐོང་བ། །ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡིས། །དེ་ལྟ་བུ་ཡིས་དགོས་ཆེད་བསྟན་པ་ཡིན། །ཞེས་སོ། །འོ་ན་རིམ་པ་བརྒྱད་པོའི་ཆོས་རྣམས་གང་གི་དོན་དུ་བསྟན་ཟེར་ན། འདི་ལྟ་བུའི་སྐྱེ་མེད་ཀྱི་གནས་ལུགས་རྟོགས་པའི་དོན་དུ་ཐེག་པ་རིམ་འཇུག་གི་སྒོས་བསྟན་ལ། རྟོགས་བྱ་ཆོས་ཀྱི་སྐུའི་མཚན་ཉིད་གང་ཡིན་པ་བཅར་ཕོག་ཏུ་ངོས་ཟིན་པའི་གང་ཟག་གིས་


JL01_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་བསྐྱར་ནས་བསྒྲུབས་ན་ཡེ་གྲོལ་ལ་ཡང་གྲོལ་གྱིས་ལྷད་བཏབ་པ་ཞེས་བྱ་སྟེ། སེང་གེ་རྩལ་རྫོགས་ལས། སྐྱེ་མེད་དོན་ལས་འདའ་མེད་ལ། །དམ་ཚིག་བསྲུངས་བས་སངས་མི་རྒྱ། །དཀྱིལ་འཁོར་ཡེ་ནས་རང་གནས་ལ། །དཀྱིལ་འཁོར་བྲིས་པས་ལྷ་མི་མཐོང་། །ཕྱག་རྒྱ་མ་བསྒྱུར་ཡེ་རྫོགས་ལ། །རྩལ་བའི་ཕྱག་རྒྱས་དངོས་གྲུབ་ཡལ། །སྙིང་པོ་ཡེ་ནས་རང་གསལ་བར། །སྙིང་པོ་བཟླས་པས་ས་བོན་རུལ། །གཞལ་ཡས་ཡེ་ནས་རང་རྫོགས་ལ། །གཞལ་ཡས་བསྐྱེད་པས་རང་སྣང་སྟོར། །ཐུགས་རྗེའི་འོད་ཟེར་རང་ཤར་ལ། །ཆ་ལུགས་བསྒོམས་པས་རང་དོན་ཡལ། །མ་བསྐྱེད་ལྷུན་གྱིས་རྫོགས་པ་ལ། །བསྐྱེད་རིམ་སྤྱན་འདྲེན་བྱ་མི་དགོས། །རྩོལ་བའི་མཆོད་བསྟོད་ལྷ་མི་དགྱེས། །ཆོས་སྐུ་འཛིན་མེད་ཟང་ཐལ་ལ། །མཚན་མའི་བསྒོམས་བས་དོན་མི་རྙེད། །ཅེས་སོ། ཁ་ཅིག་སྟོང་ཉིད་ལས་གཞན་པའི་ཆོས་སྐུ་ཡོད་དོ་ཟེར་བའང་ཐོས་པ་ཉུང་དུ་རྣམས་དམིགས་འོག་ཏུ་ཆུད་པའི་བརླས་ཐབས་ཡིད་ལ་བཞག་པ་ཙམ་ལས་རྒྱུ་མཚན་གཞན་མེད་དེ། །སློབ་དཔོན་འཕགས་པས་ཆོས་དབྱིངས་བསྟོད་པར་ས་དང་པོའི་མཐོང་སྤངས་དྲི་བྲལ་རང་བཞིན་རྣམ་དག་གི་ཆོས་སྐུར་གསུངས་པ་ཡང་མ་ངེས་ནས་ངེས་དོན་ཟབ་མོའི་ཚིག་ཐད་དྲང་དུ་ཞལ་གསལ་བར་སྟོན་པའི་གཞུང་བཤིག་ཅིང་། སྐྱེ་བ་མེད་པ་ལ་སོགས་པའི་ཚིག་ཆེན་པོ་ཙམ་གྱིས་དོན་དམ་པའི་གནས་ལུགས་ཁ་བའི་འོག་གི་འབར་འབུར་ལྟར་འཇལ་ནས་ལྟ་བ་ལ་མཆོག་ཏུ་འཛིན་པ་ཙམ་ཞིག་གོ །དེ་ལྟར་མི་འདོད་ན་ཤེར་ཕྱོགས་ཟབ་མོ་ཐམས་ཅད་ནས་སྟོང་པ་ཉིད་ལ་གཟུགས་མེད་པར་བསྟན་པས་ལྷ་དང་དཀྱིལ་འཁོར་གང་། །ཚོར་བ་མེད་པར་བསྟན་པས་རིམ་གཉིས་ཇི་ལྟར་བསྒོམ། །འདུ་ཤེས་མེད་པར་བསྟན་པས་དམ་ཚིག་གང་གིས་བསྲུང་། །འདུ་བྱེད་མེད་པར་བསྟན་པས་


JL01_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་འབྲས་ཇི་ལྟར་འབྲེལ། །རྣམ་ཤེས་མེད་པར་བསྟན་པས་ལྟ་བསྒོམ་སྤྱོད་པ་གང་། །ལམ་མེད་པར་བསྟན་པས་ས་ལམ་གང་དུ་བགྲོད། །ཐོབ་པ་མེད་པར་བསྟན་པས་འབྲས་བུ་ཇི་ལྟར་ཡིན། །མ་ཐོབ་པ་ཡང་མེད་དོ་ཞེས་པ་ཆོས་ཉིད་གང་དུ་འང་མ་གྲུབ་པར་འགག་བསྡམས་པ་སྟེ། །དེ་སྐད་དུ་ས་ར་ཧས། ཀྱེ་མ་རྒྱུ་དང་འབྲས་བུ་གཉིས་ལམ་བལྟ་ཞིག །དངོས་པོར་སྐྱེ་བའི་རྒྱུ་དང་འབྲས་བུ་ཡོད་མིན་ཏེ། །རེ་དང་དོགས་པའི་སེམས་ཀྱིས་རྣལ་འབྱོར་སེམས་མྱོས་ན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་གནས་དེར་འཆིང་བར་འགྱུར། །ཀྱེ་མ་རང་བཞིན་བྲལ་བའི་དེ་ཉིད་བསྒོམ་དུ་ཡིད་མ་ཟེར། །གལ་ཏེ་བསྒོམ་པར་བྱ་དང་སྒོམ་བྱད་གཉིས་རྟོག་ན། །གཉིས་སུ་འཛིན་པའི་ཡིད་ཀྱིས་བྱང་ཆུབ་སེམས་སྤངས་ནས། །སྐྱེས་བུ་དེ་ཡིས་རང་གི་རང་ལ་སྡིག་པ་བྱས། །ཞེས་སོ། །ཚུལ་འདི་ལྟ་བུ་བློར་མི་ཆུད་བ་དག་འཕགས་པས་མཐོན་པོའི་ལམ་ལའང་བསྐྱེད་རིམ་ལ་སོགས་པའི་ཚོགས་གཉིས་མེད་ན་གཟུགས་སྐུའི་ས་བོན་བསྒྲུབ་མི་ནུས་སོ། །ཞེས་མཐའ་གཅིག་ཏུ་ངེས་པར་བྱེད་ཅིང་དམིགས་པ་མེད་པའི་རྫོགས་རིམ་ཟབ་མོ་སྟོན་པའི་མན་ངག་ལ་བསྐུར་བར་བྱེད་པ་ནི་མ་ཧེ་ནི་རྭ་དང་བཅས་པའི་ཕྱིར་གླང་པོ་ཚ་དང་སེང་གེ་ལ་སོགས་པའང་རྭ་ཅན་ཁོ་ནའོ་ཞེས་སྒྲོག་པ་བཞིན་ནོ། །ཅིའི་ཕྱིར་ན་ལས་དང་པོ་པའི་གནས་སྐབས་སུ་ནི་ལྟ་བསྒོམ་སྤྱོད་འབྲས་ཐམས་ཅད་ཡིད་དཔྱོད་འབའ་ཞིག་པ་ཅན་གྱི་ལམ་བདེན་འདུས་བྱས་པ་ལ་བརྟེན་ཅིང་བསྒྲུབ་དགོས་པས་ཐེག་པ་རང་ས་ན་བདེན་པའི་ཕྱིར་ཨ་ནུ་ཡོ་ག་མན་ཆད་དུ་གྲུབ་མཐའ་དེ་ལྟར་བཞག་པ་ལ་ཅེ་རེ་ལོང་དུ་ནི་སོང་། །འདིར་འཕགས་པའི་ལམ་གྱི་རྫོགས་རིམ་ཁྱད་པར་ཅན་སྟོན་པའི་གནས་སྐབས་སུ་ཆོས་ཀྱི་དབྱིངས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་འབྲས་བུ་ལམ་དུ་བྱེད་པའི་ཚིག་རླབས་པོ་ཆེ་ལ་སྐྲག་པ་སྐྱེས་ནས་བལྟར་མངོན་པ་དང་མི་མངོན་པའི་


JL01_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དགག་བསྒྲུབ་དུ་མ་བྱེད་པ་ནི་རང་ཉིད་ཀྱི་ཆོས་ཉིད་ཟབ་མོའི་བདེན་པ་མ་མཐོང་བའི་མངོན་རྟོགས་ངོམ་པར་ཟད་དེ། །འདི་ལྟར་འབྲས་བུ་གཟུགས་སྐུ་བསྒྲུབ་པ་ལ་རྒྱུ་ཡང་དེ་ལྟ་བུའི་མི་དགོས་ཏེ། སངས་རྒྱས་ཀྱི་རང་བཞིན་མཐར་ཐུག་པ་ནི་ཆོས་ཀྱི་སྐུ་ཡིན་པས། །གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་ལ་ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ་། །ཞེས་སོ། །དེ་ལྟ་བུའི་ཆོས་ཀྱི་སྐུ་དེ་ཉིད་ལ་མཁྱེན་ཆ་མེད་དོ་སྙམ་དུ་ཡང་བསམ་པར་མི་བྱ་སྟེ། འཇམ་དཔལ་བཤད་རྒྱུད་ལས། ཤེས་རབ་ངོ་ལ་ཁ་མིག་རྣ་བཅན་དུ་མ་གྲུབ་ཀྱང་། །ཤེས་རབ་གསལ་ཆས་དངོས་མེད་དངོས་ལྟར་མཁྱེན། །ཞེས་སོ། །དེ་ལྟར་ཆོས་ཀྱི་སྐུ་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ་ཉིད་འཐོབ་ན་དེ་ལས་རྣམ་བྱང་གི་དཔེ་བྱད་གཟུགས་སྐུར་འཆར་བའི་ཚུལ་རང་ཤར་ལས། སྟོང་པའི་ངང་ནས་རིག་པའི་ཉི་ཤར་བས། །ནུབ་པ་མེད་པའི་གཏེར་ཆེན་དཀྱིལ་འཁོར་ནས། །འགྱུར་བ་མེད་པའི་སྐུ་ལྔར་ཤར་གྱིས་བྱུང་། །རྟོག་པ་མེད་པའི་ངང་དུ་གཉིས་མེད་རོལ། །ཞེས་སོ། །གལ་ཏེ་དེ་ལྟར་མི་འདེད་ན། །ཆོས་ཉིད་ཅི་ཡང་མ་ཡིན་པའི་ངང་ནས་འཁོར་འདས་སུ་སྣང་བའི་གཟུགས་བརྙན་ཡང་འཆར་མི་ཤེས་པས་བདེ་འགྲོ་ཐོབ་པ་ལ་བདེ་འགྲོ་དང་། ངན་འགྲོ་ཐོབ་པ་ལ་ངན་འགྲོའི་ལུས་རྟེན་བསྒོམ་དགོས་པས་ཧ་ཅང་ཐལ་ལོ། །ཚུལ་དེའི་ཕྱིར་ལྷུན་གྲུབ་རྡོ་རྗེ་སྙིང་པོ་ནི་རིག་པ་ལམ་དུ་བྱེད་པས་ཡིན་ལུགས་ཇི་ལྟ་བ་ལ་གོམས་སུ་འཇུག་པ་སྟེ། འདི་ལྟར་ཐད་ཀའི་རིག་པ་ནི་སྤྲོས་པ་ཀུན་དང་བྲལ་བས་ཡེ་ནས་སངས་རྒྱས་སུ་གྲུབ་ཟིན་པས་ཉི་མའི་རང་བཞིན་གསལ་འགྲིབ་མེད་པ་དང་འདྲ་ལ། །བློ་ཆུང་གི་གཉེན་པོར་བསྟན་པའི་རིམ་པ་བརྒྱད་པོ་རྣམས་


JL01_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ནི་ཚོགས་བརྒྱད་ཀྱི་ཉེར་ལེན་དང་འདྲེས་པའི་སེམས་ལ་མ་བྱེད་མཚན་བཅས་ཀྱི་བསྐྱེད་རྫོགས་ལ་བརྟེན་ནས་དྲི་མས་དྲི་མ་སྦྱོང་བའི་རྒྱུ་རྐྱེན་ལས་གདོད་ཉི་མ་མཐོང་བར་འདོད་པ་ལྟ་བུའི་ཁྱད་པར་ཡོད་པས་རང་བྱུང་གི་ཡེ་ཤེས་ལ་གཞན་བྱུང་གི་རྟོག་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་བསླད་པ་མ་ཞུགས་པ་ཉིད་དུ་ལ་བཟླ་བར་བྱ་སྟེ། ཀུན་བྱེད་ལས། ཆོས་གཅིག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ཏིང་འཛིན་གསུམ་དང་ཆོ་ག་རྣམ་པ་ལྔས། །རང་རྒྱུད་དག་པའི་རྡོ་རྗེ་ཕུང་པོ་ལ། །བསྙེན་སྒྲུར་རྣམ་པ་བཞི་ཡི་ལྷ་བསྒོམས་ནས། །སྣང་ལ་རང་བཞིན་མེད་པར་བྱེད་པ་ནི། །བཙལ་ཞིང་བསྒྲུབས་ནས་རང་སེམས་ལྷར་བཅོས་པས། །དེས་ཀྱང་རང་སེམས་བྱར་མེད་མཐོང་བ་མེད། །རང་གི་ཆོས་ཉིད་བྱང་ཆུབ་སེམས་ལ་ནི། །ཀུན་བྱེད་རྒྱལ་པོ་སྟོན་པའི་སྟོན་པས་ཀྱང་། །རང་སེམས་ཡེ་ནས་ཆོས་ཉིད་གྲོལ་བ་ལས། །སྟོན་པ་གསུམ་ལ་བསྒོམ་པའི་ལུང་མ་བསྟན། །བསྒོམ་སྒྲུབ་བཙལ་ན་རང་སེམས་སྤངས་པ་ཡིན། །ཀྱེ་སེམས་དཔའ་ཆེན་པོ་རང་སེམས་གྲུབ་འདོད་ན། །འདོད་པ་མེད་པས་གྲུབ་པ་ཡིན་པའི་ཕྱིར། །རྟོག་མེད་མཉམ་པ་ཉིད་ལ་གནས་མི་བྱད། །བླང་དོར་མེད་པའི་ཡུལ་ལ་རང་བཞིན་གནས། །གཡོས་པ་མེད་པའི་ངང་ལ་ངང་གི་གནས། །སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་གྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་བསྒྲུབ་ཅིག །བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་གྲུབ་ཟིན་པས་ད་ནི་བསྒྲུབ་མི་དགོས། །ཞེས་སོ། །དེ་ལྟར་བསྒོམ་པའི་ཚེ་རང་སྡེ་ལ་ཞུགས་པའི་ལྟ་བསྒོམ་ནོར་བ་དག་རྟོག་པ་གང་ཤར་དེ་ཉིད་རང་བྱུང་གི་ཡེ་ཤེས་ཡིན་ནོ་ཞེས་ཟེར་བ་ནི་རིག་པའི་ཆོས་ཉིད་ངོས་མ་ཟིན་པའི་


JL01_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་དང་རོལ་པ་ཀུན་འབྱུང་གི་ཕྱོགས་སུ་རྣམ་པར་འཁྱམས་པ་ཡིན་ཏེ། །རྟོག་པ་ནི་བག་ཆགས་ཀྱི་གཞན་བྱུང་ཡིན་པས་ཡུལ་གྱི་རྗེས་སུ་བྱེད་པའི་ཚུལ། ཡུལ་དུ་སྣང་བ་ལས་གཞིག་ཅིང་གཞོམ་དུ་རུང་བས་གཟུགས་སུ་འཛིན། །ཚོར་བས་དེ་དང་དེའི་རང་བཞིན་ལ་སྲེད་ཅིང་ཉམས་སུ་མྱོང་། །འདུ་ཤེས་ཀྱིས་གཡོ་ཞིང་རྣམ་པ་ལ་དཔྱོད། འདུ་བྱེད་ཀྱིས་ཟག་བཅས་ཀྱི་སེམས་རྒྱུན་ཆགས། །རྣམ་པར་ཤེས་པས་ཡུལ་དུ་བྱེད་པ་རང་བྱུང་གི་ཡེ་ཤེས་ལ་བཀབ་སྟེ་སེམས་དང་སེམས་བྱུང་མུ་མཐུད་པའི་དྲན་རྒྱུན་ལ་མ་ཡེངས་པར་འདུག་གོ་སྙམ་ཀྱང་སེམས་ཀྱི་སེམས་ལ་རྟོག་དཔྱོད་དང་བཅས་པས་འཁོར་བའི་རང་བཞིན་ལས་ཅུང་ཟད་ཀྱང་འཕགས་པ་མེད་དེ་ཀུན་བྱེད་ལས། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་སོ། །འོ་ན་རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ན། །སོ་སོ་རང་གི་རིག་པའི་སྟོང་ཉིད། ཤེས་བྱའི་གཤིས་ལ་མ་ཤོར་བའི་སྤྲོས་བྲལ། །རྣམ་རིག་དབུ་མར་མ་བཟུང་བའི་རང་གྲོལ། །ཡེ་གྲོལ་རྒྱ་ཡན་དུ་མ་ཤོར་བའི་ངང་བསྒོམ། །གནས་བྱ་གནས་བྱེད་ལ་མ་བལྟོས་པའི་ཞི་གནས། །ཡུལ་ལ་རྣམ་ཤེས་ཀྱིས་མི་དཔྱོད་པའི་ལྷག་མཐོང་། རང་ངོ་ཀ་དག་ལས་མི་གཡོ་བའི་མཉམ་གཞག །ལྷུན་གྲུབ་འགག་པ་མེད་པའི་རྗེས་ཐོབ། ཀུན་གཞི་དང་མ་འདྲེས་པས་ཐོག་མ་ནས་གྲོལ་བ། །རྣམ་ཤེས་དང་མ་འདྲེས་པས་གློ་བུར་དུ་མ་བསྡམས་པ་རིག་པ། རྒྱ་ཡན། མ་བཅོས། མི་འཆོས། མི་བསྒོམ། མི་ཡེངས། མ་འཁྲུལ། བསམ་ཡས། དེ་ལ་ལྟ་སྒོམ་གྱིས་གཟེངས་མ་བསྟོད་པ། རྟོག་དཔྱོད་ཀྱིས་ཞབས་རྟོག་མ་བྱས་པ། འོག་འགྱུས་དབུ་འཕང་མ་སྨད་པ། ཟང་ཐལ་དུ་ལྷག་གེ །སྟོང་ཉིད་དུ་རྗེན་ནེ་


JL01_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དག་ཏུ་ལྷོད་དེ་བ་ཅིག་ལ་ལྟ་བའི་བླ་དགས་སུ་བཏགས་པ་ཙམ་ལས། དོན་ལ་དེ་དག་ཀྱང་གཤིས་ཐོག་ཏུ་ཡོད་མི་ཤེས། མེད་མི་ཤེས་པའི་ཚུལ་ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་བརྡའ་ཙམ་བཏགས་པ་ཙམ་མོ། །བརྡའ་ཙམ་བཏག་པ་ཙམ་གང་ཡིན་པ་དེ་ནི་གློ་བུར་བ་སྟེ་རི་བོ་ཉིད་ཀྱིས་སྟོད་པ་ཡིན་ནོ། །ཞེས་པས་སློབ་པ་ལམ་གྱི་བདེན་པ་མཐའ་དག་ཀྱང་ཤེས་བྱའི་སྒྲིབ་པ་དང་བཅས་ཤིང་། ངོ་བོ་ཉིད་མེད་པའི་གནས་ལུགས་ནི་སྒྲ་དང་བརྗོད་པའི་ཡུལ་དུ་མི་གནས་པ་སྟེ། རང་ཤར་ལས། རིག་པ་སྤྲོས་དང་བྲལ་བ་ལ། །འཁྲུལ་དང་མ་རིག་ག་ལ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་ལ། །བག་ཆགས་དྲི་མ་ག་ལ་ཡོད། །ཅེས་དང་། མི་འགག་རིག་པའི་ཆོས་ཉིད་ལས། །ཀུན་བཟང་ཡངས་པའི་དབྱིངས་ཉིད་ཤར། །དགོངས་པ་ཤེས་རབ་ཆེན་པོའི་དབྱིངས། །རྟོག་མེད་སྨྲ་བསམ་ཡུལ་ལས་འདས། །དཔེར་ན་ནམ་མཁའི་ཆོ་འཕྲུལ་བཞིན། །ཞེས་སོ། །རྒྱུ་མཚན་རིག་ཐོག་ཏུ་རྡོ་རུས་མ་འཕྲོད་བདག་ཅི་ཡང་མི་སེམས་པ་སྒོང་ང་ལྟ་བུ་དཔེར་བྱས་ནས་སྨྲ་བསམ་བརྗོད་མེད་ཧ་ཤང་གི་ལྟ་བར་འཛིན་པ་ནི་རྒྱལ་བའི་ཡུམ་ལ་བསྐུར་ཞིང་། རྣམ་ཤེས་དང་ཡེ་ཤེས་མ་ཕྱེད་པའི་རྣམ་འགྱུར་ཙམ་དུ་ཟད་དེ། འདི་ལྟར་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་བཅས་པའི་རྟག་དོང་གིས་བཟུང་བའི་སེམས་དང་སེམས་བྱུང་གི་དར་ལྕེ་རྟོག་པའི་རླུང་གིས་བསྐྱོད་ནས་ཡུལ་ཉེ་བར་ལེན་པ་ལ་ཞུགས་པའི་སྒྲོ་བཏགས་ཀྱི་ལྷག་མཐོང་དེས་ནི་བསམ་གཏན་དང་པོ་པ་ཉེར་བསྡོགས་ལས་གཞན་ཅི་ཞིག་རུང་། འོ་ན་ལྷག་མཐོང་མཚན་ཉིད་པ་ཇི་ལྟར་ཡིན་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བྱང་ཆུབ་སེམས་དཔའི་ཞིག་ནས་ནི་ཡང་དག་པའི་བསམ་པ་སྟེ་ཞི་བའི་འདུ་ཤེ་ལ་ཡང་མི་གནས་པའོ། །ལྷག་མཐོང་ནི་ལྟ་བ་མེད་པ་སྟེ། ལྟ་བ་ཉིད་ཀྱང་རྗེས་སུ་མི་མཐོང་བའོ། །གང་གིས་དེ་ལྟར་མཐོང་བ་དེ་ཉིད་ཡང་དག་པར་མཐོང་བའོ། །ཞེས་དང་། དེ་སྐད་དུ་བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་


JL01_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་སོ། ཁྱད་པར་བློ་ངོའི་སྤྲོས་པ་ལས་འདས་པ་ནི་སྨྲ་བསམ་བརྗོད་མེད་ཡིན། དེ་གཉིད་སྟུག་པོའི་གནས་སྐབས་ལས་གཞན་དུ་མི་སྲིད་པ་ཡིན་ན་དབང་གསུམ་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། ཡུལ་ལྔ་ཡིད་ཤེས་དང་བཅས་པ་ཆོས་སྐུར་ཐིམ་ནས་ཀུན་གཞི་ལས་སད་པའི་གནས་སྐབས་ཀྱི། བསམ་གྱིས་མི་ཁྱབ་པའི་གནས་ལུགས་སོ་སོ་རང་རིག་གི་ཡེ་ཤེས་རྣམ་པར་མི་རྟོག་པའི་བདག་ཉིད་ཅན་ཐམས་ཅད་གླེན་པ་བསྒོམ་པ་ལ་སོང་བས་མིག་ལ་སོགས་པའི་སྐྱེ་མཆེད་བཅུ་གཉིས་དང་། མིག་གི་ཁམས་ལ་སོགས་པའི་ཁམས་བཅོ་བརྒྱད་དང་། མ་རིག་པ་མེད་པ་ལ་སོགས་པ་རྟེན་འབྲེལ་གྱིས་སྟོང་པར་བསྟན་པ་དང་། མ་རིག་པ་ཟད་པ་མེད་པ་སོགས་རྣམ་བྱང་གིས་སྟོང་པར་བསྟན་པའི་དོན་ལ་སྐྲག་པར་གྱུར་པས་སེམས་བདེན་འཛིན་གྱི་སྒྲིབ་པ་ཕྱིན་ཅི་ལོག་ལས་མ་འདས་ཤིང་མྱ་ངན་འདས་པའི་དོན་དང་འགལ་བའི་ཚུལ་ཡུམ་གྱི་འགྲེལ་ཆེན་གྱིས་ཤེས་ལ། དེ་སྐད་དུ་དཀོན་བརྩེགས་ལས། རྟོག་པའི་འཁོར་ལོས་སྲིད་པའི་དགོན་པར་ལ་བྱམས། །རྟག་ཏུ་ལས་དང་ཉོན་མོངས་འདུ་བྱེད་ཅིང་། །སྡུག་བསྔལ་བརྒྱ་ཕྲག་མངོན་པར་བསྒྲུབ་པར་བྱེད། །ཞེས་རྟོག་པའི་ས་བོན་ནམ་བསྐྱེད་གཞི་རྣམ་པར་རིག་པ་ཅན་གྱི་རྩ་བ་མ་ཆོད་པས་རྣམ་པར་རྟོག་པ་ཟེར་ཙ་ན་དུས་གསུམ་གྱི་བག་ཆགས་མངོན་གྱུར་བ་ཞིག་ལངས་ནས་ཤེས་པ་འཐོར་ཡས་སྲང་དུ་མི་ཆུད་པ་ཞིག་ལ་ངོས་གཟུང་། དེ་ལས་གཞན་པ་ཡུལ་དང་། དབང་ཤེས་དང་། ཚོར་བ་གསུམ་ལས་བལྟར་མི་མངོན་པའི་ཡིད་བྱེད་ཤིན་ཏུ་ཕྲབ་ཡངས་པ་དེ་མཉམ་གཞག་གི་གནས་སྐབས་སུའང་སོ་སོར་རྟོག་པའི་ཤེས་རབ་ཏུ་ངོས་བཟུང་ནས་བླང་བྱར་བྱས་པས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཐམས་ཅད་རིག་པས་དཔྱད་བཟོད་པའི་ཆོས་


JL01_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་སོང་བའི་ཚུལ། །ལང་དཀར་གཤེགས་པ་ལས། ཇི་ལྟར་རབ་རིབ་ཅན་དག་གིས། །སྐྲ་ཤད་ལོག་པར་འཛིན་པ་ལྟར། །དེ་བཞིན་དངོས་པོར་རྟེག་པ་འདི། །བྱིས་པས་ལོག་པར་རྣམ་པར་བརྟགས། །ཞེས་སོ། །དེའི་ཚུལ་ཡང་ཡུལ་ནི་མིག་ལ་སོགས་པའི་དབང་ཤེས་ད་ལྟར་བའི་ཤེས་པ་དྲུག་པོའི་སྔ་ལོགས་ཀྱི་ཤེས་པ་ཙམ་པོ་བ་ཉིད་པས་སྟོན་སྒོམ་ཐམས་ཅད་དེ་བཞིན་ཉིད་ཀྱི་དམ་ལ་མ་བཞག་པ་མི་སྣང་། དབང་ཤེས་ནི་མིག་ལ་སོགས་པའི་དབང་རྟེན་དང་འབྲེལ་བ་ད་ལྟར་བའི་ཤེས་པ་དྲུག་གོ །ཚོར་བ་ནི་མ་འོངས་པའི་ཆ་སྟེ་རྣམ་པ་དྲུག་གོ །དེ་བས་ན་ཡུལ་གང་ལ་རྣམ་ཤེས་འཇུག་ཀྱང་སྔ་ལོགས་པའི་ཤེས་པ་དྲུག་གང་རུང་གི་རྒྱུན་ཡོད་པ་ནི་ཡུལ་ཞེས་བྱའོ། །དེ་ཉིད་ལ་སྐད་ཅིག་གིས་དེའི་རྣམ་པར་འཛིན་པ་ནི་ད་ལྟའི་ཤེས་པའོ། །དེའི་རྗེས་ལ་ཡུལ་དང་ཤེས་པ་འདུས་པ་ལས་བདེ་སྡུག་བར་མ་གསུམ་ཅི་རིགས་ཀྱི་རྣམ་པར་ཚོར་བ་ནི་མིག་ལ་སོགས་པའི་དབང་པོ་ལྔ་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །མདོར་ན་གཤིས་རིག་པར་གནས་ཀྱང་དེའི་སྒྲིབ་བྱེད་ནི་རང་རྩལ་མ་རིག་པའི་ཆ་ལས་ཀུན་གཞི་དང་། དེ་ལས་མེ་ལོང་དྭངས་པ་ལྟར་ད་ལྟ་མངོན་སུམ་དུ་མ་ཤར་ཀྱང་སྣ་ཚོགས་ཤར་བའི་གཞི་བྱེད་པས་ཀུན་གཞིའི་རྣམ་པར་ཤེས་པ་དང་། དེ་ལས་ཡིད་དང་སྒོ་ལྔའི་ཤེས་པར་བྱུང་ངོ་། །དེ་ལྟར་དྲུག་ཚ་ན་གསུམ་ལས་ཁམས་བཅོ་བརྒྱད་དུ་བྱེད་པའི་གཙོ་བོ། །ཤེས་པ་ཀུན་ཏུ་འཇུག་པ་ལས་བྱུང་བའི་ཡིད་ཀྱི་ཁམས་དང་། དྲན་པ་ཐམས་ཅད་གཅིག་ཏུ་སྡུད་ཅིང་ཡུལ་སྣ་ཚོགས་ལ་འཇུག་པའི་ཡིད་ཀྱི་འདུས་ཏེ་རེག་པའི་ཁམས་གཉིས་ལས། དང་པོའི་རྩལ་གྱིས་ཐལ་བྱུང་གི་སྟོང་པ་ཉིད་ལ་དཔྱོད་པ་ནི་སོ་སོར་རྟོག་པའི་ཤེས་རབ་ཡིན་པར་གྲུབ་ཀྱང་། དེ་ལ་ལྷག་མཐོང་མཚན་ཉིད་པའི་རྒྱུ་མཚན་མེད་དེ། ཕལ་པོ་ཆེ་ལས། རྒྱལ་བའི་སྤྱོད་ཡུལ་འདི་ལ་གང་ཞིག་འཇུག་འདོད་པ།


JL01_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་བསམ་པ་ནམ་མཁའ་ལྟ་བུར་སྦྱངས། །རྟོག་དང་རྣམ་པར་རྟོག་དང་འདུ་ཤེས་འཛིན་སྤོངས་ལ། །ནམ་མཁའ་ལྟ་བུའི་ཡིད་ཀྱིས་འདི་ལ་འཇུག་པར་གྱིས། །ཞེས་པ་དང་ཤིན་ཏུ་འགལ་བའི་ཕྱིར་རོ། །ཡང་རིག་པ་དང་། དེའི་སྒྲིབ་བྱེད་ཀུན་གཞི་ཡན་ལག་དང་བཅས་པའི་མཚན་ཉིད་མ་ཕྱེད་བཞིན་དུ་གླེན་པའི་དག་བགྲོས་ལ་ཕྱོགས་ཏེ་གང་ཤར་ཆོས་སྐུའི་ཡོ་ལངས་ཡིན་ནོ་ཟེར་ནས་བསྒོམ་པ་སེམས་བྱུང་གི་རྣམ་རྟོག་ལ་རེ་བ་རྣམས་ཀྱི་ཉམས་ལེན་དུ་སྣང་ཡང་འཁོར་བའི་རང་བཞིན་ལས་མི་འདའ་སྟེ། རྩ་བ་ཤེས་རབ་ལས། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་པ་དང་ཤིན་ཏུ་འགལ་བའི་ཕྱིར་རོ། །འདི་དག་ལས་ར་ཏས། སྤྱད་བསམ་ངོམས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནི། །བྱས་པ་རྣམས་དང་བྲལ་ཞིང་བསགས་པའི་ལས་མིན་ཞེས། །རང་ཉིད་ཤེས་པ་མདའ་བསྣུན་གྱིས་ནི་དེ་སྨྲས་པ། །མཁས་པ་ཐམས་ཅད་སྙིང་ལ་དུག་གིས་ཁྱབ་པར་འགྱུར། །སེམས་ཉིད་རྣལ་མའི་དོན་ནི་ཀུན་གྱིས་རྟོགས་དཀའོ། །ཞེས་སོ། །ཚུལ་དེའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཚིག་གི་ལམ་དུ་མི་མཚོན་པས་མ་བསྒོམས་པའི་ཐ་སྙད་ཀྱིས་གཏན་ལ་མི་ཕེབས་ལ། བདེན་པ་མ་མཐོང་བར་སྒྲ་ཇི་བཞིན་དུ་མི་རྟོགས་པས་རང་བཞིན་བཞག་དཀའ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་གཅིག་དང་། རང་གི་བློའི་འཇུག་ཚུལ་གཅིག་ལ་དཔགས་པའི་ལྟ་བ་གོ་ཡུལ་ཙམ་དུ་འབྱོར་པས་ཁེངས་ཏེ། ངས་ནི་རྟོགས་སོ་གཞན་ནི་འཁྲུལ་ལོ་སྙམ་པའི་ལྟ་བ་ལ་མཆོག་འཛིན་གྱིས་བློས་ངེས་དོན་ཐང་དྲང་དུ་སྟོན་པའི་མན་ངག་རྙེད་པར་དཀའ་བ་འདི་དག་བླ་སྐུར་པ་གདབ་པར་མི་བྱའོ། །འདི་ལྟར་མན་ངག་རྫོགས་པ་ཆེན་པོ་ནི་


JL01_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱ་གཏིང་ཟབ་ལ་རྗོད་བྱེད་ཞལ་གསལ་བ་ཡིན་ཏེ། བརྗོད་བྱ་གཏིང་ཟབ་པ་ལ་མཚོན་ན་འཕགས་པ་འཇིག་རྟེན་ལས་འདས་པ་རྣམས་ཀྱི་སོ་སོ་རང་རིག་པའི་ཆ་ལ་ཕུང་པོ་ལྔའི་མཚན་ཉིད་རང་བཞིན་མེད་པར་གཏན་ལ་དབབ་པའི་ཚུལ་ཉི་ཟླ་ཁ་སྦྱོར་ལས། མི་རྟོག་པའི་ཕུང་པོ་འདི་ལྟ་སྟེ། བསམ་གཏན་ཐམས་ཅད་འདུས་པས་ན་ཏིང་ངེ་འཛིན་གྱི་ཕུང་པོ་དང་། རིག་པ་ཉིད་ཟག་པ་ཟད་པའི་ཕྱིར་རྣམ་པར་གྲོལ་བ་ཡེ་ཤེས་ཀྱི་ཕུང་པོ་དང་། དེ་ཉིད་ཀྱི་དོན་སྐྱེ་མེད་དུ་སྣང་བས་ན་ཤེས་རབ་ཀྱི་ཕུང་པོ་དང་། དྲི་མ་རྣམས་སྔོན་དུ་དག་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། རྣམ་པར་དག་པ་ཐམས་ཅད་ལས་འདས་པའི་ཕྱིར་རྣམ་པར་གྲོལ་བའི་ཕུང་པོའོ། །ཞེས་སོ། །དེ་བཞིན་དུ་སྐྱེ་མཆེད་ལས་བརྩམས་ཏེ་གཟུང་འཛིན་གྱི་ཆ་ལྡོག་པའི་ཁྱད་པར་ཡང་གཞན་ལས་མངོན་པར་འཕགས་པ་ཡོད་དོ། །རྗོད་བྱེད་ཞལ་གསལ་བ་ལ་མཚོན་ན། ཐལ་འགྱུར་ལས། གནས་ལུགས་འདུག་ཚུལ་འདི་ལྟ་བུ། བཤད་ན་ཉན་ཐོས་རང་སངས་རྒྱས། །རབ་ཏུ་སྐྲག་སྟེ་བརྒྱལ་བར་འགྱུར། །དེས་ན་མཆོག་ཏུ་གསང་བར་བྱ། །བརྟགས་པ་མེད་པའི་ཆོས་རྣམས་ནི། །བྱུངས་མེད་པས་གཞི་ཞེས་བྱ། །དེ་ལ་གནས་པ་མེད་པའི་ཕྱིར། །དངོས་དང་སྟོང་པ་གང་མི་གནས། །གསལ་དང་མུན་པ་སྲིད་འབྱུང་མིན། །འགྲོ་འོང་སྲིད་མཐའ་མོད་ཕྱིར་རོ། །འབད་ཅིང་རྩོལ་བསམ་བཅིངས་པས། །ཟང་མ་ཉིད་དང་ཐལ་བྱུང་ངོ་། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཕྱིར། །དགེ་དང་སྡིག་པའང་གྲུབ་པ་མེད། །དགེ་སྡིག་གཉིས་ཀ་སེལ་ཕྱེར་རོ། །འཁོར་དང་འདས་པར་མི་གནས་པས། །ཆོས་ཉིད་སྟོང་པ་ཀུན་ཁྱབ་ཕྱིར། །ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་གྱི་དབྱེར་མེད་དོ། །ཞེས་དང་།


JL01_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ་རྩལ་རྫོགས་ལས། །ཆོས་སྐུ་རྟོག་མེད་ཀུན་ཏུ་བཟང་མོ་ངས། །རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། །རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་པས་མཚོན་ཏེ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་གཅིག་པོ་ལ་བརྟེན་ནས་ཀྱང་འཁོར་འདས་ཀྱི་མ་ཚང་རྗེན་པར་རྟོགས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་གྱིས་དེ་དག་ཏུ་མཚོན་ཚིག་གི་ཐ་སྙད་ཙམ་དུ་རང་བྱུང་གི་ཡེ་ཤེས་དང་། བྱང་ཆུབ་ཀྱི་སེམས་དང་། ཆོས་སྐུ་དང་། རིག་པ་དང་། ཀ་དག་དང་། སྤྲོས་བྲལ་ལ་སོགས་པའི་མཚན་གཞི་སྣ་ཚོགས་སུ་བྱུང་བའང་བརྡའ་ཤེས་པའི་ཕྱིར་བརྟགས་པ་ཙམ་ལས་དོན་བླ་མའི་བྱིན་རླབས་མོས་གུས་ཀྱིས་ལྷོངས་པའི་རྐྱེན་ལས་བརྗོད་མེད་བློ་འདས་ཆེན་པོར་མ་རྟོགས་ན་རིག་པ་རང་གསལ་རྗེན་པ་ཞེས་པའི་མིང་དོན་ལ་བདག་ཏུ་རྟོག་པས་སེམས་ཙམ་རང་རིག་རང་གསལ་གཟུང་འཛིན་གང་དུའང་མ་གྲུབ་པའི་ཤེས་པ་ཙམ་ངོ་འཕྲོད་པ་ལ་རྩེ་གཅིག་གི་རྟོད་ཕུར་གཏད་ནས་རྫོགས་པ་ཆེན་པོའི་གནས་ལུགས་དངོས་ཅག་གིས་ཤེས་སོ་ཞེས་མུ་ཅོར་སྒྲོག་པ་ཡོད་དེ། ཀུན་བྱེད་ལས། རང་གི་བཞག་ནས་གཞན་མ་རྒྱང་དུ་འཚོལ། །བྱར་མེད་བདེ་བོར་རྩོལ་བ་ངང་དུ་ལེན། །ཚིག་ཆད་ནད་དུ་དེ་ལས་ཆེ་བ་མེད། །ཡེ་ནས་ཡིན་པས་ཡེངས་མེད་ཤོར་མེད་དེ། །བྱར་མེད་རྩོལ་སྒྲུབ་ཀུན་ལས་འདས་པ་ཡིན། །ཞེས་སོ། །དེའི་ཕྱིར་ཀ་དག་གི་སྒྲ་དོན་ཤེས་པས་ཉམས་སུ་བླང་པའི་ཚུལ་ཀློང་ཆེན་རབ་འབྱམས་ལས། ཀ་ཞེས་ཐོག་མར་བྱུང་བ་ལས། །དག་ཅེས་དྲི་མའི་གྲངས་མཐའ་སྡུད། །ཅེས་སོ། །དེ་ཡང་དབང་རབ་ལྟ་ཐོག་


JL01_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གྲོལ་བས་གཤིས་མ་བཅོས་པའི་གནས་ལུགས་བཅར་ཕོག་ཏུ་ངོས་ཟིན་ན་རང་ངོ་ཀ་དག་ཆེན་པོ་ལ། གཟུང་འཛིན་གྱི་ཞེན་པས་འཆིང་མི་ནུས་ཤིག །དེ་ཡང་ཡེངས་ཡུལ་ཆོས་ཉིད་དུ་སོང་བས་འཁྲུལ་མ་འཁྲུལ་དང་། ཡིན་མ་ཡིན་གྱི་ཐ་སྙད་གང་གིས་ཀྱང་མི་ཐུག་པ་ནམ་མཁའ་ལྟ་བུ་ཡིན་པས་སྟོང་པར་མི་བསྒོམ། གསལ་བར་མི་འཛིན། གཉིས་མེད་དུ་སྟང་མི་དཔྱོད། གྲོལ་དུ་མི་རེ། འཁྲུལ་དུ་མི་དོགས། །རྩོལ་བས་མི་བསྒྲུབ། རང་བཞིན་ཡོངས་ཤས་ཀྱི་རིག་པ། དམིགས་གཏད་དང་བྲལ་བའི་ཟང་མཐལ་དུ་འདུག་པ་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་བསླད་པ་མི་གཞུག་པའི་ཚུལ་རྡོ་རྗེའི་གད་མོ་བཅུ་གཉིས་ཀྱིས་སྟོན་ཏེ། རིན་པོ་ཆེ་སྤུངས་པ་ལས། ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་བ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་དགེ་སྡིག་ཆེན་པོ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང་། དྲན་བསམ་ཀྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་ཏེ་ངོ་མཚར། ཇི་ལྟར་བྱས་ཀྱང་འགག་མེད་ཀྱི་ཀློང་དུ་སྐྱེ་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་གནས་པ་ངོ་མཚར། སྐྱེས་བུས་མཚན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལས་སྒྲལ་ཀྱང་། །གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ།


JL01_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་གསུང་གི་རྡོ་རྗེ། རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ། རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། ངོ་བོ་སྟོང་པ་ཆེན་པོ་ཀུན་གཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། །འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ངོ་མཚར། ཕ་རོལ་ཕྱིན་པ་རྣམས་མ་སྤྱད་པ་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། རིག་པ་ཅེར་བཞག་སྟོང་པ་ཆེན་པོ་ཀུན་མཉམ་ཀྱི་ཡེ་ཤེས་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱུན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བས་གྲོལ་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟར་བར་འགྱུར་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ། ཞེས་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་ཚོགས་བརྒྱད་དག་པར་བྱེད་པའི་ངོ་མཚར་གྱི་ཚིག་


JL01_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བརྒྱད་ཀྱང་། སྔ་མ་ལས། ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས། སེམས་ཅན་བྱེ་བའི་སྲོག་བཅད་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ་ཁྱད་པར་རྡུལ་ཙམ་མེད་པ་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ། ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས། རྟག་ཏུ་སྟོང་པ་ཉིད་ལ་གོམས་པར་བསྒོམས་པའི་སྐྱེས་བུ་དང་། སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཙམ་ཞིག་མ་བྱས་པའི་གང་ཟག་གཉིས་འཚང་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་བ་དཔག་ཏུ་སེད་པ་བྱས་པའི་དད་པ་ཅན་དང་། སྲོག་གཅོད་པ་ལ་རྟག་ཏུ་དགའ་བའི་མི་གཉིས་ལ། ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། རིག་པའི་ཡེ་ཤེས་འགྲོ་འོང་མེད་པའི་གནད་ཀྱིས། ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་། ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས། དངོས་པོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས། དམྱལ་པ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་། སངས་རྒྱས་རྣམས་ཀྱི་བདེ་བ་ཉམས་སུ་མྱོང་བའི་སྐྱེས་བུ་གཉིས་ལ། རྟོགས་པའི་སྒོ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས། ཡིད་ཆེས་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་། བདག་རྟག་པར་བལྟ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་


JL01_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཀྱེ་གསུང་གི་རྡོ་རྗེ། ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས། ཕྱི་རོལ་ཏུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་། ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ། འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་དག་ལ་སྤྱོད་པའི་སྐྱེས་བུ་ནི་འབད་པ་མེད་པར་ཉམས་སུ་ལོངས་པའི་གདེང་རྙེད་ནས། སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་སངས་རྒྱ་བ་ཡིན་ནོ། །ཞེས་སོ། །ཚིག་གི་རྒྱལ་པོ་འདི་དག་ནི་མི་འགྱུར་བ་དོན་གྱི་གཏན་ཚིགས་ཆེན་པོ་ཡིན་པས་གླེན་པ་ཕལ་གྱིས་ཐོས་ན་ལས་འབྲས་ལ་ཁྱད་དུ་བསད་ཉེན་ཡོད་པས་རྩ་ལྟུང་བདུན་པ་དང་སྦོམ་པོ་བརྒྱད་པར་འགྱུར་ལ། ཐེག་དམན་རྣམས་ཀྱིས་མཐོད་ན་སྐྲག་པར་འགྱུར་བས་གསང་བའི་ཚུལ། རང་ཤར་ལས། ཚིག་འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ནང་དུ་རྡུལ་ཙམ་ཡང་བརྗོད་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་དག་རྣམས་ཀྱིས་ཚིག་འདི་ཀུན་ཐོས་པས་སྐྲག་པ་དང་། སྡངས་པ་དང་། བརྒྱལ་བར་འགྱུར་ཏེ། གསང་སྔགས་རྣམས་ལ་མི་མོས་ཏེ་ཡིད་ཕྱུང་ནས། དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བས་ན། བསྟན་ཅིང་ཐོས་པར་ཡང་ལྟ་ཅི་སྨོས་ཏེ་རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ། །ཞེས་སོ། །དབང་པོ་འབྲིང་བསྒོམ་ཐོག་ཏུ་གྲོལ་བས་ངོ་བོའི་ཆ་ནས་ངང་བཞག་རང་བབས་ཆེན་པོར་རྩ་བ་ཆོད་ཀྱང་། རྩལ་ལས་ཤར་བའི་ཚོགས་པ་ཡུལ་མེད་དུ་མ་སོད་ན་གཟུང་འཛིན་རང་རྒྱུད་ཤར་ནས་འཁོར་བ་ཤིན་ཏུ་བསྐྱེད་པའི་རྒྱུའི་གཙོ་བོ་མི་ལྡོག་པས། སྐྱེ་འགག་རང་བཞིན་མེད་པར་རྟོགས་པར་བྱེད་པའི་ཚུལ། ཕྱི་རོལ་ཡུལ་དང་བདག་ཏུ་ཞེན་


JL01_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས། བྱེད་པོས་མ་བྱས་སེམས་རྟོག་བལྟས་ལས་གྲུབ། །གཞི་དང་རྩ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ལས་སྐྱེས་མེད་པར་རྫོགས། །དེ་ལས་གཞན་པའི་རྟོགས་པ་ཡོད་མི་དགོས། །ཀློག་དང་འཛིན་དང་བསྒོམ་དང་བསྟན་བཅོས་སེམས། །མཐའ་དག་བློ་ཡི་གྲུབ་མཐར་ཞིག་གྱུར་ན། །ཡིད་སྨོན་མེད་པའི་སངས་རྒྱས་དེ་ཉིད་དེ། །འདི་ལྟར་ཕྱི་ནང་སྣོད་བཅུད་དུ་ཤར་བ་རྣམས་ཀྱང་གློ་བུར་དུ་སྐྱེས་པའི་སེམས་རྟོག་གི་རི་མོ་ལྟར་བྲིས་ཤིང་དེ་ཉིད་ལ་ཞེན་པའི་བག་ཆགས་བརྟས་པ་ཙམ་ལས་དོན་ལ་སྣང་དུས་ཉིད་ནས་ཡོད་མ་མྱོང་བ་བཞིན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་རང་གི་ངོ་བོས་སྟོང་ཞིང་། མཚན་ཉིད་ཅན་དུ་མ་གྲུབ་བས་རང་བཞིན་མེད་པ་སྟེ། མུ་ཏིག་ཕྲེང་བ་ལས། ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་རྣམ་རྟོག་སྤྲིན་གྱིས་སྒྲིབས། །མ་འཁྲུལ་པ་ཡི་ཆོས་ཉིད་ཀྱང་། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང་། །ཞེས་དང་། ཕལ་པོ་ཆེ་ལས། སེམས་ནི་རི་མོ་མཁན་དང་འདྲ། །སེམས་ཀྱི་ཕུང་པོས་བྱས་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་དག་སེམས་ཀྱི་རི་མོ་ཡིན། །ཞེས་སོ། །དེ་བས་ན་སྐྱེ་མེད་ཀྱི་རྩ་བ་ཆོད་པ་ནམ་མཁའ་ལྟ་བུའི་ངང་ནས་འགག་མེད་ཀྱིས་རྩལ་ཇི་ལྟར་གཡོ་ཡང་ཆུ་ལ་རི་མོའི་གཟུགས་སྙེན་མི་ཆགས་པ་བཞིན་སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད་པའི་ཆོས་ཉིད་དུ་ལ་བཟློས་ན། དེ་ལས་གཞན་པའི་རྟོགས་པ་མི་དགོས་ཏེ། ཀུན་བྱེད་ལས། ཀྱེ་སེམས་དཔའ་རྡོ་རྗེ་དོན་ལང་སྒོམས་ཤིག །བསྒོམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་པས། །མ་བསྒོམས་རང་བཞིན་བཞག་ན་བསྒོམ་པ་ཡིན། །དོན་ནི་ཀུན་དོན་སྐྱེ་བ་མེད་པ་སྟེ། །རྣམ་རྟོག་མཚན་མ་དེ་བཞིན་རིག་བྱས་ན། །དྲན་བསམ་ཡིད་ལ་འགྱུ་བ་མ་ལུས་ཀུན། །སྐྱེ་བ་མེད་པའི་ངང་ལས་མི་ཡེངས་པ། །གང་ལྟར་བསམས་ཀྱང་


JL01_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པ་ཡིན་ཤེས་ན། །མ་བསྒོམ་གང་ལྟར་བཞག་ཀྱང་ཡེངས་པ་མེད། །ཅེས་དང་། གསང་སྙིང་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེ་ཙམ་ཉིད་ནས་སྐྱེ་བ་མེད། །ཅེས་པའི་འགྲེས་འགག་པ་དང་། གནས་པ་དང་། དམིགས་པ་དང་། འགྲོ་བ་དང་། འོང་བ་ལྔ་ཀ་ལ་སྦྱར་བ་བཞིན་ནོ། །འདི་ལྟ་བུའི་ཤེས་རབ་ཁྱད་པར་ཅན་ཀླུངས་སུ་ཕེབས་ཙ་ན་ཕྱི་ཡུལ་མེད་དུ་རྟོགས་པས་གཟུང་བའི་ཆོས་རྣམ་པར་དག །ནང་ཡུལ་ཅན་དུ་མི་གནས་པས་འཛིན་པ་གཞི་མེད་རྩ་བྲལ་དུ་སོང་། རྟེན་གཞི་མེད་པའི་རིག་པ་ལ་མཚོན་བརྗོད་ཀྱི་བློས་མི་ཐུག །ནམ་ཡང་འཁྲུལ་མི་ཤེས་པས་ལྟ་སྒོམ་གྱི་ཁྲིགས་ཤིག་ཉམས་སུ་བླང་དུ་མེད་པས་ཐུན་མཆམས་ཀྱི་ཕྱོགས་རིས་མེད། དྲན་པ་ཆོས་ཉིད་དུ་སོང་བས་གཉེན་པོའི་ཆོས་ཟད། རིག་པ་ཆོས་སྐུར་ཤེས་པས་སེམས་ཅན་དང་སངས་རྒྱས་སུ་མ་གྲུབ་པ་སྟེ། ཐལ་འགྱུར་ལས། ཆོས་ཀུན་གཞི་མེད་རྩ་བ་སུ་ལ་སྲིད། །སྲིད་བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་བཅོས་བརྗོད་ལས་འདས། །བྱ་བྱེད་འཁྲུལ་པའི་རྟོག་པ་ཟད། །ཆོས་མེད་སངས་རྒྱས་མེད་ཅིང་སེམས་ཅན་མེད། །ང་མེད་བདག་མེད་གཟུང་དང་འཛིན་པ་མེད། །ཚིག་ཏུ་བརྗོད་པ་མ་ཡིན་ཏེ། །སེམས་ཞེས་གནས་པ་ཙམ་དུའང་མེད། །མེད་ཕྱིར་སྟོང་པའི་སྣང་བ་ལ། །དྲན་ཤེས་རྣམས་ཀྱི་ཁུངས་ཟད་པའོ། །བྱས་པ་མེད་པའི་ཆོས་ཉིད་ལ། །བྱུང་བ་མེད་པ་ཡ་མཚན་ཆེ། །བྱུང་བ་མེད་པའི་ཆོས་སྐུ་ལ། །འགྲོ་འོང་མེད་པ་ཡ་མཚན་ཆེ། །འཁོར་ས་མེད་པའི་རིག་པ་ལ། །བྱུང་ས་མེད་པའི་ཆོས་ཉིད་དོ། །ཞེས་སོ། །ཚུལ་དེ་ལྟ་བུ་རྟོགས་ན་རིག་པའི་རང་ངོ་དུས་ཐམས་ཅད་པས་ཡུལ་


JL01_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚོགས་པ་མི་སྡུད་ཅིང་། ཡུལ་ཅན་ལ་བསམ་བརྗོད་ཀྱི་སྤྲོས་པས་གཞལ་བའི་ཐོས་བསམ་བསྒོམ་གསུམ་དང་སེམས་ལ་ངེས་པ་ཐོབ་པའི་ཐེག་པ་འོག་མ་ཐམས་ཅད་བློས་བཅོས་པའི་ཐ་སྙད་ཀྱི་གྲུབ་མཐར་འཇིག་པའི་ཚུལ། ཀུན་བྱེད་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །དེ་ཡང་ཇི་ལྟ་བུ་ཞེས་ན། །བྱང་ཆུབ་སེམས་དཔའི་མདོ་སྡེ་ནི། །ཀུན་ཏུ་འོད་ཀྱིས་འདོད་པ། །བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱི། །ཆོས་ཉིད་སྟོང་པ་ནམ་མཁར་འདོད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །རྟོག་དཔྱོད་འདས་ལ་མདོ་སྡེས་བསྒྲིབས། །རྫོགས་ཆེན་རྟོག་དང་དཔྱོད་པ་ནི། མདོ་སྡེ་དག་ཏུ་གོལ་བར་བཤད། །ཀྲི་ཡ་རྡོ་རྗེ་འཛིན་འདོད་པ། །དག་པ་རྣམ་གསུམ་སྒོར་ཞུགས་ནས། །གཟུང་འཛིན་དག་པའི་ཡུལ་ལ་གནས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཟུང་འཛིན་འདས་པའི་བྱང་ཆུབ་སེམས། །གཟུང་འཛིན་འདས་ལ་ཀྲི་ཡས་བསྒྲིབས། །རྫོགས་ཆེན་གཟུང་དང་འཛིན་བྱེད་པ། །ཀྲི་ཡ་དག་ཏུ་གོལ་བར་བཤད། །ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །ཀྲི་ཡ་སྤྱོད་ཅིང་ཡོ་ག་བསྒྲུབ། །ལྟ་སྤྱོད་འབྲེལ་པ་དོན་མེད་པས། །གཉིས་སུ་མེད་པའི་དོན་མ་རྟོགས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །གཉིས་སུ་མེད་ལ་ཨུ་པས་བསྒྲིབས། །རྫོགས་ཆེན་གཉིས་སུ་བྱེད་པ་ནི། །ཨུ་པ་ཡོ་གར་གོལ་བར་བཤད། །ཡོ་ག་སྟུག་པོ་བཀོད་འདོད་པས། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཕྱག་རྒྱ་བཞི་ལ་གཙོར་བྱེད་པ། །བླང་དོར་མེད་ལ་འཇུག་མ་ནུས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །བླང་དོར་མེད་པའི་ ཆུབ་སེམས། །བླང་དོར་མེད་ལ་ཡོ་གས་བསྒྲིབས། །རྫོགས་ཆེན་བླང་དང་དོར་བྱེད་པ། །ཡོ་


JL01_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ག་དག་ཏུ་གོལ་བར་བཤད། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཐབས་དང་ཤེས་རབ་བསྒོར་བཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་སྒྲུབ་རྣམ་བཞིས་བསྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྩོལ་སྒྲུབ་བྲལ་བའི་བྱང་ཆུབ་སེམས། །རྩོལ་སྒྲུབ་འདས་ལ་མ་ཧཱས་བསྒྲིབས། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་ས་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་སོ། །ཚུལ་དེའི་ཕྱིར་རང་བཞིན་རྫོགས་པ་ཆེན་པོ་ནི་རིག་པ་གཤིས་ཐོག་ཏུ་གྲོལ་བ་ལ་སངས་རྒྱས་པའི་བརྡའ་ཆད་བཞག་པ་ཉིད་ལས། ཡིད་སྨོན་གྱི་སངས་རྒྱས་གུས་ནས་འཚོལ་བ་མ་ཡིན་པས་དུས་གསུམ་སངས་རྒྱས་རང་རིག་གཟུང་འཛིན་དང་བྲལ་བའི་ངང་དུ་རྫོགས་པའི་ཚུལ་རྩལ་རྫོགས་ལས། གཉིས་མེད་རིག་པའི་རང་སྣང་ཅིར་ཡང་འཆར། །ཆོས་སྐུ་དངོས་བྲལ་ཡེ་ཤེས་གསང་བ་ཉིད། །སྣང་བ་རང་ལུགས་ཡེ་འབྱམས་ཐུགས་ལ་གནས། །ཟག་མེད་རིག་པའི་སྣང་བ་ཅིར་ཡང་སྣང་། །འགགས་མེད་རོལ་པའི་རིག་པ་ཅིར་ཡང་འཆར། །རྟོག་མེད་ཐུགས་ཀྱི་དགོངས་པ་མཉམ་པ་ཉིད། །དུས་གསུམ་སངས་རྒྱས་རིག་པ་གཟུང་འཛིན་བྲལ། །ཞེས་དང་། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་ལས། སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་གསུངས། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་དེ། །སེམས་ཅན་རྣམས་དང་བྱང་


JL01_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་གཉིས་མ་ཡིན། །དེ་ལྟར་ཤེས་ན་སྐྱེས་བུ་མཆོག་ཏུ་འགྱུར། །ཞེས་སོ། །དེའི་ཕྱིར་རིག་པ་ནམ་མཁའ་ལྟ་བུའི་དོན་ལ་གོམས་ཤིང་བརྟན་པ་རྣམས་ནི། །ཕྱི་སྣང་བ་ནང་རང་ལུས། གསང་བ་སེམས་སུ་འདུས་པའི་ཚོགས་པ་གསུམ་ལས་རྡོས་བཅས་ཀྱི་གསལ་སྣང་ཆུ་ཟླ་ལྟ་བུར་རྟོགས་པས་སྣང་བའི་ཆོས་ཟད། རི་བྲག་དང་བརྩེགས་པ་ལ་ཐོགས་པ་མེད། །སེམས་འཕགས་པའི་བདེན་པ་ལ་གནས་པས་སྤྱན་དང་མངོན་ཤེས་ལ་སོགས་པ་ཐོབ་ཅིང་། ཡང་སྲིད་ལས་རྣམ་པར་གྲོལ་ཏེ། སེང་གེ་རྩལ་རྫོགས་ལས། འཕགས་པའི་བདེན་པ་མཐོང་ན་རྒྱལ་བའི་སྲས་རྟོགས་པ་ཁོང་དུ་ཆུད་ན་ནམ་ཡང་བདེ། །ཞེས་སོ། །དེ་ཡང་སྟོང་པ་དག་མཉམ་ཀ་དག་གིས་ལ་གྲོལ་ན་ལུས་ཀྱི་འབྱུང་བཞིའི་རྡུལ་ཕྲན་ཀྱང་ཡེ་ཤེས་ཀྱི་མེས་སྦྱངས་ཏེ་ན་བུན་ཡལ་བ་ལྟར་ནམ་མཁའི་མཐོངས་སུ་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་གཤེགས། རིག་པ་ཆོས་སྐུའི་དབྱིངས་སུ་འཁྱིལ་ནས་སྤྲུལ་པའི་སྐུ་རྒྱུན་ཆད་མེད་པས་འཁོར་བ་མ་སྟོངས་ཀྱི་བར་དུ་གཞན་དོན་མཛད་པའི་ཚུལ་སྟོང་ཁུང་རོང་བྲག་དམར་རྫོང་གི་དགོན་པར་བཻ་རོའི་དངོས་སློབ་སྤངས་མི་ཕམ་མགོན་པོ་དང་། དེའི་སློབ་རྒྱུད་རྒྱལ་རོང་བྲག་ལྷ་མགོན་པོའི་དགོན་པར་སྦྲུལ་ལོ་གཅིག་གི་སྔ་རྟིང་དུ་གཤེགས་པ་གཉིས་དང་། ཕུག་པོ་ཆེའི་ལྷ་རིའི་རྩེར་ཉང་ཤེས་རབ་འབྱུང་གནས་ལ་སོགས་པ་ད་ལྟ་རང་ཡོད་འཕྲོ་ལ་ལུས་ན་བུན་ཡལ་བ་ལྟར་རྡུལ་ཕྲན་དུ་དེངས་པ་ལྟ་བུ་སྟེ། རིན་པོ་ཆེ་སྤུངས་པ་ལས། མི་སྣང་རྟོག་པ་མེད་པ་ཡིས། །སྣང་བ་ཐམས་ཅད་རང་དག་ནས། །ཐམས་ཅད་ཟད་མ་ཐལ་བྱུང་དུ། །སྟོང་གསལ་ཆེན་པོའི་རིགས་སུ་འགྱུར། །ས་ཆུ་མེ་རླུང་འབྱུང་བ་བཞིས། །སོ་སོའི་ནུས་པ་མི་སྣང་བས། །ན་བུན་བཞིན་དུ་མཁའ་ལ་དེངས། །ཞེས་སོ། །གལ་ཏེ་གཞན་དོན་དུ་འགྱུར་ན་རྡུལ་ཕྲན་དེངས་པ་དེ་དག་རིང་བསྲིལ་དུ་བྱིན་གྱིས་བརླབས་ནས་འཇོག་


JL01_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

པའང་ཡོད་ལ། རྟོགས་པ་ཚད་དུ་ཕྱིན་ནས་གཞན་དོན་གྱི་རྣམ་གཡེང་མེད་པས་རླུང་སེམས་རང་མལ་དུ་དྭངས་སུ་བཅུག་པ་རྣམས་རྡུལ་ཕྲན་དུ་ཅུང་མ་ཕྱིན་ཡང་ཕུང་པོ་ལྟོས་ཆུང་ཞིང་ལྕིད་ཤིན་ཏུ་ཡང་བ་ལ་སོགས་འབྱུང་སྟེ། རིག་པ་ཟང་ཐལ་གོས་བཀད་།།།དག་ལ་ཐིམ་པ་ལས་བྱུང་བ་སྟེ། མུ་ཏིག་འཕྲེང་བ་ལས། ཀ་ནས་དག་པས་དྲི་མ་ཟད། །ཐོག་མར་བྱུང་བས་རྒྱུད་པ་ཟད། །ཅེས་སོ། །གཉིས་པ་སྣང་བ་ཟད་པར་བྱེད་པ་ཐོད་རྒལ་གྱི་མན་ངག་སྟོན་པའི་ཕྱིར། ཁྱད་པར་བླ་ན་མེད་པའི་ཐོད་རྒལ་ནི། །རིག་གདངས་མངོན་སུམ་མཐོང་བས་གོ་ལས་ཉུང་། །ཕྱི་འབྱུང་ས་རྡོ་རི་བྲག་ཡུལ་སྣང་གི །རྡོས་བཅས་དྲི་མ་ཟད་པས་འབྱུང་ཆེན་གྱི། །ཡེ་ཤེས་འོད་གསལ་ཆེན་པོར་དྭངས་པའི་ལམ། །མངོན་དུ་བྱེད་པ་ནང་འབྱུང་ཁྲེགས་ཆོད་ཀྱིས། །རྡུལ་ཕྲན་ཉིད་ལས་དྭངས་པར་མ་ནུས་པའང་། །འཕོ་བ་ཆེན་པོ་རྡོ་རྗེའི་སྐུར་སྨིན་ནས། །གཞན་དོན་འཁོར་བ་མ་སྟོངས་བར་དུ་མཛད། །དེ་ཕྱིར་རང་གི་སྡེ་བས་ཡིད་དཔྱོད་ཀྱི། །ལྟ་བསྒོམ་སྤྱོད་འབྲས་ཀུན་དང་ཁྱད་ཞུགས་པའི། །མཚན་ཉིད་ལེགས་པར་ཕྱེད་པ་མན་ངག་ཡིན། །དེ་ལ་བརྩོན་འགྲུས་ཅན་གྱིས་བསྒོམས་ནས་གྲོལ་བའི་ལམ་ཐོད་རྒལ་ནི་གཟུང་ཡུལ་རགས་པའི་འཁྲུལ་སྣང་འོད་གསལ་དུ་བསྒྱུར་བ་ལ་སོགས་བསྒོམ་པའི་ཆ་ནས་ཁྲེགས་ཆོད་ལས་ལམ་མྱུར་བ་ཡིན་ཏེ། འདི་ལྟར་ཀ་དག་གི་གཤིས་ཐོག་ཏུ་གྲོལ་ནས་ཡུལ་སྣང་རང་བཞིན་མེད་པར་འགྲོ་བར་ཕྱ་ཆད་པས་མིག་ཤེས་ཀྱི་གཟུང་ཡུལ་ཐ་མལ་པའི་ཆལ་གཟུགས་ལ་སོགས་པའི་དབང་ཤེས་ཀྱིས་འབྲེལ་བའི་འཛིན་ཆ་ཁྲེགས་ཆོད་དུ་རེ་ཞིག་དབང་རྣོན་གྱི་གཞི་བྲལ་དང་། རྟུལ་པོས་སྒྱུ་མ་ལྟ་བུར་རྒྱས་འདེབས་པའི་ཡིད་དཔྱོད་ཙམ་ལས་མེད་པ་ཐོད་རྒལ་དུ་གནད་ལ་བརྟེན་པའི་འོད་ལྔ་དབྱིངས་


JL01_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

རིག་གི་སྣང་བ་ཡུལ་དུ་འཆར་བས་ཐོག་མ་ནས་ཕྱི་འབྱུང་གི་སྣང་ཆ་ཐ་མལ་བའི་བག་ཆགས་ལྡོག་པར་འགྱུར་བའི་ཁྱད་ཡོད་དེ། །ཐལ་འགྱུར་ལས། འདི་ནི་རང་ཡུལ་བསྟན་པ་ལས། འཁོར་རྐྱེན་འཇུག་པ་མ་ཡིན་པར། །ཟང་མ་ཉིད་དང་ཐལ་བྱུང་དུ། །ཡུལ་དང་ཤེས་པའི་སྣང་ཆ་ལས། །ཐ་ཀ་སོ་སོའི་གཞི་ལས་གྲོལ། །ཞེས་སོ། །དེ་ཡང་ཁྲེགས་ཆོད་ཚད་དུ་ཕྱིན་ན་ནང་དུ་འབྱུང་བ་དྭེངས་པས་ལུས་རྡུལ་ཕྲན་དུ་འགྲོ་བ་ཡོད་ཀྱང་འོད་ལུས་སུ་མ་སོང་ན་རྡོ་རྗེའི་སྐུ་མི་འཐོབ་པས་རྟེན་དེས་འཁོར་བ་མ་སྟོངས་ཀྱི་བར་བཞུགས་པའི་གཞན་དོན་མི་འགྲུབ་པའི་ཕྱིར་རྡུལ་ཕྲན་དུ་དྭེངས་པ་དང་། འོད་ལུས་སུ་སོང་བའི་ཆལ། །འཕོ་བ་ཆེན་མོས་གཞན་དོན་བྱེད་མི་བྱེད་དང་། རྫུ་འཕྲུལ་ལ་རླབས་ཆེ་ཆུང་གི་ཁྱད་པར་ཡོད་དེ། །དཔེར་ན་རྒྱལ་དབང་པདྨ་དང་། སྤངས་རྟོགས་ཀྱི་ཡོན་ཏན་མཉམ་པ་གཞན་དག་ཕྲིན་ལས་ཀྱི་རླབས་དང་རྒྱུན་ལ་ཁྱད་ཞུགས་པ་བཞིན་ནོ། །ཇི་ལྟར་ཞུགས་ན་བྷོ་ཊའི་ཡུལ་ཙམ་ལ་ལྟོས་ཀྱང་སངས་རྒྱས་ཀྱི་བསྟན་པ་དར་དུ་མི་གཞུག་པའི་བརླང་པོར་སྤྱོད་པ་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་དང་ཕྲིན་ལས་ཆུད་གཟོན་པར་བྱེད་པ་ལས་ལྡོག་པ་འདི་གཅིག་པུས་ཀྱང་ཤས་པ་ཉིད་ཀྱང་མཐང་གེས་སྔོན་པོའི་རྫུན་གཏམ་གྱིས་གྱི་ནར་བཅོས་ནས་ལྷས་བྱིན་གྱི་བརྟུལ་བཞུགས་འཛིན་པ་དག་ནི་སྙིང་ལོ་འདོད་པའི་ལྷས་གནས་མལ་བཅས་པའོ། །དེ་ཡང་འོད་ལུས་དང་བསམ་གཏན་གྱི་ལུས་གཉིས་ཀྱི་ཁྱད་ནི་འོད་ལུས་ནི་རིག་པས་གཟུང་བའི་རང་འོད་དྲི་མ་མེད་པ་སངས་རྒྱས་ཀྱི་སྤྱན་གྱི་ཡུལ་ལས་གཞན་མ་ཡིན་ལ། བསམ་གཏན་གྱི་ལྷའི་ལུས་ནི་འབྱུང་བཞིའི་རྡུལ་ཕྲན་དངས་ཀྱང་རྣམ་སྨིན་བག་ཆགས་སྐྱེས་ཀྱིས་ལུས་ལས་དབང་དུ་འགྱེས་ཆོས་ཅན་སེམས་ཅན་ལྷའི་མིག་ཡོད་པ་ལ་སྣང་བའི་ཁྱད་པར་ཡོད་དེ། ཀློང་དྲུག་པ་ལས།


JL01_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པས་གཟུང་བའི་ཡིད་ཀྱི་ལུས། །འབྱུང་བ་རང་སར་སངས་བའི་ཕྱིར། །འདི་ཡང་མི་སྣང་རང་སར་ཡལ། །རིག་པས་གཟུང་བའི་འོད་ཀྱི་ལུས། །ཆུ་ཟླའི་དཀྱིལ་འཁོར་བཞིན་དུའོ། །འདི་ཚེ་ཆོས་ཉིད་ཟད་དང་ཉེ། །ཞེས་སོ། །དེ་བཞིན་དུ་རིག་པའི་ཆོས་ཉིད་སྟོང་པ་བལྟར་མེད་པ་དེ་སྙམ་བྱེད་དུ་ཤོར་བའི་གོལ་སའང་འབྱུང་ཉེ་ལ། །ཐོད་རྒལ་དུ་གནད་གཅུན་པས་རྟོག་པ་ཤེད་ཅན་རང་འགགས་ཤིང་། ཤེད་ཆུང་སྟོང་ཡལ་ལ་སོང་ནས་ཆོས་ཉིད་ཀྱི་ནང་མདངས་མངོན་སུམ་པ་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ནས་ལྷ་སྐུའི་བར་དུ་རྩལ་རྫོགས་ཤིང་། སྨིན་པའི་འོད་གསལ་གྱི་གོ་མ་འགགས་པའི་གདངས་མངོན་སུམ་པ་ལ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་རྫོགས་ཤིང་། ཕྱི་ནང་གཉིས་གའི་འཁྲུལ་སྣང་དང་འཁྲུལ་འཛིན་མ་སྤངས་རང་དག་ཏུ་གྲོལ་བའི་གནད་དེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་པས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་གཉིས་གྲོལ། །ཤེས་པ་འགྱུ་བ་སྟོང་ཡལ་བས། །མཐོང་ཤེས་རག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་སོ། །དེའང་ཀུན་མཁྱེན་ཆེན་པོ་ནི་འཕགས་ཚུལ་བདུན་དུ་འབྱེད་དོ། །དེ་ལ་དངོས་གཞིའི་ཆ་ནས་བཙའ་བ་ལུས་ཀྱི་གནད་གསུམ། འཁྲིད་པ་དབྱིངས་ཀྱི་གནད་གསུམ། སྣང་བ་ཡུལ་གྱི་གནད་གསུམ་ལས། དང་པོ་ནི་ལུས་ཀྱི་གནད་གསུམ་གང་འཆའ་ཡང་རུང་སྟེ། ཧ་ཅང་བསྡམས་ཆེས་པ་དང་བསྒྲིམས་དྲག་པ་དང་། ཆུས་པ་མ་ཡིན་པར་ལྷོང་ཆ་ཆེ་བའི་བདེ་ལུགས་བཙལ་བས། རྩ་འཆུས་དང་རླུང་ལོག་འབྱམས་ཀྱི་ཉེས་པ་སེལ་བ་ཡིན་ལ་སྤྱིར་འོག་མའི་རྫོགས་རིམ་རྣམས་སུ་ནི་རླུང་སྣ་སྒོ་ནས་འབྱུང་རྡུབ་བྱེད་ཅིང་གསལ་


JL01_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

བ་རིས་ཆད་དུ་བལྟ་བས་ཀུན་ཏུ་རྟོག་པ་དར་ཅིག་འགགས་ཀྱང་གཏན་མི་འགགས་པ་དང་། འཁོར་ལོ་བཞི་ལ་སོགས་པར་བཀང་ནས་ཞུ་བདེའི་ཡེ་ཤེས་འདྲེན་པའང་། བདེ་བ་ལ་སྟོང་པས་རྒྱས་འདེབས་པས་བཅོས་མ་ཤས་ཆེ་ཞིང་། ལྷན་ཅིག་སྐྱེས་པའི་སྔ་ལོགས་པ་ཐམས་ཅད་འདོད་ཁམས་པའི་སེམས་དང་འབྲེལ་ཆེ་བས་འཁོར་བའི་ས་བོན་རྒྱུན་གཅོད་པར་དཀའ་ཞིང་རླུང་ལོག་པ་དང་། འབྱམས་པ་དང་། འཁྱིལ་བ་དང་། རྨུགས་པ་བཞིའི་སྐྱོན་ལས་འཁྲུལ་སྣང་ཀྱང་འབྱུང་ཉེའོ། །འདིར་ནི་རླུང་རང་བབས་ཀྱིས་དག་ཏུ་འཇུག་པ་ལས་འཕེལ་བ་ལམ་དུ་མི་བྱེད་པས་ཁ་ནས་རང་འགགས་ལ་གཏོང་བའི་རྒྱུ་མཚན་ཡང་། ངོ་སྤྲོད་སྤྲས་པ་ལས། སེམས་ཀྱི་རྟེན་ནི་ཤ་ཁྲག་གི་ལུས་བྱང་ཁོག་གི་སྟོད་ཡིན་ནོ། །གནས་ནི་གློ་བའི་ནང་ན་གནས་སོ། །ལམ་ནི་གློ་བ་ནས་མགྲིན་པར་རྩ་གྲོ་སོག་གི་སྦུབས་ཙམ་ཞིག་འབྲེལ་ནས་ཡོད་དོ། །དེ་ནས་ཡར་དབུགས་རྒྱུ་བ་དེ་སེམས་ཀྱི་ལམ་ཡིན་ནོ། །སྣོད་ནི་འདོད་པའི་སྒོ་ཁ་དང་སྣ་བུག་གཉིས་ཏེ་གསུམ་ཡིན་ནོ། །འདོད་པའི་ཤེས་པ་ཞིག་དེ་ནས་འབྱུང་ངོ་། །སེམས་རང་གི་ངོ་བོ་ནི་རྣམ་པར་རྟོག་པ་དང་བཅས་པ་དབུགས་ཕྱི་ནང་དུ་རྒྱུ་བ་འདི་རང་ཡིན་ནོ། །རིགས་ཀྱི་བུ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འཁོར་བའི་རྒྱུ་ཡིན་ནོ། །ཞེས་སོ། །དེའི་ཕྱིར་སེམས་ཀྱི་བཞོན་པ་ལས་རླུང་གི་འགྱུ་བ་རང་འགགས་ལ་གཏོང་བའི་ཕྱིར་རླུང་ཁ་སྒོ་ནས་རང་ལུགས་སུ་དལ་བུས་དྲངས་ལ་ཕྱིར་ཇི་ལྟར་གནས་གནས་གློད་དོ། གནད་དེས་སེམས་ཀྱི་བཞོན་བརྟ་ལྟ་བུའི་རླུང་ཕྱིར་གྱེས། དྲན་རྟོག་མི་ལྟ་བུ་རིག་པ་ལ་ཐིམ་པས་རང་བབས་ཀྱི་བསམ་གཏན་ལ་གནས་པ་སྟེ། སྔ་མ་ལས། གསང་བའི་བདག་པོ་བདེ་བར་གཤེགས་པ་ཡེ་ཤེས་ཀྱི་ལུས་ཅན་བརྟེན་པ་རང་གི་ལུས་བྱང་ཁོག་སྟོད་འདི་ན་བརྟེན་ནས་ཡོད་དོ། །གནས་སྙིང་ན་གནས་པའོ། །ལམ་


JL01_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྙིང་དང་མིག་གི་བར་དུ་རྩ་དར་དཀར་གྱི་སྐུད་པ་ལྟ་བུ་མཉེན་ལ་འཁྲིལ་བ་ཁྲག་དང་ཆུ་སེར་མེད་པ་གཅིག་གིས་འབྲེལ་ནས་ཡོད་དོ། །དེ་ནི་ཡེ་ཤེས་ཀྱི་ལམ་ཡིན་ནོ། །སྒོ་ནི་མངོན་དུ་གྱུར་པའི་སྒོ་གཉིས་ལྐོག་དུ་གྱུར་པའི་སྒོ་གཉིས་ཏེ་བཞི་ཡིན་ནོ། །མངོན་དུ་གྱུར་པའི་སྒོ་གཉིས་ནི་རང་གི་མིག་གཉིས་ཡིན་ནོ། །ལྐོག་དུ་གྱུར་པའི་སྒོ་གཉིས་ནི་རང་གི་རྣ་བ་གཉིས་ཡིན་ནོ། །རང་གི་ངོ་བོ་ནི་དག་པ་ཆོས་ཀྱི་སྐུའི་ངོ་བོ་སྟོང་པར་བཞུགས་སོ། །ཡེ་ཤེས་གསལ་བར་བཞུགས་སོ། །སྙིང་པོ་ཟང་ཐལ་དུ་བཞུགས་སོ། །ངོ་བོ་སྟོང་པར་བཞུགས་པ་ནི། རང་གི་རིག་པ་འདི་ཉིད་དངོས་པོ་མཚན་མ་གར་ཡང་མ་གྲུབ་པས་ངོ་བོ་སྟོང་པར་འདུག་པ་འདི་ཉིད་ཡིན་ནོ། །སྙིང་པོ་གསལ་བར་བཞུགས་པ་ནི་རང་གི་རིག་པའི་ངོ་བོ་མི་འགག་པར་གསལ་བ་འདི་ཡིན་ནོ། །རིགས་ཀྱི་བུ་རིག་པ་རང་གི་ངོ་བོ་མ་འགག་པར་གསལ་བ་འདི་སངས་རྒྱས་ཀྱི་དགོངས་པ་ཡིན་ནོ། །ཡེ་ཤེས་ཟང་ཐལ་དུ་བཞུགས་པ་ནི། སངས་རྒྱས་སྙིང་གའི་ནང་ན་བཞུགས་པ་ཤ་ཁྲག་ལུས་ཀྱིས་བསྟུམས་ཀྱང་མ་འཐུམས་པར་རང་གི་མིག་གི་རྣམ་པར་ཤེས་པ་ལ་མཐོང་བ་མ་འགགས་པར་གསལ་བ་འདི་ཡིན་ནོ། །འདི་ཉིད་ཟང་ཐལ་གྱི་དགོངས་པ་ཡིན་ནོ། །ཞེས་སོ། །དེའི་ཚེ་རླུང་འདུས་ཀྱི་གེགས་སེལ་བའི་ཕྱིར་བར་སྐབས་སུ་ཧུ་སྒ་དྲག་པོ་བཏུད་ནས་རླུང་ཕྱིར་འཕང་བ་ནི་གནད་ཡིན་ནོ། །གནད་འདི་དག་མ་ཤེས་ན་ཐོད་རྒལ་གྱི་ཡོན་ཏན་མི་སྐྱེའོ། །གཉིས་པ་ནི། གཟིགས་སྟངས་གསུམ་གང་བྱེད་ཀྱང་ཧ་ཅང་གཅུན་པ་མ་ཡིན་པའི་ངོས་ནས་མིག་མི་འགུལ་བའི་ལྟ་སྟངས་ལ་ཕྱོགས་ཏེ། ཐལ་འགྱུར་ལས། །རྒྱར་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཞེས་སོ། །གསུམ་པ་འཁྲིད་པ་དབྱིངས་ཀྱི་གནད་གསུམ་ནི། ཟུར་དང་སྟེང་འོག་གསུམ་དུ་


JL01_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སྣང་དལ་བུས་འཁྲིད་པའི་སྐབས་ལས་གཞན་དུ་མིག་མི་འགུལ་བ། ཤེས་པ་དྭངས་ཕྱེད་པ། དྲན་རྟོག་ཐ་མལ་དུ་མ་སོང་བ་གསུམ་གནད་ཡིན་ཏེ། རྩལ་རྫོགས་ལས། ཆོས་ཉིད་དྲན་པ་གསལ་བའི་ནམ་མཁའ་ལ། །ཚོམ་བུ་ལྔར་སྣང་གསེར་གྱི་བྱ་ཁྱུང་ལྡིང་། འཛིན་ཆགས་རྟོག་མཐའ་བྲལ་བའི་ངང་དུ་འུབ། །ཅེས་སོགས་གསུམ་གསུངས་སོ། །བཞི་པ་ནི། ཕྱིའི་ཡུལ་ནམ་མཁའ་སྤྲིན་མེད་ལ་གཏད་པས་དབྱིངས་ཀྱི་དངས་ཕྱེད། ནང་གི་ཡུལ་རིག་པ་དབྱིངས་སྒྲོན་ལ་གཏད་པས་གཟུང་བ་རང་འགག །གསང་བའི་ཡུལ་གཏད་མེད་ཆོས་སྐུ་ལ་གཏད་པས་འཛིན་པ་རང་བཞིན་མེད་པར་གྲོལ་བ་སྟེ། དང་པོས་ཡུལ་དང་ཡུལ་ཅན་བསྲེ། གཉིས་པས་ཤེས་བྱ་ནང་དུ་སྡུད། གསུམ་པས་དུ་མ་རོ་གཅིག་ཏུ་བྱེད་པ་ཡིན་ནོ། །གནད་འདི་མ་རྟོགས་ན་ཤེས་པ་ཕྱི་རུ་ལུས་པས་གཟུང་ཡུལ་དུ་སོང་། །རིག་པ་ནང་དུ་བསྐྱིལ་བ་འཛིན་བྱེད་དུ་གོལ་བས་གཟུང་འཛིན་གཉིས་ལས་མ་གྲོལ་བའི་སྟོང་གཟུགས་ཀྱིས་ས་བཅད་པ་མེད་དེ། ཅིའི་ཕྱིར་ན་སྟོང་གཟུགས་ཕྱི་རོལ་དུ་འཆར་ཚུལ་ནམ་མཁའ་གོ་འབྱེད་པའི་རྐྱེན་ལ་ལྟོས་ནས་ཕྱིན་ཡོད་ཡོད་འདྲ་བ་ལ་དགོངས་ཏེ་གསུངས་པ་ལས་ཕྱིན་མེད་དེ། མིག་གི་འོད་རྩ་དྭངས་པ་ལས་གཞི་སྣང་གི་འཆར་སྒོ་ནང་དུ་མངོན་པ་ཡིན་ཏེ་ཕྱིན་ཡོད་ན་གཞན་དང་ཡང་མཐོང་བ་གཅིག་ཏུ་རུང་ངོ་། །དེ་བས་ཡུལ་གྱི་སྣང་བ་མ་ཡིན་པའི་ཚུལ་རྩལ་རྫོགས་ལས། སྐུ་ཡི་སྣང་བ་དེ་དག་ཀུན། །ཡུལ་གྱི་སྣང་བ་མ་ཡིན་ཏེ། །དཔེར་ན་ན་ཆུང་གཞོན་པ་ཡིས། །མེ་ལོང་མཚན་ཉིད་གསལ་བ་ལ། །རང་གི་བཞིན་སྣང་མཐོང་བ་ལྟར། །ཆོས་ཉིད་ཡུལ་གྱི་ནམ་མཁའ་ལ། །རིག་པའི་སྣང་བ་སྐུ་རུ་ཤར། །རང་གི་གནས་ལུགས་མཐོང་བ་ནི། །ཡུལ་ལ་ཡོད་པ་མ་ཡིན་ཏེ། དམིགས་པ་དག་པས་མངོན་དུ་གསལ། །རང་གི་


JL01_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་དང་འཁོར་དུ་བཅས། །ཡེ་ཤེས་དོན་ལ་ཡུལ་མེད་ཀྱང་། །སེམས་ཅན་དུས་ན་ཡུལ་ལྟར་སྣང་། །མཐོང་བའི་ཡུལ་ལ་རྟོགས་པ་ཆེ། །གོ་བའི་ཡུལ་ན་བདེ་བ་ཆེ། །སྣང་བ་མཐོང་ན་ཉམས་མྱོང་ཆེ། །རང་རིག་གཅིག་པུ་གྲོགས་ཀྱི་མཆོག །སྣང་བའི་ཡུལ་དུ་མེད་པས་ན། །རྡོ་རྗེ་ལུ་གུ་རྒྱུད་ཉིད་ལས། །ཆ་ཤས་སྐུ་ནི་བསམ་མི་ཁྱབ། །ཅེས་སོ། །དེ་དག་ཀྱང་སྒྲོན་མ་བཞིའི་རྣམ་གྲངས་སུ་དབྱེ་བའི་ཚུལ་རང་ཤར་ལས། ནམ་མཁའ་སྟོང་པའི་དཀྱིལ་འཁོར་དུ། །བཅོས་མེད་སྒྲོན་མ་རྣམ་པ་བཞི། །མ་འགགས་པ་ཡི་དོན་གྱིས་གསལ་རིག་པ་དབྱིངས་ཀྱི་སྒྲོན་མ་ནི། །ནམ་མཁའ་སྟོང་པའི་ཀློང་དཀྱིལ་དུ། །དབྱིངས་ཀྱི་རང་བཞིན་འོད་ཀྱི་སྐུ། །མ་འགག་འགགས་མེད་རྣམ་པར་གསལ། །ཡེ་ཤེས་ལྔ་ལྡན་ཐུགས་ཀྱི་སྐུ། །ལུ་གུ་རྒྱུད་ཀྱི་ཚུལ་དུ་འཆར། །དེ་ཡང་འགྲོ་དང་འོང་བ་དང་། འགུལ་བ་དང་ནི་འཕྲེག་པའོ། །རིག་པ་དབྱིངས་ཀྱི་སྒྲོན་མ་རུ། །བཅུག་སྟེ་རིག་པ་མ་འགུལ་ན། །འགྱུར་མེད་རྟོགས་པར་བཏུ་བཤད། །ཤེས་རབ་རང་བྱུང་སྒྲོན་མ་ནི། །སྒྲོ་འདོགས་ཐམས་ཅད་གཅོད་པ་དང་། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །རྩོལ་བ་མེད་པར་ཤར་གྱུར་ན། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །དེ་ལ་བལྟ་བ་མ་ཡངས་ན། །མཐར་ཕྱིན་བསྒོམ་པའི་ཚད་དུ་གསུངས། །ཞེས་སོ། །དེ་ཡང་ཐལ་འགྱུར་ལས། དག་པ་དབྱིངས་ཀྱི་སྒྲོན་མ་ལ། ཐིག་ལེ་སྐུ་དང་འཁྲུལ་སྣང་དག །ཅེས་པས་དག་པ་དབྱིངས་སྒྲོན་དང་། །རིག་པ་དབྱིངས་སྒྲོན་དོན་གཅིག་པ་ཡིན་ནོ། །དེ་ལྟར་སྒྲོན་མ་བཞི་པོ་ལས་རྒྱང་ཞགས་ཆུའི་སྒྲོན་མ་ནི་འཆར་བྱེད་ཀྱི་སྒོ་ཡིན་ཏེ། རིག་ཆའི་གདངས་ཕྱི་རོལ་གྱི་ཡུལ་ལ་མཐོང་བས་རྒྱངས་ཞེས་བྱ་ལ། མཐོང་བ་དེ་ཡང་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་འཆིང་གྲོལ་བྱེད་པས་ཞགས་པའི་སྒྲ་ཞུགས་པ་སྟེ་ཀློང་ཆེན་རབ་འབྱམས་


JL01_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རྒྱང་ནི་རིག་པ་སྐུ་མཐོང་སྟེ། །གཟུགས་རྫོགས་འདོད་ཡོན་ལྔ་རྣམས་རྫོགས། །འདི་ཡིས་འཆིང་བས་ཞགས་པ་ཡིན། །ཞེས་སོ། །དག་པ་དབྱིངས་ཀྱི་སྒྲོན་མ་ནི་འཆར་གཞིའི་ནང་དབྱིངས་ཕྱི་རུ་གསལ་བའི་གདངས་ཡིན་ཏེ། རང་གི་ངོ་བོ་ཉིད་ལ་བཏགས་པ་ཙམ་ཡིན་པའི་ཚུལ། རྒྱུད་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་དག་ཏུའོ། །ཞེས་སོ། །ཐིག་ལེ་སྟོང་པའི་སྒྲོན་མ་ནི་འཆར་བའི་རྣམ་པ་རྩོལ་བྱེད་ཀྱི་རྟེན་ཡིན་ཏེ། ཐལ་འགྱུར་ལས། རང་བཞིན་སྣང་བའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བར་འགྱུར། །ཞེས་སོ། །ཤེས་རབ་རང་བྱུང་གི་སྒྲོན་མ་ནི་དྭངས་ལ་ཡུལ་མེད་དུ་འཆར་བ་རིགས་པའི་ངོ་བོ་ཉིད་ལྷག་མཐོང་གི་གནས་ལུགས་མནོར་བ་ཡིན་པས་འདི་ལས་མ་འཁྲུལ་བ་གནད་གལ་པོ་ཆེ་ཡིན་ནོ། །དབྱེ་ན་རྣམ་པར་གྲོལ་བྱེད་ཀྱི་ཤེས་རབ་དང་། རྣམ་པར་སྐྱོད་བྱེད་ཤེས་རབ་དང་། རྣམ་པར་སྡུད་བྱེད་ཀྱི་ཤེས་རབ་དང་། རྣམ་པར་འབྱེད་བྱེད་ཀྱི་ཤེས་རབ་སྟེ་བྱེད་ལས་ཀྱི་སྒོ་ནས་རྣམ་པ་བཞིར་བཞག་པའི་ཚུལ་རང་ཤར་ལས། དེ་ཡང་རིག་པའི་ངོ་བོ་ལ། །ཤེས་རབ་རྣམ་པ་བཞི་དང་ལྡན། །ཤེས་རབ་རྣམ་བཞི་འདི་ལྟ་སྟེ། །རྣམ་པར་གྲོལ་བྱེད་ཤེས་རབ་ནི། །ཐམས་ཅད་སྒྲོལ་བར་བྱེད་པའོ། །ཉོན་མོངས་དག་པའི་ཞིང་དུ་སྒྲོལ། །རྟོག་མེད་སྐྱེ་མེད་ངང་དུ་སྒྲོལ། །མ་རིག་རིག་པའི་ཀློང་དུ་སྒྲོལ། །ཤེས་རབ་རྟོག་མེད་ངང་དུ་སྒྲོལ། །དེ་ཕྱིར་སྒྲོལ་བྱེད་ཤེས་རབ་པོ། །རྣམ་པར་བསྐྱོད་བྱེད་ཤེས་རབ་ནི། །སྐུ་ལྔ་ཀ་དག་དབྱིངས་སུ་བསྐྱོད་པར་བྱེད། །འོད་ལྔ་འཛིན་མེད་དབྱིངས་སུ་བསྐྱོད་པར་བྱེད། །རིག་པ་ཡེ་ཤེས་དབྱིངས་སུ་བསྐྱོད་པར་བྱེད། །སྒྲོན་མ་ནམ་མཁའི་དབྱིངས་སུ་བསྐྱོད་པར་བྱེད། །དེ་ཕྱིར་སྐྱོད་བྱེད་ཤེས་རབ་པོ། །རྣམ་པར་སྡུད་


JL01_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཤེས་རབ་ནི། །འབྱུང་བ་འོད་ལྔའི་ནང་དུ་སྡུད། །ནམ་མཁའ་སྒྲོན་མའི་ནང་དུ་སྡུད། །སྐུ་ལྔ་རིག་པའི་ངང་དུ་བསྡུད། །རིག་པ་རྟོག་མེད་ནང་དུ་བསྡུད། །དེ་ཕྱིར་སྡུད་བྱེད་ཤེས་རབ་པོ། །རྣམ་པར་འབྱེད་བྱེད་ཤེས་རབ་ནི། །མ་རིག་རིག་པ་གཉིས་སུ་འབྱེད། །ཉོན་མོངས་ཡེ་ཤེས་གཉིས་སུ་འབྱེད། །དག་དང་མ་དག་གཉིས་སུ་འབྱེད། །འཁོར་དང་མྱང་འདས་གཉིས་སུ་འབྱེད། །རྟོགས་དང་མ་རྟོགས་གཉིས་སུ་འབྱེད། །བཟང་དང་ངན་པ་གཉིས་སུ་འབྱེད། །དེ་ཕྱིར་འབྱེད་བྱེད་ཤེས་རབ་བོ། །ཞེས་སོ། །འདི་ནི་ཐོད་རྒལ་གྱི་ཚིངས་བླ་ན་མེད་པ་ཡིན་ཏེ། འདི་ལྟར་རྟོགས་ན་ཤེས་རབ་ཀྱི་མིག་གིས་མཐོང་བ་ཡིན་པས་སྣང་བ་ལ་གོ་རིམ་མེད་པར་གཅིག་ཆར་དུ་ཟད་པ་ཡང་འབྱུང་སྟེ། །ཀློང་དྲུག་པ་ལས། གཞི་ལ་གོམས་པའི་རྣལ་འབྱོར་པས། །རང་གི་གནས་ཀྱང་སྟོངས་པར་འགྱུར། །ལམ་ལ་གོམས་པའི་རྣལ་འབྱོར་པས། །འབྱུང་བ་རགས་པའི་དྲི་མ་ཟད། །འབྲས་བུ་ལ་ནི་སུ་གོམས་པ། །མི་ལྡོག་འདི་ཡི་ས་ལ་ཕྱིན། །ཞེས་སོ། །ཆུ་བུར་གྱི་མིག་གིས་མཐོང་བ་ནི་དང་པོར་ཆོས་ཉིད་མངོན་སུམ་ནས་རིམ་པར་འཆར་དགོས། ད་ལྷག་མཐོང་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་ནས་མ་ཞེན་དགོས། དེ་ལ་བརྟེན་ནས་རླུང་གི་ཆ་དག་དགོས། རིག་གདངས་ཀྱི་ཆ་འཕེལ་དགོས། ཕྱིས་ལས་རླུང་དང་མཉམ་དུ་ཟད་ནས་ཡེ་ཤེས་ཀྱི་རླུང་དང་ལྷན་ཅིག་ནང་དབྱིངས་སུ་ཆེས་ཟད་ཀྱི་རང་ས་ཟིན་དགོས་པ་ཡིན་ཏེ། ཐལ་འགྱུར་ལས། རིག་པའི་གནད་ནི་དབྱུང་བ་དང་། །བསྐྱིལ་ཞིང་མཁའ་ལ་གཏད་པའོ། །དབྱིངས་ཀྱི་གནད་ནི་བསྡུ་བ་དང་། །དགུག་དང་ཁམས་ཀྱི་བྱེར་ཡས་སྦྱང་། །སྣང་བའི་གནད་ནི་འཕེལ་དང་ཟད། །སྣ་ཚོགས་རང་སར་གྲོལ་བའོ། །ཞེས་སོ། །ཚུལ་འདི་ལྟ་


JL01_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བུས་ཐོད་རྒལ་གྱི་གྲུབ་མཐའ་འཇལ་མི་ཤེས་པ་དག་འཁྲིད་ཡིག་རྣམས་སུ་སྣང་བཞིའི་འཕེལ་ཟད་དང་། བསྔགས་བརྗོད་ཁོལ་བུར་བཏོན་ནས་བཤད་པས་གློ་བ་ཁེངས་ཏེ་ཀ་དག་གི་གནས་ལུགས་རྗེན་པར་མ་མཐོང་། །སེམས་འཛིན་གོལ་རྩོབ་དང་། སྐྱེ་འགག་སྟོང་པར་གེ་བ་ཙམ་ལ་ཡི་རངས་ནས་དོན་དམ་སྟོན་པའི་ཚིག་རླབས་པོ་ཆེ་དག་རང་ཉམས་དང་མི་སྦྱོར་བར་ཐད་དྲང་དུ་སྨྲ་ཞིང་། ཀུན་སྤྱོད་ཧྲལ་ལ་གནས་ལུགས་ཡིད་དཔྱོད་དུ་གདེང་འཆའ་བས་དབང་པོ་ཡུལ་རྐྱེན་གྱིས་བསླད་པའི་སྟོང་གཟུགས་ལ་ཆེ་ཐང་དུ་བཟུང་ནས་ཉམས་སྣང་གོང་དུ་འཕེལ་ལོ། །རིག་པ་ཚད་ལ་ཕེབས་སོ་ཞེས་སྒྲོག་པ་ནི་ནོར་ས་རྔམ་པོ་ཆེ་ཡིན་ཏེ། ཀ་དག་ལྷུན་གྲུབ་གཉིས་ཀའི་རྩ་བ་རིག་པ་ཟང་ཐལ་རྗེན་ལ་འབུད་མ་ཤེས་ན་ཐོད་རྒལ་གྱི་སྟོང་གཟུགས་དངོས་པོར་གོལ་བས་གཟུགས་ཁམས་སུ་འཕེན་པ་ལས་ཕན་པ་ཅི་ཡང་མེད་དེ། འདི་ལྟར་རིག་གདངས་ལ་ལམ་སྣང་གི་རིག་པར་བཏགས་པ་རྡོ་རྗེ་ལུག་རྒྱུད་གཅིག་ཅར་དུ་མཐོང་སླ་བས་མཚོན་རྩེ་གཟུགས་ཀྱི་རྟེན་འབྲེལ་ལས་ཀྱང་འཆར་ཚུལ་མ་ངེས་པ་སྐྱེས་བུའི་མྱོང་ཐོག་ཏུ་མངོན་པའི་ཕྱིར་ན། ཁ་ཚིག་ལ་སྤྱོད་ཅང་གཏིང་མ་རྟོགས་པ་བར་ཆད་ཀྱི་བདུད་དུ་ཤེས་པར་བྱ་སྟེ། རང་ཤར་ལས། དེ་ཡང་མེད་པ་འདི་ལྟར་བྱུང་ན་ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །ཡང་སྨྱོན་པ་ལྟ་བུར་བྱུང་ན་བར་གཅོད་ཀྱི་བདུད་བྱུང་བ་ཡིན་པས་ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་། །ཞེས་གསུངས་པ་ཡིན་ནོ། །དེ་ལ་རྩ་རླུང་གི་རྒྱུ་བ་ཡོད་རིང་ལ་གཞི་སྣང་གི་འཆར་སྒོ་འང་མི་འགག་པས་ལྟ་བ་བརྗོད་དུ་མེད་པའི་རྩལ། །བསྒོམ་པ་ཐོད་རྒལ་གྱི་རང་བཞིན་དུ་ལ་བཟླ་བའི་ཚུལ་སྤྱིར་སྙིང་ཏིག་ཡ་བཞི་དང་། ཁྱད་པར་རྒྱུད་བཅུ་བདུན་བཏགས་གྲོལ་རྒྱུད་གསུམ། ཟབ་པ་བོད་བཞི། མན་ངག་བརྒྱ་བཅུ་དགུ་སྙིང་ཏིག་གསང་


JL01_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དམ་ཆོས་དང་བཅས་པའི་དོན་མ་ཚང་བ་མེད་པ་ཐེག་མཆོག་རིན་པོ་ཆེ་དང་། ཟབ་མོ་ཡང་ཏིག་སོགས་ལས་ཤེས་པར་བྱ་མོད། འདི་རབ་གྲོས་མ་འགྱུར་བས་དོན་ལ་རྟོན་ཅིང་མཁའ་འགྲོ་མས་དབང་བྱས་པས་བྱིན་རླབས་མ་ཉམས་པ་སེང་གེ་རྩལ་རྫོགས་ཆེན་པོའི་སྦས་དོན་ལས་ཐོད་རྒལ་གྱི་ལམ་སྟོན་པའི་ཕྱིར། དེ་ཉིད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་ལས། །ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས། །ཐམས་ཅད་བསྒྲལ་ན་དངོས་གྲུབ་འབྱུང་། །ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ཕྱིར། །དེ་ལ་ཁམས་གསུམ་ནི་སྒོ་གསུམ་དང་། སེམས་ཅན་ནི་སེམས་དང་སེམས་བྱུང་གི་རྩ་བ་ཀ་དག་ཟང་ཐལ་དུ་རྟོགས་པའི་མཚོན་ཆ་རྣོན་པས་གཅད་པའི་དོན་ཏེ་ཐོད་རྒལ་གྱི་གཞི་མཁྲེགས་ཆོད་གདེངས་སུ་གྱུར་པ་དགོས་པའོ། །དེ་ལ་མི་དགེ་བའི་བྱ་བ་ལྟ་ཅི་སྨོས། སློབ་དཔོན་ལྟར་གྱུར་པའི་དགེ་བའི་ཆོ་ག་ཆོས་སྤྱོད་ལ་སོགས་པའི་སྒོ་གསུམ་གྱི་བྱ་བ་ཐམས་ཅད་ཀྱང་དགུ་ཕྲུགས་སུ་བཏང་ནས་བདུག་སྟངས་དང་ལྟ་སྟངས་ལས་མི་གཡོལ་ན་རང་རིག་ཡེ་ཤེས་མཐོང་བའི་དོན་ཏེ། འདས་རྗེས་ལས། ཕྱི་ནང་བྱ་བ་དགུ་ཕྲུགས་བཏང་། །ཞེས་སོ། །རྟག་ཏུ་འགྲོགས་པའི་མཆེད་ལྕམ་གཉིས། །གཅོང་རོང་དོང་དུ་སྐྱུར་བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ལུ་གུ་རྒྱུད་དུ་ཡོད་པའི་ཕྱིར། །དེ་ལ་རྟག་ཏུ་འགྲོགས་པའི་རླུང་སེམས་གཉིས་ཀྱི་ངོ་བོ་ལུག་རྒྱུད་དུ་མངོན་པས་དེ་ཉིད་དབྱིངས་སྣང་ཐིག་ལེའི་ར་བའམ་དོང་དུ་བཅུག་པས་བལྟ་བའི་དོན་ཏེ། ཀློང་གསལ་ལས། དངོས་སྣང་ལུག་རྒྱུད་བཙོན་དུ་བཟུང་། །རླུང་གནད་དལ་བ་ཉིད་ཀྱིས་བསྟེན། །ཞེས་སོ། །ལུས་སྲོག་བསྐྱེད་པའི་ཕ་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་ཕྲད་པའི་ཕྱིར། །དབྱིངས་


JL01_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་གི་སྒྲོན་མ་ནི་སྟོང་པའི་ཆོས་ཉིད་ཡིན་པས་མ་དང་། ཐིག་ལེ་སྟོང་པའི་སྒྲོན་མ་ཀོ་མོའི་ཆུ་ལ་སྲོག་ཆགས་ཐེབས་པ་ལྟ་བུ་ནི་སྣང་བའི་ཆོས་ཉིད་ཡིན་པས་ཕ་སྟེ་གཉིས་པོ་དབང་པོ་དྭངས་ཕྲིང་བའི་ཐང་ལ་བཏོན་ནས་བལྟས་པས་རང་ལུས་ལྟ་བུའི་ཉམས་སྣང་གོང་དུ་འཕེལ་བའི་དོན་ཏོ། །དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་དང་། མཆོད་རྟེན་ལྷ་ཁང་ལ་སོགས་རྣམས། །ཕྱགས་ཏེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང་། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །ཞེས་སོ། །རི་ལ་མཆོད་རྟེན་ནི་བྱང་ཕྱོགས་ཀྱི་ཆོས་ཐམས་ཅད་འདུས་པའི་བདག་ཉིད་རིག་པ་བདེ་གཤེགས་སྙིང་པོ་དང་། ལྷ་ཁང་ནི་དེ་ཉིད་ཙིཏྟ་འོད་ལྔའི་ཁང་པ་ན་གནས་པ་ཕྱགས་པའི་སྒྲས་ལྟ་སྟངས་ཀྱིས་གཙུན་པ་ཆུའི་རང་བཞིན་རྒྱང་ཞགས་ཀྱི་སྒྲོན་མ་ལ་གཏད་པས་ཕྱི་རོལ་དུ་ཡེ་ཤེས་ཀྱི་སྣང་བའི་གདངས་དང་། ནང་དུ་ཆོས་ཉིད་དོན་གྱི་ཡེ་ཤེས་གཉིས་འདུ་འབྲལ་མེད་པའི་ཡང་དག་དོན་གྱི་སྙིང་པོ་མཐོང་བས་འོད་གསལ་མ་བུ་འདྲེས་པས་དང་པོའི་སངས་རྒྱས་དང་སྐལ་པ་མཉམ་པ་སྟེ། གསང་བ་སྤྱོད་པ་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་པ་མཉམ་པ་ཁོ་ནའོ། །ཞེས་སོ། །དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ཡོད་པའི་ཕྱིར། །འདི་ལྟར་སེམས་ཅན་རྣམས་ནི། །དུས་གསུམ་ཀྱི་རྣམ་རྟོག་དཀོན་མཆོག་གསུམ་ལྟར་མི་འབྲལ་ཞིང་། །ཕྱི་དོན་དུ་འཛིན་པའི་དཀོན་མཆོག་ལ་རང་རྒྱུད་དུ་བལྟ་བ་མི་ལྡོག་པ་ཡིན་པས་དེ་ལ་ཡིད་ཀྱི་འགྱུ་བས་རྒྱབ་ཕྱོགས་ཏེ་ཆོས་ཉིད་མ་འཁྲུལ་པ་གཞིའི་སངས་རྒྱས། སྒྲ་ཚིག་ལས་འདས་པ་ལམ་གྱི་དམ་ཆོས།


JL01_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་དུ་གནས་པ་འབྲས་བུའི་དགེ་འདུན་ཏེ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་སོ། །དེ་ལྟར་དུ་གནས་པའི་གདངས་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུ་ལ་བལྟས་པས་ཆོས་ཉིད་མངོན་སུམ་གྱིས་ཞིང་ཁམས་ཀྱི་གོ་འབྱེད། །ཉམས་གོང་འཕེལ་དུ་སྤྲུལ་སྐུ། ཚད་ཕེབས་སུ་ལོངས་སྤྱོད་རྫོགས་པ་ཟད་པར་ཆོས་སྐུའི་སྣང་བ་མཐོང་སྟེ། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལམ་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོག་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆད། །ཅེས་སོ། །སངས་རྒྱས་བསྒྲལ་ཏེ་དུར་བཅུག་ན། །རང་གི་སྣང་བ་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །དེ་ལ་སངས་རྒྱས་ནི་རིག་པ་ཡིན་ལ། །སེམས་ཅན་གྱི་དུས་ན་དེ་ཉིད་ལམ་རིག་པའི་ཁྱབ་བྱེད་དང་བཅས་པས་རིག་པ་ལས་གཞན་པའི་སངས་རྒྱས་ཡོད་དོ་སྙམ་བྱེད་ཀྱི་བློ་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་བཅས་པ་རིག་པའི་བདག་ཉིད་དུ་བསྒྲལ་ནས་དུར་དུ་བཅུག་པ་སྟེ། མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པས་ཕྱིན་ཆད་འཁྲུལ་མི་ཤེས་པར་བྱེད་པའོ། །དེ་ལྟར་གྱུར་ན་སྣང་བ་ཆོས་ཉིད་དུ་རྟོགས་པས་འབྱུང་བའི་སྙིང་མ་རང་ལོག་སྟེ་རྡུལ་ཕྲན་དུ་དྭེངས་པ་ལ་སོགས་པ་འབྱུང་བའོ། །ཆོས་རྣམས་མེར་བསྲེགས་ཆུར་ཕོ་ན། །རིག་པའི་རང་སྣང་རྟོགས་པར་འགྱུར། །ཤེས་རབ་དོན་ལ་སྤྱོད་པའི་ཕྱིར། །དེ་


JL01_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆོས་ནི་འཁོར་འདས་སམ། གཟུང་འཛིན་དུ་སྣང་ཞིང་འཁྲུལ་པའི་ཆོས་མཐའ་དག་དང་། རིག་པ་ཆད་ལ་ཕེབས་པ་ཕྱི་ལོགས་པའི་དེ་ཉིད་མ་རྟོགས་པ་ཤེས་རབ་ཀྱི་མེས་ཆོས་ཉིད་ཙམ་དུ་འཛིན་པའང་བསྲེགས་ནས་ཆོས་སུ་བཏགས་པའི་གྲུབ་མཐའ་ཐམས་ཅད་འཇིག །བླ་མའི་མན་ངག་ནུབ། སྐུ་དང་ཡེ་ཤེས་ཙམ་དུའང་མི་གྲུབ་པ་སྟེ། ཆོས་རྣམས་ཟད་སར་ཕྱིན་པ་དང་། །རང་གི་གྲུབ་པའི་མཐའ་ཡང་འཇིག །འདི་དུས་བླ་མའི་མན་ངག་ནུབ། །ལྟ་སྒོམ་སྤྱོད་པའི་མཐའ་སྟོངས་པས། །ཆོས་སྐུའི་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་ཤེས་རྒྱུན་ཆད་པས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་མེད་འོང་བ་མེད་པའོ། །ཞེས་སོ། །སེམས་ཅན་ཐམས་ཅད་དུས་གཅིག་ཏུ། །བསྒྲལ་ན་སྣང་བ་སྟོངས་པར་འགྱུར། །ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར། དུས་དེའི་ཚེ་ཁྲེགས་ཆོད་ཀྱི་ལུས་རྡུལ་ཕྲན་དུ་དྭེངས་པ་ཐོད་རྒལ་གྱི་འོད་དུ་གསལ་བ་འཕོ་བ་ཆེན་པོའི་སྐུར་བཞངས་ནས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པའི་ས་ལ་བསྒྲལ་བར་མཛད་པའི་ཕྲིན་ལས་རྒྱུན་མི་འཆད་ཅིང་། ཁྱད་པར་བར་དོའི་འགྲོ་བ་སྨོན་ལམ་མཐུན་པ་སུམ་སྟོང་ལྷག་མེད་དུ་གྲོལ་བར་མཛད་ནས་ཆོས་ཉིད་གཞོན་ནུ་བུམ་སྐུར་འཚང་རྒྱ་ཡང་། ཐུགས་རྗེའི་རྒྱུན་ལ་འགགས་པ་མེད་པ་ཡིན་ཏེ་མུ་ཏིག་ཕྲེང་བ་ལས། ཟག་པ་ཟད་ཕྱིར་རྔོས་བཅས་མིན། །དངོས་པོ་ཟད་ཕྱིར་སྟོང་པར་གནས། །གཉིས་མེད་འཕེ་མེད་ངོ་བོ་ཉིད། །ཆོས་དང་བྲལ་བས་ཐབས་ལས་འདས། །རྟོག་མེད་གསལ་བས་འགྱུ་བ་སངས། །བེམ་རིག་གཉིས་མེད་ཚོགས་གཉིས་རྫོགས། །ཞེས་སོ། །རྗེས་ལ་མཐའ་རྟེན་གྱི་མན་ངག་བཞི་ལས། །དང་པོ་མི་འགུལ་བ་གསུམ་ལ་


JL01_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བཅའ་བ་ནི། རང་སྲོག་རང་གིས་བཅད་གྱུར་ན། །ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར། །སྒྲོན་མ་འོད་ལྔས་བརྒྱན་པའི་ཕྱིར། །དེ་ལ་ལུས་བཞུགས་སྟངས་ལས་མི་འགུལ་པས་རྩ་རླུང་གི་སྲོག་གཅོད། མིག་གཟིགས་སྟངས་ལས་མི་འགུལ་བས་ཆོས་ཉིད་ཀྱི་ཡུལ་སྣང་འཛིན། སེམས་བཟོ་མེད་ལས་མི་འགུལ་བས་སྒྲོན་མ་རྒྱན་དུ་འཆར་བ་སྟེ། ཐལ་འགྱུར་ལས། མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པའོ། །ཞེས་སོ། གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། སྐྱེ་དགུ་ཐམས་ཅད་རང་དབང་དུ། །བསྡུས་ན་སྟོབས་དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ལུས་བྱ་བ་ལ་མི་གནས་པར་སྡོད་པའི་གནད་ཀྱིས་རླུང་སེམས་དབང་དུ་སྡུད། དེས་རིག་པ་གཡོ་མེད་དུ་སྡོད་པའི་སྟོབས་རྐྱས་པས་ཚོགས་བརྒྱད་ཀྱི་འཕེལ་ཟད། ཡེ་ཤེས་ལ་ཆགས་པ་མེད་པས་སྣང་བ་གཡོ་མེད་དུ་སྡོད་པས་ཞིང་ཁམས་ཚད་ལ་ཕེབས་པར་བྱེད་དོ། །འདི་ཇི་ཚེ་རྟགས་སྒོ་གསུམ་ལ་འཆར་བ་ནི། ལྷ་ཚོགས་ཐམས་ཅད་བཙོན་དོང་དུ། །བཟུང་ན་དངོས་གྲུབ་ཉེ་བར་འགྱུར། །རིག་པ་ཀུན་ཏུ་ཡངས་པའི་ཕྱིར། །ཞེས་པ་ནི། འདི་ལྟར་སྤྲོས་བཅས་བུམ་པའི་དབང་གིས་ལུས་སྨིན་པས་བྱ་རྩོལ་མེད་པའི་བྱིན་རླབས་ལུས་ལ་ཞུགས་པ་ཆོས་ཉིད་མངོན་སུམ་གྱི་དུས་མངོན་པ་སྟེ། འདི་ལྟར་རྩ་དལ་བའི་རྟེན་འཕྲེལ་ལས་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ལྷ་ཚོགས་བཙན་དོང་དུ་ཆུད་པ་སྟེ་ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུའོ། །རྩ་དལ་བས་རླུང་རང་མ་ལ་ལས་མི་གཡོ་བས་ལྐུགས་པ་ལྟར་སོང་ངོ་། །དེ་ལྟར་རྩ་རླུང་གཉིས་ཀ་དལ་བས་སེམས་ཀྱི་གཡོ་བྱེད་འགགས་ཏེ་གཞི་གནས་ཀྱི་རིག་པ་ཤེས་


JL01_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རང་བྱུང་གི་སྒྲོན་མའི་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ནི་འཕགས་པའི་བདེན་པ་ཡིན་ཏེ། ཀློང་གསལ་ལས། རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནས་ཀྱིས་སུ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །ཚུལ་འདི་ལྟར་མ་རྟོགས་པ་དག་ཀ་དག་དང་ལྷུན་གྲུབ་གཉིས་ཕན་ཚུན་གཅིག་གྲོགས་གཅིག་གིས་བྱེད་པའི་གནད་ལ་ནི་རྨོངས། །ནང་དུ་རིག་པ་གྲོལ་བའི་གདེངས་གང་ཡང་མ་རྙེད་བཞིན་དུ་མེའི་སྔ་རོལ་ན་དུ་བ་མཐོང་བ་ལ་མེར་འཛིན་པ་ལྟར་རིག་པའི་སྔ་རོལ་དུ་རིག་གདངས་ཀྱི་ཐིག་ལེ་མཐོང་བ་ལ་ཆོས་ཉིད་ཀྱི་བདེན་པར་འཛིན་པ་ནི་ནོར་ས་ནི་པོ་ཆེ་ཉིད་དེ་སྟོང་གཟུགས་མཐོང་བ་འཕགས་པའི་བདེན་པ་ཡིན་ན་ཁམས་གསུམ་དུ་མི་ལྡོག་པའི་སོ་མཚམས་གང་གིས་འབྱེད། །དབྱིངས་དང་ཤེས་རབ་ཀྱི་སྒྲོན་མ་གཉིས་རིག་པ་ངོ་བོ་ཉིད་ཀྱི་རྟེན་བརྟེན་པ་ལྟ་བུ་ཡིན་ལ། རྒྱང་ཞགས་ཀྱིས་མཐོང་བའི་ཐིག་ལེའི་སྒྲོན་མ་དང་ལུ་གུ་རྒྱུད་གཉིས་ནི་རྩོལ་བཅས་ཀྱི་དམིགས་པའི་རྟེན་ཡིན་པའི་ཚུལ་ཉི་ཟླ་ཁ་སྦྱོར་ལས། དབྱིངས་ཀྱི་སྒྲོན་མ་སུས་མཐོང་བ། །ཆོས་ཀྱི་དབྱིངས་ལ་མངོན་དུ་སྤྱོད། །ཐིག་ལེའི་སྒྲོན་མ་སུས་མཐོང་བ། །རྩོལ་བཅས་རྣམས་ཀྱི་རེ་གནས་ཐོབ། །ཤེས་རབ་སྒྲོན་མ་སུས་མཐོང་བ། །སྤྱི་དང་རང་གི་མཚན་ཉིད་རྟོགས། །ཆུ་ཡི་སྒྲོན་མ་སུས་མཐོང་བ། །དབང་པོ་རྣམས་ལ་དབང་བསྒྱུར་ཐོབ། །ལུ་གུ་རྒྱུད་ལ་སུ་གོམས་པ། །རིག་པ་རྣམས་ནི་སྲད་ལ་ཐེབས། །ཞེས་དང་། དེ་སྐད་དུ་ངོ་སྤྲོད་སྤྲས་པ་ལས་ཀྱང་། གཞི་ལ་གནས་པའི་རིག་པ་ཡིས། །ཆོས་ཉིད་འདུས་པའི་དབྱིངས་དང་ཕྲད། །མཚན་ཉིད་འཛིན་པའི་རིག་པ་ཡིས། །རྣམ་པར་དག་པའི་དབྱིངས་དང་ཕྲད། །ལུ་གུ་རྒྱུད་ཀྱི་རིག་པ་ཡིས། །རང་བཞིན་འོད་ཀྱི་དབྱིངས་དང་ཕྲད། །ཅེས་


JL01_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱི་མ་གཉིས་ནི་གདངས་ལ་རིག་པར་བཏགས་པ་ཡིན་པར་གཞུང་གི་ངོ་བོ་ཆོས་གསལ་ལོ། །དཔེར་ན་ཐོས་པ་དང་བཅས་པའི་ཤེས་རབ་རྟོག་དཔྱོད་ཡིན་ལ། །བསྒོམ་པའི་ཤེས་རབ་རྣལ་མ་རྟོགས་ན་ཆོས་ཉིད་ཡིན་པ་བཞིན་ནོ། །འདི་ལྟར་མ་ཕྱེད་ན་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་འཕགས་པ་དང་། སྟོང་གཟུགས་ཀྱི་རྣམ་འགྱུར་མཐོང་བའི་སོ་སྐྱེ་གཉིས་ཐ་མི་དད་པར་འགྱུར་བས་གྱ་ཚོམ་དུ་འཇུག་པ་དག་གིས་ཁུངས་བཟང་པོར་བཅོས་པའི་ཡི་གེ་ལ་རྣལ་དུ་བཟུང་ན་རྡོ་རྗེ་སྙིང་པོའི་རིང་ལུགས་རྙོག་མར་བྱེད་པའང་ཤེས་པར་བྱའོ། །ཡང་། སྙིང་པོ་བཅད་པས་བསྐྱེད་རིམ་གསལ། །རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར། །ཞེས་པ་ནི། གསང་དབང་གི་རླུང་དག་པར་བྱས་པའི་བྱིན་རླབས་ཉམས་གོང་འཕེལ་གྱི་དུས་ན་སད་པ་སྟེ། འདི་ལྟར་རླུང་དབུ་མར་ཐོབ་པས་བཟང་ངན་མེད་པའི་ལུས་སྒེག་ཆོས་ངོ་ཚ་དང་བྲལ་བ་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟ་བུ་འཇིག་རྟེན་གྱི་བྱ་བ་ལ་མི་འཇུག །དགག་བསྒྲུབ་ལས་འདས་པའི་དོན་ངག་ལ་ཞུགས་པས་སྙིང་པོ་གདོན་པའི་རྒྱུན་ཆད་དེ་སྨྱོན་པ་ལྟར་ལྟོས་མེད་དུ་སྨྲ། སེམས་དང་སེམས་བྱུང་གི་རྟོགས་ཚོགས་རིག་པ་རྩོལ་བསྒྲུབ་དང་བྲལ་བ་ལ་ཐིམ་པའི་གདངས་ལྷ་སྐུར་འཕེལ་བསམ་བསྐྱེད་པའི་བསྐྱེད་རིམ་རང་གསལ་བའོ། །ཡང་། ཚོགས་ལ་བསག་ཏུ་མེད་པ་ནི། །སྦྱིན་པ་ཀུན་ཏུ་རྫོགས་པར་འགྱུར། །རང་རིག་བཏང་བཞག་བྲལ་བའི་ཕྱིར། །ཞེས་པ་ནི་ཤར་དབང་གི་ནུས་པ་རྩ་རླུང་ལ་ཐེབས་པའི་བྱིན་རླབས་རིག་པ་ཚད་ཕེབས་ཀྱི་དུས་ན་མངོན་པ་ནི་རླུང་སེམས་ཀྱི་རྒྱུ་བ་དག་ནས་འཆར་སྣང་གི་འཕེལ་ཟད་པ་ལ་ཐུག་པས་ཚོགས་ལ་བསག་ཏུ་མེད་པར་སྦྱིན་པ་རྫོགས་པའི་ཐ་སྙད་བཏགས་ཤིང་། །དེ་ཡང་རིག་


JL01_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བཏང་བཞག་མེད་པའི་དོན་གདེངས་སུ་གྱུར་པས་ལུས་ཀྱི་འབྱུང་བ་ལྔ་ལ་ཐོགས་པ་མེད་པ་གླང་པོ་ཆེ་འདམ་ལ་མི་ལྟོས་པ་ལྟ་བུ་དང་། རྫོགས་པ་ཆེན་པོ་བརྗོད་དུ་མེད་པའི་དོན་དག་གི་གྲགས་པ་ལ་ཞུགས་པས་གྲུལ་བུམ་གྱི་ཕྲུ་གུས་གླུ་བླངས་པ་ལྟར་ཅི་སྨྲས་གཞན་ཡིད་ལ་འདུག་ཅིང་ཕན་ཐོགས། ལྷུན་གྲུབ་ནང་དབྱིངས་སུ་ནུབ་ཏུ་ཉེ་བས་འཐུམ་ནད་བྱང་བའི་སྐྱེས་བུ་ལྟར་འཁོར་བ་ལ་བསྐྱར་གཞི་མེད་པར་ཐག་ཆོད། ཡང་། ཐབས་དང་ཤེས་རབ་དྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །ཞེས་པ་ནི་ཚིག་དབང་གི་སེམས་དག་པའི་བྱིན་རླབས་ཆོས་ཉིད་ཟད་པའི་དུས་ན་སད་པ་སྟེ། །འདི་ལྟར་རྫོགས་པ་ཆེན་པོ་ཐབས་ཤེས་དང་བྲལ་བའི་དོན་གཉིས་བཅས་ཀྱི་སྐྱེ་མཆེད་འདྲལ་བ་ལ་ཞུགས་པས་རིག་པ་དང་ལུས་ཀྱི་ཚོགས་པ་མ་བྲལ་ཡང་། རྩ་རླུང་གི་འཕེལ་ཟད་པས་རང་གཞན་དང་གཟུང་འཛིན་གྱི་ཆ་གཏན་ཟད་དུ་སོང་བས་ལུས་དུར་ཁྲོད་ཀྱི་མི་རོ་བཞིན་དུ་གྱུར་ནས་གཤིན་རྗེའི་གཤེད་མ་བརྒྱས་བསྡགས་ཀྱང་བག་ཚ་བའི་གནས་ཅུང་ཟད་ཀྱང་མེད། རྩ་གནས་ཀྱི་ཡི་གེ་ཡེ་ཤེས་ཀྱི་རླུང་དུ་དྭངས་པ་ལས་ངག་བྲག་ཅའི་རྣམ་པར་སོང་ནས་ཕ་རོལ་གྱི་རྗེས་སུ་བཟློ། རྫོགས་པ་ཆེན་པོ་ཆོས་ཟད་བློ་འདས་ཀྱི་དོན་རིག་པ་ཟང་ཀ་གཅེར་བུ་པའི་གཤིས་ཐོག་ཏུ་ཕེབས་པས་འཕོ་བ་སྦར་བའི་རྣམ་ཤེས་ལྟར་གདོད་མའི་ནང་དབྱིངས་སུ་སྐད་ཅིག་ལ་བཙན་ས་ཟིན་པ་སྟེ་ཤེལ་འོད་ནང་དུ་ནུབ་པ་ལྟ་བུའོ། །ཚད་རྨི་ལམ་གྱིས་གཟུངས་ནི། གསང་བ་སྒྲ་རྒྱུད་ལས། རབ་ལ་ཆད་དང་འབྲིང་གི་ཤེས། །ཐ་མ་འགྱུར་བ་ངེས་པ་སྟེ། །ཞེས་པས་གསལ་ལོ། །ཐོབ་པའི་གདེངས་གསུམ་ནི། རྒྱུ་འབྲས་མགོ་མཇུག་ལྡོག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་


JL01_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །རྒྱུ་ཡིས་བསྐྱེད་དུ་མེད་པའི་ཕྱིར། །ཞེས་པས་རང་ངོ་གདོད་ནས་འཁྲུལ་མི་ཤེས་པའི་ཐོག་ཏུ་རྟེན་ཅིང་འབྲེལ་འབྱུང་གི་རྒྱུ་འབྲས་གོ་ལོག་པས་འཁོར་བ་ཤེས་བྱ་ལ་མི་སྲིད་པའི་གདེངས། །ཀུན་གཞི་རྩད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་གྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །ཞེས་པ་རིག་པ་གཞི་དབྱིངས་སུ་གྲོལ་ནས་ཀུན་གཞིའི་རྩ་བ་ཆད་པས་སངས་ལ་རྒྱ་རྒྱུ་མེད་པའི་གདེངས། གསད་བཅད་ལས་ལ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་སྲོག་དང་བྲལ་བའི་ཕྱིར། །ཞེས་པས་འཁྲུལ་གཞི་རང་མལ་དུ་བསད་པའི་གཤིས་ལ་དགེ་སྡིག་མ་གྲུབ་པས་མཚམས་མེད་ལྔ་དང་ལྡན་པའི་རྣམ་པར་ཤེས་པའང་རིག་པ་གཏད་པ་ཙམ་གྱིས་འདྲོངས་པའི་གདེངས་ཐོབ་པ་སྟེ། ཐལ་འགྱུར་ལས། ཐོབ་པ་གསུམ་གྱིས་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མི་སྣང་ངོ་། །ཞེས་སོ། །དེ་ལྟར་ཀ་དག་ལྷུན་གྲུབ་ཏུ་འབྲེལ་བའི་ཉམས་ལེན་གནད་དུ་སོང་ན་རྫོགས་པ་ཆེན་པོའི་ལུགས་ཀྱི་སྐུ་གསུམ་ལམ་སྣང་དུ་རྫོགས་པ་ཡིན་ཏེ། འདི་ལྟར་ངོ་བོ་ཀ་དག་ཡིན་པས་ཆོས་སྐུ་འཕོ་འགྱུར་མེད་ལ། ལྷུན་གྲུབ་ལོངས་སྤྲུལ་དུ་འཆར་བས་འབྲས་བུ་ཕྱི་དུས་ལ་མི་འཇོག་པའོ། །དེའི་ལུང་སྐུ་གདུང་འབར་བ་ལས་རྒྱས་པར་གསུངས་ཀྱང་འདིར་ཡི་གེའི་ཁུར་གྱིས་མ་ཐེག་གོ །དེ་ལྟར་ཉིན་མཚན་འཁོར་ཡུགས་ཏུ་ཉམས་སུ་བླང་བའི་ཚུལ་ཡང་། ཉིན་གླང་པོ་ཆེའི་ལྟ་སྟངས་ཀྱི་མངོན་སུམ་ལ་བལྟས་ནས་འཁྲུལ་སྣང་རང་འགགས་ལ་བཏད། མཚན་དུས་ཐིག་ལེ་སྟོང་པའི་སྒྲོན་མ་ལ་ཤེས་པ་གཏད། དེའང་ཐིག་ལེ་འཕེལ་དུས་ཤེས་པའི་དྭངས་ཀྱང་ཆེ་སྟེ་རང་རྩལ་ཡིན་པའི་ཕྱིར་དང་། འགྲིབ་དུས་ཤེས་པ་ཡང་


JL01_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཇེ་ཕྲ་ལ་འགྲོ་བས་མཐར་མི་དམིགས་པའི་ངང་དུ་མཉམ་པར་བཞག །གཉིད་དུ་ཕྱོགས་པའི་དུས་ན་ཀླད་པ་དུང་ཁང་དང་། ཆེར་གཉིད་པའི་དུས་ན་སྙིང་ནང་གི་འོད་གསལ་ལ་སེམས་གཏད་ནས་རྨི་ལམ་འོད་གསལ་དུ་གྲོལ་བ་ལ་བསླབ། ཐོ་རངས་དང་པོའི་གཉིད་སད་མཁད་པ་ལ་སེང་གེའི་ལྟ་སྟངས་ཀྱི་ནམ་མཁའི་མཚན་ཉིད་ཅི་ཡང་མ་ཡིན་པའི་ཀློང་དུ་སྲིད་རྩེའི་སེམས་ལ་མི་གོལ་བའི་རྟེན་ཅིང་འབྲེལ་འབྱུང་ཨ་ཡིག་དཀར་པོ་ལ་ཤེས་པའི་དྭངས་གཏད་དེ་བལྟ་བྱ་ལྟ་བྱེད་དུ་མ་སོང་བར་བཞག་པས་འདྲ་ལ་མི་འདྲ་བའི་བསམ་གཏན་རྣམས་ཀྱི་གཟེབ་ལས་གྲོལ་བར་འགྱུར་ཏེ། ཀློང་དྲུག་པ་ལས། ལུས་ཀྱི་འདུག་སྟངས་གཟིར་བྱས་ནས། །ཤེས་པ་ནམ་མཁའི་མཐོངས་སུ་འཕངས། །དེ་བཞིན་མིག་ནི་བར་སྣང་ལ། །གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས། །དྲན་མེད་རྒྱས་འདེབས་ཆེན་པོར་བཞག །དེ་ལྟར་རིག་པ་ནམ་མཁར་གཏད། །འདི་དང་འབྲལ་བ་མེད་པར་ནི། །རྣལ་འབྱོར་རྒྱུན་དུ་གང་བསྒོམ་པ། །ཉིན་དུས་སྣང་བ་རྒྱས་འདེབས་སོ། །མཚན་དུས་རང་གི་གནས་ཁང་དུ། །དུས་བཞི་མཉམ་པའི་ཚད་གཟུང་ཕྱིར། །དབང་པོའི་སྒོ་རྣམས་རང་བསྡུས་ནས། །ཐིག་ལེ་སྟོང་པའི་སྒྲོན་མ་ལ། །རྣལ་འབྱོར་ལྡན་པས་སེམས་བཞག་པས། །ཐིག་ལེ་ཉིད་ནི་འཕེལ་བ་ན། །ཤེས་པ་ཉིད་ཀྱང་འཕེལ་བར་གཏད། །དེ་བཞིན་ཐིག་ལེ་ཕྲར་གྱུར་ཚེ། །ཐིག་ལེ་ཇེ་ཕྲ་ཇེ་ཕྲ་ལ། །ཤེས་པ་ཇེ་ཕྲ་ཇེ་ཕྲར་བཞག །གཉིད་དང་རྨི་ལམ་གནད་ཀྱིས་ནི། །སྔར་ཞེན་བག་ཆགས་རྩད་ནས་དབྱུང་། །འདི་ལྟབ་མཚན་མོའི་དུས་རྣམས་སུ། །རྣལ་འབྱོར་སྐལ་དང་ལྡན་པས་སྤྱོད། །འདིས་ནི་སྣང་བ་རང་རྒྱས་ཐེབས། །ཞེས་སོ། །དེ་ཡང་རྣམ་པ་ཐམས་ཅད་དུ་བཞག་ཐབས་བཞི་ལས་མི་གཡོ་བ་ལས་དང་པོ་རྒྱ་མཚོ་ཅོག་བཞག་ནི། །འདི་ལྟར་རྒྱ་མཚོ་རླུང་གིས་མ་


JL01_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲུགས་པ་ལ་གཟའ་སྐར་བཅལ་དུ་བཀྲམ་པ་ལྟར་སྣང་ཡང་ཆུ་ལ་གཟའ་སྐར་གྱི་མགོས་ཤིང་། གཟའ་སྐར་རང་མལ་ལས་མ་གཡོས་པ་ལྟར་རིག་པ་ཟང་ཐལ་ལ་གཏད་པའི་ཡུལ་མེད་པ། དབང་པོའི་གདངས་མ་འགགས་ཀྱང་ཡིད་ཀྱི་རྟོག་པར་མ་འགྱུར་པ། །སོ་སོ་རང་གི་རིག་ཀྱང་དཔྱོད་པའི་རྣམ་ཤེས་མེད་པ། །སྣང་ཡུལ་གྲམ་ཆག་ཀྱང་རིས་ཅན་དུ་ཁ་ཚོན་མི་ཆོད་པའི་ཕྱིར་སྔ་མ་ལས། དབང་པོའི་སྒོ་རྣམས་གསལ་བ་ལ། །ཡིད་ཀྱི་རྟོག་པ་མེད་པ་སྟེ། །ཞེས་སོ། །དེ་ཡང་གཤིས་དེའི་ངོ་བོ་ཅིར་ཡང་མི་གནས་ཀྱང་སྟོང་པ་གུད་དུ་མ་བཟུང་བ། །རང་བཞིན་བྱ་རྟོལ་དང་བྲལ་ཀྱང་བཏང་སྙོམས་སྟེང་པོར་མ་སོང་བ། །རྩལ་སྣང་འགག་པ་མེད་ཀྱང་ཞེན་འཛིན་ཡུལ་མེད་དུ་སོང་བ་སྟེ། །ཡི་གེ་མེད་པ་ལས། རྒྱ་མཚོ་ཅོག་བཞག་དག་གི་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །མ་བསྐྱོད་མི་བསྐྱོད་བསྐྱོད་བ་ཀུན་ལས་འདས། །ཡུལ་ལ་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །འཛིན་མེད་གསལ་ལ་མ་འགགས་པས། །དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །གཉིས་པ་རིག་པ་ཅོག་བཞག་ནི། །རིག་པ་ངོ་ཤེས་ཕྱིན་ཆད་དབང་པོ་གཅིག་ཅར་བའི་གྲོལ་ལུགས་ལ་བློའི་གྲུབ་མཐའ་ཡོད་མི་སྲིད་ཅིང་ཞེན་འཛིན་མེད་པའི་ཆོས་ཉིད་ཀྱི་རོ་མྱོང་བས་ཁམས་གསུམ་དུ་བཟློག་པའི་རྟེན་ཟད་པ་སྟེ། ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། །དང་པོ་གཅིག་


JL01_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཅར་གྲོལ་བ་ན། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱོང་ནས། ཁམས་གསུམ་ལྡོག་པའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་སོ། །དེའི་ཕྱིར་རིག་པ་ཉིད་ལ་རང་བབས་ཀྱི་བསམ་གཏན་ཡོད་པས་བདེ་གསལ་མི་རྟོག་པའི་བཅོས་མ་ཉེ་བར་བསྒྲུབ་མི་དགོས་པའི་ཚུལ་ཡང་། །ཀ་དག་གི་རིག་བཟང་ཐལ་ངོས་བཟུང་མེད་པ་ལ། །སླད་ཀྱིས་བློའི་ཞེན་པས་བྱས་ཤིང་བཅོས་པ་ལ་དགོས་པ་མེད་པས། །རང་གྲོལ་ཀློང་ཡངས་ཆེན་པོ་བར་མཚམས་དང་ཕྱི་ནང་མེད་པའི་དགོངས་པ་ལ་རང་གནས་སུ་བཞག་ཅིང་། དེའང་ཐོད་རྒལ་དང་འབྲེལ་ན་རིག་གདངས་ལུག་རྒྱུད་དུ་ཤར་བ་ལྷག་མཐོང་དང་དུ་མ་རོ་གཅིག་ཏུ་ཉམས་སུ་བླང་བ་སྟེ། ཡི་གེ་མེད་པ་ལས། །རིག་པ་ཅོག་བཞག་མན་ངག་ཉིད། །འདི་ནི་གསང་བའི་ཐུག་པ་སྟེ། །ཞེས་དང་། སྣང་བ་ཆིག་ཆོད་དགོངས་པ་ནི། །རིག་པ་ཉིད་ཀྱི་བཞག་ཐབས་བཙལ། །གསང་བའི་གསང་བ་ཆེན་པོ་སྟེ། །སྣང་བའི་སྟོབས་ཀྱིས་ཕ་རོལ་སྒྲོལ། །ཆགས་པས་མ་བཅིངས་རང་སྣང་ངོ་། །ཞེས་སོ། །གསུམ་པ་སྣང་བཅར་བཞག་ནི། རིག་པའི་དྭངས་མེ་ལོང་ལྟ་བུ་དེ་སྣང་བ་ཀུན་གྱི་འཆར་གཞི་ཡིན་པས་བཀག་ཀྱང་མི་ཁེགས་ཏེ་འགག་མེད་ཀྱི་རྩལ་ཡིན་པས་སོ། །བསྒྲུབས་ཀྱང་མི་འགྲུབ་སྟེ་སྐྱེ་མེད་དུ་རང་ལོག་པར་འགྱུར་རོ། །དེ་བས་ན་ཡུལ་རིག་ཅིང་རྣམ་པ་ལ་འཇལ་འཇལ་འདྲ་བ་དེ་ཆེད་དུ་མི་སྡུད། །གཉེན་པོས་མི་དགག །རང་ས་རུ་མི་བསྐྱིལ་བར་ཅེར་ཡན་དུ་བཞག་པས་ཆོས་ཉིད་ཀྱི་ངང་ལས་འདའ་མི་ཤེས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། ཆོས་ཅན་མཚན་མར་སྣང་དུས་སུ། །ང་ལ་ཡོན་ཏན་རང་སྣང་པས། །འདི་ལ་བླང་དང་


JL01_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དོར་མི་བྱ། །ཞེས་དང་། ཡི་གེ་མེད་པ་ལས། །རྡོ་རྗེ་སེམས་དཔའི་རིག་པ་ཅེར་བཞག་ནི། །ཆོས་ཀྱི་སྐུ་ཡི་སྣང་བ་ཐམས་ཅད་སྟོན། །ཡེ་ཤེས་དག་པའི་སྣང་བ་ཅེར་སྣང་བས། །གསང་བའི་བཞག་ཐབས་ཅེར་གཞག་ཐབས་ཀྱི་ངང་། །སྐུ་ཡི་སྣང་བ་འབྱུང་ལྔ་མ་སྤངས་ལ། །སྤངས་པ་མ་ཡིན་རང་གི་དོན་ལ་ཞོག །ཅེས་སོ། །ཚུལ་འདིའི་དགོངས་པ་ནི་སྣང་ཤེས་གཉིས་མེད་རོ་གཅིག་ཏུ་ཉམས་སུ་བླང་བའི་དོན་ཏེ། དེ་ལྟར་མ་ཤེས་ནས་གང་ཤར་ལ་ཅེ་རེ་བལྟ་བ་ནི་ཤེས་པ་ཡུལ་འབྱམས་ཀྱི་གདོན་གྱིས་ཟིན་པ་ཞེས་བྱ་སྟེ། །རྟོག་པ་ཉིད་འཁྲུལ་དུ་སོང་བའི་གནད་མགོ། །རང་ས་རུ་བཟུང་ཡང་གཉེན་པོའི་གོལ་སྒྲིབ་སྟེ་སྲིན་བུ་རང་ཉིད་ཀྱི་ཁ་ཆུས་བཅིངས་པ་དང་མཚུངས་ལ། །ཡང་གནས་པ་ངོ་བོར་བཟུང་ནས་མི་རྟོག་པར་བསྒྲུབ། འཆར་བ་རྩལ་དུ་བལྟས་ནས་ཤར་གྲོལ་དུ་བསྐྱང་ངོ་ཟེར་བ་ཤིན་ཏུ་མང་སྟེ། དངོས་གཅིག་རྫས་སུ་འགལ་བའི་ཉམས་ལེན་ཆ་གཉིས་པར་སོང་བས་སྐྱེ་འགག་ལ་སོ་འཛུགས་པའི་བསམ་གཏན་པ་ཞེས་བྱ་སྟེ། ཀུན་བྱེད་ལས། །བྱས་ཟིན་རྩོལ་བསྒྲུབ་འདས་པ་མ་རིག་ན། །རྩོལ་བསྒྲུབ་བྱ་བྱེད་བསྒོམས་ནས་གྲུབ་བལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། །ཅེས་བསྟན་ཏོ། །འོ་ན་ཇི་ལྟར་ཡིན་ན། །རང་ངོ་དང་རྩལ་ཞེས་བརྗོད་པ་དེ་འཁྲུལ་གཞི་དང་འཁྲུལ་སྣང་འབྱེད་དུས་ཀྱི་ཙོ་བོར་སྨོས་ཀྱི་རིག་པ་ངོས་ཟིན་ནས་ལྷག་མཐོང་གི་དེ་ཉིད་ཤེས་པའི་གནས་སྐབས་ན་ཆུ་བོ་དང་རྦ་རླབས་སམ། མེ་ལོང་དང་བྱད་གཟུགས་མཐོང་བ་ལྟ་བུ་སྟེ། དངོས་གཅིག་


JL01_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྱུར་ལོག་པའི་མཚན་ཉིད་ཙམ་ཡིན་པས། སྣང་ངམ། ཤར་རམ། གནས་སམ། རྟོག་དཔྱོད་དུ་ལངས་པ་གང་གི་ཚེ་ཡང་རིག་པ་རྗེན་པ་ཟང་ཀམ་དེ་ཉིད་རང་ངོས་གཟུང་བས་དུས་གསུམ་གྱི་རྟོག་པའི་འབྲེལ་ཐག་ཆོད་པ་ལ་ཆོས་སྐུ་རང་གནས་ཀྱི་གནས་ལུགས་སོ་སོ་རང་རིག་པའི་ཡེ་ཤེས་ཞེས་བྱ་སྟེ། ཀློང་དྲུག་པ་ལས། སྐྱེས་བུ་གང་གིས་འདས་པའི་རྗེས་མ་བཟུང་། མ་འོངས་པའི་སྡུན་མ་བླངས། ད་ལྟའི་ཤེས་པ་རང་སོལ་བཞག་ན། ཤེས་པ་ཐམས་ཅད་སྔ་ཕྱི་མེད་པར་གཅིག་ཏུ་འདྲེས་ནས་གཅིག་འདུས་ངོ་བོ་གཅིག་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ། །ཞེས་སོ། །འདིའི་དྲན་པ་ནི་བཟུང་དྲན་མ་ཡིན་པས་རིག་པ་རྟེད་ཕུར་ལ་མི་གཏད། མ་རིག་པ་ནི་ཡེངས་བརྗེད་འབྱམས་འཁྲུལ་ལ་བརྗོད་པས་ལྷག་མཐོང་གི་གདེངས་མི་རྣལ། སངས་རྒྱས་ནི་རིག་པ་ཡིན་པས་དུས་གསུམ་གྱི་འབྲེལ་ཐག་བཅད་པ་ལ་བཅས་བཅོས་མི་བྱ་བའི་དོན་དུ་ཤེས་པར་བྱའོ། །དེ་ལྟར་བཞག་ཐབས་གསུམ་གོམས་པ་ལས། བཞི་པ་རི་བོ་ཅོག་བཞག་ངང་གིས་འབྱུང་སྟེ། དགོངས་པ་ཆོས་ཉིད་ཀྱི་ངང་ལ་གནས་ནས་རི་བོ་ལྟ་བུ་ལས་མི་གཡོ་བའི་གདེངས་རྙེད་པའི་ཚེ། རྐྱེན་སྣང་སྣ་ཚོགས་རླུང་ལྟ་བུས་མི་གཡོ་བ་སྟེ། ཡི་གེ་མེད་པ་ལས། །རི་བོ་ཅོག་བཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུ་བ་ངང་གིས་མེད། །ཅེས་སོ། །མདོར་ན་རྫོགས་པ་ཆེན་པོའི་གནས་ལུགས་ནི་ལྟ་བ་ཡོངས་གྲུབ། རྒྱུ་འབྲས་དག་མ་ཉམ། བདེན་པ་དབྱེར་མེད། གཟུང་འཛིན་རང་ཞིག །སྐྱེ་འགག་ཟང་ཐལ། ཕྱིར་མ་འཕྲོས། ནང་དུ་མ་བཟུང་བར་དུ་མ་བཞག །བློས་མ་བཅོས། ཡེངས་


JL01_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལ་འཁྲུལ་མི་ཤེས། འཁྲུལ་ཐོག་ཏུ་རང་རིག །སྨྲས་ཚད་ནང་འགལ་བས་ཚིག་ལམ་དུ་ཐ་ཆད། བསམས་ཚད་སྤྲོས་པར་སོང་བས་རང་ངོ་ཁས་ལེན་མི་ཤེས་པའི་ངང་དུ་ལ་བཟླ་བ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། རིག་པའི་ཆོས་ཐམས་ཅད་བདག་རྟོག་གི་བློ་དང་བྲལ་བར་ཤེས་པར་གྱིས་ཤིག །ཅེས་སོ། །དེ་ལྟ་ནའང་ཆོས་ཉིད་བློས་བྱས་ལ་རེ་བ་རྣམས་དོན་འདི་ལྟ་བུ་ལ་སྐྲག་པ་སྐྱེ་བ་ཡོད་དེ། །སྡུད་པ་ལས། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ། །ཞེས་པའི་དགོངས་པ་ཡང་ཕྱོགས་ཙམ་མ་ལོངས་པའི་རང་མཆེད་སྟོན་པ་ལ་ཞུགས་པའོ། །དེ་ལྟ་བུའི་གནད་དོན་དབྱིངས་ཀྱི་ལ་བཟླ་མི་ཚོལ་ཚད་དེ་གོམས་ན་སྒྱུ་ལུས་ཀྱི་སྒོ་ང་རྒྱ་གྲོལ་མ་ཐག་རིག་པ་ཆོས་སྐུའི་ནམ་མཁའ་ལ་ལྡིང་བའི་ངང་ནས་གཟུགས་སྐུའི་བྱ་ཁྱུང་གིས་གདུལ་བྱའི་དོན་འབད་མེད་ལྷུན་གྲུབ་དུ་འབྱུང་བའི་ཚུལ་སེང་གེ་རྩལ་རྫོགས་ལས། །སེམས་ཅན་ཀུན་གྱི་རང་ལུས་ལ། །ཡེ་ཤེས་དག་པའི་ངོ་བོ་གནས། །རྒྱ་ཆེ་སྣང་བར་མ་ནུས་ཏེ། །དཔེར་ན་མངལ་དང་སྒོ་ངའི་རྒྱ། །མངོན་དུ་མི་འབྱུང་བསྒྲིབས་གྱུར་ཀྱང་། །རང་རྩལ་རྫོགས་ནས་འབྱུང་བ་བཞིན། །རྣམ་རྟོག་ལུས་འདི་བོར་མ་ཐག །རང་སྣང་ཡུལ་དང་འཕྲད་པར་འགྱུར། །ཡེ་ནས་གནས་པའི་རང་རིག་ཉིད། །ངོ་བོ་རྟོག་མེད་མཐོང་བར་འགྱུར། །ཡེ་ཤེས་དག་པའི་སྣང་བ་དང་། །སངས་རྒྱས་བདེན་པ་མཐོང་བར་འགྱུར། །ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །


JL01_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །གལ་ཏེ་དེ་ལྟར་མི་རྟོག་ན་ཆོས་དང་གང་ཟག་འཛོལ་མི་ཤེས་པའི་ཤེས་པའི་རང་ཉམས་དང་སྦྱར་ཏེ་ངོ་སྤྲད་པའི་ཚུལ་ལ། །རྩ་བ་རིག་པ་ལས་འཁྲུལ་པ་ལྡོག་ཚུལ་སེམས་ཀྱི་ངོ་སྤྲོད་གསུམ་དང་། རིག་པ་རང་སྣང་དང་བཅས་པ་ཡེ་ཤེས་ཀྱི་ངོ་སྤྲོད་ཉི་ཤུ་རྩ་གཅིག་ལས། དང་པོ་ནི། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ། །སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བར་རྒྱས་ཐེབས། སྟོང་པ་རིག་པར་ངོ་སྤྲད་པས་རིག་པ་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །ཞེས་གསུངས་པ་ལས། དང་པོ་སྣང་ཡུལ་རང་མཚན་པ་སེམས་སུ་འདོད་པ་སེམས་ཙམ་རྣམ་བདེན་པ་ལྟར་དུ་མ་ཡིན་ཀྱང་། །སྣང་མི་སྣང་དུ་སེམས་ཀྱིས་འཛིན་པས། ཡུལ་ལ་དང་པོ་འཇལ་བྱེད་ཀྱི་སེམས་ལ་སྣང་བའི་སེམས་དང་། རྗེས་ལ་དེའི་ཁྱད་པར་སེམས་བྱུང་དུ་དཔྱོད་པ་ལ་འཛིན་པའི་སེམས་སུ་ངེས་པར་བྱེད་པས་ཤར་གྲོལ་རང་ཡན་གྱི་དམིགས་ཤེས་ནས་སྤང་གཉེན་གྱི་རྩ་བ་ཆོད་པར་བྱེད་པ་སྟེ། རྩ་ཤེ་ལས། དམིགས་སུ་ཡོད་པའི་སེམས་ཉིད་ལ། སྣང་བ་སྣ་ཚོགས་རང་ཤར་ཏེ། །མིང་དང་ཁ་དོག་སོ་སོ་ནི། །གཟུགས་ཀྱི་རྣམ་པ་གཉིས་སུ་རྫོགས། །ཞེས་སོ། །གཉིས་པ་ནི། དེ་ལྟར་སེམས་དང་སེམས་བྱུང་ལྟར་ཤར་བའི་ངོ་བོ་ལ་བཏགས་པས་ཁ་དོག་དང་། བྱད་དབྱིབས་དང་། སྐྱེ་འགག་གནས་གསུམ་ལ་སོགས་པ་གང་དུ་འམ་གྲུབ་པས་སྟོང་པ་ངོས་བཟུང་མེད་པའི་རང་བཞིན་དུ་ཤར་ཀྱང་། ཆད་པར་བལྟ་བའི་དམིགས་ལས་གྲོལ་བས་རང་གསལ་གྱི་སྟོང་པའི་དྲངས་ཀ་དག་གི་ནང་དབྱིངས་སུ་འཆར་བས་གཟུང་འཛིན་གྱི་རྩ་


JL01_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆོད་པར་བྱེད་ལ། དེའི་ངང་གོམས་པ་ལས་འོད་གསལ་གྱི་དབྱིངས་སྣང་ཀྱང་ཞར་ལ་མངོན་པ་ཉིད་དེ་ངོ་སྤྲོད་སྒྲས་པ་ལས། ཡེ་ནས་མེད་པའི་སྟོང་པ་ཡིས། །འབྱུང་བ་རང་ཟད་འོད་སྣང་ཟེར། །བྱ་བྱེད་བྲལ་བའི་སྟོང་པ་ཡིས། །སྐུ་གསུམ་མཚོན་པའི་འོད་སྣང་རྙེད། །ཅེས་སོ། །གསུམ་པ་ནི། གཟུང་འཛིན་དབྱིངས་སུ་དག་པའི་སྟོང་པ་དེ་ཡང་སྟོང་ཆད་ཅང་མེད་དོ་མ་ཡིན་པར། དྭངས་ལ་ཡུལ་མེད་དུ་གསལ་བས་སོ་སོ་རང་རིག་པའི་ཡེ་ཤེས་ཞེས་བྱ་སྟེ། རིག་པའི་ཆ་ནས་ཆད་པར་མ་སོང་། ངོ་བོའི་ཆ་ནས་རྟག་པར་མི་གནས། །བདག་རིག་གཞན་རིག་ལ་སོགས་པའི་དཔེར་བྱ་ཀུན་ལས་འདས་པའི་གཞི་གནས་ཀྱི་ཡེ་ཤེས་རྒྱལ་བ་རྣམས་ཀྱི་བདེན་པའི་ཆོས་ཉིད་གཅིག་ཏུ་མཐོང་བ་སྟེ་སེང་གེ་རྩལ་རྫོགས་ལས། ཡེ་ནས་གནས་པའི་རང་རིག་ཉིད། །ངོ་བོ་རྟོག་མེད་མཐོང་བར་འགྱུར། །ཡེ་ཤེས་དག་པའི་སྣང་བ་དང་། །སངས་རྒྱས་བདེན་པ་མཐོང་བར་འགྱུར། །ཞེས་སོ། །དེ་ལྟར་སྣང་བ་ལས་འཁྲུལ་པ་ལྡོག་ཚུལ་གྱི་ངོ་སྤྲོད་སེམས་ལ་དམིགས་ཕུག་ནས་རིག་པའི་གཏིང་འཚོལ་བ་ལྟ་བུའི་དཔེ་དོན་འབྲེལ་ཆགས་པར་སྟོན་པ་འདི་ནི་སྣང་བ་དང་སྣང་ཡུལ་མ་ཕྱེད་པའི་སེམས་ཀྱི་ངོ་སྤྲོད་ཐུན་མོང་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ལྟ་ནའང་སྐབས་དོན་གསུམ་པ་སྟོན་པ་རིག་པར་ངོ་སྤྲོད་པ་ནི་སྔོན་ལ་སྣང་སེམས་ཀྱི་མ་ཚང་བཅལ་ནས་ཕྱི་ནས་སྟོང་པ་དེ་ཉིད་རིག་པའི་བདག་ཉིད་དུ་གནས་པའི་ཚུལ་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པའི་དོན་དུ་སྣང་བས་ན། རང་ངོ་ཀ་ནས་དག་པའི་རིག་པ་ཟང་ཐལ་རྗེན་པར་འབུད་མ་ཤེས་ན་དེ་ཁོ་ན་ཉིད་ཀྱི་ལྟ་བ་ཟབ་མོར་བློས་སྒྲོ་བཏགས།


JL01_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་དང་དེའི་ཐ་སྙད་དང་སྙམ་བྱེད་དུ་བཟུང་ཡང་། བརྗོད་བྲལ་བརྗོད་ཅན་དུ་སོང་ནས་རང་ངོ་སྤྲོས་བྲལ་མཐོང་བའི་དུས་མེད་དེ། རང་ཤར་ལས། ཆོས་སྐུ་ཟང་ཐལ་ཡིན་པར་མ་ཤེས་པར། །རྫོགས་རིམ་སྐྱེ་བ་མེད་པར་ཁས་བླངས་ཀྱང་། །ཝ་སྤྲེའུ་སེང་གེ་སྟག་ཏུ་བརྫུས་པ་བཞིན། །ཞེས་སོ། །འདིར་ནི་སྔོན་དུ་སྣང་བ་སེམས་སུ་ངོ་སྤྲོད་པ་ལ་སོགས་པའི་རིམ་འཇུག་བྱས་སམ་མ་བྱས་ཀྱང་རུང་སྟེ། མཐར་གྱིས་རིག་པ་བཅར་ཕོག་ཏུ་ངོས་ཟིན་པར་བྱེད་པ་ནི་ཐེག་པ་འདིའི་ཁྱད་པར་གྱི་ཆོས་ཡིན་པས། །དེའི་ཁྱད་གཞི་གནད་ལ་བརྟེན་མ་བརྟེན་གཉིས་སུ་ཕྱེ་ནས་ངོ་སྤྲད་པའི་ཚུལ་ལས་གནད་ལ་མ་བརྟེན་པར་ངོ་སྤྲད་པ་ནི། སྣང་བ་དང་། སྟོང་པ་དང་། སེམས་སུ་རྟོག་པའི་འཐད་པ་སྣ་ཚོགས་ཀྱི་ཡུལ་ལ་སེམས་བྲིད་ནས་དོན་རང་མཚོན་དུ་ཞེན་པའི་ཤེས་པ་རྒྱུན་མར་འཐུད་པ་མཐའ་དག་གཏད་མེད་དུ་སྐྱུར་ནས་ཡུལ་ལ་མི་རྟོག །ནང་དུ་མི་བསྐྱིལ། བར་དུ་མ་གཟུང་། བློས་མ་བཅོས། རྟོག་པར་མི་འགྱུ་བའི་ཤེས་པ་ཟང་ཐལ་རྒྱ་ཡན་བ་དེ་ནི་དུས་ཐམས་ཅད་ན་ཡོད་པ་དེ་རྟོགས་པ་དང་ལྡན་པའི་བླ་མའི་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པས། ངོ་བོ་ཉིད་མེད་པའི་གནས་ལུང་རྗེན་པར་མཐོང་བ་ཡིན་ཏེ། རང་ཤར་ལས། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །ཅེས་སོ། །ད་ལྟར་མཐོང་ན་རིག་པས་དབྱིངས་ཀྱི་གནས་ལུགས་འཇལ་ཤེས་པས་ལུང་རིགས་ཀྱི་དཔྱད་པའི་ཕོ་ཚོད་ལ་མི་ལྟོས་ཤིང་རང་གི་རང་ལ་ཐེ་ཚོམ་མི་ཟ་བ་ཡིན་པས་དེ་ཉིད་ཀྱི་ངང་ལ་བསྐྱང་བ་ཡིན་ནོ། །གནད་ལ་བརྟེན་ནས་ངོ་སྤྲོད་ལུགས་དྲུག་ནི། །ཐལ་འགྱུར་ལས། སེམས་ནི་གཟུང་དང་གནས་པ་དང་། །རྩ་བ་གཅད་དང་དངོས་པོ་དང་། །


JL01_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དང་ཤེས་པའི་བར་ནས་བཙལ། །ཡེངས་ལ་བོར་བ་རྣམས་ཡིན་ནོ། །ཞེས་པ་ལས། དང་པོ་སེམས་གཟུང་ནས་ངོ་སྤྲད་པ་ནི། ལུས་སྐྱིལ་ཀྲུང་། རླུང་རང་དལ། མིག་མི་འཛུམ། སེམས་རང་ལུགས་སུ་བཞག་པས་གསལ་སྟོང་ངེ་གནས་དུས་ཀྱི་གསལ་བ་དང་སྟོང་པ་གཉིས་པོ་དེ་ཉམས་ཡིན་ལ། དེ་ལྟར་རིག་བྱེད་ནམ་མཁའ་ལྟར་གོ་འབྱད་པའི་ཆ་དེ་རྟོགས་པ་ཡིན་པར་ངོ་སྤྲད་དེ། ནོར་བུ་ཕྲ་བཀོད་ལས། །སྟོང་པ་ཉིད་ཀྱི་དམ་ཚིག་ལས། །རིག་པའི་ཡུལ་དུ་རྣམ་པར་སྣང་། །ཞེས་སོ། །གཉིས་པ་སེམས་གནས་པ་ལ་ངོ་སྤྲད་པ་ནི། བཏང་བཞག་ཆེད་འཛིན་གང་ཡང་མ་བྱས་པའི་དུས་ན་ཝལ་ལེར་འདུག་པ་དེ་ཉམས་ཡིན་ལ། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ཤེས་པ་དྭངས་ཕྱེད་པའི་ཆ་དེ་རྟོགས་པའོ། །དེ་སྐད་དུ་རང་ཤར་ལས། ཕྱོགས་སུ་མ་ལྷུང་རྒྱ་མ་ཆད། །ཕྱི་དང་ནང་མེད་ཡངས་པ་ཆེ། །དག་པ་ཤེལ་གོང་རི་མེད་བཞིན། །སྣང་ལ་རང་བཞིན་མེད་པར་གསུངས། །ཞེས་སོ། གསུམ་པ་རྩ་བ་གཅད་ནས་ངོ་སྤྲད་པ་ནི། སེམས་དེ་རྐྱང་ངེད་བཏང་ནས་དང་པོ་གང་ནས་བྱུང་། ད་ལྟ་གང་ན་གནས། མཐར་གང་དུ་འགྲོ། །ཁ་དོག་དང་བྱད་དབྱིབས་ལ་སོགས་པའི་མཚན་ཉིད་བཏགས་པས་ཅི་ཡང་མ་རྙེད་པར་ཕྱེད་དེ་བར་སོང་དུས་ཀྱི་ཤེས་པ་ཐང་ཆད་པ་ལྟ་བུ་དེ་ཉམས་ཡིན་ལ། དེའི་མཚན་ཉིད་དཔྱད་མི་བཟོད་པ་དེ་རྟོགས་པ་ཡིན་པར་ངོ་སྤྲད་པའི་ཚུལ་ཐལ་འགྱུར་ལས། གཅིག་ཏུ་མ་ཡིན་གཉིས་མཐའ་ཟད། །དུ་མར་མི་སྣང་གཅིག་ལས་འདས། །བརྗོད་དུ་མེད་པས་ཚིག་གི་གཞི། །དངོས་ལ་སྟོང་པའི་སྙིང་པོ་དོན། །ཕྱོགས་སུ་མ་ལྷུང་ལྟ་བའི་དོན། །ཞེས་སོ། །བཞི་པ་དངོས་པོ་དེད་ནས་ངོ་སྤྲད་པ་ནི། སེམས་དང་ནམ་མཁའ་བསྲེས། ནམ་མཁའི་


JL01_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དབུས་གཅད་ནས་དེད་པས་ཡུལ་སེམས་གཉིས་མེད་ཀྱི་ཤེས་པའི་ངོ་བོ་རང་བཞིན་གྱི་བསམ་གཏན་བྱིད་རྒོད་མེད་པར་སོང་དུས་ཀྱི་དངས་ཆ་དེ་ཉམས་ཡིན་ལ། རིག་ཆ་དེ་རྟོག་པ་ཡིན་པར་ངོ་སྤྲད་དེ་རིན་པོ་ཆེ་སྤུངས་པར། རང་བཞིན་བསམ་གཏན་བར་མེད་ལ། །བྱིང་རྒོད་མེད་པ་ཡ་རེ་མཚན། །ཞེས་སོ། །ལྔ་པ་ཡུལ་དང་ཤེས་པའི་བར་ནས་ངོ་སྤྲོད་པ་ནི། ཤེས་པ་ཡུལ་ལ་ཤར་དུས་ཤར་བ་ལས་གཞན་པ་གཅིག་ཏུ་ཐོག་བབས་སུ་བཞག་ནས་ཡུལ་ལ་མི་དཔྱད། ཡུལ་ཅན་ལ་མི་བསྡུ་བའི་བར་དེ་བརྗོད་མི་ཤེས་པར་སོང་བའི་དེར་འཛིན་གྱི་ཆ་དེ་ཉམས་ཡིན་ལ། རིག་གེ་བའི་ཚད་དེ་རྟོགས་པ་སྟེ། རྩལ་རྫོགས་ལས། རིག་པ་ངོ་བོ་རྟོག་མེད་ལ། །ཅི་ཡང་མེད་པས་ཅི་ཡང་འབྱུང་། །ཞེས་སོ། །དྲུག་པ་ཡེངས་འཁོར་ནས་ངོ་སྤྲད་པ་ནི། ཡེངས་ཐབས་སུ་སོང་བ་དེ་ཉིད་ལ་ཕུལ་བརྡེག་བྱས་ནས། བདེ་གཤེགས་སྙིང་པོ་ལ་རྣམ་ཤེས་ཚོགས་བརྒྱད་ཀྱི་ཇག་པ་སླེབས་སོ་བྱས་པས། ད་ལྟའི་འོག་འགྱུའམ། ལུང་མ་བསྟན་གྱི་ཆ་དེ་འཐོར། ཅི་ཟེར་ཆ་མེད་པར་སོང་དུས་ཀྱི་ཤེས་པ་ཧད་དེ་ཧོད་དེ་བདེ་ཉམས་ཡིན་ལ། །རང་བཞིན་མི་འགྱུར་བའི་རིག་ཆ་དེ་རྟོགས་པ་ཡིན་ཏེ། རང་ཤར་ལས། རིག་པ་ཉིད་ཀྱི་སྣང་བ་ནི། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །བརྗོད་མེད་རྣམ་པར་དག་པའི་ཆོས། །ཡིན་དང་མིན་པའི་མཐའ་ལས་འདས། །དགག་དང་བསྒྲུབ་པ་མེད་པ་ཉིད། །འཛིན་དང་ཆགས་པའི་མཐའ་ལས་འདས། །དྲི་མེད་འོད་གསལ་ལྷུན་གྲུབ་ཉིད། །ཅེས་སོ། །དེ་ལྟར་གནང་ལ་བརྟེན་མ་བརྟེན་གང་ཡིན་ཡང་འདྲ་སྟེ་ངོ་བོ་གཞི་ཐོག་ཏུ་འབེབས་པས་ལྟ་སྒོམ་དང་གཉེན་པོ་ལས་གྲོལ་ལ་མ་རིག་ཐོག་ཏུ་ངོ་སྤྲོད་པས་གེགས་དང་གོལ་ས་ཉུང་ཞིང་བྱིང་རྒོད་ཀྱི་


JL01_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

གླགས་མི་བལྟ་བའི་ཁྱད་པར་ཤིན་ཏུ་ཆེ་སྟེ་རང་ཤར་ལས། ལྟ་བ་ཀུན་གྱི་ཡང་རྩེ་ནི། །ཨ་ཏི་རྫོགས་པ་ཆེན་པོར་བཤད། །ཅེས་སོ། །འདི་ལྟར་གནས་ཆའི་གསལ་ཉམས་དང་། །སྣང་སྟོང་དང་བདེ་གསལ་མུ་སྤྲེལ་བའམ། མི་རྟོག་པར་འཇོག་པའི་ཕྱོགས་ཀྱིས་འདིའི་དོན་མི་མཐོང་བས་དེ་དག་དང་མ་འདྲེས་པར་རིག་པ་ཟང་མ་ཐལ་ལ་ཡིད་དཔྱོད་ཀྱི་དམིགས་རྩེ་གཏད་ཡུལ་མེད་པའི་ཁྱད་ཕྱེ་ནས་སྟོན་པའི་ཕྱིར་ཏེ་གསང་འདུས་ལས། དེ་ཕྱིར་རྩེ་མོར་གྱུར་པའི་རྩེ། །ཞེས་བཤད་པས་མཚོན་ནོ། །གཉིས་པ་ཡེ་ཤེས་རང་གི་ངོ་སྤྲོད་ནི། ཤེས་རབ་དང་། སྦྱངས་པ་དང་། གྲོལ་བ་ཐ་དད་པ་གསུམ་ལ་བདུན་ཚན་རེ་རེས་ཕྱེ་བའི་དབང་པོ་ཉི་ཤུ་རྩ་གཅིག་ལ་ལྟོས་ནས་ངོ་སྤྲོད་ཀྱང་འདུན་ཚན་གསུམ་དུ་བྱུང་བ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། རིག་པ་གཞི་ནས་འཕགས་ཏེ། ལམ་དུ་འཇུག་པ་ངོ་ཤེས་པར་བྱ་བའི་ཆེད་དུ་དཔེ་དོན་གྱི་ངོ་སྤྲོད་ལ་སོགས་ཏེ་ངོ་སྤྲོད་ཉི་ཤུ་རྩ་གཅིག་ཤེས་པར་བྱའོ། །ཞེས་སོ། །དེ་བཞིན་དུ་ངོ་སྤྲོད་སྤྲས་པ་ལས་ཀྱང་རྒྱས་པར་གསུངས་ཀྱང་འདིར་དེ་ཙམ་མོ། །དེ་ལྟ་ན་ཐ་སྙད་དང་མཚོན་དཔེ་ལ་མི་ལྟོས་པ་རྫོགས་པ་ཆེན་པོའི་གྲུབ་མཐའ་ཡིན་ན་འདི་དག་ནི་ཡིད་དཔྱོད་འཛིན་པར་འགྱུར་རོ་ཞེ་ན། ཡང་དག་པའི་རིག་པ་ཀ་དག་ཆེན་པོ་ལ་དཔེ་དང་གཏན་ཚིགས་ཀྱི་མཚོན་དུ་མེད་ཀྱང་། གཞི་ལས་འཕགས་པའི་ལྷུན་གྲུབ་འོད་ལྔ་རང་ཆས་ཅན་ལ་འཁོར་འདས་ཀྱི་སྒོ་ཡོད་པས་ལམ་སྣང་གཏན་ལ་འབེབས་པའི་ཕྱིར་དུ་ནང་དབྱིངས་མངོན་སུམ་དུ་མཐོང་ཟིན་བཞིན་ལ་ངོ་བོ་ལས་མཆེད་པ་དང་། སྣང་བ་ཐིམ་ཚུལ་མན་ཤེལ་དང་རང་འོད་ཕྱིར་གསལ་གྱི་བརྡས་མཚོན་པར་བྱས་ནས་སྟོན་པའི་དཔེའི་ངོ་སྤྲོད་འདི་སོ་སོ་སྐྱེ་བོའི་རྒྱུད་ལ་འབྱོར་བདེ་བས་མངོན་སུམ་གྱི་ལམ་ཐོད་རྒལ་


JL01_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆོས་ཉིད་བར་དོའི་རྣམ་བྱང་གི་མངོན་རྟོགས་མཐོང་བ་ཐམས་ཅད་ཀྱི་གྲོགས་ཙམ་དུ་དགོངས་ནས་གསུངས་པ་ལས་རིག་པའི་ངོ་སྤྲོད་ལ་དམིགས་པ་མ་ཡིན་པའི་ཚུལ་ནོར་བུ་ཕྲ་བཀོད་ལས། ཀྱི་མ་རིགས་ཀྱི་བུང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། དུས་ཀྱི་སྙིགས་མ་ལྔ་བརྒྱའི་དུས་སུ། བསླུ་བྲིད་བྱིས་པའི་ངང་ཚུལ་ཅན་དག་གིས། སངས་རྒྱས་ཀྱི་དགོངས་པ་དཔེ་ལ་ཡིད་ཆེས་བྱེད་པའི་དུས་འབྱུང་སྟེ། དེའི་ཚེ་རང་གི་རྒྱུད་གསང་བ་འདི་འབྱུང་བ་ཡིན་ནོ། །ཡང་དག་པའི་རིག་པ་ཉིད་ལ་དཔེས་མཚོན་དུ་མེད་དོ། །རང་བཞིན་གྱི་འོད་ལྔ་རང་ཆས་སུ་ཡོད་པ་ལ་གཟུགས་བརྙན་གྱི་འོད་ལྔ་བསྟན་པ་ཡང་སངས་རྒྱ་བར་མི་འགྱུར་རོ། །ཞེས་སོ། །དེ་ལྟར་རིག་པའི་ངོ་སྤྲོད་དབྱིས་ཕྱིན་པར་ཐོབ་ཀྱང་བསགས་པ་དམན་པ་རྣམས་ཀྱིས་དེའི་རང་བཞིན་ལ་ཐོད་རྒལ་དུ་འཇུག་མི་ནུས་པས། དེ་ལྟ་མོད་ཀྱི་བདག་འཛིན་གློ་བུར་རྐྱེན། །ཆོས་དབྱིངས་དག་པའི་ཀློང་དུ་མ་ནུབ་པར། །གློ་བུར་རྐྱེན་གྱིས་བསླུ་བའི་རྟོགས་ཚོགས་ཆོས། །ཐ་མལ་རང་ལུགས་སྲིད་པའི་བདག་པོ་ཡིས། །དང་པོའི་ལས་ཅན་རྣམས་ལ་སྒྲིབ་པའི་ཕྱིར། །ཞི་གནས་ལྷག་མཐོང་ངོ་བོ་གཅིག་པ་དང་། །སོ་སོ་པ་ཡི་འཁྲིད་ཚུལ་རྣམ་གཉིས་ལས། །དང་པོའི་ཕྱོགས་ལ་གནས་ཆའི་བསམ་གཏན་དང་། །གསལ་ཆའི་ཤེས་རབ་ཞི་ལྷག་ཟུང་འབྲེལ་ལས། །གཉིས་པ་མིན་པའི་མཐའ་བྲལ་དོན་ལ་བཞག །ཅེས་འདོམས་ཏེ། དེ་ལ་བདག་འཛིན་དང་བཅས་པའི་ཚོགས་བརྒྱད་ཀྱི་སེམས་གློ་བུར་བ་གང་ཞིག་ཆོས་ཀྱི་དབྱིངས་དང་མཚུངས་ལྡན་དུ་གྱུར་པ་རིག་པའི་ཆོས་ཉིད་དུ་ལྡོག་མི་ནུས་པ་རྣམས་ལ་ཐུན་མོང་དང་མཐུན་པའི་སེམས་གནས་སྒྲུབ་ཚུལ་ཡང་། འདི་ནས་མ་བཀག་པའི་ཚུལ་ཐལ་འགྱུར་ལས། བསྒོམ་པ་ཞེས་ནི་སེམས་གནས་ལ། །འགྱུ་བ་ཕྱི་ནང་གཅོད་


JL01_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །གཟུང་དང་འཛིན་པ་འགག་པའོ། །ཞེས་དང་། །རྩ་དང་རླུང་དང་ཐིག་ལེ་དང་། །ལུས་གནད་དམིགས་དང་སྟོང་པ་ནི། །བསྒོམ་པ་ཞེས་ནི་འདོད་པ་ཡིན། །ཞེས་ངོ་བོ་དམིགས་གཏད་ལ་བརྟེན་པའི་སེམས་གནས། དགོས་པ་དེ་ཉིད་བརྟན་པ་ལས་འབྲས་བུ་རེ་བ། བྱེད་ལས་གཟུང་འཛིན་འགོག་འདོད་ཀྱི་ཞི་གནས་ལྷག་མཐོང་དང་འབྲེལ་བར་བསྒྲུབ་པ་སྟེ། དེ་སྐད་དུ་ཀློང་དྲུག་པ་ལས་ཀྱང་། བརྗོད་དུ་མེད་པའི་སེམས་ཉིད་ལ། །ཞི་གནས་ལྷག་མཐོང་རང་ཤར་བས། །མཉམ་པར་བཞག་དང་རྗེས་སུ་ནི། །མི་གཡོ་བསམ་གཏན་ཉིད་དུ་རྫོགས། ཞེས་སོ། །དེ་བས་ན་ལྟ་བ་གཞི་ཐོག་ཏུ་ཕེབས་པའི་རིག་པ་ཐད་དྲང་དུ་ངོ་འཕྲོད་ནས་དེ་ཉིད་ཀྱི་ངང་ལ་དུས་གསུམ་མཉམ་པ་ཉིད་དུ་ལ་བཟླ་མ་ཤེས་ན། རྫོགས་པ་ཆེན་པོའི་ངོ་སྤྲོད་རེ་ཙམ་ཐོབ་པ་དང་། དལ་ཁོམ་རེས་འགའ་བའི་ཆོས་ལ་དགག་བསྒྲུབ་བླང་དོར་ལས་འདས་པའི་འགྱུར་བརྩིས་པས་འཆི་བ་དང་བར་དོར་མི་ཕན་ཤིང་། གཏན་དུ་འཁོར་བར་འཁྱམས་པའི་རྩ་བ་མི་ཆོད་པས་བསྒོམ་པའི་དེ་ཁོ་ན་ཉིད་ལ་སློབ་པའི་ཚུལ་ཐལ་འགྱུར་ལས། མ་བསྒོམས་པ་ཡི་སྐྱོན་ཉིད་ནི། །འཁོར་བའི་མཚན་ཉིད་མངོན་སྣང་བས། །བདག་དང་གཞན་ཏེ་ཡུལ་ཤེས་དང་། །ཚིག་དང་བཅས་ཏེ་ལྟ་བ་དང་། །དམིགས་དང་བཅས་ཏེ་ཡུལ་དག་དང་། །ཉོན་མོངས་བདག་ཏུ་འཆིང་བར་འགྱུར། །སངས་རྒྱས་ལམ་ཡང་སྟོར་བ་དང་། །འབྲས་བུའི་རང་བཞིན་མ་ཤེས་དང་། །ཆོས་ཀུན་མཉམ་པའི་གཞི་མེད་དང་། །རང་རིག་ཁམས་གསུམ་བཅིངས་པ་དང་། །རྟོག་དང་བཅས་པས་ལྟུང་བར་འགྱུར། །ཞེས་སོ། །དེ་ལ་སྤྱིར་ཞི་ལྷག་སོ་སོའི་བསྒྲུང་ཚུལ་ནི་མདོ་ལམ་དུ་ལེགས་པར་བསྟན་ཟིན་ཀྱང་འདིར་འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་དགོངས་


JL01_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བཅར་གྱིས་དྲིལ་ནས་དེ་གཉིས་ངོ་བོ་གཅིག་ཏུ་བལྟ་བའི་དོན་བཤད་ན། འདི་ལྟར་འཁོར་འདས་སུ་འཛིན་པའི་ཆོས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་ཤེས་པ་རྩེ་གཅིག་པའི་ངང་ལས་མི་གཡོ་བ་ཞི་གནས། དེའི་མཚན་ཉིད་དངོས་པོ་མེད་པར་འདུ་ཤེས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱི་གསལ་ཆ་ནི་ལྷག་མཐོང་ཡིན་ཏེ། འཕགས་པ་འདའ་ཀ་ཡེ་ཤེས་ལས། ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པས་ན་དངོས་པོ་མེད་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་སོ། །དེ་ལྟར་ཞི་ལྷག་ངོ་བོ་གཅིག་པའི་བསམ་གཏན་ལ་གོམས་ན་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་གཉིས་སུ་འདུས་ནས་རྗེས་ཐོབ་ཐམས་ཅད་སྙིང་རྗེ་ཆེན་པོའི་རང་བཞིན་དུ་འཆར་བའི་ཚུལ་དེ་ཉིད་ལས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པས་སྙིང་རྗེ་ཆེན་པོའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་སོ། །གང་གི་ཚེ་མཉམ་གཞག་ཏུ་ཞི་ལྷག་ངོ་བོ་གཅིག་པའི་སྟོང་ཉིད་དང་། རྗེས་ཐོབ་ཏུ་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པ་ལ་གོམས་པས་ཚོགས་གཉིས་གཅིག་ཆར་དུ་རྫོགས་ཏེ་འོད་གསལ་གྱི་རང་བཞིན་འཕགས་པའི་བདེན་པ་ལ་རེག་པའི་ཚུལ། ཆོས་ཐམས་ཅད་རང་བཞིན་གྱི་མི་དམིགས་ཤིང་འོད་གསལ་བསན་དངོས་པོ་ཅི་ལ་ཡང་མི་ཆགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་སོ། །དེ་ཡང་དངོས་པོ་ནི་ཟག་བྱེད་ཡིན་པས་ཤེས་བྱའི་སྒྲིབ་པ་སྟེ་དེ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་བཅོམ་ན་སངས་རྒྱས་ཀྱི་རང་བཞིན་རང་སེམས་རྟོགས་པ་ལས་འབྱུང་བའི་ཚུལ། སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་སོ། །རྐང་པ་བཞིས་བསྒོམ་པའི་མདོ་ཐམས་ཅད་ཉེ་བར་བསྡུས་པ་ཡིན་ནོ། །འདིའི་འདུ་ཤེས་ནི་རང་རྒྱུད་ཀྱི་དངོས་པོས་བསྡུས་པའི་ཕུང་པོའི་བདག་ཉིད་དུ་མི་བལྟ་སྟེ། ཕུང་པོ་ལྔ་པོ་


JL01_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཀྱང་རང་བཞིན་གྱི་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་པ་དང་འགལ་པའི་ཕྱིར་རོ། །དེ་བས་ན་སྟོང་པ་ཉིད་ལ་ལྟ་པའི་གནས་སྐབས་ཀྱི་འདུ་ཤེས་ནི་སོ་སོར་རྟོག་པའི་ཤེས་རབ་སྟེ་འོན་ཀྱང་དེའི་བྱེད་ལས་ནི་ཆོས་ཉིད་ཀུན་ཏུ་འགྲོ་བ་ཅན་ཡིན་པས་ཐོས་པ་དང་བསམ་པའི་ཤེས་རབ་ཀྱི་དུས་ན་རྣམ་པར་རིག་པ་ཅན་གྱི་རྟོག་དཔྱོད་ཡིན་པ་འོག་ཏུའང་འཆད་པར་འགྱུར་ལ། བསྒོམ་པའི་ཤེས་རབ་ཀྱི་དུས་རྣམ་པར་རིག་པ་ཅན་མ་ཡིན་པས་བག་ཆགས་ཀྱི་མཐའ་མི་འཛིན་པ་སོ་སོ་རང་རིག་པའི་ཡེ་ཤེས་ཉིད་དོ་འཇམ་དཔལ་གྱི་ལྟ་བ་མདོར་བསྟན་པ་ལས། ཡེ་ཤེས་ཀྱིས་ནི་ཕུག་པའི་སེམས། །འགའ་ཡང་བག་ཆགས་མེད་པའོ། །ཞེས་སོ། །ཞི་གནས་ཀྱི་འབྲོག་དགོན་ཆེན་པོར་ལྷག་མཐོང་གི་ཅ་ཅོ་སྒྲོག་པ་ནི་ཇི་ལྟ་བ་དང་། ཇི་སྙེད་པའི་ཕྱོགས་ལེགས་པར་མ་ཕྱེད་པའི་རྣམ་འགྱུར་སྟེ། འཕགས་པ་དཀོད་མཆོག་སྤྲིན་ལས། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཆོས་ལ་སོ་སོར་རྟོག་པའོ། །ཞེས་པས་གསལ་ལོ། །དེ་བས་ན་མཐར་གྱིས་ཞི་ལྷག་ངོ་བོ་གཅིག་པའི་བདག་ཉིད་དབྱེ་བསལ་མེད་པར་མ་ཤེས་ནས་གནས་པ་ཐམས་ཅད་ཞི་གནས་དང་། དཔྱོད་པ་ཐམས་ཅད་ལྷག་མཐོང་དུ་གཟུང་བ་ནི་དེ་བཞིན་གཤེགས་པའི་བསྟན་པ་ལས་གཞན་དུ་གྱུར་པ་ཞིག་སྟེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བྱང་ཆུབ་སེམས་དཔའི་ཞི་གནས་ནི་ཡང་དག་པའི་བསམ་པ་སྟེ་ཞི་བའི་འདུ་ཤེས་ལ་ཡང་མི་གནས་པའོ། །ལྷག་མཐོང་ནི་ལྟ་བ་མཐོང་བ་སྟེ་ལྟ་བ་ཉིད་ཀྱང་རྗེས་སུ་མི་མཐོང་བའོ། །གང་གིས་དེ་ལྟར་མཐོང་བ་དེ་ཉིད་ཡང་དག་པར་མཐོང་བའོ། །ཞེས་པ་དང་འགལ་བའི་ཕྱིར་རོ། །སོ་སོ་བ་ནི། གཉིས་པའི་ཕྱོགས་ལ་དབྱེ་བ་གཉིས་གྲུབ་སྟེ། །ཤེས་རབ་ལས་བྱུང་གདམས་ངག་ལས་བྱུང་


JL01_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། ཤེས་རབ་ལས་བྱུང་སྒྲ་ཡི་རྗེས་མཐུན་པ། །ཐོས་པའི་དོན་ལ་རྩེ་གཅིག་ཞི་བ་དང་། །དེ་ལས་དོན་རྟོགས་ལྷག་མཐོང་མཚན་ཉིད་དོ། །མན་ངག་ལས་བྱུང་དོན་གྱི་རྗེས་སུ་འགྲོ། །སེམས་ནི་གཡོ་བ་མེད་པ་ཞི་གནས་ལ། །དེ་ཡི་རང་བཞིན་ཤེས་པ་ལྷག་མཐོང་སྟེ། །དེ་སྐད་དུ་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས། ཞི་གནས་དང་ལྷག་མཐོང་ནི་གཉིས་ཏེ། ཤེས་རབ་ལས་བྱུང་བ་དང་། གདམས་ངག་ལས་བྱུང་བའོ། །ཤེས་རབ་ལས་བྱུང་བ་ནི། མདོ་སྡེ་བཅུ་གཉིས་ཀྱི་ཚིག་ཡིད་ལ་བྱེད་པ་ནི་ཞི་གནས་སོ། །དེའི་དོན་རྟོགས་པ་ནི་ལྷག་མཐོང་ངོ་། །གདམས་ངག་ལས་བྱུང་བ་ནི། མན་ངག་གིས་སེམས་མི་གཡོ་བར་བྱེད་པ་ནི་ཞི་གནས་སོ། །དེའི་དོན་རྟོགས་པ་ནི་ལྷག་མཐོང་ངོ་། །ཞེས་སོ། །དེ་བས་ན་དང་པོ་ནི་བསམ་གཏན་གྱི་ཉེར་བསྡོགས་ཡིན་ལ། ཕྱི་མ་ནི་དངོས་གཞི་ཡིན་པའི་ཁྱད་པར་མ་རིག་ན། ཕྱིན་སར་སླེབ་ནས་ཀྱང་ལམ་གྱི་རྩོལ་བ་མི་འདོར་བས་དབང་པོ་ཉེ་བར་ཞི་བ་ཉིད་མི་ཐོབ་པའི་ཕྱིར་རོ། །དེ་ལྟ་ནའང་གང་ཟག་གི་དབང་པོ་དང་སྦྱར་བའི་ཚུལ། མདོར་ན་རབ་ཀྱིས་ངན་རྟོག་ཆོས་སྐུར་ལྷོད་ས། །བཟང་ངན་མཉམ་ན་གཉེན་པོ་བསྟེན་མི་དགོས། །འབྲིང་གིས་དང་དངས་ཟུང་འབྲེལ་ལམ་གོམས་པས། །བཟང་ངན་རྟོག་པ་མཐའ་དག་དབྱིངས་སུ་ནུབ། །ཐ་མས་ཐོག་མར་ཞི་གནས་འབའ་ཞིག་བརྩལ། །གང་དམིགས་བརྟན་པ་ཐོབ་ནས་ལྷག་མཐོང་གི །ཡེ་ཤེས་སོ་སོར་རྟོག་པ་ལ་གོམས་ན། །མཐར་གྱིས་གསེར་གླིང་ས་རྡོ་མི་རྙེད་བཞིན། །སེམས་དང་སེམས་བྱུང་རྟོག་པ་གང་སྐྱེས་ཀྱང་། །སྣང་སེམས་དབྱེར་མེད་གཞི་གྲོལ་ཆེན་པོར་འཆར། །དེ་ཡང་དབང་པོ་རབ་ཏུ་གྱུར་པ་རྣམས་ཀྱིས་རིག་པ་གདེངས་སུ་གྱུར་ནས་རྣམ་པར་རྟོག་པ་དང་། ཉོན་མོངས་པ་ལ་སོགས་ཏེ་འཁོར་བའི་


JL01_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་ངོ་ཇི་སྙེད་ཅིག་ཤར་ཡང་། ཤར་བའི་རང་དུས་དེ་ཉིད་ན་ཆོས་སྐུ་ཟད་མ་ཐལ་དུ་གྲོལ་བས་བཟང་པོས་ཕན་མི་འདོགས། ངན་པས་གནོད་མི་བསྐྱེལ་ན་གཉེན་པོ་བརྟེན་མི་དགོས་ཏེ་ཡུལ་ཐོག་ཏུ་ཤོང་མ་མྱོང་བའི་ཤེས་པ་རིག་པའི་ངང་དུ་ཤར་གྲོལ་དུས་མཉམ་པའི་ཕྱིར་སྟེ་རང་ཤར་ལས། སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །ཞེས་དང་། ཀུན་བྱེད་ལས། ཇི་བཞིན་མ་བཅོས་རྒྱལ་བའི་དགོངས་པ་ལ། །སེམས་དང་སེམས་བྱུང་རྟོག་པ་ཅི་སྐྱེས་ཀྱང་། །དེ་ཉིད་སྐྱེ་མེད་ངང་དུ་གནས་ཤེས་པས། །བྱ་བཙལ་མཚན་མའི་འདུ་ཤེས་ཀུན་དང་བྲལ། །ཞེས་སོ། །དབང་པོ་འབྲིང་གིས་ལྟ་བ་སྐྱེ་མེད་དུ་རྟོགས་པའི་ངང་མ་ཤོར་བའི་དྭངས་བྱིང་རྒོད་དང་བྲལ་བར་ཉམས་སུ་བླངས་པས་ཞི་ལྷག་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ནམ་མཁའ་ལྟ་བུའི་ཀློང་དུ་སེམས་དང་སེམས་བྱུང་གི་སྤྲོས་པ་མཐའ་དག་སྤྲིན་ཐིམ་པ་བཞིན་དུ་ནུབ་པར་འགྱུར་བའི་ཚུལ་ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་མེད། །ཐོག་མར་གང་ལས་བྱུང་བ་བརྟག་པར་བྱ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེ་ལ་བྱིང་རྨུགས་ཀྱི་ཁྱད་པར་ནི། །བྱིང་བ་ནི་སྒྲིབས་ལུང་མ་བསྟན་དང་ཕྱོགས་ཉེ་ལ། །རྨུགས་པ་ནི་གཏི་མུག་གི་ཆར་གཏོགས་པས་སློབ་དཔོན་ཐོགས་མེད་ཀྱི་ཉན་ཐོས་ཀྱིས་ལས་ཀྱང་སོ་སོར་ཕྱེ་བ་ཡིན་ནོ། །ཐ་མ་ནི་སེམས་གཡེང་ཞིང་རྣམ་པར་མི་བསྲུན་པ་སྤྲེའུ་ལྟ་བུ་སྟེ། རླུང་གིས་ཡིད་སྤུར་ནས་ཅུང་ཟད་ཀྱང་གནས་སུ་མི་སྟེར་ན། ནན་ཏན་བསྐྱེད་ནས་བསྒོམ་དགོམ་པ་ཡིན་ཏེ། ཀུན་བྱེད་ལས། གཉིས་དང་གཉིས་མེད་དག་པ་ནི།


JL01_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་དང་མི་བསྒོམ་མིང་དུ་བཏགས་པ་སྟེ། །ཞེས་སོ། །དེ་ཡང་དམིགས་རྟེན་ལ་སེམས་ཉེ་བར་བཏགས་ནས་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའི་ཤེས་པ་རྩེ་གཅིག་པའི་ཞི་གནས་ལ་ཏིང་ངེ་འཛིན་པ་སྟེ། མདོ་སྡེ་རྒྱན་ལས། དམིགས་ཡུལ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་ག་ཡེངས་མི་བྱ། །ཞེས་དང་། ཏིང་ངེ་འཛིན་དམ་པའི་མདོ་ལས། །ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ན། །མིང་དུ་མི་ཐོགས་ཉམས་མྱོང་འགྱུར། །དེས་ན་ཏིང་ངེ་འཛིན་ཅེས་བྱ། །ཞེས་སོ། །དེ་ལྟར་ཞི་གནས་ཀྱི་དམིགས་པ་ལ་བརྟེན་པ་ཐོབ་ནས་གཤིས་ཀྱི་གནས་ལུགས་ཟབ་པ། །ཞི་བ། སྤྲོས་པ་ཐམས་ཅད་དང་བྲལ་བ། ངང་གིས་འོད་གསལ་བ། སོ་སོ་རང་གི་ཡེ་ཤེས་བདུད་རྩི་ལྟ་བུའི་སྟོང་པ་ཉིད་དུ་རྟོགས་པའི་སོ་སོར་རྟོག་པ་ཅན་གྱི་ལྷག་མཐོང་ལ་བསླབ་པ་ཡིན་ཏེ་བྱམས་པས་ཞུས་པ་ལས། ཞི་གནས་གྲུབ་པས་ལྷག་མཐོང་ལ་བསླབ་པར་བྱའོ། །ཞེས་སོ། །དེའི་མཚན་ཉིད་ཀྱང་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་། འདི་ལ་ཆོས་རྣམས་ཀྱི་སོ་སོར་རྟོག་པའི་ཤེས་རབ་གང་ཞེ་ན་སེམས་ཡོངས་སུ་འཆོལ་བའི་བརྩོན་འགྲུས་སོ། །ཞེས་པས་འདི་ལྟར་སེམས་ཀྱི་རང་བཞིན་སྐྱེ་བ་མེད་པའི་ངང་ལ་ལྟོས་ནས་རྩལ་ལམ་འཁྲུལ་ངོར་ཤར་བའི་རྣམ་པ་ཐམས་ཅད་གཉིས་བཅས་ཀྱི་སྣང་ངོར་ཡོད་མ་མྱོང་བཞིན་དུ་ཐ་སྙད་ཙམ་དུ་ཤར་བ་དེ་ཉིད་རང་ངོར་མ་གྲོལ་བས་ཡུལ་ཐོག་ཏུ་འཕྲོས། ཡུལ་འཛིན་དུ་གོམས་པའི་འཁྲུལ་སྣང་མཐུ་བརྟས་པ་ཙམ་ལས་རང་བཞིན་གྱིས་མ་གྲུབ་པའི་མ་ཚང་སོ་སོར་རྟོག་པའི་ཤེས་རབ་རྣོན་པོའི་ཆོས་གཅིག་གིས་རིག་པར་བྱ་བསྟེན་ནམ་མཁའ་མཛོད་ཀྱི་མདོ་ལས། ཆོས་གཅིག་གིས་ནི་ཆོས་རྣམས་ཐམས་ཅད་སྒྱུ་མ་དང་། །སྨིག་སྒྱུ་དང་འདྲ་གཟུང་བྱར་མེད་ཅིང་གསོག་དང་ནི།


JL01_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རྫུན་ཞིང་ཐེར་ཟུག་མིན་པ་རྗེས་སུ་རྟོགས་གྱུར་པ། །དེ་ནི་རིང་པོར་མི་ཐོགས་བྱང་ཆུབ་སྙིང་པོ་འགྲོ། །ཞེས། །དེ་ལྟར་ཞི་གོམས་པའི་གནས་སྐབས་ཀྱི་ཡོན་ཏན་ཀྱང་འཕགས་པ་དཀོན་མཆོག་སྤྲིན་ལས། །ཞི་གནས་ཀྱིས་ནི་ཉོན་མོངས་པ་མགོ་གནོན་པར་བྱེད་དེ། །ལྷག་མཐོང་གིས་ནི་ཉོན་མོངས་པ་ཡོངས་སུ་སྤྱོད་པར་བྱེད་དོ། །ཞེས་སོ། །དེ་ལྟར་ལྷག་མཐོང་གི་ཡེ་ཤེས་སོ་སོར་རྟོག་པའི་ཤེས་རབ་ལ་གོམས་པས་ཡེངས་ཡུལ་ཆོས་ཉིད་དུ་ཤར་ནས་གསེར་གླིང་དུས་རྡོ་མི་རྙེད་པ་ལྟར་སེམས་དང་སེམས་བྱུང་གི་རྟོག་པ་གང་སྐྱེས་ཀྱང་རིག་པ་རང་གནས་ཀྱི་བསམ་གཏན་ལ་སྤང་གཉེན་གཉིས་ཀ་མི་དགོས་པར་སྣང་སེམས་དབྱེར་མེད་གཞི་གྲོལ་ཀློང་ཡངས་ཆེན་པོར་འཆར་བས་བསམ་གཏན་ཐུན་འཇོག་དང་བྲལ་བའི་ཚུལ་རིན་པོ་ཆེ་སྤུངས་པ་ལས། རང་བཞིན་བསམ་གཏན་བར་མེད་ལ། །བྱིང་རྒོད་མེད་པ་ཡ་མཚོན་ཆེ། །ཞེས་དང་། རང་ཤར་ལས། འཛིན་མེད་ཆོས་ཉིད་རང་གསལ་བདེ་བའི་ཀློང་། །རྟོག་མེད་མཁའ་ཁྱབ་ཆོས་ཉིད་ཀུན་ལ་རོལ། །འཛིན་པ་མེད་པའི་ཆོས་ཉིད་རང་སར་དག །རྟོག་པ་མེད་པའི་རིང་གྲོལ་བདེ་བའི་ཤུགས། །ཡེངས་པ་མེད་པའི་རང་སྣང་ཀུན་ལ་ཁྱབ། །ཡང་དག་ཆོས་ཉིད་བདེ་ཆེན་ས་ལ་གཤེགས། །ཞེས་སོ། །དེ་ལྟར་བསྒོམ་པའི་དུས་ན། །ཐབས་ཀྱི་མཆོག་ཏུ་རྟོག་པ་གང་ཤར་ཡང་། །དགག་པར་མི་བྱ་བ་སྒྲུབ་པར་བྱ་བ་མེད། །རྗེས་སུ་མི་འབྲང་ངང་ལས་མ་གཡོས་ན། །ལྷ་ཡི་མིག་དང་སྤྱན་དང་མངོན་ཤེས་སོགས། །དབང་པོ་དྭངས་པའི་ཡོན་ཏན་མཐའ་དག་ཐོབ། །དེ་ལ་ལྷག་མཐོང་གི་ཤེས་རབ་སྐྱེས་པ་ནས་བཟུང་སྟེ་རྟོག་པ་གང་ཤར་ཡང་དེ་ཉིད་མི་དགག །རྩོལ་བས་མི་བསྒྲུབ། རྗེས་སུ་ཡང་མི་འབྲང་སྟེ། འདི་ལྟར་རྟོག་པ་དགགས་ན་ཞི་གནས་ཕྱོགས་གཅིག་ཏུ་ལྟུང་། །རྩོལ་


JL01_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བས་བསྒྲུབས་ན་ལྷག་མཐོང་གཤིས་ལ་ཤོར། །རྗེས་སུ་འབྲངས་ན་རྟོག་པའི་གཞི་རྩ་མི་ཆོད་པས་ཐ་མལ་པ་དང་ཁྱད་པར་མེད། །དེ་བཞིན་དུ་དབང་པོ་དང་དབང་ཤེས་རྣམས་ཀྱང་ཆེད་ཀྱིས་དགགས་ན་ལྷའི་མིག་ལ་སོགས་པའི་སྤྱན་ལྔ་དང་། ཡིད་ཀྱི་མངོན་ཤེས་དྲུག་ལ་སོགས་པ་དབང་པོ་དྭངས་པའི་ཡོན་ཏན་རྣམས་མི་འཐོབ། །དེ་ལ་མངོན་ཤེས་དྲུག་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཐམས་ཅད་སེམས་ཀྱི་རྒྱུན་དུ་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་ཀུན་ཏུ་གཟིགས་པ་དང་། །རྫུ་འཕྲུལ་གྱི་སྙན་གྱི་ཀུན་ཏུ་གསན་པ་དང་། རྫུ་འཕྲུལ་གྱི་ཆོ་གས་ཀུན་ཏུ་དོན་སྤྱོད་པ་དང་། ཟག་པ་མེད་པའི་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་པའི་མངོན་པར་ཤེས་པ་ཆེན་པོ་དྲུག་དང་། ཞེས་སོ། །དེ་ཡང་དུས་བཞི་མཁྱེན་པས་ཚེ་རབས་རྗེས་སུ་དྲན། །རྫུ་འཕྲུལ་གྱི་ཆོག་ནི་གང་ལ་གང་འདུལ་དུ་སྤྲུལ་ནུས་པ་དང་། ཟག་པ་མེད་པ་ནི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་སྟེ་འཕྲོས་གསུམ་ནི་གོ་སླའོ། །དེ་བས་ན་ཡུལ་དབང་པོ་ལ་སྣང་ཡང་དབང་ཤེས་ཡུལ་ལ་མི་རྟོག་པ་ལ་སྤྲོས་བྲལ་དོ་ཧ་ཞེས་བྱ་སྟེ་བྲམ་ཟེ་ཆེན་པོས། ཇི་སྲིད་དབང་པོ་ཡུལ་གྱི་གྲོང་ལ་ལྷུང་། །དེ་སྲིད་རང་ཉིད་ལས་མེད་རབ་ཏུ་རྒྱལ། །ཞེས་སོ། །དེ་བས་ན་དོན་ལ་རྟོན་པ་ཚོགས་དྲུག་ལྷུག་པའི་གཤིས་མི་གཡོ། རྣམ་པའི་རྗེས་སུ་མི་སོན་པ། རླབས་ཀྱི་མ་དཀྲུགས་པའི་མཚོ་ལ་གཟའ་སྐར་གྱི་གཟུགས་བརྙན་བཀྲམ་པ་ལྟར་སྣང་ལ་རང་བཞིན་མེད་པར་བཞག་པས་ས་ལམ་འབྲས་བུའི་ཡོན་ཏན་ཐམས་ཅད་འཐོབ་པ་ཡིན་པའི་ཚུལ་ཀུན་བྱེད་ལས། ཐོག་མ་ཐ་མ་དབུས་ཞི་ཞིང་། །སྲིད་དང་མྱ་ངན་འདས་ཞི་བ། །ལྷུན་གྱིས་གྲུབ་པའི་བདེ་ཆེན་ཏེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱི། །རང་གི་མཐུ་ཡིས་རིག་པ་ལས། །ཆོས་ནི་གཞན་ལས་འབྱུང་མི་འགྱུར། །


JL01_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟར་རོ། །གལ་ཏེ་ལྷག་མཐོང་གི་ཤེས་རབ་ཁྱད་པར་ཅན་གྱི་མ་ཟིན་ན་ཞི་གནས་རྐྱང་པ་ཙམ་ནི་ཀུན་གཞི་དང་མཚུངས་པར་ལྡན་པའི་བདག་རྟོག་འགལ་ཉལ་ཡིན་པས་སྲིད་རྩེའི་ཉེས་དམིགས་དྲུངས་ནས་འབྱིན་མི་ནུས་ཤིང་ཁམས་འོག་མར་ཡང་མི་ལྷུང་བསན་མི་གཡོ་བའི་ལས་ཀྱི་རང་གཟུགས་ཞེས་བྱ་སྟེ་ཁམས་གོང་མ་གཉིས་གང་གི་སེམས་དང་མཐུན་པའི་བསམ་གཏན་གཟུགས་མེད་དུ་འཕེན་པ་ཙམ་ལས་དོན་གཞན་མེད་དོ། །དེ་བས་ན་དེའི་གོལ་ས་ཤེས་པར་བྱ་བའི་ཕྱིར་སོ་སོའི་སེམས་ཀྱི་མཚན་ཉིད་བཤད་ན། སྤྱིར་འཕགས་པའི་བསམ་གཏན་ནི་འབྲས་བུ་ཆེ་བའི་སེམས་ཀྱི་བར་མཉམ་དུ་ཐོབ་ཀྱང་། སོ་སོའི་སྐྱེ་བོ་ནི་ཞིག་ནས་འབའ་ཞིག་པའི་བདེ་བ་ལ་ཕྱོགས་ཏེ་སྟོང་ཆད་ནམ་མཁའ་ལྟ་བུའི་ངང་དུ་བློའི་འཇུག་པ་ནུབ་པ་ལས་གང་དུ་སྐྱེ་འགྱུར་གྱི་ཁམས་དེ་པའི་སེམས་ཀྱི་སྲིད་རྩེར་འཕེན་ལ། འཕགས་པ་ནི་ཆོས་ཐམས་ཅད་བདག་དང་བདག་གི་བར་གཟུང་དུ་མེད་པའི་ལྷག་མཐོང་གི་ཡེ་ཤེས་སོ་སོ་རང་རིག་གི་ཁྱད་པར་དུ་བྱས་པས་བསམ་གཏན་གཟུགས་མེད་ཀྱི་ཆའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཆང་ཡང་དེ་དག་གི་སེམས་མཚན་པར་མི་གནས་པས་ཁམས་གོང་མར་སྐྱེ་བ་མི་འཛིན་ཀྱང་། མི་ཆེ་བའི་སེམས་ཐོབ་ནས་འོག་མིན་གྱི་བར་དུ་མཐོང་བསྒོམ་གྱི་ཡེ་ཤེས་གོང་མ་ཐོབ་ནས་མྱ་ངན་ལས་འདའ་བ་ཡིན་ནོ། །དེ་སྐད་དུ་ཡུམ་བར་མ་ལས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པར་བྱའོ། །ཞེས་བསྟན་ཏེ། །དེ་ཡང་དབྱེ་ན། སྙོམས་འཇུག་དགུ་ནི་བསམ་གཏན་བཞི་དང་། གཟུགས་མེད་བཞི། འགོག་པའི་སེམས་དང་བཅས་པ་དགུ་ལས། དང་པོ་བསམ་གཏན་བཞི་པོའི་སེམས་ལ་


JL01_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བསྡོགས་དང་དངོས་གཞི་གཉིས་ཡོད་པའི། ཉེར་བསྡོགས་ནི་སྦྱོར་བསམ་དངོས་གཞི་ཅོམ་པོ་བ་སྟེ། འདི་ལྟར་སྔ་མ་སྔ་མའི་བསམ་གཏན་གྱི་དངོས་གཞི་ཕྱི་མ་ཕྱི་མའི་ཉེར་བསྡོགས་སུ་འབྱུང་བའི་ཚུལ་ཡུམ་བར་མ་ལས། རྟོག་པ་དང་དཔྱོད་པ་དང་བཅས་པ་ནི་བསམ་གཏན་དང་པོའོ། །རྟོག་པ་མེད་ལ་དཔྱོད་པ་ཙམ་དང་བཅས་པ་ནི་བསམ་གཏན་གཉིས་པའོ། །རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཡིད་ལ་བྱེད་པ་ནི་བསམ་གཏན་གསུམ་པའོ། །དགའ་བསྡུད་པ་ཡིད་ལ་བྱད་པ་ནི་བསམ་གཏན་བཞི་པའོ། །ཞེས་པས་བསྟན་པ་ལྟར། བསམ་གཏན་དང་པོ་ནི་མཉམ་པར་འཇོག་བྱེད་ཀྱི་བློ་རྟོག་དང་བཅས་ཤིང་། དེ་ཡང་གང་དུའང་མི་རྟོག་པར་འཇོག་པའི་གསལ་སྟོང་གྱིན་པ་ལ་དྲན་རྩིའི་དཔྱོད་པ་དང་བཅས་པའི་སྦྱོར་བ་ལས་དངོས་གཞི་མི་རྟོག་པ་སྐྱེ་ཞིང་། ཐུན་རྗེས་དང་བར་མཚམས་ནི་རྟོག་དཔྱོད་དང་བཅས་པའོ། །དེ་ཉིད་ཀྱི་དྭངས་ཆ་ལས་ཕ་རོལ་མཐོང་བའི་སྤྱན་དང་། སྔོན་དང་བྱི་མའི་གནས་ལ་སོགས་པ་ཤེས་པའི་མངོན་ཤེས་ཀྱང་འཆར་རོ། །དེ་ལྟ་བུའི་བསམ་གཏན་ཆུང་ངུར་གོམས་པ་ལས་ཚངས་རིས། འབྲིང་དུ་གོམས་པས་ཚངས་པ་ཀུན་འཁོར། ཆེར་གོམས་པས་ཚངས་ཆེན་དུ་སྐྱེའོ། །བསམ་གཏན་གཉིས་པ་ནི། དང་པོའི་སེམས་ཀྱི་དངོས་གཞི་བརྟན་པའི་ཉེར་བསྡོགས་རྟོག་པ་མེད་ལ་དཔྱོད་པ་ཙམ་དང་བཅས་པ་ནི་སྦྱོར་བ། དེའང་ཅི་ཞིག་ནས་གསལ་སྟོང་དུ་ཤེས་པའི་དྲན་རྟོག་ཕྲ་མོའང་མེད་ཀྱང་རང་ངོའི་སེམས་དེ་ལ་ཉམས་མྱོང་གི་འཛིན་པ་དང་བཅས་པའི་གསལ་ལ་མི་རྟོགས་སྐྱེས་པ་ནི་དངོས་གཞིའོ། །དེ་ཉིད་ཆུང་ངུར་གོམས་པ་ལ་འོད་ཆུང་། འབྲིང་གིས་ཚད་མེད་འོད། ཆེན་པོས་འོད་གསལ་དུ་སྐྱེའོ། །བསམ་གཏན་གསུམ་པ་ནི། གཉིས་པའི་སེམས་ཀྱི་དངོས་གཞི་བརྟན་པའི་ཉེར་བསྡོགས་


JL01_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་དཔྱོད་གང་ཡང་མེད་པའི་མི་རྟོག་པ་ཁྱད་པར་བ་ཉིད་སྐྱོ་བའི་དངོས་གཞིའོ། །དེ་ཉིད་ཆུང་ངུར་གོམས་པས་དགེ་ཆུང་། འབྲིང་གིས་ཚད་མེད་དགེ །ཆེན་པོས་དགེ་རྒྱས་སོ། །བསམ་གཏན་བཞི་པ་ལ་སོ་སོའི་སྐྱེ་བོའི་གནས་གསུམ་དང་། འཕགས་པའི་ལྔ་ཡོད་པ་ལས། སོ་སོ་སྐྱེ་བོའི་ནི་གསུམ་པའི་སེམས་ཀྱི་དངོས་གཞི་བརྟན་པའི་ཉེར་བསྡོགས་ལས། བདེ་གསལ་མི་རྟོག་པའི་དགའ་བདེ་སྔོན་ལས་ཆེས་ལྷག་པ་སྐྱེས་པ་ནི་བཞི་པའི་དངོས་གཞིའོ། །དེའང་གོམས་པ་ཆུང་དུས་སྤྲིན་མེད། འབྲིང་གིས་བསོད་ནམས་སྐྱེས། ཆེན་པོས་འབྲས་བུ་ཆེར་སྐྱེའོ། །དེ་ལྟར་འབྲས་བུ་ཆེའི་བསམ་གཏན་གྱི་དགའ་བདེའི་རང་བཞིན་དེ་ཉིད་ཞི་གནས་རྐྱང་པ་ལ་གོལ་ན་རྣམ་པར་རྟོག་མི་རྟོག་གཉིས་ཀའི་དྭངས་འགགས་ནས་གཟུགས་མེད་དུ་འཕེན་ལ། རྣམ་པར་སྣང་ཡང་དེ་ལ་རང་རྒྱུད་དུ་མི་འཛིན་པའི་ལྷག་མཐོང་རྣམ་པར་མི་རྟོག་པས་ཟིན་ན་འཕགས་པའི་གནས་གཞན་གཙང་མ་རིགས་ཀྱི་ལྷར་སྐྱེས་ནས་གྲོལ་བའི་རྒྱུར་འགྱུར་བ་ཡིན་ནོ། །ཇི་ལྟར་གྲོལ་ཚུལ་ཡང་། སེམས་ལམ་དུ་བྱེད་པའི་ཐེག་པ་དག་གིས་མཚམས་དང་སྦྱར་ན། ཉན་རང་གི་ལམ་དུ་ཞུགས་ནས་རང་དོན་དུ་འཁོར་བ་ལས་གྲོལ་བར་འདོད་པའི་ཐབས་གང་ཟག་གི་བདག་མེད་དང་། ཕྱི་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་ན་ཐོག་དམན་གྱི་བྱང་ཆུབ་གཉིས་མངོན་དུ་བྱེད་པའི་རྒྱུར་འགྱུར་ལ། ཁྱད་པར་ཐེག་པ་ཆེན་པོའི་བློས་སེམས་ཅན་འཁོར་བ་ལས་གྲོལ་འདོད་ཀྱི་ཐབས་སྙིང་རྗེ་ཆེན་པོས་ཟིན་ནས། གང་ཟག་གི་བདག་ང་ཡིར་འཛིན་ཆ་བཅས་དང་། ཆོས་ཀྱི་བདག་ཕྱི་གཟུང་ཡུལ་སྣང་ལ་རང་བཞིན་གྱིས་མ་གྲུབ་པ་སྒྱུ་མ་ལྟ་བུ་དང་། ནང་འཛིན་བྱེད་ཀྱི་ཤེས་པ་དུས་གསུམ་རྩ་བྲལ་དུ་ཤེས་པའི་ཤེས་རབ་དང་ལྡན་ན་བྱང་ཆུབ་བླ་ན་མེད་པའི་རྒྱུར་འགྱུར་བའོ། །དེ་ཡང་བསམ་


JL01_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་སེམས་དེ་དག་ལ་ལམ་ལྔ་ཇི་ལྟར་རྫོགས་པའི་ཚུལ་ནི། འདོད་པ་དང་བསམ་གཏན་བཞི་པའི་འབྲས་བུ་ཆེ་མན་ཆད་ཀྱི་སེམས་ལ་ཏིང་ངེ་འཛིན་གྱི་དགའ་བ་དེས་བརླན་པས་ཚོགས་ལམ། གཟུགས་མེད་བཞིའི་སེམས་ལ་སྦྱོར་ལམ། ཉན་རང་བྱང་སེམས་གང་གི་ལམ་ལ་ཞུགས་པའི་ཐབས་ཀྱིས་ཟིན་པའི་ཏིང་ངེ་འཛིན་གོམས་ཤིང་བརྟན་པ་ལས་མི་ཆེ་བའི་སེམས་ཀྱི་རྟེན་ལ་བྱང་ཆུབ་གྱི་ཡན་ལག་བདུན་མངོན་དུ་བྱས་ནས་རང་ལུགས་ཀྱི་མཐོང་ལམ་མངོན་སུམ་དུ་ཐོབ་ཀྱང་། འཕགས་པའི་ཡེ་ཤེས་གོང་མ་ལ་ལྟེས་ན་ཡང་དག་པ་ཉིད་དུ་མ་སོན་པས་མི་ཆེ་བའི་ལྷའི་སེམས་སྐྱེས་པ་ཞེས་བྱའོ། །དེ་ལྟ་བུའི་སེམས་ལ་གོམས་པས་འཕགས་ལམ་བརྒྱད་ཀྱི་ཡེ་ཤེས་སྔོན་པས་ཆེས་འཕགས་པ་སྐྱེས་པས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་གདུད་པ་དང་བྲལ་བས་མི་གདུང་བའི་སེམས་ཀྱི་རྟེན་ལ་བསྒོམ་ལམ། ཆུང་ངུ་གསུམ་སྟེ། བྱང་ཆུབ་སེམས་དཔའི་ས་གཉིས་པ་དྲི་མ་མེད་པ་དང་གསུམ་པ་འོད་བྱེད། བཞི་པ་འོད་འབྲོ་གསུམ། དེ་ཉིད་གོམས་པས་འཕགས་པའི་ཡེ་ཤེས་མཆོག་དང་གཙོ་བོ་ཕུལ་དུ་ཕྱིན་པ་སྔར་མེད་གསུམ་གསར་དུ་ཐོབ་པ་གྱ་ནོམ་སྣང་བའི་སེམས་ཀྱི་རྟེན་ལ་བསྒོམ་ལམ་འབྲིང་པོ་གསུམ་སྟེ། བྱང་ཆུབ་སེམས་དཔའི་ས་ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་གྱུར། བདུན་པ་རིང་དུ་སོང་གསུམ། དེ་ཉིད་ལ་གོམས་པ་བརྟན་པས་སྔོན་པས་ཀྱང་ཆོས་འཕགས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་མཐོང་བས་ཤིན་ཏུ་མཐོང་བའི་སེམས་ཀྱི་རྟེན་ལ་བསྒོམ་ལམ་ཆེན་པོ་གསུམ་སྟེ་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་མི་གཡོ་བ་དང་། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་རྣམས་སོ། །དེ་ལྟར་བསྒོམ་པའི་ལམ་གྱི་འཕགས་པའི་ལམ་ཡན་ལག་བརྒྱད་མངོན་དུ་བྱས་པའི་མཐར་རང་རང་གི་ཉོན་མོངས་པ་དང་


JL01_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱའི་སྒྲིབ་པ་རྣམ་པར་དག་ནས་ཕུང་པོ་ལྷག་བཅས་དང་། ལྷག་མེད་གང་ཡིན་ཡང་འོག་མིན་གྱི་སེམས་ཀྱི་རྟེན་ལ་རང་རང་གི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་ལ། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་འདོད་པའི་རྟེན་ཁོ་ན་ལ་དེ་དག་གི་སེམས་མངོན་དུ་བྱས་ནས་རང་སྣང་རྣམ་པར་དག་པའི་འོག་མིན་དུ་ལོངས་སྤྱོད་རྫོགས་པའི་མཐར་གདུལ་བྱ་བྱང་ཆུབ་སེམས་དཔའ་ས་ཐོབ་པ་ཆེན་པོ་རྣམས་ལ་ལོངས་སྐུ་དེ་ཉིད་དང་། མ་དག་པའི་སྐྱེ་བོ་ལ་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པ་དེ་སྙེད་ཀྱིས་སངས་རྒྱ་བའི་ཚུལ་བསྟན་ནས་བསྐྱར་ཏེ་སེམས་ཅན་གྱི་དོན་བྱེད་པར་འདོད་ལ། ཉན་ཐོས་འཕགས་པ་ཁ་ཅིག་ནི་གཙང་མ་རིགས་ཀྱི་ལྷ་དེ་དག་ཏུ་སྐྱེས་བ་བཟུང་ནས་དགྲ་བཅོམ་པའང་ཡོད་ལ། ཁ་ཅིག་ནི་འདོད་པའི་རྟེན་ལ་དེ་དག་གི་སེམས་མངོན་དུ་བྱས་ནས་དགྲ་བཅོམ་པར་འདོད་དོ། །གལ་ཏེ་སྙོམས་འཇུག་དགུ་པོ་དེ་དག་ནི་ཐབས་ཁྱད་པར་ཅན་གྱིས་མ་ཟིན་ན་བསམ་གཏན་བཞི་དང་གཟུགས་མེད་ཀྱི་སེམས་སྐྱེས་དུས་རང་སའི་ཏིང་ངེ་འཛིན་ལ་རགས་པ་སྟེ་ཞེ་སྡང་བས་ཁམས་འོག་མར་མི་སྐྱེ་ལ། གོང་མ་ལ་ཞི་བ་སྟེ་ཆགས་སེམས་ཀྱི་བླང་བྱར་འཛིན་པ་གོམས་པས་གོང་མར་སྐྱེ་བ་ཡིན་ལ། དེ་དག་ཏུ་སྐྱེས་ནས་ཀྱང་ཀུན་གཞི་ལ་རང་ཆ་ས་སུ་བལྟར་མི་མངོན་པའི་བདག་རྟོག་བག་ལ་ཉལ་གྱི་ཆ་འཕགས་པ་རྣམས་ལྟར་སོ་སོ་རང་རིག་པའི་ཤེས་རབ་ཀྱིས་རང་བཞིན་མེད་པར་མ་རྟོགས་པས་སླར་འཁོར་བ་མུ་མཐའ་མེད་པར་འཁོར་བའི་ཚུལ་སློབ་དཔོན་འཕགས་པས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །བདག་རྟོག་བག་ལ་ཉལ་བ་མ་གཟིགས་པས། ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། །ཞེས་གསུངས་ལ། འཕགས་པ་རྣམས་ནི་སེམས་


JL01_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཤེས་རབ་ཁྱད་པར་ཅན་གྱི་ལམ་སྟེགས་ཙམ་དུ་མངོན་དུ་བྱེད་ཀྱང་ཡང་དག་པའི་ལྷག་མཐོང་གིས་ཟིན་པས་འཁོར་པའི་རྒྱུ་ཟད་ནས་མྱ་ངན་ལས་འདའ་བ་ཡིན་ནོ། །དེ་བས་ན་རང་བཞིན་རྫོགས་པ་ཆེན་པོའི་ལམ་ནི་ཐེག་པ་ཐམས་ཅད་ཀྱི་རྩེ་མོ་ཡིན་པས་འོག་མའི་དོན་རྣམས་ཞར་ལ་གོལ་སྒྲིབ་སྤོང་བའི་ཚུལ་དུ་བཤད་ནས། རང་གི་ངོ་བོ་ནི་ལྷག་མཐོང་གི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཆོས་ཉིད་གཅིག་ཏུ་སྟོན་པ་ཡིན་ནོ། །དེ་ཕྱིར་གཟུགས་མེད་ཀྱི་སེམས་ཀྱི་མཚན་ཉིད་ངེས་པར་མ་བྱས་ན། ཟབ་མོའི་དེ་ཁོ་ན་ཉིད་བསྒོམ་པར་རློམ་པ་ཕལ་མོ་ཆེ་ནི་དབུ་མ་ཆེན་པོ་འམ། ཕྱག་རྒྱ་ཆེན་པོའམ། རྫོགས་པ་ཆེན་པོའི་ལྟ་གྲུབ་ལ་འདོད་ཞེན་དང་སྙམ་བྱེད་ཙམ་དུ་ཁ་འཛིན་ཡང་རྟོགས་ཚུལ་གྱི་ངོས་ནས་འདྲ་ལ་མ་ཡིན་པ་འཁོར་བའི་སེམས་འབའ་ཞིག་པ་ཅན་ལས་མ་འདས་པ་ཤ་སྟག་དུ་སྣང་བས་དེའི་རང་བཞིན་ངེས་པར་བྱ་བའང་འདི་ལྟར་འབྲས་བུ་ཆེའི་ཏིང་ངེ་འཛིན་དེ་ཉིད་ལ་རྩེ་གཅིག་ཐེས་ཕུར་དུ་ཐེབས་ནས་གཏིང་གསལ་གྱི་རང་མདངས་མ་རྙེད་ན། དབང་པོའི་ཡུལ་རྒྱུན་འགགས་པའི་ཤེས་པ་ནམ་མཁའ་ལྟར་སྟོན་མ་འགགས་ཙམ་གྱི་ངོ་བོ་ཉིད་ཡིད་ལ་བྱེད་པ་བརྟན་པ་ལས་ནམ་མཁའ་མཐའ་ཡས་སྐྱ་མཆེད་ཀྱི་སེམས། དེ་ཉིད་ཀྱི་ངང་ལ་གོམས་པས་རྣམ་ཤེས་ཀྱི་དོན་སེམས་ཙམ་པའི་གསལ་སྣང་མཐའ་ཡས་པ་ཡིད་ལ་བྱེད་ཀྱང་། ཚོགས་དྲུག་གི་དྭངས་འགགས་པ་བརྟན་པ་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སེམས། དེ་ལྟར་གོམས་པ་ལས་སེམས་ཙམ་དུ་ཤེས་པའི་ཚོར་བ་ཕྲ་མོ་དེ་ཡང་ནུབ་ནས་གཉིད་འཐུག་ལྟར་གང་དུའང་མི་མཐོང་བ་ནི་ཅི་ཡང་མེད་པའི་སེམས་སོ། །དེ་ལྟར་ཅི་ཡང་མེད་པ་ཙམ་དུ་འཛིན་པའི་སེམས་དེ་ཡང་ཡོད་མེད་གང་དུའང་མ་གྲུབ་པར་ཡིད་ལ་བྱེད་པའི་མི་རྟོག་པ་སྟུག་པོར་འབྱམས་པ་ནི་


JL01_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་སྟེ་སྲིད་རྩེའི་སེམས་སོ། །དེ་ལྟར་བཞི་པོའི་སེམས་གང་ལ་གོམས་པའི་ངང་དུ་ཚེའི་དུས་བྱས་ན་གཟུགས་མེད་བཞི་པོ་དེ་དང་དེར་སྐྱེའོ། །གསུམ་པ་འགོག་པ་ནི། ཚོར་བ་དང་འདུ་ཤེས་བཀག་པས་འཇིག་རྟེན་པའི་ཚོར་བ་དང་འདུ་ཤེས་འགོག་པའི་ཏིང་འཛིན་ཐོབ་པ་ཞེས་བྱ་སྟེ་སེམས་ཀྱི་སྤྲོས་པ་གཏན་འགགས་པའི་རུམ་དུ་རིག་ཆའི་ཡོན་ཏན་བག་ལ་ཞར་སོང་བའི་ཕྱིར་རོ། །དབྱེ་ན་བློ་ངོའི་དཔྱད་པས་བརྟགས་ནས་འགོག་པ་དང་། མ་བརྟགས་པ་རྟོག་བྲལ་གྱི་།།།ང་ལ་འཇོག་པ་སོ་སོར་བརྟགས་མིན་གྱིས་འགོག་པའོ། །དང་པོ་ནི་འཇུག་འགྲེལ་ལས། འདིར་འགོག་པ་ནི་སེམས་ཀྱི་སྤྲོས་པ་འགོག་པའི་ཕྱིར་ཏེ། ཞེས་སོ། །གཉིས་པ་ནི་ཆོས་ཉིད་རྣམ་པར་མི་རྟོག་ཀྱང་རང་བཞིན་ཡེ་ཤེས་གྱི་ཆ་ནས་དམིགས་པ་མེད་པའི་སྙིང་རྗེ་རྒྱུན་མི་འཆད་བས་སེམས་ཅན་གྱི་དོན་འགྱུར་བ་སྟེ། འཇུག་པ་ལས། རྟག་ཏུ་འགོག་པར་རྟོགས་པའི་བསམ་གཏན་ཡིན་མོད་ཀྱི། །འགྲོ་བ་མགོན་མེད་པ་ལ་སྙིང་རྗེ་ལྷག་པར་སྐྱེ། །ཞེས་སྔར་ཡང་དྲངས་པ་ལྟར་རོ། །དེ་ལྟར་བསམ་གཏན་གྱི་སེམས་དགུ་པོ་དེ་དག་ནི་ལས་དང་པོ་པ་ལ་མི་སྐྱེ་བའི་རང་དབང་མེད་ཅིང་། དེ་ལྟར་སྐྱེས་པ་དེ་ཐབས་ཁྱད་པར་ཅན་གྱིས་ཟིན་ན་གནས་སྐབས་སུ་དངོས་པོ་ལ་བདེན་ཞེན་ལྡོག །ཉོན་མོངས་པ་མངོན་གྱུར་པའི་མགོ་ནོན། སྤྱན་དང་མངོན་ཤེས་ལ་སོགས་པ་བསྐྱེད་མཐར་གྱིས་རང་བཞིན་རྫོགས་པ་ཆེན་པོའི་ལྷག་མཐོང་གི་ཤེས་རབ་ཡང་དག་པ་ལས་དངོས་དང་དངོས་མེད་ཀྱི་ཡིད་དཔྱེད་བློའི་མདུན་ན་མི་གནས་པའི་དོན་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་རྟོགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུར་འགྲོ་བའི་ཚུལ་སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་


JL01_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་བསྒྲུབ། །ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་སོ། །མདོར་ན་འཕགས་པ་རྣམས་ཀྱིས་རྟོགས་པའི་ཤེས་རབ་དང་། སོ་སོ་སྐྱེ་བོའི་བསྒོམ་པའི་བསམ་གཏན་གཉིས་རྣམ་ཤེས་ཀྱིས་གཞལ་ན་ཁྱད་པར་ཅུང་ཟད་ཙམ་ལས་མེད་པ་ལྟར་སྣང་ཡང་། ཡེ་ཤེས་ཀྱི་ངོ་ན་གནམ་ས་ལྟ་བུའི་ཁྱད་པར་ཞུགས་པས་བསམ་གཏན་གྱི་གནས་སྐབས་ན་གཞི་བཞག་གི་གནས་ལུགས་སེམས་ཀྱིས་ལམ་དུ་བྱེད་པ་དང་། ཤེས་རབ་ཀྱི་གནས་སྐབས་ན་རིག་ཐོག་ཏུ་སྤྲོས་པ་རང་ཞིག་ལ་སོང་བ་གཉིས་ཀྱི་ཁྱད་པར་ཕྱེད་དགོས་ཏེ། འདི་ལྟར་སྣང་བས་ཤེས་པ་ལ་མ་གོས་པ་སྣང་ཐོག་ཏུ་མ་ལྟུང་། བར་དུ་སྐྱེ་མེད་ལ་མི་འཛིན་པས་སྣང་ཤེས་འབྲེལ་དོན་ཆད་ནས་གཟུང་འཛིན་ཡུལ་མེད་དུ་ཕྱལ་ལེ། །རང་བཞིན་གསལ་དངས་ཕྱེད་ཀྱང་རྩེ་གཅིག་གི་རྟོད་ཕུར་མེད་པ། རྣམ་ཤེས་ཚོགས་བརྒྱད་ལས་འདས་ཀྱང་རིག་པ་རང་གསལ་དུ་མི་འགག་པའི་རྒྱ་གྲོལ་འཛིན་མེད་ཀྱི་དགོངས་པ་མངོན་དུ་གྱུར་པའི་ངང་ན་རིག་པ་ཟང་ཐལ་རྗེན་པར་འདུག་པ་ལ་བསལ་བཞག་དང་སྤྲོ་བསྡུ་མི་དགོས་བས་འཆར་རམ། གནས་སམ། གཉིས་ཀ་མ་ཡིན་པ་གསུམ་གྱི་དྲན་པ་ཆུ་བོའི་རྒྱུན་འབབ་ལྟ་བུའི་རེང་བུ་སྐད་ཅིག་མ་ལ་རྒྱུ་འབྲས་སྔ་ཕྱིར་འབྲེལ་པའི་བག་ཆགས་གསོག་ལོང་མེད་པས་ཤར་གྲོལ་དུས་མཉམ་ཆུ་ལ་རི་མོ་བྲིས་པ་ལྟ་བུའི་ངང་མ་ཤོར་བ་ཁམས་གསུམ་རིགས་དྲུག་ཏུ་འཁོར་བའི་རྒྱུ་ཟད་པས་བློ་འདས་ཀྱི་མལ་དུ་ཆོས་ཉིད་ཀྱི་བཙན་ས་ཟིན་པ་ཞེས་བྱ་སྟེ་ཐལ་འགྱུར་ལས། མ་གོལ་གནས་པའི་བསྒོམ་པ་ནི། །དབང་པོའི་སྒོ་རྣམས་གསལ་བ་ལ། །ཡིད་ཀྱི་རྟོག་པར་མ་འགྱུས་པ། །ཤེས་པ་ཉིད་ལ་དཔྱོད་པའི་


JL01_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད། །ཕྱིར་ལ་ཤོར་བ་མེད་པ་གཉིས། ཅེས་དང་། མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དང་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང་། །ཆོས་ཉིད་རང་ངོ་དག་པའོ། །ཞེས་སོ། །དེ་ལྟ་མོད་ཀྱིས་དེའི་གོ་ལས་བཅད་པའི་ཚུལ། །རྟོག་པ་ཡུལ་དང་འབྲེལ་ན་ཐ་མལ་སྟེ། །མེ་ལོང་ལྟ་བུར་དྭངས་པའི་ཤེས་པ་ལ། །སྣང་ཡུལ་མ་འགགས་གཟའ་སྐར་བཞིན་བཀྲ་ཡང་། །རྣམ་པའི་བློ་ཡིས་གོས་པར་མ་གྱུར་ན། །གཟུང་བའི་ཡུལ་དང་འཛིན་སེམས་འབྲེལ་ཆད་པས། །སོ་སོ་རང་རིག་རྣམ་པར་མི་རྟོག་པའི། །ཡེ་ཤེས་བླ་མའི་ས་ལ་ད་ལྟ་ཕྱིན། །དེ་ལ་ཡིད་ནང་དུ་སྡུད་པ་གཙོ་བོར་བྱེད་པའི་སྙོམས་འཇུག་དགུའི་སེམས་དེ་དག་ཀྱང་ཐབས་ཁྱད་པར་ཅན་གྱིས་མ་ཟིན་ན། གནས་སྐབས་སུ་སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཐོབ་བཞིན་དུ་འཁོར་བའི་རང་བཞིན་ལས་མི་འདའ་བ་ཉིད་ན། སྒོ་ལྔའི་ཞེན་ཡུལ་ཐ་མལ་པ་ཚོགས་དྲུག་གི་ཡུལ་ལ་གྱི་ནར་འཕྱན་པའམ། མིན་ཀྱང་སྒྲ་རྟོག་དང་ཞེན་པའི་ཡུལ་གྱི་ལྟ་བ་ལ་མཆོག་ཏུ་འཛིན་པའང་བློའི་རྣམ་པ་ཉེ་བར་མ་ཞི་བ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ་དབུ་མ་ལ་སོགས་པའི་མན་ངག་ཟབ་མོར་སྒྲོ་བཏགས་ཀྱང་ཟབ་ཞི་སྤྲོས་བྲལ་འདུས་མ་བྱས་པའི་དོན་དང་ཤིན་ཏུ་རིང་པའི་ཚུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། བཅོམ་ལྡན་འདས་གལ་ཏེ་དགྲ་བཅོམ་པ་འདི་སྙམ་དུ་བདག་གིས་དགྲ་བཅོམ་པ་ཉིད་ཐོབ་བོ་སྙམ་དུ་སེམས་པར་གྱུར་ན་དེ་ཉིད་དེའི་བདག་ཏུ་འཛིན་པར་འགྱུར་ལགས་སོ། །སེམས་ཅན་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་ལགས་སོ། །ཞེས་འཕགས་པའི་བདེན་པ་བཞིག་ལ་འགྲེས་སྦྱར་བའི་ཕྱིར་རོ། །ཚུལ་དེའི་ཕྱིར་ན། རྟོག་


JL01_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་པར་རྟོག་དང་འདུ་འཛིན་སྤོངས་ལ། །ནམ་མཁའ་ལྟ་བུའི་ཡིད་ཀྱིས་འདི་ལ་འཇུག་པར་གྱིས། །ཞེས་སོ། །དེ་བས་ན་བློ་དང་ཡིད་བྱེད་ཀྱི་ལྟ་བ་ནི་ངོ་བོ་ཉིད་མེད་པའི་ཆོས་ཉིད་མི་འགྱུར་བ་ངང་འགལ་བ་ཉིད་ཀྱི་ཕྱིར་འཕགས་པའི་བདེན་པ་གཟིགས་པ་རྣམས་ཀྱིས་རྒྱང་རིང་དུ་སྤངས་པའི་ཚུལ་འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས། གང་ནའང་སྟོང་པ་རིག་པ་མེད་ན་ནི། །ནམ་མཁའ་བར་སྣང་བྱ་ཡི་རྗེས་དང་མཚུངས། །གང་ནའང་ངོ་བོ་ཉིད་འགའ་ཡོད་མིན་པ། །དེ་ནི་ནམ་ཡང་གཞན་གྱི་རྒྱུར་མི་འགྱུར། །གང་གི་ངོ་བོ་ཉིད་ནི་མི་རྙེད་པ། །རང་བཞིན་མེད་དེ་ཇི་ལྟར་གཞན་གྱིས་རྙེད། །རང་བཞིན་མེད་པ་གཞན་གྱིས་ཅི་ཞིག་བསྐྱེད། །རྒྱུ་དེ་བདེ་བར་གཤེགས་པའི་བསྟན་པའོ། །ཞེས་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོ། །དེ་བས་ན་རིག་པའི་དྭངས་མེ་ལོང་ལྟ་བུའི་རྩལ་སྣང་མ་འགགས་པ་རྒྱ་མཚོ་ལ་གཟའ་སྐར་བཀྲམ་པ་ལྟར་ཡུལ་ཐོག་ཏུ་འཆར་འཆར་འདྲ་བའི་ཆ་དེ་དབང་པོའི་གདངས་མ་འགགས་པའི་ཡོན་ཏན་དུ་སྣང་ཡང་། སྣང་དུས་ཉིད་ནས་རང་གི་ངོ་བོས་སྟོང་པས་གཟུགས་སྟོང་པའོ་ཞེས་བསྟན་ལ། འོན་ཀྱང་ཐ་སྙད་ཙམ་དུ་གཟུགས་སུ་སྣང་བ་མི་འགག་པས་སྟོང་པ་ཉིད་གཟུགས་སོ་ཞེས་བསྟན་ཏོ། །གལ་ཏེ་དེའི་གཟུང་ཡུལ་གྱི་རྣམ་པའི་ཆ་སྙམ་བྱེད་ཀྱི་བློས་གོས་པ་དེ་ལས་རླུང་གི་རྟས་བསྐྱེད་པའི་འཛིན་ཆ་ཡིན་པས་ཡུལ་དང་མི་སྤྲེལ། ཆོས་ཅན་གྱི་དངོས་རྗེས་མི་གཅད། ཆོས་ཉིད་ཀྱི་ངང་ལ་མི་བལྟ། གོ་ཡུལ་གྱི་དངོས་མེད་ལ་མི་འཛིན་པར་སོ་སོ་རང་གི་རིག་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཆལ་ཤུགས་འབྱུང་གི་དྲན་པས་བསྐྱངས་པས་ཕྱི་ནང་གི་


JL01_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་སྙིགས་མའང་རང་དག་ཏུ་འགྲོ་བའི་ཚུལ་ཐལ་འགྱུར་ལས། དངོས་དང་དངོས་མེད་བར་དག་ནས། སྒོ་ལྔའི་ཡུལ་ཞེན་དག་པ་དང་། །འབྱུང་བའི་རགས་བདག་པ་དང་། །ཡེ་ཤེས་དག་པས་འཕེལ་སྣང་སྟོན། །དེ་ལས་ཟད་པའི་ཆོས་ཉིད་དོ། །ཅེས་སོ། །དེ་ལྟ་བུའི་རྟོག་པ་མཐར་ཕྱིན་པ་ནི་དུས་གསུམ་གྱི་རྒྱལ་བའི་གཤེགས་ཤུལ་ཡེ་ཤེས་བླ་མའི་ས་ལ་ཕྱིན་པའི་ཚུལ་སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོག་ཅིང་ཡང་མ་བསམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཤོག །མ་བཅོས་བདེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་སོ། །ད་ནི་རྒྱུ་འབྲས་དག་གྲོལ་ཏུ་འཛིན་པ་འོག་མའི་ལམ་ལྔ་པོ་རང་བཞིན་རྫོགས་པ་ཆེན་པོ་བདེན་པ་དབྱེར་མེད་ཆོས་ཉིད་ཡིད་དཔྱོད་ལས་འདས་པའི་ལམ་ལྔར་དོན་བསྡུ་བའི་ཚུལ། མདོར་ན་དབྱིངས་ཀྱི་ལམ་ནི་ཆོས་ཉིད་གཅིག །རིག་པའི་ལམ་ནི་ཤེས་རབ་ཁྱད་པར་ཅན། །འོད་གསལ་ལམ་ནི་སྒྲོན་མ་རྣམ་པ་གཉིས། །ཁྲེགས་ཆོས་ལམ་ནི་ཤར་གྲོལ་དུས་མཉམ་སྟེ། །ཐོད་རྒལ་ལམ་ནི་དབྱིངས་དང་རིག་པ་ཡིན། །དེ་ལ་ཕྱོགས་དང་པོ་དབྱིངས་ཀྱི་རང་བཞིན་ནི་ཐ་སྙད་དང་ཤེས་བྱས་མི་ཐུག་པས་ཟབ་པ། བློ་དང་སྙམ་བྱེད་དུ་མ་ལངས་པས་ཞི་བ། ཡོད་མེད་དང་བདེན་རྫུན་ལས་འདས་པས་སྤྲོས་བྲལ། རང་བཞིན་གྱི་གདངས་མ་འགགས་པས་འོད་གསལ། དུས་གསུམ་འཕོ་འགྱུར་མེད་པས་འདུས་མ་བྱས་པ་སྟེ། ཐུབ་པའི་དབང་པོས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །ཅེས་པས་གསལ་ལོ། །དེ་ལྟ་བུའི་དབྱིངས་དེ་ལ་མན་ངག་གི་རྒྱུད་འདི་ནས་མཚན་ཉིད་གསུམ་


JL01_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་བསྟན་ཏེ། རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོའི་ཡུལ་ཉིད་དང་། །གསལ་བ་འོད་གྱི་སྣང་བ་དང་། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་བྱའོ། །ཞེས་སོ། །དེའང་རང་བཞིན་མི་འགྱུར་བས་སྟོབས་སོགས་ཀྱི་ཡོན་ཏན་ཡེ་ལྡན། དབྱིངས་སྣང་རིག་པ་དང་རྟེན་བརྟེན་པར་འབྲེལ་ཡང་ངོ་བོ་ལ་བདག་ཏུ་མི་འཛིན། སྟོང་པ་ཉི་ཚེ་བ་མ་ཡིན་པ། བློའི་དངོས་པོ་དང་དྲན་པའི་རང་ཡུལ་ཟད་པས་འཁོར་བ་གཞེ་མེད་དུ་མཚན་ཉིད་ཆད་ཀྱང་བེམ་སྟོང་ལྟར་མ་སོང་ལ། མྱང་འདས་ཀྱི་གཞི་ཡེ་ནས་ལྷུན་གྱིས་གྲུབ་པས་རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོའི་དབྱིངས་ཞེས་བྱ་སྟེ་སྒྲོན་མ་འབར་བ་ལས། རང་བཞིན་སྣང་བ་མ་འགགས་པས། །བློ་དངོས་དྲན་པ་ཀུན་ཟད་དེ། །སྣང་བ་རང་དག་དབྱིངས་སུ་ནི། །རྟོག་པ་མེད་པའི་རིག་པ་ཡང་། །མི་གཡོ་མཉམ་པ་ཉིད་ཤེས་པས། །ཐམས་ཅད་མཉམ་པའི་དབྱིངས་སུ་ཡང་། ཡེ་ནས་རྣམ་རྟོག་ཟད་པར་ནི། །རང་བཞིན་རྣམ་དག་དབྱིངས་སུ་གནས། །འརྗོད་ཅིང་སྣང་ཚིག་གཉིས་མེད་པས། །ཕྱི་དང་ནང་མེད་དབྱིངས་སུ་ཡང་། །རང་དལ་ཆེན་པོའི་དང་དུ་གནས། །ཞེས་སོ། །དེ་ལྟ་བུའི་ལྷུན་གྲུབ་འདུས་མ་བྱས་དབྱིངས་ཤིན་ཏུ་རྣམ་དག་མ་རྟོགས་བཞིན་དུ་དབྱིངས་ལ་བདག་ཏུ་འཛིན་པའི་སྟོང་པ་ཉི་ཚེ་བ་ནི་རྟག་ཆད་ཀྱི་འཕྲང་ལས་མ་གྲོལ་ཞིང་མཐའ་བྲལ་རྫོགས་པ་ཆེན་པོའི་དོན་དང་ཤིན་ཏུ་རིང་བའི་ཚུལ་བླ་མའི་མན་ངག་གིས་སྟོན་ན་གཞི་ལམ་འབྲས་བུའི་གནས་གསལ་བ་ལས། དབྱིངས་གཞིར་མ་རྟོགས་སྟོང་པར་བལྟ་བ་དང་། །སྟོང་པ་ཉེ་ཚེ་དབྱིངས་ལ་བདག་ཏུ་འཛིན། །རྟག་ཆད་ཉིད་དེ་མཐའ་བྲལ་དོན་དང་འགལ་ཞེས་སོ། །དེ་ལྟ་ན་སེམས་ཅན་རྣམས་འབད་མེད་དུ་མི་གྲོལ་བ་ཅེས་ལན་སྙམ་ན། །


JL01_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་རྣམ་དག་གི་དབྱིངས་དེ་གློ་དུར་བའི་མ་རིག་གཟུང་འཛིན་གྱི་སྒྲིབ་པས་བསླད་ཅིང་། ཀུན་ཏུ་བརྟགས་པའི་གནས་ལ་རིང་དུ་གོམས་པས། ཡུལ་དང་དོན་དང་སེམས་སུ་བག་ཆགས་ནས་མེད་བཞིན་དུ་སྣང་བ་འཁོར་བའི་འཁྲུལ་འཁོར་བཀོད་པ་སྟེ། འདི་ལྟར་ཀུན་གཞི་ལ་བརྟེན་པའི་རྣམ་པར་ཤེས་པ་ཚོགས་བརྒྱད་པོས་རིག་པའི་ཆ་ལ་མ་རིག་པར་སྒྲོ་བཏགས་པས་ཀུན་ཏུ་བརྟགས་པའི་སེམས་ཞེས་འཁོར་བའི་མཚན་ཉིད་ཅན་དུ་གནས་པ་དེའང་། །རྟོགས་པ་རྣམས་ཀྱི་དོན་སེམས་ཅན་དང་སངས་རྒྱས་གཉིས་རིག་པ་རང་མལ་ལས་གཡོས་པས་གཟུང་འཛིན་གྱི་གཟེབ་ལ་ཐེབས་པ་དང་། གཤིས་ལས་མ་འཁྲུལ་པའི་རང་གསལ་རྒྱ་ཡན་དུ་གྲོལ་བའི་ཁྱད་པར་ལས་ཡོད་པ་མ་ཡིན་ཏེ་སྔ་མ་ལས། སེམས་ཅན་སེམས་དང་རྒྱལ་བའི་དགོངས་པ་གཉིས། །རིག་པ་ཁོལ་བུ་རྒྱ་ཡན་ཁྱད་པར་ཏེ། །ཡུལ་གཅིག་ཡིད་བྱེད་འདུ་ཤེས་གཟེབས་ལ་ཐེབས། ཁམས་གསུམ་སེམས་གསུམ་རང་རང་དམིགས་དང་བཅས། །དེ་ལས་རྣམ་འདས་ཕྱོགས་དང་རིས་མེད་པ། །མཁའ་ལྟར་དག་པ་རྒྱལ་བའི་ཡེ་ཤེས་ལགས། །ཞེས་སོ། །དེའི་ཕྱིར་བསྐལ་པ་དང་དབང་པོ་ཡང་རབ་རྣམས་ཀྱིས་དབང་གི་ས་བོན་རྒྱུད་ལ་ཐེབས་པའི་མོད་ལ་རྡོ་རྗེ་ཐེག་པའི་ངེས་དོན་མཐར་ཐུག་པ་དང་། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་དོན་ལྷུན་གྲུབ་འདུས་མ་བྱས་པའི་དབྱིངས་ཤིན་ཏུ་རྣམ་པར་དག་པ་གང་ཞིག་སྔར་བཤད་པའི་གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་གྱི་གནས་ལུགས་སུ་རྟོགས་ནས་དེའི་དང་ལ་མི་གཡོན་ལྟ་བསྒོམ་དུ་མ་རོ་གཅིག་ཏུ་ལ་བཟླ་བ་ཞེས་བྱ་སེ་ཐལ་འགྱུར་ལས། གཞི་ལ་ཡུལ་མེད་རྟོགས་པས་ཆོག །དེ་ཙམ་


JL01_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནས་ཆོས་ཀྱི་སྐུ། །ས་ལ་ལེ་སེང་དེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །ཞེས་སོ། །དེའི་ཕྱིར་རང་བཞིན་རྫོགས་པ་ཆེན་པོའི་ཡེ་ཤེས་མཐའ་གྲོལ་ཀློང་ཡངས་ཆེན་པོ་ལ་གོམས་སུ་འཇུག་པ་ཙམ་ལ་དབྱིངས་གྱི་ལ་མ་ཆོས་ཉིད་གཅིག་བཞེས་འབྲས་མིང་རྒྱུ་ལ་བཏགས་པའོ། །དབང་པོ་འབྲིང་གི་གོ་ཡུལ་དེ་ལྟར་ཤེས་པར་བྱས་ནས། དབྱིངས་དེའི་བློ་བུར་གྱི་དྲི་མ་སེལ་ཐབས་ཀྱི་ལམ་ནི་རང་རང་གི་མོས་གུས་དང་དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་དང་། བླ་མའི་བྱིན་རླབས་ཁྱད་པར་ཅན་ལ་བརྟེན་པའི་དབང་བཞིའི་རིམ་པས་རྒྱུད་སྨིན་ཅིང་། ཟབ་མོའི་གདམས་པས་སྟོང་ཉིད་སྙིང་རྗེར་འབྲེལ་བ་ལ་གོམས་སུ་བཅུག་པས་དབྱིངས་ཀྱི་སྒྲོན་མའི་གནས་ལུགས་ཇི་ལྟ་བའི་རིག་པ་བྱང་ཆུབ་ཀྱི་སེམས་ལགས་པར་དོ་འཕྲོད་ཅིང་རྟོགས་པ་ལ་ལྟ་བ་ཞེས་བྱ་སྟེ། རྒྱལ་བའི་ཞབས་ཀྱིས་འདུས་མ་བྱས་དབྱིངས་ཤིན་ཏུ་རྣམ་དག་ལ། །སྟོབས་སོགས་དབྱིངས་ཀྱི་ཡོན་ཏན་ཡི་ལྡན་དང་། །གློ་བུར་རྣམ་དག་དྲི་བྲལ་ཡོན་ཏན་ལྡན། །འདི་གཉིས་དབྱེ་བ་མ་ནོར་ཤིན་ཏུ་གཅེས། །གཞི་ཡི་ཆོས་སྐུ་སྟོབས་སོགས་ཡོད་སྨྲ་ཡི། །དག་པ་གཉིས་ལྡན་ཡོན་ཏན་དེ་ལྟ་མིན། །དྲི་བཅས་དྲི་མེད་སྐབས་ཡིན་དེ་ཡི་ཕྱིར། །ལྷུན་གྲུབ་དབྱིངས་ཀྱི་ཡོན་ཏན་ཉིད་དང་ནི། །མངོན་གྱུར་འབྲས་བུའི་ཡོན་ཏན་ལ་ལྟོས་ནས། །གཞི་དང་འབྲས་བུའི་གནས་སྐབས་གཉིས་དག་ལས། །དབྱིངས་འདིར་རང་བཞིན་རྣམ་པར་དག་པ་ཅན། །གཞི་ཡི་ཆོས་སུ་མཁས་པས་རིག་པར་བྱ། །ལམ་ནི་དབྱིངས་ཀྱི་དྲི་མ་སེལ་བ་སྟེ། །དབང་བཞིས་སྨིན་པའི་རིག་པ་བྱང་ཆུབ་སེམས། །སྟོང་ཉིད་སྙིང་རྗེར་ཟུང་དུ་འབྲེལ་བ་སྟེ། །ཟབ་མོའི་གནད་ཀྱིས་ཉམས་སུ་ལེན་པར་འདོད། །འདིར་ནི་རང་གི་མོས་དགེ་ཕུན་ཚོགས་དང་། །བླ་


JL01_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

མའི་བྱིན་རླབས་ཤིན་ཏུ་རྨད་བྱུང་མཐུ། །ཆོས་རྣམས་བདག་མེད་སྤྲོས་དང་འབྲལ་བའི་དོན། །སེམས་ཉིད་འོད་གསལ་གཞི་ཡི་གནས་ལུགས་ཉིད། །དབང་ཁྲིད་གདམས་པས་ལེགས་པར་ངོ་འཕྲོད་པ། །གནས་ལུགས་རྟོགས་པའི་ལྟ་བ་ལེགས་པར་གསུངས། །དེ་ཕྱིར་གཞི་དང་ལྟ་བ་ཕྱེད་པར་གཅེས། །གཞི་ནི་དབྱིངས་ཀྱི་གནས་ལུགས་དོན་ཡིན་ལ། །ལྟ་བདེ་ཉིད་རྟོགས་པའི་རང་བཞིན་ལགས། །རྟོགས་པའི་ངང་ལས་འཇོག་པ་བསྒོམ་པ་སྟེ། །རྣམ་པར་མི་རྟོག་ཡེངས་མེད་སྤྲོས་དང་བྲལ། །མཁའ་ལྟར་རྣམ་དག་འོད་གསལ་འདུས་མ་བྱས། །བསམ་བརྗོད་མཚོན་འདས་རིག་པ་བྱང་ཆུབ་སེམས། །རང་གསལ་ངང་གནས་བསྒོམ་པའི་རྒྱལ་པོ་ལགས། །ཞེས་དབྱིངས་དེའི་རང་བཞིན་རྟོགས་ནས་དེའི་ངང་ལ་འཇོག་པའི་བསྒོམ་པ་ནི་རང་དང་ཆོས་ཉིད་གཅིག་པའི་ལམ་མ་ནོར་བ་ཡིན་པར་རིག་པར་བྱའོ། །ཚུལ་དེ་ལྟ་བུ་ལ་ཐོད་རྒལ་གྱི་གནས་སྐབས་ན་གཞི་ལ་གནས་པའི་དག་དབྱིངས་ཞེས་བྱ་སྟེ། དེའི་ངང་ལ་གོམས་བས་དབྱིངས་སྣང་འོད་གསལ་གྱི་ལམ་སྣང་ཀྱང་ཞར་ལ་མཐོང་ཚུལ་འོག་ཏུ་འཆད་པར་བྱའོ། །གཉིས་པ་རིག་པའི་ལམ་ནི་ཤེས་རབ་ཁྱད་པར་ཅན་ཡིན་ཏེ། འདི་ལྟར་གཞལ་བྱའི་ཡུལ་དབྱིངས་ཀྱི་རང་བཞིན་ཤེས་པའི་ཤེས་རབ་མེད་ན་བཤད་མ་ཐག་པའི་ནང་དབྱིངས་སྟོང་པ་ཟང་ཐལ་དེ་ཡང་སྟོང་ཆད་ཅང་མེད་པོར་གོལ་བའི་ཉེན་ཡོང་པས། རང་དྭངས་རང་གསལ་སོ་སོ་རང་གིས་རིག་པའི་ཤེས་རབ་ཁྱད་པར་ཅན་དེ་རིག་པའི་ཆ་ནས་ཆད་པར་མ་སོང་། ངོ་བོ་ཉིད་མ་གྲུབ་པས་རྟག་པར་མ་གོལ། ཡུལ་རིག་པའི་ཆ་ནས་ཡིད་དང་མཚུངས་ཀྱང་། ཡུལ་ཕྱིར་མི་འབྲང་ཞིང་རྣམ་


JL01_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

རིག་གིས་བསླད་པ་མེད་པས་ལས་དང་བག་ཆགས་འདུ་མི་བྱེད་པས་མྱ་ངན་ལས་འདས་པའི་བདག་ཉིད་ཅན་ཡིན་ནོ། །ངེས་ཚིག་ནི་ཐུགས་རྗེའི་རྩལ་ཤར་གྲོལ་གཉིས་མེད་དུ། རྟོགས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཞིང་བདག་མེད་པར་ཤེས་ཤིང་། རྣམ་པ་སྣང་ཡང་རང་བཞིན་ཟང་ཐལ་དུ་ཤེས་པས་ཡུལ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་རབ་ཏུ་གྱུར་པས་ཤེས་རབ་ཅེས་པའི་སྒྲ་ཞུགས་པ་སྟེ། མུ་ཏིག་ཕྲེང་བ་ལས། ཤེས་པས་ཆོས་རྣམས་གཅིག་ཅར་རྟེགས། །རབ་ནི་ཀུན་གྱི་རྩེ་མོར་གྱུར། །ཞེས་སོ། །དབྱེ་ན་ཆོས་ཅན་ཤེས་པའི་ཤེས་རབ་ཐོས་བསམ་བསྒོམ་གསུམ། ཆོས་ཉིད་ཤེས་པའི་ཤེས་རབ་རྣམ་པར་མི་རྟོག་པ་སྟེ། དང་པོའི་དོན་སྤྱིར་བཏང་ནི། མདོ་ལམ་དུ་བཤད་ཟིན་ལ། དམིགས་བསལ་གཞལ་བྱའི་ཆོས་དང་འཇལ་བྱེད་ཀྱི་ཤེས་རབ་ཏུ་འབྲེལ་བས་ཆོས་ཉིད་དཔྱོད་ལ་རག་ལུས་པའི་ཕྱིར་འདིར་ཆོས་ཅན་གྱི་ཤེས་རབ་ཏུ་བསྡུས་པ་ལ་ཐེ་ཚོམ་མི་བྱ་སྟེ། ཅིའི་ཕྱིར་ན། དེའི་བསྒོམ་པའི་ཤེས་རབ་ནི་ཐོས་བསམ་གཉིས་ལ་བརྟེན་ནས་བློ་བྲལ་དུ་ཚིག་གི་དམ་འཆའ་བཙམ་ལས་གཤིས་ཀྱི་རང་བཞིན་ལ་རྟོག་གིས་བརྟག་པའི་ཁས་ལེན་མོད་པའི་ཕྱིར་དང་། རྟོག་གེས་དེ་ཁོ་ན་ཉིད་ཀྱི་ཤེས་རབ་མི་རྟོགས་པ་ནི་སམ་མུ་ཊི་ལས་ཀྱང་། རྣམ་ཤེས་ཡེ་ཤེས་སེམས་ཀྱིས་ནི། །མཚན་ཉིད་མཚན་གཞི་མཚོན་པར་བྱེད། །ཡེ་ཤེས་ཀྱིས་ནི་ཤེས་བྱ་བ་ལྟ། །ཤེས་བྱ་རྣམས་ཀྱིས་འགྲོ་བ་བརྟག །འགྲོ་བ་བརྟག་པའི་སེམས་ཀྱིས་ནི། །ཇི་ལྟར་རང་འདོད་ལ་སོགས་འགྲོ། །རྟོག་གི་མེད་ཅིང་རྣམ་ཤེས་མེད། །དེ་བཞིན་རྟོག་གི་པས་མི་ཤེས། །ཞེས་སོ། །གཉིས་པ་ནི་གཞལ་ཡུལ་ཡེ་ཤེས་ཀྱི་མཚན་ཉིད་ཀྱང་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་རིག་པ་ལས་འགྱུ་ཆའི་རླུང་དང་འདྲེས་པའི་ཡིད་ཤེས་


JL01_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐད་ཅིག་རྗེས་འཐུད་ཀྱི་རྣམ་པ་མེད་པས། ཆོས་ཐམས་ཅད་སྐད་ཅིག་གིས་ཁོང་དུ་ཆུད་པ་ཞེས་བྱ་སྟེ། འཇམ་དཔལ་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཞེས་སོ། །དེ་བས་ན་ཆོས་ཉིད་ཤེས་པའི་ངང་མ་ཤོར་བའི་ཤེས་རབ་ཁྱད་པར་ཅན་དེ་ལ་ནི་རིག་ཆ་ཡོད་པས་རིག་པའི་ལམ་དུ་བཏགས་ཀྱང་། རླུང་གི་ཆས་སྤུར་ནས་ཡུལ་ཡིད་ལ་བྱེད་པའི་སེམས་ཀྱི་འགྱུ་ཆ་མེད་པས་རྣམ་པར་མི་རྟོག་པའི་ཤེས་རབ་ཡིན་པར་ཤེས་པ་ནི་རྟོགས་པར་དཀའ་བའི་གནས་གཅིག་ཏུ་ཡོད་པས་རྒྱལ་བའི་ཞབས་ཀྱིས། གང་ཕྱིར་འདི་གཉིས་ཁྱད་པར་དག །མཁས་པ་རྣམས་ཀྱིས་མ་རྟོགས་པས། །བློ་གྲོས་བླུན་པོས་ཇི་ལྟར་རྟོགས། །ཞེས་དང་། རྟགས་ཚད་ལས་ཀྱང་ཡིད་དང་ཤེས་རབ་ཕྱེད་པའི་ཚད་ཆོས་རྣམས་སྣ་ཚོགས་སུ་ཤར་བའི་ཚེ་ན་ཡིན་ཞེས་སོ། །དེ་བས་རྫོགས་པ་ཆེན་པོའི་ཁྱད་གཞི་ཤེས་པར་འདོད་པ་རྣམས་ཀྱིས་རིག་པ་རླུང་གིས་སྤུར་བའི་རྩལ་གཟུང་འཛིན་དུ་ཤར་བས་སེམས་དང་། དེའི་རྩལ་ཡིད་ལ་སོགས་ཏེ་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། སེམས་བྱུང་ལྔ་བཅུ་རྩ་གཅིག་ཏུ་ལོག་སྟེ་འཁོར་བའི་རྒྱུ་འབྲས་འཁྲུལ་སྣར་བསྐྱང་པ་འདི་འགག་བྱའི་དྲི་མ་ཡིན་པར་ཤེས་དགོས་ཏེ། འཇུག་པ་ལས་ཀྱང་། སེམས་འགགས་པ་དེ་སྐུ་ཡིས་མངོན་དུ་མཛད། །ཅེས་སོ། །དེ་ལྟར་ཤེས་ནས་གཞི་གནས་རང་བྱུང་གི་ཤེས་རབ་ཁྱད་པར་ཅན་མངོན་དུ་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་གྱི་ཐུགས་ཀྱི་བདག་ཉིད་བསྐྱོད་པ་ཀུན་དང་བྲལ་བ། ཇི་ལྟ་བའི་ངང་མ་འགྱུར་བཞིན་དུ། ཇི་སྙེད་པའི་མཁྱེན་ཆ་མཐའ་དག་གི་འཆར་གཞིར་གྱུར་བས་བེམ་པོ་ལྟ་


JL01_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡང་མ་ཡིན་ལ། ཆོས་སྐུའི་ངོ་བོ་ཀ་དག་གིས་རང་མལ་ལས་མ་གཡོས་ཤིང་རིག་པའི་བདག་ཉིད་ཅན་དེས་ནི་འཁོར་རང་བཞིན་མ་རིག་པ་དང་རྣམ་པར་རྟོག་པའི་བུར་ཤིང་ཀུན་བསྲེག་ཅིང་། ཡེ་ཤེས་སུ་འཛིན་པའི་དྲན་གཞི་ཉིད་ཀྱང་ཡིད་ཀྱི་ཆས་ཁུར་བའི་ཤེས་བྱའི་སྒྲིབ་པ་བག་ལ་ཉལ་ཡིན་པས་དྲན་པ་མེད་པའི་ཤེས་རབ་ཀྱིས་འཁོར་བ་མེ་བཞིན་དུ་བཟའ་བའི་ཡེ་ཤེས་ནམ་མཁའ་ལྟ་བུས་མྱ་ངན་ལས་འདས་པའི་ཕ་མཐར་སོན་པ་སྟེ་འོད་གསལ་གྱི་རྒྱུད་ལས། ཐུགས་ནི་བསྐྱོད་པ་ཀུན་བྲལ་བས། །བེམ་པོ་ལྟ་བུ་མ་ཡིན་ཏེ། །ཤེས་ཤིང་རིག་པ་གསལ་བྱེད་སྣང་། །རྣམ་པར་རྟོག་པ་ཀུན་བསྲེགས་ཏེ། །ཡེ་ཤེས་ཉིད་ནི་མེ་བཞིན་བཟའ། །ནམ་མཁའ་ཉིད་དང་མཚུངས་པ་ཡིན། །སྟོང་གསལ་རིག་བཅས་ཉིད་ཡིན་ནོ། །དེ་ཕྱིར་ཡེ་ཤེས་སྣང་བ་སྟོན། །འབྱེད་མེད་ཐུགས་རྗེ་རང་ཤར་བས། །ཁྱབ་ཅིང་ཀུན་འབྲལ་ཆོས་ཀུན་རྫོགས། །དྲན་པ་ཉིད་ནི་དྲན་མེད་པས། །ཡེ་ཤེས་དྲན་གཞི་ཉིད་དང་བྲལ། །ཡེ་ཤེས་ཉིད་ནི་འདི་ལྟ་སྟེ། །གཞི་གནས་དག་པའི་ཡེ་ཤེས་དང་། །མཚན་ཉིད་འཛིན་དེང་ཡུལ་ཁྱབ་བོ། །ཞེས་སོ། །གསུམ་པ་འོད་གསལ་གྱི་ལམ་དངོས་སྒྲོན་མ་རྣམ་པ་གཉིས་ནི། རྒྱང་ཞགས་ཆུའི་སྒྲོན་མ་དང་། །ཐིག་ལེ་སྟོང་པའི་སྒྲོན་མའོ། །དེ་ལ་རྒྱང་ཞགས་ཀྱི་ངོ་བོ་ནི། །མའི་མངལ་དུ་སྲིད་པ་དང་པོར་ཆགས་པའི་དུས་ན་གཤེར་བ་ལ་བརྟེན་ནས་ཐོག་མར་ཆགས་པའི་ལྟོ་བའི་རྩམ་དུད་ཀྱི་ནང་དུ་སྒྲོན་མ་དང་། འབྱུང་བའི་སྤྱན་གཉིས་སྔོན་དུ་ཆགས་པ་ལས། །འབྱུང་བའི་སྤྱན་གྱིས་ལུས་བསྐྱེད་ཅིང་། སྒྲོན་མའི་སྤྱན་ལས་མིག་གི་དབང་རྟེན་དབང་པོ་དང་འོད་རྩའི་དྭངས་མ་གསུམ་བྱུང་བ་ལྟེ་བ་ནས་སྙིང་།


JL01_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ནས་སྒལ་ཚིག་འདབ། །དེ་ནས་རྣ་བ་གཉིས་ཀྱི་ནང་ངོས་ཀླད་རྒྱའི་དཀྲིས་ནས་ཡལ་ག་གསུམ་དུ་གྱེས་པའོ། །དེ་ཡང་མིག་སོ་སོའི་ཨ་འབྲས་ཀྱི་དཀྱིལ་དུ་ཁྲག་དང་ཆུ་སེར་མེད་པའི་རྩ་བ་མེན་གྱི་རྭ་བླ་འོག་ལོག་པ་ལྟ་བུའི་ནང་འོད་ཀྱི་སྣ་ལ་མས་ཁེངས་ཤིང་གདེངས་ཁ་མིག་ལ་ཟུག་པའི་ནང་ན་འོད་རྩ་རེ་རེ་དང་། དབུས་མ་གཅིག་ལྷག་པ་ཚངས་བུག་ལ་ཟུག་པའི་ནང་ན་རིག་པ་རྟོག་མེད་ལུ་གུ་རྒྱུད་དང་འོད་ཀྱི་ཐིག་ལེ་བརྩེགས་མ་ལྔ་ལྡན་དགུ་འཆར་བ་ལ་སྒྲོན་མ་བཞི་ཀའི་ཆ་ཡོད་པའི་ཚུལ། རྩ་སྣ་ནི་ཆུའི་སྒྲོན་མ། ཐིག་ལེ་ནི་སྟོང་སྒྲོན། འོད་ལྔ་ནི་དབྱིངས། ཤེས་པ་མི་རྟོག་པ་ནི་ཤེས་རབ་སྒྲོན་མའི་ཆ་སྟེ་མུ་ཏིག་འཕྲེང་བ་ལས། རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང་། །ཞེས་སོ། །འོད་རྩ་གཞན་གཉིས་ནས་ཡེ་ཤེས་ཀྱི་སྣང་བ་འོད་དང་། ཐིག་ལེ་དང་སྐུ་ལ་སོགས་པའི་སྣང་བ་སྡུད་པ་ནི་བརྟེན་པ་མྱང་འདས་ཀྱི་ཆ་ཡིན་ལ། དེའི་རྟེན་གཟུགས་ཅན་གྱི་དབང་པོས་འཁོར་བའི་ཆ་འཁྲུལ་སྣང་གི་སྣང་བ་སྡུད་པས་རྟེན་དང་བརྟེན་པའི་ཆ་གཉིས་སུ་གནས་པ་ལ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་སྟེ་སྒྲོན་མ་འབར་བ་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡི། །ངོ་བོས་སྣང་བ་གཉིས་ཀ་སྡུད། །མཐོང་བྱེད་འཛིན་པ་མ་འགགས་ཕྱིར། །གཉིས་ཀའི་ཆ་འཛིན་ལྟ་བས་ན། །འཁོར་འདས་མཐུན་པའི་ལྟ་བའོ། །ཞེས་སོ། །ངེས་ཚིག་གི་སྒོ་ནས་གཞལ་ན། འཁོར་འདས་ཀྱི་སྣང་ཆ་དག་འཁྲུལ་གང་ཡིན་ཡང་རྒྱང་རིང་པོའི་རྒྱུད་དུ་འཛིན་ནུས་ཤིང་། ཁ་དོག་གི་སྣང་བ་སྡུད་པས་རྒྱང་ཞེས་ཤེས་པ་ཡུལ་ཐོག་ཏུ་འཁྲིད་པའི་ཆ་ནས་བརྗོད་ལ། དེ་ལྟར་སྣང་ཡང་རང་བཞིན་མེད་པར་ཤེས་ན་འཁོར་


JL01_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆ་འཁྲུལ་སྣང་འཁྲུལ་འཛིན་དང་བཅས་པ་མ་སྤངས་ཀྱང་རིང་དུ་འགྲོ་བས་ཞགས་ཞེས་བྱ་ལ། མ་རྟོགས་ན་དེ་ལས་ལྡོག་པ་མྱང་འདས་དང་རིང་བས་རྒྱང་ཞེས་བྱའོ། །ཞགས་པ་ནི་འཆིང་བ་ལ་དོན་མཐུན་པས་འོད་གསལ་གྱི་སྣང་བ་མཐོང་དུས་རང་ངོ་རྟོགས་པས་འཁྲུལ་སྣང་དང་འཁྲུལ་འཛིན་གྱི་ཆ་གཞི་བྲལ་ངོ་བོ་ཉིད་ཀྱིས་སྟོང་པར་འཆིང་བས་ཞགས་ལ། མ་རྟོགས་ན་བློ་ངོའི་སྣང་ཡུལ་གྱི་བག་ཆགས་བསྐྱེད་པའི་རྟེན་དབང་པོའི་མངོན་སུམ་དུ་རགས་པའི་རྣམ་པར་འཆིང་བས་ཐག་པ་དང་ཆོས་མཚུངས་པའི་ཕྱིར་ཞགས་པའི་སྒྲ་ཞུགས་པ་སྟེ་སྔ་མ་ལས། །ངེས་པའི་ཚིག་ནི་འདི་ལྟ་བུ། །བརྒྱད་ནི་རིང་བའི་རྒྱུད་འཛིན་པས། །གཟུགས་སུ་སྣང་བ་འཛིན་པ་དང་། ཁ་དོག་ལ་སོགས་སྡུད་པ་དང་། རིག་པའི་སྐུ་ཡང་རྒྱང་རིང་ནས། །མཐོང་བྱེད་འཛིན་པར་བྱེད་པ་དང་། །འཁོར་བ་རྟོག་པའི་ཕྱོགས་ནས་ནི། །རྒྱང་དུ་འཕེན་པས་རྒྱང་ཞེས་བྱ། །དེ་བཞིན་མ་རྟོགས་ཕྱོགས་ནས་ཀྱང་། །མྱང་འདས་འཕེན་པས་རྒྱང་ཡིན་ནོ། །དེ་བཞིན་འཁོར་བའི་སྣང་ཆ་ནས། །གཟུགས་དང་འདོད་ཡོན་ལྔ་རྣམས་ནི། །འདི་ཡིས་འཆིང་བས་ཞགས་པ་ཡིན། །དབང་པོའི་ཡུལ་ལ་སྣང་བ་ཡི། །དྲན་བསམ་དག་ཏུ་འདིས་འཛིན་པས། །ཞགས་པ་ཞེས་ནི་རྒྱང་ནས་འཛིན། །དེ་བཞིན་ནམ་མཁའ་སྤྲིན་བྲལ་ལ། །རིག་པ་བདག་མེད་སྐུར་སྣང་བ། །སྣང་བ་ཡས་སུ་མི་འཇུག་པར། །འདི་ཡིས་འཛིན་པས་ཞགས་ཞེས་བྱ། །ཆུ་ནི་སྣང་བ་དེ་དག་ལ། །ཞེན་པ་རང་ས་ལྡོག་ནས་ནི། །ཀུན་ལ་ཆགས་པའི་སེམས་མེད་པར། །སྣང་བ་རང་སར་བཞག་པས་ནི། །བདག་འཛིན་བྲལ་བས་ཆུ་ཞེས་བྱ། །སྒྲོན་ནི་རང་གི་སྣང་བ་ཀུན། །གོང་ནས་གོང་དུ་འཕེལ་བ་ཡིས། །རིག་པའི་ཡེ་ཤེས་གསལ་


JL01_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྒྲོན། །འབྱུང་བར་གས་བའི་སྣང་བ་ཀུན། །རང་ཤེས་སྤྱོད་པ་འགག་མེད་ཅིང་། །དབང་པོའི་རང་སྒོར་གསལ་བས་སྒྲོན། །རིག་པ་ཕྱི་ཡི་དབྱིངས་བཞག་པས། །ནང་དབྱིངས་རང་སར་དག་སྟེ་སྣང་། ཉམས་ཀྱི་སྣང་བ་འདིས་བསྐྱེད་པས། དབྱིངས་རིག་འབྲེལ་པའི་མ་ཡང་ཡིན། །དབང་པོ་ཀུན་གྱི་དྭངས་མ་ཡང་། འཆར་བྱེད་སྒོ་ནི་མིག་ཡིན་པས། །ཀུན་གྱི་གཞི་འཛིན་མ་ཞེས་བྱ། །ཞེས་སོ། །སོ་སོའི་མཚན་ཉིད་ཀྱི་སྒོ་ནས་དབྱེ་ན་འབྱུང་བ་འདུས་པའི་རྒྱང་ཞགས་རླུང་གི་དྭངས་མའི་རྩ་བ་མེན་གྱི་རྭ་འདྲ་བ་སྣང་བ་སྡུད་འཛིན་མཆེད་གསུམ་གྱི་ཆར་གནས། ཡེ་ཤེས་འདུས་པའི་རྒྱང་ཞགས་འོད་རྩ་དྭངས་པས་འཁྲུལ་སྣང་མི་འཛིན་པར་འོད་གསལ་གྱི་རང་སྣང་འཛིན། དབང་པོ་འདུས་པའི་རྒྱང་ཞགས་གཟུགས་སྣང་མཐོང་བྱེད་དུ་བསྐྱེད་པས་སྔ་མ་ལས་ཕྱོགས་ལོག་ཅིང་ཤེས་པ་རྟོག་བྲལ་གྱི་ཡུལ་དུ་སྣང་བ་རི་དང་ནགས་ཚལ་ལ་སོགས་དང་། སྣང་ཡུལ་དོན་རང་མཚན་བྲག་དབྱིབས་དང་ཤིང་གེལ་པ་ལ་སོགས་པ་ལྟ་བུ་དང་། རང་ཤེས་མིག་གི་རྣམ་ཤེས་འཛིན་པའི་ཚུལ་དེ་ཉིད་ལས། འདི་ཡི་མཚན་ཉིད་འདི་ལྟ་བུ། །འཆར་བྱེད་འགག་པ་མེད་པ་ཡིས། །དབང་པོའི་དྭངས་མ་མིག་གི་སྒོར། །བསྐྱེད་པས་པདྨའི་སྤྱན་དུ་གནས། །རང་གི་མཚན་ཉིད་དབང་པོ་འཛིན། །འབྱུང་བ་ལས་ནི་འཕེན་པ་དང་། །སྡུད་དང་འཛིན་དང་མཆེད་བར་སྣང་། །ཡེ་ཤེས་ལས་ནི་ལྟ་བ་དང་། །གནས་དང་གོང་མ་འཛིན་པའོ། །དབང་པོས་ཡུལ་དང་ཡུལ་ཅན་དང་། ཡུལ་མེད་རྣམས་ནི་རང་འཛིན་པའོ། །ཞེས་སོ། །དེ་ལ་ཡུལ་ནི་སྣང་རུང་གི་གཟུགས་བེམ་པོར་གནས་པ་ལ་སོགས་སོ། །ཡུལ་ཅན་ནི་དབང་ཤེས།


JL01_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མེད་ནི་མེད་པ་གསལ་སྣང་ཉི་ཟླའི་རྣམ་པ་ལ་སོགས་པའོ། །དེ་བས་ན་གཞི་ལྷུན་གྲུབ་ཀྱི་ཆ་ལ་ཡོད་པའི་གཞི་སྣང་གི་འོད་གསལ་ཆོས་ཉིད་མངོན་སུམ་པ་ལམ་སྣང་དུ་མཐོང་བའི་སྒོ་ནི་རྒྱང་ཞགས་ཆུའི་གྲོན་མ་དང་འབྲེལ་བའི་འོད་རྩ་དྭངས་བ་ཁོ་ན་ཡིན་ལ། དེ་ལྟར་མཐོང་བ་དེས་རྡོས་བཅས་ཀྱི་སྣང་བ་འགག་པས་འཁོར་བ་དང་རྫས་འགལ། །མྱང་འདས་ཀྱི་ཆ་འཛིན་པས་ཡིད་དཔྱོད་ཀྱི་གྲུབ་མཐའ་འདོད་རྒྱལ་དུ་འཛིན་པ་ལས་བློ་ཞེན་ལྡོག་པའི་ཚད་རྣམ་པ་གསུམ་དུ་ངེས་པའང་འབྱུང་བ་འདུས་པའི་རྒྱང་ཞགས་ཀྱི་ཚད། ཡུལ་སྣང་མཆེད་སྡུད་གཉིས་རྫོགས། དྭངས་མ་འདུས་པའི་ཚད་གཟུགས་སྣང་བྱེ་བྲག་ཕྱེད། ཡེ་ཤེས་འདུས་པའི་ཚད་ལུ་གུ་རྒྱུད་མཐོང་བ་སྟེ་དེ་ཉིད་ལས། སྒྲོན་མ་སྣང་བ་བྱེད་དོན་གྱི། །ཡུལ་གཟུགས་སྣང་སྟེ་རིག་པ་ཡང་། །ལུ་གུ་རྒྱུད་སྣང་ཚད་ཡིན་ནོ། །ཞེས་སོ། །གཉིས་པ་ཐིག་ལེ་སྟོང་སྒྲོན་གྱི་ངོ་བོ་ནི། ངོས་གཟུང་མེད་པའི་སེམས་ཉིད་ཀྱང་བེམ་སྟོང་ལྟ་བུར་སོང་བ་མེད་པས་ནད་གསལ་ཀ་དག་གི་དབྱིངས་མཐའ་བྲལ་དྲི་མ་མེད་པའི་ངང་ལ་གོམས་པས་དབྱིངས་ལ་ཡེ་ལྡན་དུ་ཡོད་པའི་སྐུ་གསུམ་གྱི་སྣང་ཆུ་ལས་རླུང་དག་པའི་ཆ་ལས་འོད་གསལ་གྱི་ལམ་སྣང་དུ་མངོན་པའི་ཚུལ་ངོ་སྤྲོད་སྤྲས་པ་ལས། ཡེ་ནས་མེད་པའི་སྟོང་པ་ཡིས། །འབྱུང་བ་རང་ཟད་འོད་སྣང་ཟེད། །བྱ་བྱེད་བྲལ་བའི་སྟོང་པ་ཡིས། །སྐུ་གསུམ་མཚོན་པའི་འོད་སྣང་རྙེད། །ཅེས་སོ། །དེ་ཡང་སྟོང་གཟུགས་ཀྱི་ཐིག་ལེ་མིག་ཕུགས་ཀྱི་འོད་ཚོན་གང་བ་ལྟ་སྟངས་ཀྱི་རྐྱེན་ལས་དབང་པོའི་མངོན་སུམ་པར་གསལ་བའི་འོད་ལྔ་ཟླུམ་སྐོར་རང་གསལ་ཁ་དོག་དྭངས་པ་ཉག་གཅིག་སྤྲོས་པ་དང་བྲལ་བའི་


JL01_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མངོན་པར་འཆར་ཏེ། དེ་ཉིད་ལས། ཐིག་ལེ་སྟོང་པའི་སྒྲོན་མ་ནི། །ཆོས་རྣམས་ཀུན་གྱི་ཡིད་ཆེས་པ། །འདི་ཉིད་སུ་ཡིས་ཤེས་པ་དེ། །ཐིག་ལེའི་སྐུ་ལ་ལོངས་སྤྱོད་དེ། །གོམས་པ་རྣམས་ཀྱི་སྤྱོད་ཡུལ་འཐོབ། །དེ་ཕྱིར་འདི་ཡི་ངོ་བོ་ནི། །ཉག་གཅིག་ཆ་ཕྲ་སྤྲོས་དང་བྲལ། །སྟོང་པའི་མུ་བྲལ་རང་གསལ་ཆེ། །རང་བཞིན་རང་གསལ་མཉམ་པ་ཉིད། །མི་རྟོག་སྤྲོས་བྲལ་ཟླུམ་པོར་གནས། །མ་བསྐུར་རང་དབང་བཞི་རྫོགས་ཕྱིར། །དམར་པོ་རང་གསལ་ཡེ་ནས་དྭངས། །དྲི་མ་མེད་ཅིང་ཀ་དག་པས། །བདག་འཆིང་ཉོན་མོངས་རྣམས་དང་བྲལ། །རང་གི་རང་གསལ་ངོ་བོས་སྟོང་། །འདི་ནི་དེ་ཡི་ངོ་བོར་འདོད། །ཅེས་སོ། །ངེས་ཚིག་གི་སྒོ་ནས་གཞལ་ན། རང་བཞིན་མི་འགྱུར་བས་ཐིག །ཡུལ་ལ་ཁྱབ་པར་གདལ་བས་ལེ། སྣང་ཡང་བདག་འཛིན་མེད་པས་སྟོང་པ། འཁྲུལ་སྣང་གི་མུན་པ་སེལ་བས་སྒྲོན་མ་སྟེ་མུ་ཏིག་ཕྲེང་བ་ལས། ཐིག་ནི་འགྱུར་བ་ཡོད་མ་ཡིན། །ལེ་ནི་ཁྱབ་ཅིང་ཡུལ་ལ་སྣང་། །སྟོང་པས་དངོས་པོ་མཚན་མ་མེད། །སྒྲོན་མས་མུན་པ་སྣང་བར་འགྱུར། །ཞེས་སོ། །དབྱེ་ན་གཞི་གནས་རིག་པའི་ཐིག་ལེས་འཁོར་འདས་ཀྱི་གཉིས་སྣང་ཟླུམས། ལུས་གནས་རྩའི་ཐིག་ལེས་སྡུག་བསྔལ་བདེ་ཆེན་དུ་འཆར། །ཀུན་རྫོབ་རྒྱུའི་ཐིག་ལེས་ཕུང་ཁམས་རོ་གཅིག་ཏུ་སྡུད། །དོན་དམ་སྤྲོས་མེད་ཀྱི་ཐིག་ལེས་དབྱིངས་རིག་མཉམ་པར་སྦྱོར། །རང་བྱུང་འབྲས་བུའི་ཐིག་ལེས་ཉིན་མཚན་འོད་གསལ་དུ་འདྲེས་པས་རྒྱལ་བའི་དགོངས་པ་རྒྱ་གྲོལ་ཀློང་ཡང་ཆེན་པོ་ལ་སྦྱོར་བ་སྟེ་སྒྲོན་མ་འབར་བ་ལས། དབྱེ་བ་ཉིད་ནི་རྣམ་པ་ལྔ། །གཞི་གནས་རང་རིག་ཐིག་ལེ་ཡིས།


JL01_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་འཁོར་འདས་གཅིག་ཏུ་བཟླུམས། །ལུས་གནས་རྩ་ཡི་ཐིག་ལེ་ཡིས། །བདེ་དང་སྡུག་བསྔལ་གཅིག་ཏུ་བཟླུམས། །ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ཡིས། །ཕུང་སེམས་བསྐྱེད་པའི་རྒྱུ་རྐྱེན་ཏེ། །ཕུང་པོ་ཁམས་སོགས་གཅིག་ཏུ་བཟླུམས། །དོན་དམ་སྤོས་མེད་ཐིག་ལེ་ཡིས། །དབྱིངས་དང་རིག་པ་གཅིག་ཏུ་བཟླུམས། །རང་བྱུང་འབྲས་བུའི་ཐིག་ལེ་ཡིས། །སངས་རྒྱས་ཀུན་གྱི་དགོངས་པ་རྣམས། །རྩོལ་སྒྲུབ་བྲལ་བའི་དབྱིངས་སུ་བཟླམས། །འདི་ཀུན་དེ་ཡི་དབྱེ་བས་ན། །མི་འགྱུར་ཐིག་ལེ་སྟོང་པ་ལས། །སྣང་ཆའི་ཡུལ་ལ་རྣམ་པ་ལྔ། །གཅིག་པར་བཟླུམས་པའི་གནས་ན་གསལ། །ཞེས་སོ། །དེ་ལྟར་དབྱེ་བ་ལྟར་བཞག་ཀྱང་མཚན་ཉིད་དང་བྲལ་བའི་སྟོང་པའི་ཐིག་ལེ་རང་གི་ངོ་བོས་སྟོང་པས་གང་དུའང་མི་གནས་པ་ཡིན་ཏེ། གཞི་ལ་གནས་པའི་ཀ་དག་གིས་གདངས་རྩ་རླུང་ཐིག་ལེ་ཁྱད་པར་ཅན་དང་ལྡན་པའི་ཁམས་དྲུག་ལྡན་གྱི་རྟེན་ལ་ཆོས་ཉིད་མངོན་སུམ་པའི་འོད་གསལ་དབང་པོའི་སྤྱོད་ཡུལ་དུ་མཐོང་བས་ཆོས་ཅན་ལ་མངོན་པར་ཞེན་པ་ཐམས་ཅད་ཆོས་ཉིད་མི་འགྱུར་བའི་ཐིག་ལེ་ཆེན་པོའི་ཀློང་དུ་མྱ་ངན་ལས་འདས་ནས་མ་བསྒོམས་ཆུ་བོའི་རྒྱུན་གྱི་བསམ་གཏན་ལ་བར་དང་མཚམས་མེད་པ་ནི་བྱ་བྲལ་རང་གནས་ཆེན་པོའི་དགོངས་པ་སྟེ། དེ་ཉིད་ལས། རང་གི་མཚན་ཉིད་ངོ་བོས་སྟོང་། །གང་ལའང་མངོན་པར་ཞེན་པ་འགགས། །རབ་ཞེས་མི་འགྱུར་རྟོག་མེད་དག །མ་བསྒོམས་བར་དང་མཚམས་མེད་པའི། །ཐིག་ལེ་ཟླ་དང་བྲལ་བ་ཉིད། །རང་གནས་ཆེན་པོའི་དགོངས་པ་ལ། །བྱ་བྱེད་བྲལ་བར་རྒྱུན་དུ་གནས། །མཚན་ཉིད་སྟོང་པ་གསལ་བས་ཁྱབ། །ཅེས་སོ། །བཞི་པ་ཁྲེགས་ཆོད་ཀྱི་


JL01_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ནི་ཤར་གྲོལ་དུས་མཉམ་སྟེ། གཞི་ཡུལ་མེད་དུ་རྟོགས་པའི་དུས་ནས་གཤིས་ཀ་དག་ལས་མི་འགྱུར་བས་རྩལ་སྣང་ཇི་ལྟར་གཡོ་ཡང་སྣང་བ་གཞི་མེད་དུ་གོ །ཤེས་པ་ཡུལ་མེད་དུ་གོ །རིག་པ་རྟེན་མེད་དུ་གོ །ཆོས་ཟད་མིང་མེད་དུ་གོ་བས་རྫོགས་པ་རང་བྱུང་ལས། གོ་བའི་དུས་ནི་རྣམ་བཞིའི་ཚེ། །ཅོག་བཞག་རང་གྲོལ་མ་བཅད་པའོ། །ཞེས་པ་ལྟར་རོལ་པ་ཆོས་ཉིད་དུ་རྟོགས་པའི་ཤེས་རབ་ཁྱད་པར་ཅན་དེ་ཉིད་རང་ས་རུ་ཅོག་གིས་བཞག་པས་རང་གི་རང་གྲོལ་ནས་ངོ་བོ་ཉིད་མེད་པའི་ཆོས་ཉིད་མཐོང་བ་ལ་ཤར་གྲོལ་དུས་མཉམ་དུ་ཐ་སྙད་བཏགས་བ་སྟེ་འདས་རྗེས་ལས། སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་སོ། །དེའང་རིག་ཆ་རླུང་གིས་སྤུར་བས་ཡིད་འགྱུ་བྱེད་དུ་ལངས་པ་ལས་གྱུར་པའི་སྤང་བྱའི་དྲི་མ་དང་། གེགས་དང་། གོལ་ས་མཐའ་དག་ཆོས་ཉིད་ཤེས་པའི་ཤེས་རབ་རྣམ་པར་མི་རྟོག་པའི་ངང་དུ་རིག་པའི་གནས་ལུགས་ཚད་འཛིན་གཟའ་གཏད་མེད་པར་གྲོལ་བ་དེ་ལ་ནི་སེམས་སྐད་ཅིག་རྗེས་འཐུད་ཀྱི་རྣམ་པ་མེད་པས་ཡེ་གྲོལ་ལ་བསྐྱར་གཞི་མེད་ཅིང་རང་གྲོལ་གཉེན་པོ་ལས་འདས་པའི་དོན་ཏེ་རང་ཤར་ལས། སེམས་དང་བྲལ་བའི་རིག་པ་སངས་རྒྱས་དངོས། །ཡིད་དང་བྲལ་བའི་རྡོ་རྗེ་སེམས་དཔའ་ངས། །གསལ་བྱེད་སྣང་ལ་རྟོག་པ་མེད་པར་ཤེས། །རྟོག་མེད་ཤེས་རབ་མཉམ་ཉིད་ནི། །རང་གིས་རང་གྲོལ་ཆེན་པོའོ། །ཞེས་སོ། །དེ་ལྟར་རྟོགས་ན་འཁྲུལ་པའི་དེ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་དོན་ལ་གླགས་མ་རྙེད་པས་འཁོར་བ་མྱང་འདས་སུ་སངས་རྒྱས་བ་ཞེས་བྱ་


JL01_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་མུ་ཏིག་ཕྲེང་བ་ལས། འཁོར་བ་ཉིད་ཀྱི་དོན་རྟོགས་ན། །མྱ་ངན་འདས་ཞེས་ཡོད་མ་ཡིན། །ཞེས་དང་། རྟོག་པ་ཉིད་ཀྱི་རྗེས་ཆོད་ན། །འཁྲུལ་པ་དེ་ཉིད་རང་སར་གྲོལ། །སྟོང་པ་སྣང་བའི་དོན་རྟོགས་ན། །ཡེ་ཤེས་སྐུ་ཡང་ལྷུན་གྱིས་གྲུབ། །དངོས་པོར་སྣང་བའི་ཕུགས་མཐོང་ན། །སྟོང་པ་ཉིད་ཀྱང་མ་བསྒྲུབས་རྫོགས། །ཆོས་ཉིད་དག་པའི་དོན་རྟོགས་ན། །སྐྱེ་མེད་ཆོས་ཉིད་ཕ་རོལ་ཕྱིན། །ཅེས་སོ། །དེ་ཡང་སྐྱེ་མེད་ཀྱི་དོན་རྟོགས་ལུགས་ཟང་ཐལ་དུ་རྟོགས་པ་དང་། གྲོལ་ལུགས་ཀ་དག་ཏུ་གྲོལ་བ་དང་། ཐོབ་ལུགས་རང་མལ་དུ་ཐོབ་པ་གསུམ་ལ་གདེངས་རྙེད་ནས་དེའི་ངང་དུ་གོམས་པར་བྱེད་པའི་གནད་གསུམ་ལས་མི་གཡོ་བར་བྱ་སྟེ། འདི་ལྟར་རང་བཞིན་མེད་པའི་ཟང་ཐལ་དུ་བསྲེ། ཤར་གྲོལ་མཉམ་པའི་ཚིག་ཆོད་དུ་བཞག །བློ་ལས་འདས་པའི་ཟད་སར་བསྐྱལ་བའི་ཚུལ་རྫོགས་པ་རང་བྱུང་ལས། རིག་པ་ཉིད་ཀྱི་གནས་ལུགས་ཚེ། །གྲོལ་ལུགས་རྟོགས་ལུགས་ཐོབ་ལུགས་སོ། །སྐྱེ་མེད་ཡུལ་ལ་གནས་པའི་ཚེ། །བལྟ་ཐབས་བཞག་ཐབས་སྐྱལ་ཐབས་སོ། །ཞེས་སོ། །ལྔ་པ་ནི། སྤྱིར་ཐོད་རྒལ་གྱི་ལམ་ལ་ཕན་ཚུན་རྟེན་དང་བརྟེན་པའི་སྒོ་ནས་སྒྲོན་མ་རྣམ་པ་བཞིར་བཞག་ཀྱང་། ལམ་གྱི་ངོ་བོ་ནི་དབྱིངས་ཀྱི་རྭ་བར་རིག་པའི་གདངས་འཛུད་པ་ལ་འདུས་པ་སྟེ། འདི་ལྟར་སྔོན་དུ་ཐོས་བསམ་གྱི་ཤེས་རབ་ལ་བརྟེན་ནས་རྒྱང་ཞགས་ཆུའི་སྒྲོན་མས་འཁོར་བ་དང་མྱ་ངན་འདས་ཀྱི་ཆ་འཁྲུལ་རྟོག་གི་སྒོ་གཉིས་འཛིན་པའི་གནད་ལེགས་པར་ཁོང་དུ་ཆུད་པར་བྱས་ནས་མྱང་འདས་ཀྱི་ཆ་ཡེ་ཤེས་འདུས་པའི་རྒྱང་ཞགས་ཀྱི་འོད་གསལ་གྱི་སྣང་བ་འཛིན་པ་གང་ཞིག་གཟིགས་


JL01_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས་ཀྱི་གནད་ལ་བརྟེན་ནས་གཙུན་པས། བསྒོམ་པའི་ཤེས་རབ་ཆོས་ཉིད་མངོན་སུམ་པའི་འོད་གསལ་གྱི་ཀླུངས་སུ་ཕེབས་ནས་ནང་དབྱིངས་རྣམ་པར་དག་པ་ལ་སྒྲིབ་བྱེད་ཀྱི་ལས་རླུང་དག་པའི་ཆ་ལས་ཕྱི་རོལ་དུ་དབྱིངས་དང་ཐིག་ལེའི་སྒྲོན་མ་རི་གཅིག་པ་མངོན་དུ་སྣང་ཞིང་། དེ་ལ་ཤེས་རབ་རང་བྱུང་གི་སྒྲོན་མ་ངོ་བོ་དང་། རྩལ་དང་། གདངས་ཀྱི་ཡོན་ཏན་གསུམ་ལྡན་དུ་འཆར་བའོ། །དེ་ལ་ངོ་བོ་ནི་ནང་དུ་དབྱིངས་ཀ་དག་གི་རིག་པ་གསལ་འགྲིབ་བྱ་རྩོལ་དང་བྲལ་བར་ཉམས་སུ་མྱོང་བ་དེ་ཇི་ལྟ་བའི་མཁྱེན་ཆ་ཡིན་ནོ། །རྩལ་ནི་ཡུལ་ཤེས་ཀྱི་ཤེས་རབ་རྣོལ་མྱུར་བས་རྣམ་པ་ཐམས་ཅད་མཁྱེན་པ་ནི་ཇི་སྙེད་པའི་མཁྱེན་ཆ་ཡིན་ནོ། །གདངས་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་བསྟར་ལ་རྒྱུས་པའམ། གསེར་གྱི་སྐུད་པ་ལྡིང་བ་ལྟ་བུ་དེ་ཡིན་ཏེ་རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་སོ། །དེའི་ཕྱིར་འདིར་ཆོས་ཉིད་མངོན་སུམ་པའི་འོད་གསལ་གྱི་ལམ་ལ་གདངས་ཀྱི་རིག་པ་དབྱིངས་ཀྱི་རྭ་བར་བཞུགས་པ་ལ་གོམས་སུ་བཅུག་པ་རང་གནས་བདེ་གཤེགས་སྙིང་པོའི་ཡོན་ཏན་གློ་བུར་གྱི་དྲི་མས་ལྐོག་ཏུ་གྱུར་པ་མངོན་དུ་གསལ་ནས། སྐུ་གསུམ་ལམ་སྣང་དུ་བལྟར་མངོན་པའི་ཐབས་ཀྱི་ལམ་མཆོག་མཐར་ཐུག་པ་ནི་ཐོད་རྒལ་གྱི་ཆིངས་ཡིན་པར་བཟུང་ངོ་། །ཕྱིན་ཆད་དམ་བཅའ་འདི་འཆའ་ཤེས་པ་བྱུང་ན་གཞུང་འདིའི་མཐུར་ཤེས་པར་བྱའོ། །དེ་ལ་འཆར་གཞི་ནང་གི་དབྱིངས་ཀ་དག་ཏུ་གནས་ཚུལ་ནི་རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོའི་ཡུལ་ཉིད་དང་། །གསལ་བ་འོད་ཀྱི་སྣང་བ་དག །ཡེ་ཤེས་རིག་


JL01_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་བྱའོ། །ཞེས་སོ། །དེ་ལས་ཤར་བ་ཕྱིའི་དབྱིངས་སྣང་འོད་གསལ་གྱི་སྒྲོན་མ་ལམ་དུ་བྱེད་དུས་དབྱིངས་ཀྱི་རྭ་བར་ཆོས་ཉིད་མ་བཅོས་པའི་གདངས་དབང་པོའི་ཡུལ་ལ་ཤར་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ངོ་བོ་སྡུད་པས་རྣམ་དག་དབྱིངས་ཀྱི་སྒྲོན་མ་སྟེ། སྒྲོན་མ་འབར་བ་ལས། རྣམ་དག་དབྱིངས་ཀྱི་སྒྲོན་མས་ནི། །རིག་པ་ཡི་ནི་ངོ་བོ་སྡུད། །ལུ་གུ་རྒྱུད་ཀྱི་རྭ་བར་སྣང་། །འདི་ལ་སུས་གོམས་དོན་དེ་ཉིད། །མཐིང་ག་མི་འགྱུར་རང་གསལ་བ། །མུ་ཁྱུད་ཀྱི་ནི་རྭ་བར་གནས། །རང་གསལ་ཕྱི་ཡི་ཡུལ་དུ་སྣང་། །ངོ་བོ་ཉིད་ནི་མ་བཅོས་པའོ། །ཞེས་སོ། །ངེས་ཚིག་གི་སྒོ་ནས་རང་ངོའི་མཚན་ཉིད་གཞལ་ན། རིག་པའི་རང་ཡུལ་དང་། སྣང་བའི་འོད་གསལ་གྱི་འཆར་གཞི་བྱེད་པས་དབྱིངས། ཡུལ་དུ་སྣང་ཡང་བརྡོས་བཅས་ཀྱི་དྲི་མ་དང་། འབྱུང་བ་ཕྲ་རགས་ཀྱི་གྲངས་མཐའ་ཟད་པས་རྣམ་པར་དག་པ། དེའི་ནང་དུ་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྡུད་པས་རང་བཞིན་མེད་པའི་ཆོས་ཉིད་དབང་པོའི་ཡུལ་ལ་དངོས་སུ་ཤར་བས་སྦྱོར་ལམ་གྱི་དབང་པོ་ལྔའི་ལས་ཀྱི་བྱེ་བྲག་དང་ཡེ་ཤེས་ལྔའི་བྱེ་བྲག་ལ་མངོན་པར་རྟོགས་པ་ལས་དང་བག་ཆགས་ཀྱི་མུན་པ་སེལ་བའི་ཕྱིར་སྒྲོན་མ་སྟེ་སྔ་མ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་འཇུག་པར་བྱ། །རང་གི་ངོ་བོ་རྟོག་མེད་དུ། །ནང་གི་དབྱིངས་ཀྱི་གོ་རར་ཡང་། །མ་བཟུང་མི་གནས་ཚུལ་གྱིས་ནི། །འབྲལ་བ་མེད་པར་རྒྱུན་དུ་སྣང་། །རྣམ་པ་ཡུལ་དུ་སྣང་བ་ལ། །དག་པ་དྲི་མའི་གྲངས་མཐའ་ཟད། །སྒྲོན་གྱི་རྡོ་རྗེ་ལུ་གུ་རྒྱུད། །ནམ་མཁའ་


JL01_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཅེར་བཏོན་ཏེ། །རང་བཞིན་མེད་པར་སྣང་བར་བྱེད། །མས་ནི་དེ་ཡི་དོན་འཛིན་པས། །རང་བཞིན་ཉིད་ཀྱི་ངེས་ཚིག་ཏུ། །ཡེ་ནས་འདུ་འབྲལ་མེད་པར་གནས། །ཞེས་སོ། །དབྱེ་ན། གཞི་ལ་གནས་པའི་དབྱིངས་ཀྱིས་ཙིཏྟའི་ནང་ན་བདེ་གཤེགས་སྙིང་པོའི་རང་བཞིན་སྐུ་དང་ཡེ་ཤེས་ཀྱི་ཆོས་ཉིད་དུ་འཛིན། ལམ་ལ་སྣང་བའི་དབྱིངས་ཀྱིས་འོད་ལྔའི་འཆར་གཞི་བྱེད་ཅིང་། རིག་པའི་དྭངས་མ་བསམ་གཏན་གྱི་ཐིག་ལེར་སྡུད། འབྲས་བུ་ཡུལ་ལ་སྣང་བའི་དབྱིངས་ཀྱིས་ལྷག་མཐོང་གི་གདངས་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་ཀྱི་རྭ་བར་བཙོན་དུ་འཛིན་པས་ལས་རླུང་གིས་བསྐྱེད་པའི་སེམས་སེམས་བྱུང་རང་འགགས་སུ་བྱེད་པའི་ཚུལ་སྒྲོན་མ་འབར་བ་ལས། དབྱེ་བ་རྣམ་པ་གསུམ་ཡིན་ཏེ། གཞི་ལ་གནས་པའི་དག་དབྱིངས་ཀྱིས། །རིག་པའི་ཡེ་ཤེས་སྐུ་རུ་འཛིན། །ལམ་ལ་སྣང་བའི་དབྱིངས་ཀྱིས་ནི། །རིག་པའི་ཐིག་ལེའི་དྭངས་མ་སྡུད། །ཡུལ་ལ་སྣང་བའི་དབྱིངས་ཀྱིས་ནི། །ལུ་གུ་རྒྱུད་དེ་བཙོན་དུ་འཛིན། །འདི་ཀུན་དེ་ཡི་དབྱེ་བའོ། །ཞེས་སོ། །དེ་ལ་ལུ་གུ་རྒྱུད་ནི་ནང་དུ་ཤེས་པ་རང་གསལ་ཉམས་སུ་མྱོང་བའི་རྩལ་ལམ། ལྷག་མཐོང་གི་གདངས་སུ་འཇོག་པའི་རྒྱུ་མཚན་མ་རིག་བཞིན་དུ་དེའི་རྣམ་པ་མཐོང་བའི་ཆ་ལ་རིག་པ་དངོས་སུ་བརྗོད་པ་ནོ་ནོར་བ་ཆེན་པོ་ཡིན་ཏེ། འདི་ལྟར་བློ་དངོས་མེད་བཞིན་རྟོགས་པའི་རང་བཞིན་ཤེས་པ་ནི་ལྷག་མཐོང་གི་ཆོས་ཉིད་ཡིན་ན། སྣང་བ་དེ་ཉིད་འཁྲུལ་སྣང་ཟད་པར་གྱི་སྐྱེ་མཆེད་ཡིན་པས་འཁྲུལ་པ་དང་ལྷན་ཅིག་དབང་པོ་ལ་སྣང་དུ་མི་རུང་བའི་ཆ་ནས་བརྗོད་པའང་ཤེས་དགོས་ཏེ། ཐལ་འགྱུར་ལས། ལུ་གུ་རྒྱུད་དུ་ཅེར་མཐོང་བས། །རྣམ་རྟོག་


JL01_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུ་བའི་དྲན་པ་འགགས། །བྱ་བྲན་ནམ་མཁར་འགྲོ་བ་བཞིན། །ཆོས་ཀྱི་དབྱིངས་ལས་འགོ་ས་མེད། །གཞན་མེད་རིག་སྣང་རྣམ་དག་པས། །འཁྲུལ་པར་སྣང་བའི་རྒྱུ་རྐྱེན་ཟད། །ཅེས་སོ། །དེ་ལྟར་ཤེས་ན་གཞི་ཀ་དག་ཏུ་གནས་པའི་དབྱིངས་ལས་ལམ་སྣང་དུ་ཤར་བའི་དབྱིངས་ཀྱི་ར་བར་འབྲས་བུའི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་འཇུག་པ་ལ་གོམས་པས་འོད་ལུས་ཟང་ཐལ་མཉམ་པའི་དགོངས་པ་རང་གནས་ལྷུན་གྲུབ་ཆེན་པོའི་ཆོས་ཉིད་ལ་ངང་གིས་གནས་པ་ན་འདིའི་རང་བཞིན་ཡིན་ནོ། །དེ་ལྟ་བུའི་དབྱིངས་ཀྱི་ལམ་ལ་འཁོར་འདས་རུ་ཤན་ཕྱེ་སྟེ་ལུས་ངག་རྣལ་དུ་ཕབ་ནས་ཉམས་སུ་བླངས་བས་ཆུ་བུར་མིག་གི་མཐོང་བ་ནི་དང་པོ་འོད་མེ་ལོང་ཙམ་ནས། རིམ་པར་ཡུལ་གྲུ་ཙམ་དང་། མཐར་ཅིང་སྣང་དབྱིངས་ཀྱི་སྣང་བར་ཤར་ནས་སྐུའི་སྣང་བ་མཐོང་ཞིང་། དེ་ཡང་ཟད་པའི་སྣང་བ་ལ་ཐུག་པ་ནི་གོམས་པའི་ཚད་སྟེ་སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེ་ནས་ནི། །ལུས་ངག་རྣམས་ནི་རྣལ་དུ་དབབ། །དེ་ནས་དབྱིངས་རིག་སྣང་བ་བརྟག །འདི་ལ་གོམས་པའི་ཚད་རྙེད་ནས། །ཕྱི་རོལ་ཉིད་ཀྱི་སྣང་བ་ནི། །གོང་ནས་གོང་དུ་ཡང་འཕེལ་བས། །རིམ་གྱིས་རང་གོམས་ཆེན་པོ་ཐོབ། །འདི་ལ་བརྟན་པའི་ཚད་རྙེད་ནས། །ཆོས་རྣམས་ཟད་པར་གྱུར་བ་ནི། །དེ་ཉིད་གོམས་པར་བྱ་བ་ཡི། །ཡན་ལག་ཏུ་ནི་ངས་བཤད་དོ། །ཞེས་སོ། །དེ་ལ་ཆོས་ཉིད་ཟད་པའི་ངོ་བོ་ནི་ལྷུན་གྱིས་གྲུབ་པའི་འབྲས་བུའི་དབྱིངས་ཤེས་རབ་རྣམ་པར་དག་པའི་མིག་གིས་མཐོང་བ་ཡིན་པས་དེ་ལྟར་མཐོང་ན་སྣང་བའི་འཆར་ཚུལ་གོ་རིམ་གྱི་ངེས་པ་ལ་མ་ལྟོས་པར་གཅིག་ཅར་དུ་ཟད་པ་ནི་རང་བཞིན་མི་འགྱུར་བའི་དབྱིངས་ཀྱི་ལམ་མཐར་ཕྱིན་པ་ཡིན་


JL01_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ། རང་ཤར་ལས། མཐོང་དང་གོམས་པའི་ཡེ་ཤེས་ནི། །གང་ལ་འཛིན་པའི་སེམས་མེད་པས། །མཐོང་བའི་ཚད་ནི་འདི་ཡིས་བཟུང་། །ནམ་མཁའ་རྣམ་པར་དག་པ་ལ། །ཐིག་གི་དབང་པོ་མ་འགགས་པས། །ནམ་མཁའི་དཀྱིལ་དུ་དེ་བཞིན་ཉིད། །དབྱིངས་ཀྱི་སྒྲོན་མ་དག་པ་དེ། །ཤེས་རིག་རྒྱལ་པོས་མཐོང་བ་དེ། །དེ་ལ་གོམས་པར་གྱུར་པ་ནི། །རང་གི་ལྟ་བ་མཐོང་བ་ཡིན། །དེ་ལ་རབ་ཏུ་གོམས་པ་གཅེས། །ཞེས་སོ། །དེ་ལ་ནམ་མཁའ་རྣམ་པར་དག་པ་ནི་ཆོས་ཉིད་དོན་གྱི་ཆ་ལ་བརྗོད་ལ། མིག་གི་དབང་པོ་ནི་གཟུགས་ཅན་མ་ཡིན་པའི་དབང་ཤེས་ལ་བཞག་པའི་ཚུལ་ཤེས་རིག་རྒྱལ་པོའི་སྒྲས་བསྟན་པ་ཡིན་ནོ། །དེ་ལྟ་ནའང་རྒྱང་ཞགས་ཀྱི་རྟེན་ལ་ཉམས་སུ་བླངས་པའི་རྟགས་དང་གྲོལ་ཚད་ནི། ཆོས་ཉིད་མངོན་སུམ་པའི་དབྱིངས་སྣང་གི་རྭ་བར་ལུ་གུ་རྒྱུད་གཙུན་པའི་འོད་སྣང་སྨིན་མཚམས་ཀྱི་ཡར་མཚམས་ལས་བྲལ་ན་ཟ་འོག་རིས་ལིང་ཚོར་སྣང་བ་ནས་ཉམས་གོང་འཕེལ་དུ་གྱུར་ཏེ། བལྟས་ཚད་ཁྱབ་པའི་ནང་ན་སྐུ་ལྔ་ཚོམ་ཤར་བ་ནི་ཚད་ཕེབས་ཀྱི་རྟགས་དང་། དེ་ལས་འབྱུང་བ་དང་དེངས་ཀྱི་ཟད་སར་ཕྱིན་ནས་སྐྱེ་འཇུག་ལ་དབང་བའི་འཕོ་བ་ཆེན་པོའི་སྐུ་འགྲུབ་པའི་ཚུལ་གསང་བ་སྤྱོད་པ་ལས། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁར་བལྟ། །དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་བཞག་ཅིང་འབྲལ་མི་བྱ། །འདི་ལྟར་སུ་ཡི་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་པ་ཉིད་ནི་མཉམ་པའོ། །དེ་ནས་ཐིག་ལེ་མཐོང་བ་ཡིན། །དེར་གཏང་སྣང་བ་གོང་འཕེལ་བས། །རང་ངོ་མཐོང་ལས་འདི་ལྟར་


JL01_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །མ་སྨིན་ལ་སོགས་ཐིག་ལེ་དང་། །དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ནང་ལུ་ས་ཟད་པའི་སར་ཕྱིན་ཚེ། །སོར་མོ་ལ་སོགས་དེ་བཞིན་སྣང་། །འདིར་གཏད་འབྱུང་བ་རང་དྭེངས་སོ། །སྐྱེ་དང་འཇུག་པའི་ཁྱད་པར་གྱིས། །ཆོས་ཀུན་ཟད་པའི་རང་ས་ལ། །ཅི་ཡང་འཛིན་པ་མེད་པར་ནི། །གནས་པ་ཡིན་ནོ་སྤྲུལ་པའི་སྐུ། །འདི་ནི་འཇུག་པའི་ཤུགས་ཀྱི་དབང་། །སྐྱེ་བའི་རང་དབང་སུས་ཐོབ་པ། །དེ་ཡང་དེ་ལ་གཏད་ནས་ནི། །ཡང་དུས་འདི་ལྟར་བྱས་པ་ན། །སྣང་བའི་རང་སྒྲ་སིལ་སྐད་དེ། །མངོན་དུ་ལོག་སྟེ་འཁྲུལ་བར་སྣང་། །འདིས་ནི་སེམས་ཅན་དོན་ཀུན་བྱེད། །རིག་པ་མཉམ་པར་གཅིག་པའི་ཕྱིར། །སྟོང་ཕྲག་གསུམ་རྣམས་སེམས་ཅན་གྱི། །འཕོ་བ་ཆེན་པོ་འདིས་འགྲུབ་བོ། །དེ་བཞིན་རིམ་དང་ཅིག་ཅར་གྱི། །ལུས་ནི་འདི་ཡིས་འགྲུབ་པ་ཡིན། །དེ་ཀུན་ལུས་ཟད་ཚད་ལས་གྲོལ། །འདི་ཀུན་འབྲས་བུ་ངེས་པ་ཡི། །ས་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ། །ཅེས་སོ། །ཚུལ་དེ་ལྟ་བུ་ནི་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱི་ལམ་ལྔ་ཐུན་མོང་མ་ཡིན་པ་ཉིད་དུ་རག་པར་བྱས་ནས་འབད་དགོས་པར་གདམས་པ་ནི། འདི་དག་རང་བཞིན་རྫོགས་པ་ཆེན་པོ་ཡི། །ཐུན་མོང་མ་ཡིན་ལམ་ལྔར་མཁྱེན་


JL01_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ནས། །མ་རིག་གྲོགས་དང་འཁྲུལ་པའི་བསླུ་བྲིད་ཀྱིས། །མཐའ་མེད་འཁོར་བའི་འབྲོག་དགོན་འཇིགས་རུང་བར། །ལས་དང་ཉོན་མོངས་འདུ་བྱེད་ལྕགས་སྒྲོག་གིས། །དེ་རིང་ཕན་ཆད་བཅིངས་ལ་སྐྱོ་བའི་སེམས། །བསྐྱེད་ནས་ཞི་བ་དམ་པའི་གྲོང་ཁྱེར་དུ། །མྱ་ངན་འདའ་བའི་ལམ་མཆོག་བསྙེན་པར་མཛོད། །ཅེས་འདོམས་ནས། དེ་ལ་དབང་པོ་དང་སྐལ་པ་རབ་ཀྱི་ས་གཞི་ལྟ་བ་ཁྲེགས་ཆོད་དང་། ལམ་ལྷུན་གྲུབ་འོད་གསལ་ཐབས་ཤེས་ཟུང་འཇུག་ཏུ་ཉམས་སུ་བླངས་པས་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཁོ་ནའི་ས་ལམ་གྱིས་འཇལ་བ་ལ་མ་ལྟོས་པར་རང་བཞིན་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་ལྔར་སྐུ་གསུམ་ལམ་སྣང་དུ་རྫོགས་ནས་ཚེ་གཅིག་ལུས་གཅིག་ལ་འབྲས་བུ་ཁྱད་ཆོས་དྲུག་ལྡན་གྱི་གཞི་ཐོག་ཏུ་མཐར་ཕྱིན་པ་ཡིན་ལ། དེ་ཡང་འབྲིང་བར་དོ་དང་། ཐ་མ་རང་བཞིན་སྤྲུལ་པའི་ཞིང་དུ་འཚད་རྒྱ་བའི་ཚུལ་འཆད་པར་འགྱུར་ལ། དེ་ལྟར་དུ་གྲོལ་བ་ལ་ཆོས་རྫོགས་པ་ཆེན་པོ་ལ་མོས་པ་གཅིག་པོས་ས་མི་ཆོད་སྐུ་གདུང་འབར་བའི་རྒྱུད་ལས་ཚེ་སྔ་མ་ལ་སྐུ་གསུང་ཐུགས་ལ་སྦྱངས་བའི་རྟགས་ལྡན་རྣམས་ཀྱིས་ཀྱང་སྐྱེ་བ་འདིར་མ་འབད་ན་སྔོན་མའི་ཚེ་ལ་བར་དུ་ཆད་པས་མ་ངེས་པ་ཞེས་བྱ་སྟེ། ལས་ཐ་དད་པའི་དབང་གིས་སྲིད་པ་གཞན་དུ་འཇུག་པར་གསུངས་ན། ད་རེས་ཀྱི་ཐོག་མའི་ལས་ཅན་རྣམས་ནི་མ་རིག་པའི་གྲོགས་དང་འདྲིས་ཡུན་རིང་། བདུད་ཀྱི་གྲོགས་པོ་ནི་ཐག་ཉེ། འཁྲུལ་པའི་བསླུ་བྲིད་ནི་རྣམ་གྲངས་མང་ལ་གཉེན་པོ་ཞན་པས་འབད་དགོས་ཏེ། དེ་ཡང་འཇིག་རྟེན་ན་ཆོས་མ་ཡིན་པར་གྲགས་པའི་བར་ཆད་རྣམས་ལ་ནི་རང་ངོར་ལྟོས་པའི་ངོ་ཚ་དང་། གཞན་


JL01_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་ལྟོས་པའི་ཁྲེལ་ལ་འཇིགས་ནས་ལྟར་སྣང་ཙམ་དུ་ཚུལ་འཆོས་ཀྱང་། དེ་ལས་གཞན་དུ་བཟང་པོར་རློམ་པའི་གང་ཟག་ཐོས་པ་ཉུང་ཞིང་དམིགས་པ་ཡུལ་གྱི་བློ་ཅན་མན་ངག་གནད་ཐོག་ཏུ་མ་ཕེབས་པ་རྣམས་ལ་ནི་འདྲ་མིན་བར་ཆད་ཀྱི་བསླུ་བྲིད་ལུས་ལ་རྫུ་འཕྲུལ་ཡ་མ་ཟུང་དང་། ངག་ལ་ནུས་པ་ཡིད་ལ་མངོན་ཤེས་ལ་སོགས་པ་ངེས་པ་མེད་པའི་རྟགས་བརྒྱ་དང་བཅུ་དྲུག་ཏུ་སྐུ་གདུང་འབར་བའི་རྒྱུད་འགྲེལ་གྱིས་བསྟན་ལ། དེ་བཞིན་དུ་བར་གཅོད་བདུད་ཀྱི་རྟགས་རིག་པ་མངོན་སུམ་གྱིས་མ་ཟིན་པ་རྣམས་ལ་འབྱུང་སྟེ། འདི་ལྟར་རྣལ་འབྱོར་པ་གང་ཞིག་ཆོས་ཉིད་མ་རྟོགས་པར་རྟོགས་སེ་སྙམ་པས་དགའ་བྲོད་ཀྱི་བདུད་ཞུགས་ཏེ། ཐམས་ཅད་སྟོང་པར་བལྟས་ནས་ལས་དང་རྣམ་སྨིན་གྱིས་མི་གནོད་པར་འཛིན་པ་དང་། རང་ཉིད་མ་གྲོལ་བར་ཚོགས་པ་འདུས་ནས་གཉིས་ཀ་རྣམ་གཡེང་ལ་སྦྱོར་བར་གཞན་དོན་དུ་སེམས་པ་དང་། དངོས་གྲུབ་ཕྲ་མོ་འགྲུབ་པ་དང་། རྨི་ལམ་གསལ་ཞིང་མངོན་ཤེས་ཕྲ་མོ་ཤར་བ་ལ་མངོན་པར་རློམ་པ་དང་། གཟུགས་མེད་པའི་སྒྲ་ལས་ལེགས་ཉེས་ཤེས་ཤིང་། ཁྱད་པར་མཁའ་འགྲོ་མའི་ལུང་བསྟན་གྱི་བར་གཅོད་བརྩམ་པ་ཡོད་དེ། རིག་པ་རང་ཤར་ལས། ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པས་སྨྱོན་པ་ལྟ་བུར་བྱུང་ན། བར་གཅོད་ཀྱི་བདུད་བྱུང་བ་ཡིན་པས་ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་། ཡང་དྲན་པ་ཉམས་པ་དག་བྱུང་ན་སྣང་བ་མཐོང་བའི་རྟགས་ཡིན་པས་རྩ་གསུམ་བཟློག་པར་བྱའོ། མཁའ་འགྲོ་མས་ལུང་སྟོན་པ་དག་བྱུང་ན་ཉམས་བལྟ་བ་ཡིན་པས་དགེངས་པ་ལ་གཏད་དེ་ཞེས་པ་དང་། ལུང་སྟོན་པ་ལ་གཉིས་ཏེ། མཁའ་འགྲོ་མ་བདག་གི་དབང་དུ་འགྱུར་བ་དང་། བདག་མཁའ་འགྲོ་མའི་དབང་དུ་གྱུར་པ་གཉིས་ཡིན་ཏེ། བདག་གི་


JL01_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་མཁའ་འགྲོ་མ་གྱུར་པ་ནི། ལས་ཐམས་ཅད་འགྲུབ་ཅིང་བྱ་བ་རྫོགས་པའོ། །བདག་གི་དབང་དུ་མཁའ་འགྲོ་མ་འགྱུར་པར་བྱ་བའི་ཐབས་ནི། རིགས་ཀྱི་བུ་དེ་ཉམས་སུ་ལེན་པའི་དུས་སུ་ལུང་སྟེན་པ་དག་བྱུང་ན། དེ་ལ་ཆགས་པ་དང་དགའ་བའི་སེམས་མ་སྐྱེས་ཤིང་། དེ་ལ་བདེན་པར་མི་འཛིན་ན་བདག་གི་དབང་དུ་མཁའ་འགྲོ་མ་གྱུར་པ་ཞེས་བྱའོ། །དེས་དོན་གང་ཡང་སྟོན་མི་ནུས་སོ། །ཡེ་ཤེས་རྣམ་པར་དག་པའི་མཁའ་འགྲོ་མ་འཇིག་རྟེན་དུ་མི་འབྱུང་ངོ་། །ཤ་ཟ་ལས་ཀྱི་མཁའ་འགྲོ་མ་འཇིག་རྟེན་དུ་འོད་སྟེ། སྒྲུབ་པ་པོའི་གནས་ཉུལ་དུ་འོད་པ་དག་ཡོང་དེ། དེས་ནི་གཟུགས་མངོན་པར་སྣང་བ་མེད་པའི་ཕྱིར་གྲོལ་བར་མི་ནུས་སོ། །ཡང་དག་པའི་ལམ་ལ་ཕ་རོལ་ཏུ་འགྲོ་བར་བྱ་བའི་ཕྱིར། མཁའ་འགྲོ་མ་རྣམས་ཀྱིས་ང་ལ་སྲོག་གི་སྙིང་པོ་དུས་གཅིག་ཏུ་ཕུལ་བ་ཡིན་ནོ། །བདག་མཁའ་འགྲོ་མའི་དབང་དུ་གྱུར་པ་ནི། བདག་ཉིད་ཀྱང་ལུང་སྟོན་པ་དེ་ལ་བདེན་པར་བཟུང་ནས། ལུང་སྟོན་པ་དེ་ལ་རྟག་པར་བཟུང་ནས། ལུས་ལ་མི་ཆགས་པའི་སྤྱོད་པ་བྱེད་ཅིང་། འབྲས་བུ་ཡིན་མིན་གྱི་མཐའ་ལས་འདས་སོ་ཞེས་བྱ་བ་བརྗོད་ཅིང་། ལུང་སྟོན་པ་དེ་ལ་རྗེས་སུ་འཛིན་པ་དེ་ནི་བར་དུ་གཅོད་པའི་བདུད་ཉེ་བར་གྱུར་པ་ཡིན་པས། དེའི་དུས་སུ་བདུད་ཀྱི་བསླུ་བ་ངོ་ཤེས་པར་བྱའོ། །ཞེས་གསུངས་པ་རྣམས་ལ་གཟབ་པར་བྱ་ཞིང་། དེ་ལས་གཞན་པ་གསང་བ་མཆོག་གི་ལམ་ལ་གོམས་པའི་རྩ་ནི་འོད་དང་། དབྱིངས་དང་། ཐིག་ལེ་དང་། སྐུ་དང་རིག་པ་ཆེད་དུ་འབྱོངས་པའི་རྟགས་སོ་སོ་ནས་བཤད་ཀྱང་འགྱུར་བ་མེད་པའི་བདེ་བ་ཆེན་པོ་ཀ་དག་གི་རྟོགས་པ་ལ་གདེངས་སུ་གྱུར་པ་ནི། ནམ་ཡང་


JL01_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་བ་མེད་པས་རང་སྣང་སངས་རྒྱས་ཀྱི་ཞིང་ན་ཆོས་སྐུའི་ཡོན་ཏན་ལ་སྤྱོད་ཅིང་། ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་དང་ལྡན་པ་སྟེ་སྐུ་གདུང་འབར་བ་ལས། འདི་ལྟར་རྟོགས་པའི་སྐྱེས་བུ་ཡི། །ཡོད་མེད་ཡོན་ཏན་བསམ་མི་ཁྱབ། །གཅིག་པར་གནས་པའི་ཡེ་ཤེས་ནི། །རང་གིས་རང་སྟོན་སྟོན་པ་ཆེ། །མ་བཀོད་ཡེ་གདངས་རང་ལ་གནས། །ཐབས་དང་ཤེས་རབ་རང་བཞིན་ལས། །སངས་རྒྱས་རིགས་ཀྱང་གཉིས་སུ་སྣང་། །འདི་ཀུན་དེ་ཡི་འཁོར་དུ་སྣང་། །གཞི་སྣང་རང་བཞིན་མེད་པ་ལས། །སྨྲ་བསམ་བརྗོད་མེད་ཆོས་སུ་སྣང་། དུས་གསུམ་མཉམ་པ་ཉིད་དུ་ཡང་། །ཡེ་ནས་འདི་ཀུན་རང་གནས་པའོ། །ཞེས་སོ། །དེ་ལྟ་བུའི་སྐྱེས་བུ་ནི་སྲིད་བ་ཐ་མ་པར་གྱུར་པའི་མངོན་རྟགས་ཀྱང་དེ་ཉིད་ལས། གང་གི་སྐྱེ་མེད་སུ་ཡིས་ནི། རྩད་ནས་ཆོད་པའི་མི་དེ་ལ། །རྟགས་ནི་འདི་ལྟ་བུ་ཡང་འབྱུང་། །འདི་རྟགས་སུ་ལ་ལྡན་པ་ནི། །ང་དང་སྐལ་བར་ཉམ་པ་ཡིན། །ལུས་ལ་འབུ་སྲིན་ཤིག་ལ་སོགས། །འདི་ཀུན་སྐྱེ་བའི་རྒྱུན་ཆད་དང་། །གང་ལ་སྐྲ་དང་སེན་མོ་དང་། །འདི་ཀུན་མི་སྐྱེ་རྒྱུན་ཟད་ན། །འདི་ནི་སྤྱི་བ་མེད་པ་སྟེ། །འདི་ལྟར་རྟགས་དང་ལྡན་ནས་ནི། །ཟླ་བ་དག་ན་གསུམ་ན་ཡང་། འདི་ནི་འབྱུང་བ་རང་དེངས་སུ། །ཟག་བཅས་ཕུང་པོ་མི་སྣང་བར། །རང་ལུས་འོད་ཀྱིས་གདང་དཀྱིལ་དུ། །རིགས་དང་བཅས་ཏེ་འདི་འགྱུར་རོ། །ཞེས་སོ། །དེ་ལྟ་ནའང་སྤངས་རྟོགས་ཕུན་སུམ་ཚོགས་པས་ཕྱི་ནང་མཐུན་པའི་རྟགས་ཁྱད་པར་ཅན་མེད་པར་རླུང་སེམས་འབྱུང་ལྡོག་གི་རྣམ་འགྱུར་ལས་ནང་དུ་སེམས་གནས་ཅུང་ཟད་ཐོབ་པའམ། བདུད་སྡིག་ཅན་གྱིས་བྱིན་གྱིས་བརླབས་པའི་གྲུབ་རྟགས་ལ་དངོས་གྲུབ་ཐོབ་པར་བཟུང་ནས་ངས་ཆོས་ཉིད་རྣལ་མའི་དོན་མཐོང་བས་ལས་ལ་རེ་བ་མེད། དེ་ཕྱིན་ཆད་


JL01_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ལ་ཐོད་པ་མི་འགེལ་ཞེས་རྫུན་རླབས་པོ་ཆེས་རང་གཞན་གཉིས་ཀ་མགོ་བསྐོར་བ་ཡོང་དེ། དེ་ནི་རྟོགས་སོ་སྙམ་པ་དེ་ཀས་ཡིད་དཔྱོད་ཀྱི་ལྟ་སྒོམ་ལས་མ་གྲོལ་བས་ད་དུང་འཁོར་བའི་སྲོག་ཤིང་གཅིག་ཏུ་ཡོང་བའི་ཚུལ། འདི་ལྟར་རྟགས་དང་མི་ལྡན་པར། །རང་སྣང་གདེང་དུ་ཚུད་པར་ནི། །གང་གིས་ཁས་ནི་ལེན་པ་ནི། །ཡིད་དཔྱོད་རྣམས་ཀྱི་ལྟ་པ་དང་། །དེ་བཞིན་ཡིད་དཔྱོད་བསྒོམ་པར་ནི། །འདི་ཀུན་ཡིན་པས་གྲོལ་བར་ཡང་། །འདི་ཉིད་ནུས་པ་མ་ཡིན་ཏེ། །འཁོར་བ་ཉིད་ལ་ཡུན་རིང་དུ། །མི་འདི་ཡང་ནི་གནས་པའོ། །ཞེས་སོ། །ཇི་ལྟར་འཁོར་བར་འགྲོ་ཚུལ་ནི། །སེམས་ཅན་དུ་འཁྲུལ་པའི་ལམ་ནི་རྒྱུད་ལྔ་སྟེ། རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། ལས་ཀྱི་མཐའི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ་རྒྱུ་དང་འབྲས་བུ་སོ་སོ་ངམ་ངེས་པའི་ལམ་མོ། །དེ་ལྟར་ལམ་རྒྱུད་ལྔའི་སྒྲིབ་པ་མ་སྤངས་པའི་རང་རྒྱུད་ལྡན་རྣམས་ནི། ལས་དང་། ཉོན་མོངས་པ་དང་། འདུ་བྱེད་ཀྱི་ལྕགས་སྒྲོག་དམ་པོའི་གཞན་དབང་དུ་གྱུར་ནས་འགྲོ་བ་རིགས་དྲུག་པོ་ལས་འཁོར་ས་གཞན་པ་མེད་པའི་གནས་སུ་ད་རིང་ཕན་ཆད་དུ་བཅིངས་ཅིང་། ད་དུང་ཡང་འཆིང་བ་ལས་མ་འདས་པ་འདི་ལ་བསམས་བཞིན་སྐྱོ་བ་ཚད་མེད་པར་བསྐྱེད་པར་རིགས་སོ། །དེ་དག་སོ་སོར་སྐྱེ་བོའི་རྟགས་ནི་སྐུ་གདུང་འབར་བ་ལས། གང་ཞིག་ཤི་བ་དེ་ཚེ་ན། །ནམ་མཁའ་སྨུག་ནག་མུན་པ་ནག །དེ་བཞིན་ཆར་དང་ཁུ་རླངས་དང་། །རླུང་དང་སེར་བ་བུ་ཡུག་དང་། །འདི་ཀུན་སུ་ལ་བྱུང་བ་དེ། །དམྱལ་བ་ཡི་ནི་སྐྱེ་གནས་སུ། །འདི་ལ་བར་མ་དོ་མེད་པར། །འགྱུར་བ་ཡིན་ནོ་མཁའ་འགྲོ་མ། །ནམ་


JL01_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ན་བུན་ལྟ་བུ་ལ། །འོད་ནི་སེར་ལ་ཉི་ཟླ་ཤི། །རླུང་དང་སེར་བུ་མེད་པ་ལ། །སེར་སླ་གཉི་མ་མི་སྣང་དང་། །ཆར་བའི་ཤུལ་ལམ་ཡང་ན་ནི། །དེ་ཡི་སྲོད་ལ་འབབ་པར་འགྱུར། །འདི་ལྟར་སུ་ལ་བྱུང་བ་དེ། །ཡི་དྭགས་ཀྱི་ནི་སྐྱེས་གནས་སུ། །སྐྱེ་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་རྨུགས་ཤིང་རླུང་ཡང་མེད། །སྤྲིན་ནི་གནག་ལ་གོ་མཚམས་མེད། །ཡང་ན་ན་བུན་སྣང་བ་དང་། །རྨུགས་ཤིང་ཉམས་མི་དགའ་བ་ལ། །ཚེ་ཡི་འདུ་བྱེད་སུས་བྱས་པ། །འདི་ནི་བྱོལ་སོད་གནས་སུའོ། །ཤིན་ཏུ་དྲག་ཅིང་རླུང་གིས་འཁྲུགས། །སྤྲིན་ནི་ཁམ་ནག་འཇིགས་པའི་གཟུགས། །རབ་ཏུ་འཁྲུགས་ཤིང་འགྲོ་འོད་བཅས། །འབྲུག་དང་གློག་གི་ལྕེ་འབྱིན་དང་། །ཉི་མ་ཟླ་བ་སྣང་མི་ནུས། །འདི་ལྟར་སུ་ལ་འབྱུང་བ་དེ། །འདི་ནི་ལྷ་མིན་སྐྱེ་གནས་སོ། །ནམ་མཁའ་གསལ་ཞིང་དྭངས་པ་ལ། །ཉི་དང་ཟླ་བའི་སྣང་བ་གསལ། །རླུང་དང་སེར་བུ་ལྡང་མི་ནུས། །འདི་ནི་ལྷ་ཡི་སྐྱེ་གནས་སོ། །ཡང་ནི་ནམ་མཁའ་གསལ་དྭངས་ལ། །མི་འབྱེད་སྤྲིན་ནི་དར་དཀར་བཞིན། །ཤིན་ཏུ་སྲབ་ཅིང་སྣལ་མར་སྣང་། །ཡང་ན་ཉི་ཟླ་འོད་ཁྱིམ་ཅན། །འདི་ལྟར་སུ་ལ་བྱུང་བ་དེ། །མི་ཡི་སྐྱེ་གནས་འདི་འཐོབ་བོ། །དེ་ལྟར་རྟགས་དང་སུ་ལྡན་པ། །ངེས་པར་རིགས་དྲུག་སར་ངེས་ཡིན། །འདི་ལྟར་མ་ཡིན་འདུ་བྱེད་རྣམས། །རྟགས་མེད་ངེས་པ་མེད་པ་ཡིན། །འདི་ལྟར་རྟགས་ནི་དེ་དག་ཀུན། །ཞག་ནི་གཉིས་ནས་གསུམ་དུ་འོང་། །འདི་ཀུན་སྐྱེ་གནས་དེར་སྐྱེའི་རྟགས། །ཞེས་སོ། །དེ་ལྟ་ནའང་། འདི་ལྟར་མ་ཡིན་འདུ་བྱེད་རྣམས། །རྟགས་ནི་ངེས་པ་མེད་པ་ཡིན། །ཞེས་པས། འབྱུང་བ་གཡོ་འཁྲུག་ཤིན་ཏུ་ཆེ་བའི་རྒྱུན་ལ་ཡོད་པ་དང་། རླུང་ཆེན་དང་སེར་བ་ལ་སོགས་མི་མ་ཡིན་ཁྲོས་པས་བྱས་པ་དང་། སྐྱེ་བ་གཞན་སྡིག་པ་རླབས་


JL01_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བྱས་པ་ཤི་བའི་རྟགས་འདུ་བྱེད་པ་དང་། དེ་བཞིན་དུས་གཡོ་བ་སོགས་རྟགས་བཟང་པོ་ལ་སྐྱེས་བུ་དམ་པ་བལྟམས་གཤེགས་དང་། ས་ནས་སར་འཕར་བ་དང་། ཏིང་ངེ་འཛིན་ཐོབ་པ་ལ་སོགས་དང་འདོམས་པས་ངེས་པ་མེད་པའང་སྲིད་ན། གསོན་དུས་དེའི་ནང་གི་སེམས་དང་། ཤི་དུས་ཀྱི་ཕྱིའི་རྟགས་བཟང་ངན་གཉིས་པོ་ཕྱོགས་མཐུན་དུ་སྟང་དཔྱོད་ཤེས་པ་དགོས་ཏེ། སྡོང་པོ་བཀོད་པ་ལས། སྔ་མ་ཅི་བྱས་ལུས་ལ་ལྟོས། །ཕྱི་མ་གར་འགྲོ་སེམས་ལ་ལྟོས། །ཞེས་གསུངས་པ་ལྟར་རོ། །འདི་ལྟར་མ་ཤེས་ན་སྐྱེ་བོ་ཐོས་པ་ཉུང་བ་དང་། མཐའ་གཅིག་ལ་ཞེན་པ་རྣམས་ལས་འབྲས་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་བཞིན་དུ་སངས་རྒྱས་སུ་འགྲོ་བ་ཡང་ལམ་ལྔ་སྟེ། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པ་དང་། མི་སློང་བའི་ལམ་ལྔ་ལས། འདིར་རང་བཞིན་རྫོགས་པ་ཆེན་པོ་ནི་དབྱིངས་རིག་ལམ་དུ་བྱེད་པའི་ཕྱིར་འཕགས་པའི་ལམ་གྱི་ངེས་དོན་ཟབ་མོ་ཡིན་པས། དབྱིངས་རིག་གོམས་པ་ལས་བསླུ་བ་མེད་པའི་རྟགས་དང་གྲལ་ཚད་ཕྱི་ནང་མཐུན་པར་ལུས་ངག་ཡིད་གསུམ་ལ་འབྱུང་བའང་ཐལ་འགྱུར་ལས། དེ་ལྟར་ཉམས་སུ་བླངས་བ་ལས། །རྟགས་དང་ཚད་ནི་འདི་ལྟ་སྟེ། །ལུས་ནི་ཡང་ཞིང་ཟང་ཐལ་སྣང་། །ས་ལ་རེག་མེད་ཐོགས་མེད་དང་། །ངག་གི་ནུས་རྫོགས་གཏམ་ཟུངས་ཟད། །སེམས་ནི་འཕོ་བར་ནུས་པའོ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་ཀུན་ཟད་དེ། །རང་བཞིན་མེད་པར་གྱུར་པ་ཚད། །ཅེས་སོ། །དེ་ཡང་རྟགས་གསུམ་འདྲེས་པའི་ཁྱད་པར་སོ་སོར་བཤད་ན། འདི་ལྟར་ལུས་རྟགས་རྫོགས་ན་བར་དོར་བདེན་པ་མཐོང་ལ། ལུས་ལ་ངག་གི་རྟགས་ལྡན་སྤྲུལ་


JL01_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞིང་དང་། དེ་གཉིས་གཅིག་ཤོས་ཀྱི་སྟེང་དུ་སེམས་རྟགས་རྫོགས་ན་བར་དོ་ལ་སྐད་ཅིག་གསུམ་གྱི་གྲོལ་ལ། གསུམ་ཀ་རྫོགས་ན་རང་དོན་མཐར་ཕྱིན་ཡང་སྙིང་རྗེས་གཞན་དོན་ལ་དགོངས་ནས་ཚེ་ལོ་བྱེ་བ་བརྒྱ་སྟོང་དུ་བྱིན་གྱིས་བརླབས་ཏེ་མཐར་གྱིས་མངོན་པར་རྫོགས་པར་འཚང་རྒྱ་ལ། ལུས་དང་སེམས་ཀྱི་རྟགས་ལྡན་ལོ་བཅུ་ནས་འོད་ལུས་སུ་འགྲོ་ཞིང་། ལུས་ངག་ཡིད་གསུམ་གའི་རྟགས་དང་ལྡན་ཡང་རྟེན་དེས་གཞན་དོན་མི་འབྱུང་བ་རྣམས་ལོ་གཉིས་ནས་བར་དོའི་འགྲོ་བ་སུམ་སྟོང་དུས་གཅིག་ཏུ་གྲོལ་བར་བྱས་ནས་འབྱུང་བ་རང་སར་དེངས་པ་ཡིན་ཏེ། སྐུ་གདུང་འབར་བ་ལས། གང་གིས་སྐྱེས་བུ་རྩོལ་བ་ཅན། ལུས་ཀྱི་རྟགས་ནི་རྫོགས་པ་ན། །བར་མ་དེ་ཡི་ཆོས་ཉིད་ལ། །བདེན་པ་མཐོང་སྟེ་སངས་རྒྱའོ། །ལུས་ལ་ངག་གི་རྟགས་ཡོད་པ། །འདི་ནི་སྤྲུལ་པའི་ཞིང་ཁམས་སུ། །དབུགས་དབྱུང་སྐྱེ་བ་གཅིག་གིས་ཐོགས། །སེམས་ལ་རྟགས་དང་གང་ལྡན་པ། །འདི་ནི་ཚེ་ཡི་འདུ་བྱེད་ཀྱི། །སྐྱེ་བ་གཉིས་གྱིས་བར་མེད་པར། །སྐར་མདའ་དག་ནི་ནམ་མཁའ་ལ། །རྒྱུག་པའི་ཚུལ་དུ་སྐད་ཅིག་གསུམ། །སྤྲུལ་པ་ཉིད་དང་བཅས་པར་ཡང་། །ངོ་བོ་ཉིད་ལ་རང་ཐིམ་མོ། །ལུས་དང་ངག་ཡིད་རྟགས་འཛོམ་ན། །འདི་ནི་བྱང་ཆུབ་སེམས་ཆེན་པོ། །སེམས་ཅན་འཛིན་པའི་སྙིང་རྗེ་ཅན། །འདིས་ནི་སེམས་ཅན་འཛིན་པའི་ཕྱིར། །ལོ་ནི་བྱེ་བ་བརྒྱ་སྟོང་དུ། །མི་ཡི་ལུས་ནི་གཅིག་གིས་ཀྱང་། །འདི་དོན་རྫོགས་པར་བྱས་ནས་ནི། །སྐྱེ་ཤིའི་བར་དུ་མི་འཇུག་པར། །མངོན་པར་རྫོགས་པར་འཚང་ཡང་རྒྱ། །ཡང་ནི་སྐལ་ལྡན་སུ་ཞིག་ལ། །ལུས་དང་སེམས་ཀྱི་རྟགས་ལྡན་ན། །འདི་ལྟར་ལྡན་ནས་ལོ་བཅུ་ན། །འབྱུང་བ་རང་སར་དྭེངས་ནས་ནི། །སྣང་བ་ཉིད་ནི་མི་སྣང་བར། །ཆོས་ཉིད་ཟད་པའི་


JL01_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

སར་སྐྱོལ་ལོ། །གང་ལ་ལུས་ངག་སེམས་ཀྱི་རྟགས། །འདི་ལྟར་སྐྱེས་བུ་སྐལ་ལྡན་ལ། །སུ་ལ་འཛོམ་པའི་སྐལ་ལྡན་ལ། །འདི་ནས་ལོ་ནི་གཉིས་ན་ཡང་། །འདི་ཡི་འབྱུང་བ་རང་དེངས་སུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་གྲོལ་ལུགས་མྱུར་བུ་ལ་ཐ་དད་པ་ལས་རྟེན་དེ་ཉིད་ཀྱིས་གདོད་མའི་གནས་ལུགས་ཞི་བ་དམ་པའི་གྲོང་ཁྱེར་དུ་མྱ་ངན་ལས་འདས་པ་དག་ནི་ཕུང་པོའི་ཟག་པ་དྭེངས་པའི་ཕྱིར་ཡང་དག་པར་སངས་རྒྱས་པ་དང་། འོད་དང་། སྒྲ་དང་། སྐུ་དང་། གདུང་དང་། ས་གཡོ་བའི་རྟགས་ལྔ་དང་བཅས་ཏེ་གཤེགས་པ་ལ་མངོན་པར་སངས་རྒྱས་པའི་ཐ་སྙད་གཉིས་སུ་བཤད་པའང་དེ་ཉིད་ལས། སྐྱེས་བུ་བློ་རྩལ་རབ་ཉིད་ནི། །འཁྲུལ་པའི་སྣང་བ་འདི་ཉིད་ལ། །འབྱུང་བ་རང་གི་སར་དེངས་ནས། །ངོ་བོ་ཉིད་ཀྱི་འབྲས་བུ་ལ། །ཟག་བཅས་ཕུང་པོ་མི་སྣང་བར། །འབྲས་བུ་རང་ས་ཉིད་དུ་འགྱུར། །འདི་ལྟར་ཕྱི་ཡི་རྟགས་རྣམས་ཏེ། །ཡང་དག་མྱ་ངན་ལས་འདས་ནས། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང་། །ས་ནི་གཡོ་བར་འགྱུར་བའོ། །ཞེས་སོ། །དེ་ལྟར་ཡང་རབ་ཕུང་པོའི་ཟག་པ་དྭེངས་པ་རྣམས་ལའང་ཀ་དག་ཁྲེགས་ཆོད་དུ་གྲོལ་བ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས། །ལྷུན་གྲུབ་ཐོད་རྒལ་དུ་གྲོལ་བ་མེ་དཔུང་དང་རིག་འཛིན་གྱི་འཆི་ལུགས་བཞི་ལས། དང་པོ་ནི། དབྱིངས་ལ་སྒྲིབ་བྱེད་རླུང་སེམས་ཀྱི་དྲི་མ་ཤིན་ཏུ་ཕྲ་བའང་དག་པས་ནང་དབྱིངས་ཟད་སར་ཕྱིན་པས་ཕྱིའི་ལུས་ཀྱང་རྡུལ་ཕྲན་དུ་དེངས་པའི་མོད་ལ། བུམ་ནང་གི་ནམ་མཁའ་བུམ་པ་ཆག་པའི་དུས་ན་ཕྱིའི་ནམ་མཁའ་དང་འདྲེས་པ་ལྟར་རང་བཞིན་ཆོས་ཀྱི་དབྱིངས་ལ་ཕུང་པོས་བཟུང་བའི་


JL01_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་དེ་ཁོ་ན་ཉིད་འདྲེས་པས། དབྱིངས་དང་རིག་པ་དག་མཉམ་ཐ་དད་མེད་པར་འདྲེས་ནས་སངས་རྒྱས་པའོ། །དེ་སྐད་དུ་དགེ་རྩ་ཡོངས་སུ་འཛིན་པའི་མདོར། །དེ་བཞིན་གཤེགས་པའི་སྙིང་པོ་ནི། །བུམ་པའི་ནང་གི་མར་མེ་དང་འདྲ་སྟེ། །བུམ་འཆག་ནས་གསལ་བ་དང་འདྲའོ། །ཞེས་སོ། །ལུང་འདིས་ནི་དཔེ་དོན་ལ་འབྲེལ་པ་མེད་དོ་ཟེར་བའི་དགག་པ་ཡང་ཚར་གཅད་པ་ཡིན་ནོ། །གཉིས་པ་ནི་མཁའ་འགྲོ་མ་དང་བརྫུས་སྐྱེས་འཆི་བའི་དུས་རོ་སུས་ཀྱང་མི་མཐོང་བ་ལྟར་རྟེན་ལུས་དང་བརྟེན་པ་རིག་པ་འདྲེས་པ་ད་ལྟ་རང་ཡོད་འཕྲོ་ལ་ལུས་ཀྱི་རྡུལ་ལྟར་མི་མངོན་པར་དེངས་པའི་མོར་ལ་རིག་པའང་དབྱིངས་སུ་ཐིམ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་འཕངས་པ་ལྟ་བུ་སྟེ། སྟོད་ལུང་རོང་གི་ཕྲག་དམར་དགོན་པར་བཻ་རོའི་དངོས་སློབ་སྤངས་སངས་རྒྱས་མགོན་པོ་དང་། ཝ་སེང་གེ་བྲག་ཏུ་དེའི་སློབ་བརྒྱུད་དམ་པ་གསུམ་སྤྲུལ་ལོ་གཅིག་གི་སྔ་རྟིང་ལ་སྟུད་མར་གཤེགས་ཚུལ་སོགས་སྔར་བརྗོད་པ་བཞིན་ནོ། །གསུམ་པ་ནི། རླུང་སེམས་ཀྱི་བསླད་པ་དེངས་ནས་རིག་པའི་ཐིམ་ལུགས་དང་གྲོལ་སའི་དབྱིངས་གཅིག་ཀྱང་། བསྲེག་བྱ་བུང་ཤིང་ཚིག་ནས་སྲོག་བྱེད་ཀྱི་མེ་ཕུང་ཀྱང་མི་གནས་པ་ལྟར། ནང་གི་འབྱུང་བཟད་པས་ཕུང་པོའི་རྡོས་པ་འོད་ཕུང་དུ་ཡལ་བ་སྟེ། དཔེར་ན་དགྱེར་སྒོམ་ཞིག་པོའི་སློབ་མ་གཉིས་རྡོ་མཚན་གྱི་ཕུག་པར་འོད་ཕུང་དུ་གྱུར་ནས་ནམ་མཁར་དེངས་པ་བཞིན་ནོ། །བཞི་པ་ནི། །རིག་འཛིན་རྣམས་ས་ནས་སར་འཕང་པའི་ཚེ་ནམ་མཁའ་ལ་སྒྲ་དང་འོད་དུ་བཅས་ནས་སོང་སྟེ་ཞིང་ཁམས་གཞན་དུ་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་གཞན་དོན་བྱེད་པ་ལྟར། རྣམ་


JL01_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་བག་ཆགས་སྐྱེས་ཀྱི་ལུས་འོད་ལུས་སུ་དྭེངས་ནས་གཞན་བསྟན་པ་ལ་གཞུག་པའི་དོན་དུ་སྐྱེ་བོ་ཀུན་གྱིས་མཐོང་བར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལྕེ་བཙུན་སེང་གེའི་ཞབས་འོ་ཡུག་ཕྱི་གོང་གི་ཐད་ཀའི་ནམ་མཁའ་ནས་འོད་དང་། སྒྲ་དང་བཅས་ཏེ་འོད་ཕུང་དུ་ཡལ་བ་བཞིན་ཏེ་དེ་སྐད་དུ་ཉི་ཟླ་ཁ་སྦྱོར་ལས། གང་ཞིག་མཁའ་འགྲོའི་འཆི་ལུགས་དང་། །དེ་བཞིན་རིག་འཛིན་འཆི་ལུགས་དང་། །མེ་དཔུང་ལྟ་བུར་རང་ཟད་དང་། །མི་སྣང་ནམ་མཁའ་ཁྱུང་ལྟ་དང་། །འདི་ཀུན་འབྱུང་བ་རང་ཟད་པར། །མི་སྣང་མི་ལེན་འདི་ལྟ་བུ། །རྣལ་འབྱོར་རབ་ཀྱི་སྤྱོད་ཡུལ་ཏེ། །འདི་ལ་གོམས་པའི་རང་ཤུགས་རྙེད། །ཅེས་སོ། །གལ་ཏེ་ལྟ་བསྒོམ་གྱི་ངོས་ནས་དགོངས་པ་ཟད་ས་ལ་ཕྱིན་ཡང་། བསྟན་པ་ལ་རིམ་གྲོ་ཆེན་པོ་བསྐྱེད་པ་དང་། སེམས་ཅན་འབའ་ཞིག་གི་དོན་ལ་གཞོལ་བའི་སྐྱེས་བུ་དམ་པ་ལ་ལ་ནི་བྱ་བ་ལས་ཀྱི་འཁོར་ལོས་ལས་རླུང་ཟད་པར་ཡང་མ་བྱས་ལ། རང་དོན་གྲུབ་ནས་གཞན་དོན་འབའ་ཞིག་ལ་བརྩོན་པ་ཐེག་པ་ཆེན་པོའི་ཁྱད་ཆོས་ཡིན་པས་ཐན་གདུང་དང་རིང་བསྲེལ་ཙམ་གྱིས་ཀྱང་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་མངོན་པར་སངས་རྒྱ་པའི་མཛད་པ་བསྒྲུབ་པ་སྟེ། འདི་ལྟར་འབྱོན་འགྱུར་གྱི་སངས་རྒྱས་རི་རབ་མར་མེའི་རྒྱལ་མཚན་སློབ་ལམ་གྱི་གནས་སྐབས་ནས་དགུ་པ་ལེགས་པའི་བློ་གྲོས་དྲི་མེད་འོད་ཟེར་དུ་འབར་ནས་སོ་སོ་ཡང་དག་རིག་པ་བཞི་ལ་མངའ་དབང་བསྒྱུར་པའི་དེ་མ་ཐག་སྤངས་རྟོགས་མཐར་སོན་པའི་མངོན་སུམ་ཚད་མ་རྒྱལ་བའི་བཀའ་དང་གཉིས་སུ་མེད་པའི་ཀུན་ཏུ་བཟང་པོའི་ཆོས་འཁོར་ཆེན་པོའི་ཆོས་ཀྱི་རྣམ་གྲངས་དེ་སྙེད་ཀྱིས་ཀྱང་ཤེས་སུ་རུང་བའི་ཕྱིར་


JL01_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ལྟ་བུའི་གང་ཟག་རྣམས་ནི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ལ་ཡིད་ཆེས་པའི་རྟགས་སུ་འོག་མའི་དྲང་དྲོན་ལ་བློ་མི་འཇུག །དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་མཐོང་བས་ཡིད་དཔྱོད་ཀྱི་ཚིག་ཕྱིར་མི་འབྲང་། གནས་ལུགས་བྱ་རྩོལ་དང་བྲལ་བའི་གདེངས་ཐོབ་པས་རེ་དྭོགས་ཀྱི་ཆོས་ལ་མི་འཇུག །དངོས་འཛིན་མཚན་མ་དང་བྲལ་བས་འཇིག་རྟེན་མཐུན་འཇུག་གིས་མི་བརྫི། ན་ནའང་སྐྱེ་བོ་ཕལ་པ་ལྟར་མོ་སྨན་རིམ་གྲོལ་མི་རེ། ཤི་ནའང་བདུན་ཚིགས་དང་རོ་བསྲེག་སོགས་ལ་རེ་བ་མེད་པས་རི་དྭགས་བཞིན་དུ་མི་མི་རྒྱུ་བའི་འཕྲོག་དགོན་ཆེན་པར་སྤྲོ། སེང་གེ་གང་ལའང་བག་མི་ཚ་བའི་དཔེས་འཆི་བ་ལ་འཇིགས་པའི་མ་ཤིན་དགའ་བའི་རེ་དོགས་དང་བྲལ། སྦྲང་པོ་ལྟར་སྲང་མདོ་འམ་རྒྱ་ལམ་དུ་ཤི་ཡང་ཡི་ཆད་པ་མེད། བུ་ཆུང་ལྟར་འཆི་མི་འཆིའི་གཏར་ར་མེད་པ་དང་བཞི་ནི་ཡུལ་གྱི་མངོན་ཞིན་དག་པས། །འཁྲུལ་སྣང་དང་བདེན་ཞེན་བགགས་པའི་རྟགས་ཡིན་ཏེ་སྔ་མ་ལས། དེ་བཞིན་དབང་པོ་འགྲིང་པོ་རྣམས། །རི་དྭགས་ལྟ་བུའི་འཆི་ལུགས་ནི། །རྣལ་འབྱོར་ཕ་ཡི་འཆི་ལུགས་སོ། །དེ་བཞིན་སེང་གེ་ལྟ་བུ་དང་། །གང་ཞིག་སྦྲང་པོ་ལྟ་བུ་དང་། །དེ་བཞིན་བུ་ཆུང་ལྟར་ཤི་བ། རྣལ་འབྱོར་འབྲིང་གི་ཤིས་ཡིན། །ཞེས་སོ། །དེ་ལྟ་བུའི་གང་ཟག་ནི་ལྟ་བ་སྒོམ་གྱི་ཆོས་ལས་འདས་པས་བྱང་ཆུབ་སེམས་དཔའི་དབུགས་འཕོ་ལུགས་ཀྱི་གློ་བུར་བ་འམ། ཕྱི་ནང་གསང་བའི་འབྱུང་བ་ལྔའི་མ་གྱིས་ཐིམ་ནས་འཕོས་པ་གང་ཡིན་ཡང་རྣམ་ཤེས་ནམ་མཁའ་ལ་ཐིམ། ནམ་མཁའ་དབྱིངས་རིག་ལ་ཐིམ་པའི་ཚེ་སྲོག་ལྔ་སྙིང་དབུས་ཀྱི་རིག་པ་ལ་ཞུགས་པས་རིག་པ་གཞི་ཡས་ལྡོག་སྟེ་གདོད་མའི་རང་ཡུལ་ཀ་དག་གིས་ལ་ཕྱིན་པས་བེམ་རིག་བྲལ་བ་དང་མངོན་པར་འཚང་རྒྱ་བ་དུས་མཉམ་པས་གསལ་


JL01_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་དང་གཤིན་ཆོག་ལ་སོགས་པ་མི་དགོས་ཀྱང་། རྗེས་འཇུག་རང་ཉིད་ཀྱི་ཚོགས་གསོག་པའི་རྟེན་འབྲེལ་ལ་འབད་པ་ནི་མ་བཀག་གོ །དེ་སྐད་དུ་སྔ་མ་ལས། འདི་ལྟར་གནས་པའི་རྣལ་འབྱོར་ལ། །འཆི་རྐྱེན་རྟག་དང་མི་རྟག་མེད། །དེ་བཞིན་འཇིགས་པ་ཀུན་དང་བྲལ། །ལུས་ཀྱི་ཞེན་པའི་མཐའ་ཡང་བྲལ། །ལྟ་བ་ཉིད་དང་བསྒོམས་པས་ཀྱང་། །རྣལ་འབྱོར་ལྡན་ལ་ཕན་གནོད་བྲལ། །ཕན་བྲལ་གནོད་པའི་འབྲས་མེད་པས། །འདི་ལ་གནས་པའི་ཡུལ་ཀྱང་མེད། །རྒྱུ་དང་འབྲས་བུའི་རྣམ་སྨིན་བྲལ། །དེ་ཕྱིར་འདི་ལ་གོམས་པ་མཆོག །རང་ཤར་རང་གྲོལ་སྐྱེ་མེད་ཀློང་། །དུས་མ་འགྱུར་པར་སྣང་བ་འགྱུར། །ལྷུན་གྲུབ་ཀ་དག་ཀློང་དུ་ཐིམ། །རེ་དྭོགས་གཉིས་ཀྱི་མཐའ་དང་བྲལ། །རྒྱུ་འབྲས་གཉིས་ཀྱི་མཐའ་བླང་ནས། །དབྱིངས་རིག་གཉིས་མེད་ཀ་དག་ཀློང་། །དེ་ཕྱིར་འདི་དོན་རྟོགས་པས་ཆོག །ཅེས་སོ། །དེ་ལྟར་དབང་པོ་ཡང་རབ་ཀ་དག་གི་དབྱིངས་ལ་གྲོལ་བ་རྣམས་ནི་སྔ་ཕྱི་དང་སྣང་སྟོང་གི་འཕོ་འགྱུར་ལས་འདས་པས་བར་དོ་མེད་ཀྱང་། དེ་ལས་གཞན་པ་དབང་པོ་འབྲིང་མན་ཆད་ལ་ཆོས་ཐམས་ཅད་བར་དོའི་རང་བཞིན་དུ་ཡོད་པས་དེར་གྲོལ་ལུགས་ཤེས་དགོས་ཏེ། འདི་ལྟར་ཕྱི་ཡུལ་གྱི་ཆོས་ནང་གི་བློ་ལ་སྣང་བའི་གནས་སྐབས་ཐམས་ཅད་བར་དོར་ཤེས་པ་ནི་ཆོས་ཉིད་ཀྱི་གཤིས་ལས་གཡོས་མ་གཡོས་ཀྱི་གོ་དོན་གཞལ་བའི་ཆིངས་ཆེན་པོ་ཡིན་ནོ། །ཅིའི་ཕྱིར་ན་འདི་ལྟར་ནང་དབྱིངས་ཀ་དག་ལས་ཕྱི་རོལ་ཏུ་གྱུར་པའི་གནས་སྐབས་ཐམས་ཅད་བར་དོའི་ངོ་བོ་སྟེ། དེའང་གཞི་ལས་གཞི་སྣང་དུ་ཤར་བསྐུ་དང་ཡེ་ཤེས་སུ་སྣང་བའི་རང་གདངས་གཟུགས་སྐུ་གཉིས་ཀྱི་རྣམ་ཆར་ཤར་བ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འགྲོ་དྲུག་ཏུ་སྣང་བའི་འཁྲུལ་སྣང་གི་ཆོས་སོ་ཅོག་ནི་མ་དག་པ་འཁྲུལ་པའི་


JL01_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་ཡིན་པས་སོ། །དེ་བས་ན་ངེས་ཚིག་གིས་གཞལ་ན་ཀ་དག་གི་དབྱིངས་ནས་ནི་བསྐྱོད། སླར་རང་མལ་དུ་མ་ནུབ་པའི་བར་དེ་དབུས་ཀྱི་ཆ་ཡིན་པས་བར་ཞེས་བརྗོད་པ་སྟེ། དཔེར་ན་འཆི་པ་ཆོས་སྐུ་དང་། འཁྲུལ་པ་སྲིད་པའི་བར་ན་ཆོས་ཉིད་ཀྱི་བར་དོ་ཡོད་པ་བཞིན་ནོ། །མ་ནི་དེ་གཉིས་ཀྱི་དབུས་མཚོན་ལ། དེ་ནི་ཕན་ཚུན་ཟུང་དུ་སྦྲེལ་བའི་ཆོས་ཀྱི་མིང་སྟེ། འཇིག་རྟེན་ན་ངོ་བོ་དང་ལག་དོར་གྲགས་པ་བཞིན་ནོ། །དབྱེ་ན་ཐེག་པའི་རྒྱལ་པོ་འདིའི་རང་ལུགས་སུ་རང་བཞིན། འཆི་ཁ། ཆོས་ཉིད། སྲིད་པའི་བར་དོ། །ཞེས་རྣམ་གྲངས་བཞིར་ངེས་པ་ལས། དང་པོ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ལས་དང་ཉོན་མོངས་པའི་འཆིང་བས་ཡེ་ཤེས་དང་ཆོས་ཉིད་ལ་བསྒྲིབས་ཏེ། མི་རྟག་པ་ལ་རྟག་པར་འཛིན། མི་བདེན་པ་ལ་བདེན་པར་འཛིན། །སྡུག་བསྔལ་གྱི་རྒྱུ་འབྲས་ལ་བདེ་བར་འཛིན། རང་བཞིན་གྱིས་སྟོང་པ་ལ་དངོས་པོར་འཛིན་པའི་ཕྱིན་ཅི་ལོག་བཞིས་འཁོར་བའི་འཁྲུལ་སྣང་ལ་སྤྱོད་པའི་གཉེན་པོར་དེ་བཞིན་གཤེགས་པས་ཆོས་ཀྱི་སྡོམ་བཞི་གསུངས་པ་ཡིན་པས་ད་ལྟ་རང་བཞིན་གྱི་བར་དོ་ལ་འཁོར་བ་ལས་ཐར་བའི་ཐབས་གང་ཟག་དང་། གནད་གང་ཆེ་བའི་ཆོས་མ་ནོར་བ་ཞིག་ལ་དང་པོར་ཐོས་པས་བློ་སྦྱང་། བར་དུ་བསམ་པས་སྒྲོ་འདོགས་བཅད། ཐ་མར་བསྒོམ་པས་ལ་བཟླ་བ་བྱས་ནས་འཆི་བའི་དུས་ལ་བབ་པ་ན་སྐྱོ་སུན་དང་བློ་ལྷག་གི་གདུང་མི་དགོས་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་དོན་རྣལ་ད་ཕེབས་པར་བྱའོ། །གཉིས་པ་ནི། འཆི་བའི་དུས་ཀྱིས་གཏུགས་པས་ལུས་འབྱུང་འཁྲུགས་ཀྱི་སྡུག་བསྔལ་ལ་བཟོད་ཐབས་བྲལ། སེམས་ལ་བག་ཆགས་ཀྱི་མཚོ་རྡོལ་བས་ཚེ་འདིའི་ཞེན་པ་ལ་ཆོད་ཐབས་མེད། ཆོས་མིན་འདོད་རྒྱལ་གྱི་བྱ་བས་གནོང་པས་


JL01_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མའི་སྡུག་བསྔལ་གྱིས་སྡུན་བསུ། ཤི་ཡིས་དྭོགས་པས་སྐྲག་ཅིང་རྟབས་ཀྱང་ཐབས་དང་རིམ་གྲོས་སྐྱོབ་པའི་གནས་སྐབས་ཡོལ། དུས་དེའི་ཚེ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ཡོང་བལྟ་བ་ལྷ་བུའི་གདམས་ངག་དགོས་པས། རབ་དེ་ཁོ་ན་ཉིད་ཀྱི་དོན་ལ་ཡིད་ཆེས་པ་ཡིན་ན་གནས་ལུགས་རང་བབས་སུ་བཞག །འབྲིང་འཕོ་བ་སྤར་ཞིང་ཞིང་སྦྱོང་ལ་འབད། །ཐ་མ་རྣམས་ནི་བུ་མོ་རིན་ཆེན་གྱིས་ཞུས་པ་ལས། འདི་ན་ཕ་དང་མ་དང་བཤེས་རྣམས་དང་། གཉེན་དང་རྩ་ལག་སྐྱབས་སུ་མི་འགྱུར་ཏེ། བུ་དང་བུ་མོ་དེ་བཞིན་མགོན་སྐྱབས་མིན། །ཡོན་ཏན་ལྡན་པ་འདི་དག་མ་གཏོགས་པ། །འཇིག་རྟེན་མགོན་སྐྱབས་གྱུར་པ་གཞན་འགའ་མེད། །ཅེས་པས་དཀོན་མཆོག་འབའ་ཞིག་ལ་སྐྱབས་སུ་འགྲོ་ཞིང་། དེ་ཡང་སྔགས་ཀྱི་ལུགས་སུ་འདྲེན་པའི་རེད་དཔོན་བླ་མ་ལ་འདུས་པ་ཡིན་པས་རང་གི་དད་པས་བཏུབ་ན་དེ་ཁོ་ན་ལ་གསོལ་བ་འདེབས་ཤིང་ཐུགས་ཡིད་བསྲེ་བ་ལ་སོགས་པའི་གཞན་སྟོབས་ལ་བརྟེན་པ་གཅེས་ཏེ་ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་དབྱིངས་རིག་མི་གསལ་ན། །ཆོས་ཉིད་བདེ་བའི་བར་མ་དོར། །རིག་པའི་སྣང་བ་བཟུང་བའི་ཕྱིར། །སྔར་བསྟན་འོད་རྣམས་ཡིད་ལ་བྱ། །དེས་ནི་བདེན་པའི་སྣང་བ་ཐོབ། །གལ་ཏེ་དེ་དག་མི་གསལ་ན། །རང་གི་བླ་མ་གནས་པ་ན། །གོང་མའི་མན་ངག་གསལ་ཡང་གདབ། །བླ་མ་མེད་ན་རྡོ་རྗེ་སྤུན། །ཤེས་པའི་གསལ་ཡང་གདབ་པར་བྱ། །ཞེས་སོ། །དེ་ལ་ཚང་སྤྲུགས་སུ་གསལ་གདབ་ལུགས་ཟབ་མོ་ནི། ཕ་རོལ་པོ་དབུགས་དང་བྲལ་དུས་རང་ཆོས་ཉིད་ཀྱི་དགོངས་པ་ལ་གནས་པས།


JL01_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཁ་དང་སྣ་བླུག་གཉིས་ཀྱང་རང་དང་ཐད་ཀར་སྤྲད་ལ་རླུང་འགྲོ་ལྡོག་དུ་མ་བུ་གསུམ་གསུམ་ལས། ཕར་འཕོའི་དང་པོ་ལ་ཨཱོཾ་དཀར་པོ། གཉིས་པར་ཨཱདམར་པོ། གསུམ་པར་ཧཱུཾ་མཐིང་ག་སྟོང་པ་ཉིད་ཀྱི་ངང་ནས་ཁོའི་སྙིང་ནང་དུ་འཕང་ཞིང་། ཆུར་ལྡོག་པའི་གསུམ་གལ་ངག་ཏུའང་ཧཱུཾ་བརྗོད་པ་དང་སྒྲགས། རྒྱུ་ཞབས་འུབ་འཐེན་ནས་ཁོའི་ཤེས་པ་ཧཱུཾ་མཐིང་གའི་རྣམ་པས་དྲངས་ཏེ་རིག་པ་བློ་འདས་ཆེན་པོ་ལ་བསྲེ་པའོ། །དེའི་ཚེ་ཕ་རོལ་པོ་མིག་ཧྲག་གི་བ་དང་། ལྡང་བ་དང་། སྐད་ཐོན་པ་བྱུང་ན་ངོ་སྤྲོད་གདབ་པར་བྱ་བའང་སྡམ་ལས། གལ་ཏེ་གཞན་གྱི་དོན་བྱེད་ན། །དེ་ཉིད་ཐུགས་རྗེས་གཟུང་པའི་ཕྱིར། །སྒོ་གསུམ་དག་ནི་སྒོ་སྤྲད་དེ། །དབུགས་ནི་གཏུབ་དང་རྡུབ་དང་འཕང་། ཡི་གེ་འབྲུ་གསུམ་གཞུག་པས་ནི། །ལུས་དང་ངག་ཡིད་སྟོབས་བསྐྱེད་ཕྱིར། །དབུགས་དང་བཅས་ཏེ་མཁེས་པས་བྱ། །དེ་ལྟར་ཡང་དང་ཡང་བྱས་པས། །དེ་ཡི་སྣང་བ་འདི་ལྟ་བུ། །གལ་ཏེ་ལུས་ཀྱི་སྟོབས་རྙེད་ན། །གདམས་པ་དག་ནི་གདབ་པར་བྱ། །འོན་ཏེ་ཤེས་པ་གསལ་གྱུར་ན། །དགོངས་པ་ཉིད་ལ་མཉམ་པར་བཞག །དབང་པོའི་སྒོ་རྣམས་རང་དྲུང་ན། །མིག་གི་དེ་ཉིད་བལྟ་རུ་གཞུག །མཉམ་པར་གནས་པའི་སེམས་བྱུང་ན། །མི་རྟོག་ལྡན་པའི་ཏིང་འཛིན་ཐོབ། །ཅེས་སོ། །དེ་ཡང་འགྲོ་བ་ཕལ་པ་རྣམས་མཐོ་རིས་སུ་དྲང་བའི་ཕྱིར་སྐྱེ་མེད་ཀྱི་ཡི་གེ་ལ་བརྟེན་ནས་སྦྱང་པ་ནི། དེའི་སྙིང་ནང་དུ་ཨ་དཀར་པོའམ། འོད་གོང་དཀར་པོ་བསམ་དུ་བཅུག་ལ། དེ་ཡར་ཡར་སོང་བར་དམིགས་ཤིག་བྱས་ལ། རང་ཡང་འདུན་པ་དེ་ལ་གཅུར་ཏེ། རླུང་ཕྱིར་འགྲོ་རིང་པོ་དང་བསྟུན་ནས་དེའི་ལོ་གྲངས་ཀྱི་ཨ་དབྱངས་ཀྱི་ངེས་པས་བཟླས་ཏེ། དབུགས་ཆད་པ་དང་སྤྱི་བོར་ཁ་གཏད་ལ་ཨ་ཉི་ཤུ་རྩ་གཅིག་


JL01_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་མར་བརྗོད་པས་སེམས་བསྐྱེད་དང་མན་ངག་གི་གནད་ཀྱིས་མཐོ་རིས་སུ་འདྲོངས་པ་སྟེ་སྔ་མ་ལས། ཡི་གེ་ཨ་ཡི་སྦྱོར་བ་ཡི། །དབུགས་དང་དེ་ཡི་གྲངས་དང་སྦྱར། །གལ་ཏེ་དེ་བར་མ་ཤི་ན། །སྤྱི་བོར་ཁ་གཏད་དབུགས་ཀྱིས་ནི། །ཤེས་པས་ལུས་ཀྱི་དཀྱལ་དུ་ཡང་། །ཨ་ནི་དམིགས་ཏེ་བསྡུ་བར་བྱ། །ཞེས་དང་། དེ་ལྟར་ཆོ་ག་ལྡན་པའི་ཚེ། །མི་དེ་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་ནས་སྦྱོང་། །ཞེས་སོ། །གལ་ཏེ་དམྱལ་བར་སྐྱེ་བའི་རྟགས་ཅན་ཡིན་ན་མར་གྱི་ཟང་ཐལ་གྱི་སྔ་རོལ་པ་དབུགས་དང་བྲལ་བའི་དུས་དེའི་རྣམ་ཤེས་སྙིང་གར་ཨར་དམིགས་པ་ལ་ཤེས་པ་མདུད་ཚུགས་སུ་གཏད་ནས་འོད་ལྡར་མེར་གྱི་ཞུ་བ་དང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པས། འདྲེན་པ་པོ་སེམས་བསྐྱེད་དང་རྟོགས་པར་ལྡན་པ་ཡིན་ན་ལས་ལ་བཟང་ངན་མེད་པའི་གནད་ཀྱིས་གོང་ནས་གོང་དུ་འདྲོངས་སོ། །གསུམ་པ་ནི། བདག་འཛིན་ཕུང་པོའི་རྟེན་བོར་བས་གཞི་སྣང་ལྷུན་གྲུབ་ཀྱི་ཆོས་ཉིད་མངོན་དུ་སྣང་། བག་ཆགས་སྣ་ཚོགས་དང་འབྲེལ་ཆད་པས་རང་བཞིན་བསམ་གཏན་གྱི་ཆོས་ཉིད་ལ་སྤྱོད། དབང་པོ་འཛིན་བྱེད་ཀྱི་ཡུལ་སྟོངས་པས་འོད་གསལ་གྱི་རང་ས་འཛིན་པའི་དུས་སོ། །དེའི་ཚེ་ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་དུ་ཡིད་ཆེས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་གདམས་པ་དགོས་ཏེ། དེ་ལ་ཆོས་ཉིད་ཀྱི་བར་དོ་ཞེས་བཏགས་ཀྱང་གསོན་དུས་ཆོས་ཉིད་ཀྱི་གདངས་སྙིང་ག་ན་ཞིང་སྣང་དུ་ཡོད་པ་ལུས་རྟེན་གྱིས་བསྒྲིབས་ནས་བལྟར་མི་མངོན་པ་དུས། དེར་ལུས་རྟེན་ཞིག་པས་མངོན་དུ་གསལ་བ་ལས་གསར་དུ་བྱུང་བ་གང་ཡང་མེད་དོ། །དེ་བས་ན་གཞན་དུ་བཤད་པའི་རྟོག་བཅས་གོམས་པའི་སྒྱུ་ལུས་


JL01_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆོས་ཉིད་བར་དོའི་ཟུང་འཇུག་ཚོམ་བུའི་སྣང་བ་གཉིས་ལྷ་སྐུར་སྣང་ཙམ་དུ་འདྲ་ཡང་། འདི་ནི་སྣང་ཚུལ་ཀྱང་རྒྱ་ཆེ་ཞིང་རང་སྣང་དུ་ཤེས་པའི་མོད་ལ་གྲོལ་ཏེ། རིག་པ་གཞི་ལས་འཕགས་པའི་གདངས་མངོན་དུ་སྣང་བ་ཀ་དག་གི་རང་ཡུལ་དུ་ལྡོག་པ་ཙམ་མོ། །རྣམ་རྟོག་གོམས་སུ་བཅུག་པའི་ལྷའི་སྒྱུ་ལུས་ནི་དེ་དང་མི་འདྲ་བའང་རང་གི་སྡེ་པས་ཤེས་དགོས་སོ། །དེ་ཡང་འོད་སྣང་ཐིག་ལེ་ཐིག་ཕྲན་ལྔ་འབྲེལ་གྱི་ནང་ན་དང་པོ་ཕྱེད་སྐུ་ལས། རྐྱང་པ་དང་། ཡབ་ཡུམ་དང་། ལྔ་ཚོམ་དུ་ཤར་བའི་ཐུགས་ཀ་ནས་འོད་ཀྱི་ཟེར་ཐག་རྟ་རྡ་ཙམ་རང་གི་སྙིང་གར་ཟུག་པ་ནི་འོད་རིག་པ་ལ་འཇུག་པ་ཞེས་བྱ་སྟེ། དེའི་ཚེ་རིག་པ་ནི་རང་ཡིན་ལ། འོད་ནི་ཕྱིའི་རང་སྣང་ཡིན་པས་དང་པོ་མཆེད་དུས་ཕར་འཇུག་པས་གདངས་རང་སྣང་དུ་ཤེས་པ་དང་། ཐིམ་དུས་ནང་དུ་འཇུག་པ་ལས། མེད་པས་སྣང་བ་རང་ས་བཟུང་བའི་ཚུལ་ཐལ་འགྱུར་ལས། འདིར་ནི་ཆོས་ཉིད་བར་དོ་བཤད། །འཆི་ཀ་ལས་ནི་ཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །འཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱི་ལུས། །ལུས་དང་གྲིབ་མ་བཞིན་དུ་འགྱུར། །འདི་ཚེ་འོད་སྣང་དུམ་བུའི་ཚེ། །མཁས་པས་སྣང་བ་མཆེད་པ་བཟུང་། །གཡོ་བ་རླུང་དག་མཆེད་པ་ཡིས། ཁ་དོག་ལྔ་ལྔའི་འོད་དང་ཟེར། །མ་ངེས་འཇའ་ཚོན་རིས་སུ་སྣང་། །ཞེས་སོ། །དེ་ཡང་རིག་པ་མིག་ནས་འཐོན་ཏེ་ནམ་མཁར་སྣང་བའི་ཚེ། རིག་པའི་ཀློང་ན་ཡེ་ཤེས་ཀྱི་རླུང་ལྔ་ཡོད་པ་མཆེད་པ་ལས་འོད་ལྔ་དང་། སྐུའི་སྣང་བ་ཟེར་ཐག་ཏུ་འབྲེལ་པ་མཐོང་བའི་ཚེ་ཀུན་གཞི་ཉེར་ལེན་གྱིས་བཅིངས་པ་ལས་གྲོལ་བའི་སྣང་བ་མཆེད་པ་རང་སྣང་དུ་ཡིད་ཆེས་པའི་ངང་


JL01_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་གཡོས་ན་སྐད་ཅིག་མ་དང་པོར་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གྲོལ། གསུམ་པར་གྲོལ་ཐོག་ནས་ཀ་དག་ཏུ་ཐིམ་པས་དེ་ཕན་ཆད་ཀྱི་སྣང་བ་གང་ཡང་མེད་དོ། །གལ་ཏེ་དེ་ལ་བཙན་ས་མ་ཟིན་ན། ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་སྟེ། རང་གི་སྙིག་ག་ནས་འོད་ཀྱི་ཐག་པ་ཤིན་ཏུ་ཕྲ་བ་ཞིག་སྟེང་གི་ནམ་མཁའ་ལ་ཟུག་པས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་སྣམ་བུ་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་བཞི་དབང་པོའི་སྤྱོད་ཡུལ་ཙམ་འོད་དུ་གསལ་བའི་སྟེང་དུ། ཁ་དོག་དང་མཐུན་པའི་ཡེ་ཤེས་སོ་སོའི་ངོ་བོ་ཐིག་ལེ་འོད་ལྔར་གསལ་བ་མེ་ལོང་ཙམ་པ་བཞི་ལ་རང་རྩལ་སྲན་མ་ཙམ་ལྔ་ལྔས་བརྒྱན་པ་མཎྜལ་ལ་ཚོམ་བུ་བཞག་པ་ལྟ་བུའི་སྟེང་ན་འོད་ཟླུམ་རྨ་བྱའི་གདུགས་འདྲ་བ་འཁོར་བ་ནི་ཡེ་ཤེས་ལྔའི་དབྱིངས་སྣང་སྟེ་འདི་དག་ལྷུན་གྲུབ་འཆར་བའི་ས་བོན་དུ་འབྱུང་ངོ་། །དེ་ཡང་ཀ་དག་ཏུ་གྲོལ་མ་ཟིན་པ་དང་སྦྱར་ནས་ཡེ་ཤེས་བཞི་སྦྱོར་དུ་བཞག་ལ། བྱ་བ་གྲུབ་པའི་ཡེ་ཤེས་ནི་རྩལ་མ་རྫོགས་པས་རང་ངོ་མི་སྣང་ཡང་ས་བོན་གྱི་ནུས་པ་ཡོང་པས་ཀུན་གཞིའི་ཁྱབ་བྱེད་དུ་གནས་པའོ། །སྣང་བ་དེ་དག་ལའང་རང་ས་ངོ་ཤེས་པའི་གདམས་ངག་དཔེར་ན་སྙིང་ཆུ་འདྲེན་པ་ན་ཐུར་མ་ཐད་ཀ་ལས་སྤུ་ཙམ་ཡང་མི་གཡོ་བའི་དཔེས་རིག་པ་རྐྱེན་དང་བྲལ་བས་ཕུང་པོའི་འབྱུང་བ་ལས་གྲོལ་བ་དང་། རིག་པ་དྲི་མ་མེད་པས་ཉོན་མོངས་པ་ཆོས་ཉིད་དུ་གྲོལ་བ་དང་། རིག་པའི་མཐའ་གང་དུའང་མ་ལྷུང་བས་ཕྱི་ནང་གི་ཆོས་ལས་གྲོལ་བས་རང་ངོའི་གནད་ལས་མི་གཡོ་བའི་ཆོས་ཉིད་ལ་མཉམ་པར་འཇོག་པའོ། །དེའི་ངང་མ་ཟིན་ན་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་སྣང་བ་དྲུག་སྟེ། འཆར་ཚུལ། རྗེས་


JL01_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

དྲན། མངོན་ཤེས། གཟུངས། ཏིང་ངེ་འཛིན། ལྷུན་གྲུབ་ཐིམ་ཚུལ་ལོ། །དང་པོ་ནི་ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །དེའི་ཚེ་འོག་གི་ལོངས་སྐུ་ཁྲོ་བོའི་སྣང་བ་རྣམས་ཀྱང་མཐོང་བར་འགྱུར་རོ། །ཤར་ལུགས་བརྒྱད་གང་ཞེ་ན། ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། །འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་གསལ། །སྐུ་ལྟར་ཤར་བས་ཤེས་བྱའི་ཁ་ཕྱིར་མ་ཤོར། །ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལ་ཡང་མི་གནས། མ་དག་པ་འཁོར་བའི་སྒོ་ལྟར་ཤར་པས་སྲིད་པའི་བྱུང་ཁུང་མ་འགགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུ་འབྲེལ་བའོ། །དེའི་ཚེ་ཕྱིར་མི་ལྡོག་པ་དཔལ་ཆེན་གྱི་མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ། །ཞེས་སོ། །དེ་ཡང་དཔལ་ཆེན་གྱི་མདའ་ནི་ཤུགས་དྲག་པས་ཕྱིར་མི་ལྡོག་པ་ལྟར་ཤར་ལུགས་བརྒྱད་དུ་ཤར་ཀྱང་། སྡུད་ས་གཅིག་ལས་མེད་པས། ནང་དབྱིངས་ཟང་མ་ཐལ་གྱི་ཆ་ལ་གཞི་སྣང་གི་འཆར་སྒོ་སྡུད་པ་ནི་གནད་དམ་པའོ། །དེ་ལ་ད་ལྟ་ནས་ཐོད་རྒལ་ལ་འདྲིས་ཤིང་དབྱིངས་ལས་མི་གཡོ་བའི་གོམས་སྟོབས་ཀྱང་སྔོན་རོལ་གྱི་གདམས་པའི་གནད་དོ། །གཉིས་པ་ནི། ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ། ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་ཞལ་མཐོང་བ་དང་། ལམ་རྣམས་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང་། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང་། བསམ་གཏན་རྣམས་རྗེས་སུ་


JL01_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང་། བླ་མའི་མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང་། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་ཕྱི་འཕྲད་པ་ཙམ་གྱི་ངོ་ཤེས་པ་ལྟ་བུའོ། །ཞེས་སོ། །གསུམ་པ་ནི། དབང་པོའི་མངོན་ཤེས་དྲུག །སེམས་ལས་སུ་རུང་བའི་མངོན་ཤེས་དྲུག །ཤེས་རབ་ལ་དབང་བའི་མངོན་ཤེས་དྲུག །ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག །ཆོས་ཉིད་ཕྱིན་ཅི་མ་ལོག་པ་མཐོང་བའི་མངོན་ཤེས་དྲུག སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོག་པ་མཐོང་བའི་མངོན་ཤེས་དྲུག་སྟེ། དྲུག་ཚན་དང་པོ་ལ་དྲུག་ཅུ་རྩ་བརྒྱད། གཉིས་པ་དང་གསུམ་པ་ལ་ཉི་ཤུ་རྩ་བཞི་བཞི། ལྷག་མ་གསུམ་ལ་དྲུག་དྲུག་སྟེ་ཆ་ཤས་དབྱེ་ན་བརྒྱ་སུམ་ཅུ་རྩ་བཞི་པོ་རྣམས་ལའང་ཡུལ་ཆོས་ཅན་དང་ཆོས་ཉིད་ལ་ལྟོས་ནས་ཟག་བཅས་དང་། ཟག་མེད་དང་། ཤིན་ཏུ་ཟག་མེད་ཀྱི་རྣམ་པར་དབྱེ་བ་ཐེག་པའི་མཆོག་ཏུ་གསལ་ལ། དེའང་དོན་གྱི་ཆ་ལ་རྟོགས་བྱེད་ཀྱི་བློ་འཕགས་པའི་ཡེ་ཤེས་སུ་མཉམ་པ་ཟག་མེད་དང་། སོ་སོ་སྐྱེ་བོའི་ས་ལ་ཟག་བཅས་སུ་ཤེས་པར་བྱའོ། །འདིར་ཉི་ཟླ་ཁ་སྦྱོར་ལས། དེ་ལྟར་ཤར་བའི་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ། སྔོན་གྱི་སྐྱེ་གནས་ཤེས་པ་དང་། འཆི་འཕོ་དང་། སྐྱེ་བ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྣང་བ་ལྐོག་ཏུ་གྱུར་བ་ཐམས་ཅད་ཤེས་པ་དང་། རིགས་དྲུག་གི་གནས་མཐོང་ཞིང་ཤེས་པ་དང་། །དབང་པོ་རྣམས་རྣམ་པར་དག་པའི་མངོན་པར་ཤེས་པ་དང་དྲུག་འཆར་རོ། །ཞེས་སོ། །བཞི་པ་ནི། དེ་ཉིད་ལས། དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་སྟེ། སྔོན་གྱི་


JL01_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཐམས་ཅད་རྒྱུད་ལ་དུས་གཅིག་ཏུ་འཆར་རོ། །དེ་བཞིན་དུ་སྔར་མ་ཐོས་པའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ། །ཞེས་སོ། །ལྔ་པ་ཡང་དེ་ཉིད་ལས། རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་དུ་ཤར་བས། རྣམ་པར་རྟོག་པ་ངན་པ་ནི་གཏན་ནས་མི་སྐྱེ་ཞེས་སོ། །དྲུག་པ་ཐིམ་ཚུལ་ནི་རང་ཤར་ལས། ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ་ཐིམ་ལུགས་བརྒྱད་ངོ་ཤེས་པར་བྱའོ། །དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་ལ་འོད་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་ལ་སྐུ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་ལ་གཉིས་མེད་ཐིམ་པ་ནི་དཔེར་ན་ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་ལ་མཐའ་གྲོལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆེན་ཐག་བརྟུལ་པ་ལྟ་བུའོ། །ཞེས་སོ། །དེ་དག་ཏུ་གྲོལ་བ་མཐར་ཕྱིན་པའི་གནད་ཀྱང་ངོ་བོ་ཀ་དག་ཏུ་ཤེས། རང་བཞིན་ཡིན་ཐོག་ཏུ་ཐུག །ཐུགས་རྗེ་རིག་ཐོབ་ཏུ་ཐག་ཆོད་པ་ལ་འདུས་ཏེ། འདི་ལྟར་ཤར་ཚུལ་གྱི་སྣང་བ་ལ་ཕར་བ་ལྟས་ན་མཐའ་ཡས་ཀྱང་། རིག་ཐོག་ཏུ་རྗེན་པར་ཕུད་ན་གཅིག་ཀྱང་མེད་པས་གྲོལ་ས་གཅེར་མཐོང་དུ་ཟིན། རིག་པ་ལྷུན་གྲུབ་རིན་པོ་ཆེའི་རང་ཡུལ་དུ་ལོག་པས་གཞི་སྣང་གཞི་དབྱིངས་སུ་རང་འགགས་ལ་འགྲོ་བའི་ཚུལ་ཐལ་འགྱུར་ལས། ངོ་ཤེས་པ་ལ་རང་ངོ་སྟེ། །


JL01_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཆེས་པ་ཡི་ཐུག་པའོ། །ཐག་ཆོད་པས་ནི་གདེངས་སུ་ཚུད། །དེ་ལྟར་གསུམ་གྱི་ངེས་པ་ལས། །ངོ་བོ་རྫོགས་པས་རྒྱུ་འགགས་སོ། །ཞེས་སོ། །དེ་ལྟར་ཆོས་ཉིད་ཀྱི་བར་དོ་ལ་དབང་པོ་ཉི་ཤུ་རྩ་གཅིག་གི་དབྱེ་བས་གྲོལ་ལུགས་མྱུར་བུལ་ཐ་དང་བཤད་ཀྱང་བསྡུ་ན་བཞིར་འདུ་སྟེ་རང་ཤར་ལས། རབ་ཀྱི་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར་རོ། །འབྲིང་གིས་ཞག་ལྡན་བརྟན་པ་ཐོབ་པ་ཡང་ཡོད་དོ། །ཐ་མ་སྐད་ཅིག་མ་ཉི་ཤུ་རྩ་གཅིག་ན་བརྟན་པ་ཐོབ་པ་ཡིན་ནོ། །དེའི་ཐ་མ་རྣམས་ནི་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་ནས་བར་དོ་མེད་པར་སངས་རྒྱ་བ་ཡིན་ནོ། །ཞེས་སོ། །དེ་ཡང་སྐད་ཅིག་ལ་དབང་པོའི་ཁྱད་ཀྱི་ཡུན་རིང་ཐུང་ཡོད་དེ་རབ་ཀྱི་མཐར་ཕྱིན་པ་ནི་ནམ་མཁའ་ལ་སྐར་མདའ་རྒྱུག་པའི་ཡུན་ཏེ་ཤེས་པ་ཡུལ་ལ་ཤར་ནས། དེར་འདུག་གོ་སྙམ་དུ་ཡུལ་རྟོག་པའི་ཡུན་ལ་རྣམ་གྲོལ་གྱི་སྐད་ཅིག་མ་ཞེས་བྱའོ། །འབྲིང་དང་། ཐ་མའི་སྐད་ཅིག་རྣམས་དེ་བས་ཡུན་རིང་བ་སྟེ། བྱ་བ་རྫོགས་པའི་ཡུན་ལ་བརྩི་བ་སྔར་བཤད་ཟིན་ཏོ། །ཞག་ནི་བསམ་གཏན་གྱི་ཞག་སྟེ་ཡེ་ཤེས་སྒྲོན་མེ་ལས། དེ་ལ་སྐད་ཅིག་རྟོགས་པས་ཕྱེད། །བསམ་གཏན་ཞག་ནི་གནས་པའི་ཆ། །ཞེས་པས་སྐད་ཅིག་མའི་ཆ་ནི་རང་ངོ་ཤེས་པའི་རྟོགས་པས་ཁྱབ་ལ། བསམ་གཏན་གྱི་ཞག་ནི་རྟོགས་པས་མ་ཁྱབ་པས་ཏིང་ངེ་འཛིན་གྱི་གནས་ཆའི་ཡུན་ཏེ་སྤྲུལ་པའི་ཞག་དང་ཡང་གཅིག་གོ །དེ་ལ་གྲོལ་ཚུལ་རབ་གྱི་དབང་དུ་བྱས་ན་སྐད་ཅིག་མ་དང་པོ་ལ་ཚོམ་བུའི་སྣང་བ་ཡེ་ཤེས་བཞི་སྦྱོར་དང་བཅས་པ་འགགས། གཉིས་པ་ལ་ལྷུན་གྲུབ་ཀྱི་སྒོ་མཐོང་། གསུམ་པ་ལ་དེ་ཡང་ནུབ་ནས་ཀ་དག་གི་རང་ས་ཟིན་པའོ། །དེ་ཡང་སྤྲུལ་པ་


JL01_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེད་པ་རྣམས་ནི་ཀ་དག་གི་རང་ས་ནས་མི་འགྱེད་དེ། དེ་ལ་ངོ་བོ་ཉིད་མེད་པས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ལས་ཀྱང་འདས་པ་ཡིན་པས་སོ། །འོ་ན་གང་ནས་འགྱེད་ན་ཀ་དག་གི་རྩལ་ལས་ལྷུན་གྲུབ་ཀྱི་གཞི་སྣང་ཤར་བ་ནས་ཐུགས་རྗེ་ཡས་སྤྲུལ་གྱི་སྤྲུལ་པ་བགྱེ་ནས་སེམས་ཅན་གྱི་དོན་དངོས་སུ་བྱེད་པའོ། །དེ་བཞིན་དུ་ལམ་ནས་འགྱེད་པ་ལ་རྡུལ་ཕྲན་དྭེངས་པ་འོད་དུ་གསལ་བ་ལས་འཕོ་བ་ཆེན་པོའི་སྐུར་བཞེངས་པ་དང་། རང་བཞིན་སྤྲུལ་པར་བགྲོད་པ་གཉིས་ཀྱིས་ཀྱང་སེམས་ཅན་རང་ལས་རྒྱུད་གཞན་པའི་དོན་བྱེད་ལ། བར་དོར་ལྷུན་གྲུབ་ཀྱི་སྒོ་ལས་མ་དག་པ་འཁོར་བ་ལྟར་ཤར་བའི་དོན་དུ་སྤྲུལ་པ་བཀྱེ་ཚད་རང་སྣང་ཙམ་ལས་གཞན་ངོར་དངོས་སུ་ཕན་པ་མེད་དེ། རྨི་ལམ་དུ་སེམས་ཅན་གྱི་དོན་བྱས་པ་བཞིན་རང་སྣང་ཙམ་དུ་ཟད་པའི་ཁྱད་པར་ཡང་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པའི་དགོངས་པ་ཡིན་ནོ། །དེ་ལྟར་རྟོགས་པ་མཐུ་ཆེ་བ་རྣམས་བསམ་གཏན་གྱི་ཞག་དང་མ་འབྲེལ་བར་ཡུད་ཙམ་གྱིས་གྲོལ་ཀྱང་། ཆུང་བ་རྣམས་ཡུན་དུ་བསྲིད་པས་བསམ་གཏན་གྱི་ཞག་མང་དུ་འགོར་ཏེ། རྐང་མགྱོགས་གྲུབ་པ་དང་། ཕལ་པའི་ཁྱད་པར་བཞིན་ནོ། །ཆོས་ཉིད་ཀྱི་བར་དོ་འདི་བཤད་གཞི་རྒྱ་ཆེ་ལ་རྟོགས་པར་དཀའ་བའི་གནས་ཀྱང་མང་དུ་ཡོད་པས་ཀུན་ཏུ་བཟང་པོའི་ཆོས་འཁོར་ལས་རྟོགས་པར་བྱའོ། །བཞི་པ་ནི། དམ་པའི་བླ་མ་དང་མ་ཕྲད། ཕྲད་ཀྱང་གསང་ཆེན་ངེས་པའི་ཆོས་འདིའི་ཁྱད་པར་མ་མཐོང་། མཐོང་སྲིད་ཀྱང་ལེ་ལོ་དང་། རྣམ་གཡེང་དང་། ཕོ་ཚོད་ཀྱི་ངང་ལ་དུས་ཀྱིས་གཏུགས་པ་རྣམས་ཆོས་ཉིད་བར་དོའི་རང་སྣང་ལ་ངེས་པ་མ་རྙེད་པས་འཁྲུལ། གདེངས་སུམ་གྱུར་པས་རབ་ཏུ་བྲེད་ཅིང་སྡངས་པ་རྣམས་ལྷུན་གྲུབ་ཀྱི་སྣང་བ་མུར་ནས་སྲིད་པའི་བར་དོ་ལ་ཁ་འཁྱལ་བར་འགྱུར་ཏེ། དེ་ལ་མིང་གཞི་འདུས་པའི་ཕུང་པོ་སྲིད་པ་ཡིད་ཀྱི་ལུས་ཅན་དེ་ནི་


JL01_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གཉིས་མ་གཏོགས་པ་ཐམས་ཅད་ལ་ཐོགས་པ་མེད་པའི་ནུས་པ་ཅན་ཚོར་བ་ཤིན་ཏུ་ཉམ་ཐག་པའོ། །རྟེན་གཉིས་ནི་ཆོས་ཉིད་མི་འགྱུར་བའི་ནང་གི་རྡོ་རྗེ་གདན་དང་། མའི་མངལ་ལོ། །དང་པོ་ལ་འཐོགས་ཏེ། མཐོང་སྤངས་དང་། བསྒོམ་སྤངས་ཀྱི་སྒྲིབ་པ་གཉིས་མ་བཅོམ་པས་རྣམ་པར་ཤེས་པ་ཚོགས་བརྒྱད་ལས་མ་གྲོལ་བའི་སེམས་སངས་རྒྱས་ཐམས་ཅད་ངེས་པར་སངས་རྒྱ་བའི་གནས་ཀ་དག་མི་འགྱུར་བའི་ནང་དབྱིངས་ལ་འཇུག་མི་ནུས་པའི་ཕྱིར་རོ། །གཉིས་པ་ལ་འཐོགས་ཏེ་ལས་ཀྱི་གཞན་དབང་ཅན་ཡིན་པས་སྲིད་པ་བར་དོའི་འཁྲུལ་སྣང་དང་སྡུག་བསྔལ་ཉམས་སུ་བྱེད་ཅིང་རང་བཞིན་འདོད་རྒྱལ་གྱི་མའི་མངལ་དུ་ཉིད་མཚམས་མི་སྦྱོར་བའི་ཕྱིར་རོ། །དེའི་ཚེ་ལས་བཟང་པོའི་འཕྲོ་འཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་པ་དགོས་ཏེ། དེ་ལ་རྫུས་སྐྱེས་པར་སྲིད་པ་རྨི་ལམ་གྱི་སྣང་བ་ལྟར་ལུས་ལ་བདག་འཛིན་གོམས་པའི་ཡིད་གཟུགས་ལོ་བརྒྱད་པ་དང་བཅུ་པ་ཅི་རིགས་པའི་ལུས་ཚད་ལ་དབང་པོ་ཐམས་ཅད་དང་ལྡན་ཞིང་འབྱུང་བ་ལྔ་ཆར་ལ་ཐོགས་རྡུགས་མེད་པ། བར་དོ་རིགས་མཐུན་དང་། ལྷའི་མིག་དག་པ་ལས་གཞན་གྱིས་མི་མཐོང་ཡང་། དེས་སེམས་ཅན་གྱི་གནས་རིགས་ཐམས་ཅད་ཕར་མཐོང་ཞིང་། དྲི་ཟ་བ། ཆ་བྱད་ཀྱང་བར་དོར་སྡོད་ཡུན་གྱི་ཡར་ཕྱེད་སྔ་མའི་རྣམ་པ་ལ། མར་ཕྱེད་ནས་ཕྱིས་གང་དུ་སྐྱེ་བ་དེའི་ལུས་སུ་ཡོད་ཅིང་། གང་དུའང་མི་ཐོགས་པའི་རྫུ་འཕྲུལ་ཡོད་ཀྱང་མོད་ལ་འགགས་ཤིང་ས་ཟིན་མེད་པས་ལས་ཀྱིས་ཀུན་ཏུ་བསྐྱོད་ཅིང་འཁོར་བའོ། །དེ་ལ་བར་སྲིད་པའི་ཚེ་ཚད་ཞག་བདུན་དུ་བཤད་པའང་སྔར་གྱི་འཆི་བ་དྲན་པས་ཉིན་མཚན་གྱི་ཆ་གང་ལ་ཤི་བའི་དུས་དེར་ཡང་འཆིལ། ཡང་སྐྱེ་བ་དྲན་


JL01_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྐད་ཅིག་ལ་སྐྱེ་བས་དེ་ལྟ་བུའི་སྐྱེ་འཆི་ལན་བདུན་བྱེད་པས་དགེ་བའི་སྟོངས་འདེབས་པའང་ཞག་བདུན་བདུན་གྱི་ཚིགས་སུ་བྱེད་པ་ཕན་ཆེའོ། །སྤྱིར་བར་སྲིད་ཀྱི་ཚེ་ཐུང་མཐའ་ཞག་བདུན་དང་། རིང་མཐའ་བདུན་ཚན་བདུན་དུ་གྲགས་ཆེ་ཡང་། དགེ་སྡིག་གི་ལས་ཀྱིས་དུས་མིན་དུ་འཆི་བ་དང་། ཚད་ལས་རིང་བའང་སྲིད་ཅིང་མིང་བཞིའི་ཕུང་པོ་ཅན་ཡིན་པས་གཟུགས་མེད་ཁམས་པར་གཏོགས་པས་སོ། །དེས་ལས་རགས་པ་མངོན་གྱུར་པ་མི་གསོག་ཀྱང་། ཡིད་ཀྱི་སྟོབས་ལ་བརྟེན་ནས་ཕྲ་བ་བག་ལ་ཉལ་ཕྱི་མའི་ཁབ་བསྣོན་ཙམ་དུ་གསོག་པས་ལས་བར་མ་ཞེས་བྱའོ། །དེའི་ཚེ་ཤེས་པ་གསལ་མི་གསལ་ནི་སྔར་གྱི་དགེ་མི་དགེའི་འཕེན་པ་ལས་འབྱུང་ཞིང་། སྤྱོད་ལམ་ཡང་སྔར་ཞེན་གྱི་བག་ཆགས་ལངས་པའི་རྗེས་སུ་འབྲང་ངོ་། །དེ་བཞིན་ཆོས་ཉིད་ལ་ཆགས་སྡང་དུ་གཟུང་བའི་རྒྱུས་ཕྱི་མ་ཆོས་ལྡན་དུ་སྐྱེ་ན་དགེ་བའི་རྣམ་པ། འཁོར་འདབ་དང་ལོངས་སྤྱོད་ལྡན་པར་སྐྱེ་ན་ཡིད་དུ་འོང་བའི་རྣམ་པ། ངན་འགྲོ་དང་དབང་པོ་མ་ཚང་བ་ལ་སོགས་པར་སྐྱེ་ན་ཡིད་དུ་མི་འོང་བའི་རྣམ་པ་དང་ཕྲད་པ་སྙམ་མོ། །དེ་བཞིན་དུ་རང་གཟུགས་ལ་ཆགས་པ་དང་། འདོད་ཆགས་ཀྱི་ཡུལ་ལ་དགའ་གདུང་ལྷག་པར་ཆེན་འདོད་ཁམས། རང་གཟུགས་ལ་སྡང་ཞིང་འོད་ལ་དགའ་ན་གཟུགས་ཁམས། ཆགས་སྡང་གཉིས་ག་མ་ཡིན་ཞིང་ཅི་ཡང་མེད་པའི་སེམས་གནས་ལ་དགའ་ན་གཟུགས་མེད་དུ་སྐྱེའོ། །མདོར་ན་ཕྱི་མའི་གནས་མཐོ་རིས་གཉིས་སུ་སྐྱེ་ན་སོ་སོའི་རྣམ་པ་དང་། གང་སྐྱེ་དེ་མཛེས་ཤིང་ཡིད་དུ་འོང་བར་མཐོང་ཞིང་འཇིགས་སྐྲག་གི་དེད་པས་དེ་ལ་སྐྱབས་སུ་མཐོང་ནས་དར་གཅིག་སེམས་ཆགས་པ་ལས་དེར་སྐྱེའོ། །ལྷ་མིན་དང་དུད་འགྲོའི་གནས་ནགས་ཚལ་དང་མཚོ་གླིང་མཛེས་དགུར་


JL01_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཞིང་། དམྱལ་བ་དང་ཡི་དྭགས་ཀྱི་གནས་འོད་ཟེར་གསལ་བའི་མེའི་སྣང་བ་མཛེས་པར་མཐོང་བའོ། ཁ་དོག་གི་སྒོ་ནས་བརྟག་ན་ལྷ་མིར་སྐྱེ་ན་དཀར། ལྷ་མིན་དང་དུད་འགྲོར་སྐྱེ་ན་སེར། ཡི་དྭགས་སུ་སྐྱེ་ན་དུ་བ་ལྟ་བུ། དམྱལ་བར་སྐྱེ་ན་བལ་ནག་གཡེང་བ་འདྲ་བའོ། །མགོའི་བལྟ་ཕྱོགས་ཀྱང་ལྷ་མི་གཉིས་ནི་གྱེན། ལྷ་མིན་དང་བྱོལ་སོང་འཕྲེད། ཡི་དྭགས་དང་དམྱལ་བ་ཐུར་དུ་བལྟ་བར་སྣང་བའི་ཚུལ་གཞུང་གིས་གསལ་བར་སྟོན་པ་ཉི་ཟླ་ཁ་སྦྱོར་ལས། སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་མགོ་ནི། །དཔེར་ན་ཟོ་ཆུན་བཞིན་དུ་འཁོར། །ཤ་ཁྲག་རང་གའི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ། །རྡོས་དང་བྲལ་བས་མིང་གཉིས་པའོ། །སྔ་མའི་ཤེས་པའི་སྣང་བ་འགགས། །ཕྱི་མ་ཉིད་ནི་མ་བྱུང་བར། །རིགས་ཅན་གང་དུའང་མ་ངེས་པས། །གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མ་དོ། །ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན། །ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུག་སོ་སོའི་སྣང་ཆར་འགྱུར། །འདོད་པ་ཁམས་ཀྱི་སྣོད་སྤྱི་དང་། །བཅུད་ནི་རང་གིས་རིག་ཅིང་གསལ། །རང་ཉིད་གང་སྐྱེའི་སྣོད་བཅུད་ཀྱང་། །དེ་ཉིད་དུས་ན་གསལ་བའོ། །འདོད་ལྡན་སྣོད་བཅུད་གསལ་བར་སྣང་། །དབང་པོ་ཡན་ལག་ཡོངས་རྫོགས་པས། །དངོས་པོ་ཀུན་ལ་ཐོགས་མེད་ཅིང་། །རི་བྲག་ལ་སོགས་ཐོགས་མེད་འཇུག །གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱིས་ནི། །དེ་ཡི་ཚེ་


JL01_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཚད་ཡིན་ནོ། །ལྷ་དང་མི་ནི་ཁ་དོག་དཀར། །ལྷ་མ་ཡིན་དང་བྱོལ་སོང་སེར། །ཡི་དྭགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུའམ། །ཡང་ན་བལ་ནག་གཡེངས་པ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོས་བཞིན། །ལྷ་མིན་ཁ་ཆར་འབབ་པ་བཞིན། །དེ་ཚེའི་ཁ་ནི་འདི་ལྟ་སྟེ། །ལྷ་དང་མི་ནི་གྱེན་ལ་བལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དྭགས་དམྱལ་བ་ཐུར་དུ་བལ། །འདི་དག་ད་གཟོད་སྐྱེ་བའི་དབང་། །སྲིད་པ་བར་དོའི་ལས་རྣམས་ནི། །བསོག་དང་མི་བསོག་ལྟས་འདིའོ། །རྣམ་པར་སྨིན་པའི་བག་ཆགས་མེད། པར་མའི་དབང་གིས་རྒྱུ་མཐུན་པའི། །བག་ཆགས་རྣམས་ནི་འདིས་གསོག་གོ །དེ་ཚེ་ཤེས་པའི་ལྟས་འདིའོ། །གང་ཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞིན་མ་དག་རྣམས་མི་གསལ། །དེ་ཀུན་དགེ་སྡིག་ལས་ལས་བྱུང་། །དེ་ཉིད་མིང་གི་རྣམ་གྲངས་ནི། །འདི་དག་རྣམས་སུ་རིག་པར་བྱ། །མིང་གཞི་འདུས་པའི་བདག་ཉིད་ཅན། །སྲིད་པ་ཡི་ནི་ཤ་གཟུགས་དང་། །སྒྱུ་ལུས་དྲི་ཟ་ཉེ་བར་འཁོར། །སྲིད་པའི་བར་དོ་ཕུང་མཚམས་སྦྱོར། །གཟུགས་མེད་དབང་པོ་ཀུན་ལྡན་པས། །ཐོགས་པ་མེད་པར་ཀུན་ལ་འཇུག །དེ་ལྟར་བར་མའི་ལུས་ཀྱི་ཚད། །བྱིས་པ་ལོ་བརྒྱད་ལོན་པའམ། །ལོ་བཅུ་ལོན་པའི་ལུས་ཚད་དུ། །རྨི་ལམ་ལྟ་བུའི་གཟུགས་སུ་གནས། །སྐྱེ་གནས་ཉིད་ནི་རྣམ་བཞི་ལས། །བརྫུས་ནས་སྐྱེས་པ་ཉིད་དུ་སྟེ། །ལྷ་དང་དམྱལ་བ་བར་མ་དོ། །འདི་ཀུན་བརྫུས་པ་ལས་སྐྱེའོ། །སྤྱོད་པ་ཉིད་ནི་འདི་ལྟ་བུ། །སྔར་ཞེན་ལམ་ལ་སྤྲོ་བ་སྟེ། །དེ་ཡི་རྗེས་སུ་ཞུགས་ནས་ནི། །དེ་སྤྱོད་ཡིད་ཀྱི་རྗེས་སུ་འཛིན། །དེ་ཉིད་འོད་ཀྱི་ཚད་རྣམས་ནི། །སྔར་ཞེན་བག་ཆགས་


JL01_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

རེག་བྱུང་བ། །འདི་ཡི་འོད་ནི་དཔག་ཚད་གཅིག ཁ་དོག་དཀར་པོ་ལྷེང་ལྷེང་པོ། །འདི་ནི་ལྷ་མིའི་སྐྱེ་གནས་སོ། །བག་ཆགས་ཅན་ལ་གསལ་མི་སྣང་། །གང་གི་ལས་ནི་བཟང་ངན་གྱིས། །བཟང་བ་དགེ་དང་ཡིད་འོང་ཕྲད། །ངན་པའི་སེམས་ཅན་བག་ཆགས་ཅན། །ཡིད་དུ་མི་འོང་མངལ་དུ་འཇུག །ཕྱི་མའི་ལུས་དང་འབྲེལ་བར་ནི། །རང་ཤུགས་ཞེ་སྡང་སྐྱེས་པའི་རྒྱུ། །དེ་བཞིན་འདོད་ཆགས་རྐྱེན་གྱིས་ནི། །ཕྱི་མ་ལ་ནི་སྣང་བའི་ཚུལ། ཁམས་ན་རྣམ་པ་གསུམ་དག་ལས། །མིང་བཞིའི་ཕུང་པོ་མ་འགགས་ཏེ། །ཕྱི་མ་མ་བླངས་བར་མ་སྲིད། །མིང་བཞི་འདུས་པའི་ཕུང་པོ་ལས། །ཤ་ཁྲག་གཟུགས་ནི་མི་སྣང་བས། །གཟུགས་ནི་མེད་པའི་ཁམས་སུའོ། །ཕྱི་མའི་དུས་དང་ཉེ་བའི་ཚེ། །མགལ་མེའམ་ནི་ཆར་པའམ། །དེ་བཞིན་གྲང་བ་ནམ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང་། །ལྷ་ཁང་ངམ་ནི་ཡང་ཐོག་གམ། ཁང་བུ་དག་ནི་བརྩེགས་པར་མཐོང་། །ངན་སོང་རྣམས་ནི་སྤྱིལ་པོའམ། །ཕུགས་རྡུགས་གྲོག་པོ་སྟོང་བར་མཐོང་། །འདི་དག་མངལ་དུ་ཚུད་པའི་ལྟས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། །དཔེར་ན་རྩས་ནི་མེ་འཛིན་དང་། །དེ་བཞིན་འདམ་གྱིས་རྫས་འཛིན་དང་། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། །དབང་མེད་ཆགས་པའི་རྙིས་འཛིན་ཏོ། །ཞེས་སོ། །དེ་ལྟར་སྲིད་པ་བར་དོའི་གནས་སྐབས་ཀྱི་སྣང་བ་ཐམས་ཅད་རྨི་ལམ་ལྟར་བན་བུན་ཡད་ཡུད་ཕྱད་ཕྱོད་བྱ་སྒྲོ་རླུང་གིས་བཏེག་པ་ལྟ་བུར་སྐད་ཅིག་ལ་སྣང་ཡང་མི་


JL01_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ཅིང་འགྱུར་བའི་ངང་ཚུལ་ཅན་དུ་འཆར་བས་སྐད་ཅིག་སྔ་མ་རྣམས་འགགས་ཤིང་ནུབ་པས་ངོས་མི་ཟིན་ལ། ཐད་དྲང་གི་སྣང་བ་གསལ་པོ་འཆར་བཞིན་པ་ལ་མངོན་པར་ཤེས་པ་དང་ལྡན་པས་སྣོད་བཅུད་ཀྱི་མཚན་ཉིད་ཀུན་ཀྱང་མེ་ལོང་ནང་དུ་གཟུགས་བརྙན་སྣང་བ་བཞིན་མཐོང་ཞིང་ཤེས་པའི་དུས་དེར་འགྲོ་བ་ཕལ་པ་རྣམས་ནི་སྐྱབས་འགྲོ་བྱེད་པ་དང་། ཞིང་དག་པར་སྨོན་ལམ་འདེབས་པ་དང་། མངལ་སྒོ་འདེམ་པ་ལ་འབད་ཅིང་། ཆོས་གཞན་ལ་སྦྱངས་པ་རྣམས་ནི་སྒྱུ་མར་འཛིན་པ་དང་། བདེན་མེད་དུ་སྦྱོང་བ་དང་། བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་ཡིད་ལ་བྱེད་པའི་ཚུལ་གཞན་དུའང་བཤད་ལ། ཁྱད་པར་གྱི་བཤད་བྱ་ཆོས་འདིའི་སྒོར་ཞུགས། ཡིད་ཆེས་དབང་རྫོགས་པར་ཐོབ། དམ་ཚིག་མ་ཉམས། ཆོས་ཉིད་མངོན་སུམ་གྱི་སྣང་བའི་བདེན་པ་ཀུན་རྫོབ་བ་ཙམ་ལས་མ་མཐོང་ཡང་། དེ་ཉིད་ལམ་དུས་སུ་མོས་པ་ཁྱད་པར་ཅན་གྱིས་ཉིན་དུས་རང་སྣང་དང་། མཚན་མོ་སྙིང་ནང་དུ་སྤྲུལ་པའི་ཞིང་བལྟ་བ་ལ་གོམས་སུ་འཇུག་པའི་ཚུལ་གྱིས་ཉམས་སུ་བླངས་པས་མི་དགེའི་འཇུག་པ་སྲབས་པ་དང་། རང་བཞིན་སྤྲུལ་པ་རང་སྣང་ལྷུན་གྲུབ་ཀྱི་སྒོ་ལས་ཤར་བའི་གནད་དང་། ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་བར་དོའི་སྣང་བ་ཟིན་འོད་བས། དེ་ཚེ་བར་དོ་ལ་རང་གར་འཛིན་པ་སྤངས་ཏེ་ཕྱོགས་བཅུ་སྤྲུལ་པའི་ཞིང་ཡིད་ལ་བྱས་ནས་དར་འགྲོ་བའི་འདུན་པ་དྲག་པོ་སྐྱེས་པའི་མོད་ལ་ཞིང་དེར་པདྨ་ལ་བརྫུས་ཏེ་སྐྱེ་བ་ཡིན་ཏེ་ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མལ། །བར་མ་དོ་ཉིད་སྣང་འགྱུར་རམ། །འོན་ཏེ་མི་སྣང་བའམ་ཅི། །སྟོན་པས་གསུངས་པ་དེ་སྣང་སྟེ། །རང་གར་འཛིན་པའི་བག་ཆགས་ཟད། །


JL01_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ། །བར་དོ་མེད་པར་སངས་རྒྱས་རྙེད། །ཅེས་སོ། །དེའི་ཞིར་ཁམས་ཀྱི་བཀོད་པ་ནི་འོག་ཏུ་འཆད་ལ། རང་བཞིན་སྤྲུལ་པར་སྐྱེས་ཚད་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པར་འགྱུར་བས་རང་སྣང་གི་སྟོན་པ་ལོངས་སྤྱོད་རྫོགས་པ་ལ་ཆོས་ཉན་པས་བདེན་པ་མཐོང་སྟེ་བར་དོ་མེད་པར་གདོད་མའི་ཞིང་དུ་སངས་རྒྱ་བར་འགྱུར་རོ། །ཡོན་ཏན་རིན་པོ་ཆེའི་མཛོད་ལས། རང་བཞིན་རྫོགས་པ་ཆེན་པོའི་ལམ་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གཉིས་པའི་འགྲེལ་པའོ།། །།


previousརང་བཞིན་རྫོགས་པ་ཆེན་པོའི་ལམ་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གཉིས་པའི་འགྲེལ་པ།next