Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


  collapse section
   
   
   
   
   
   
མཚན་ཉིད་ངེས་པའི་སླད་དུ་བསྟན་བྱ་དམ་པའི་ཆོས་ཀྱི་རྣམ་པ་སྤྱི་དང་བྱེ་བྲག་པ་མདོ་ཙམ་སྨོས་པའི་རབ་ཏུ་བྱེད་པ་སྟེ་སྐབས་དྲུག་པ།
   
   
   
  expand section


 
previousམཚན་ཉིད་ངེས་པའི་སླད་དུ་བསྟན་བྱ་དམ་པའི་ཆོས་ཀྱི་རྣམ་པ་སྤྱི་དང་བྱེ་བྲག་པ་མདོ་ཙམ་སྨོས་པའི་རབ་ཏུ་བྱེད་པ་སྟེ་སྐབས་དྲུག་པ།next

མཚན་ཉིད་ངེས་པའི་སླད་དུ་བསྟན་བྱ་དམ་པའི་ཆོས་ཀྱི་རྣམ་པ་སྤྱི་དང་བྱེ་བྲག་པ་མདོ་ཙམ་སྨོས་པའི་རབ་ཏུ་བྱེད་པ་སྟེ་སྐབས་དྲུག་པ།


JL02_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་དྲུག་པ་ཆེད་དུ་བྱ་བ་དམ་པའི་ཆོས་ཀྱི་རྣམ་པར་གཞག་པ་ལ། ཆོས་ཀྱི་སྒྲ་འཇུག་པའི་ཡུལ་སྦྱར་བཤད་པ་དང་། དེ་ལས་དམ་པའི་ཆོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལའང་གཉིས་ལས་སྒྲའི་དོན་བཤད་པ་ནི། ལེགས་པར་སྦྱར་བའི་སྐད་དུ་དྷརྨ་ཞེས་བྱུང་སྟེ། དེ་ནི་ཊུ་དྷྲྀ྅་འཛིན་པ་ལའོ་ཞེས་བྱ་བའི་བྱིངས་ལས་སྐྱེས་པའི་ཕྱིར་འཛིན་བྱེད་ཀྱི་དོན་ལ་འཇུག་གོ །གང་འཛིན་ན། ཤེས་བྱ་ཐམས་ཅད་པའི་རང་དང་སྤྱིའི་མཚན་ཉིད་རྣམས་འཛིན་པས་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་རང་རང་གི་མཚན་ཉིད་གང་ཡིན་པ་དེ་དང་དེར་འཛིན་པར་བྱེད་པ་སྟེ། འདི་ལྟར་གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བར་འཛིན་པར་བྱེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་ཆོས་ཐམས་ཅད་མངོན་སུམ་དུ་བྱེད་དོ། །ཞེས་བྱ་བ་ལྟ་བུའི་བར་གྱི་མཚན་ཉིད་ཐམས་ཅད་འཛིན་པར་བྱེད་དོ། །དེ་བཞིན་དུ་འདུས་བྱས་ཀྱི་མཚན་ཉིད་མི་རྟག་པར་འཛིན་པ་ནས། ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བ། ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ཁས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ལྟ་བུའི་མཚན་ཉིད་ཐམས་ཅད་འཛིན་པར་བྱེད་པས་ན། ཆོས་ཞེས་བྱ་བའི་ངེས་ཚིག་ནི་འཛིན་པར་བྱེད་པའི་དོན་དུ་གཟུང་ངོ། །གཉིས་པ་དབྱེ་བ་ནི། རྣམ་བཤད་རིགས་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་དེ་ལྟ་བུའི་སྒྲ་འཇུག་པའི་ཡུལ་རྣམ་པ་བཅུར་བསྟན་པའོ། །ཇི་ལྟར་འཇུག་ན་ཤེས་བྱ་ལ་འཇུག་པ་ནི། དཔེར་ན་ཆོས་གང་ལ་འདུས་བྱས་སམ་འདུས་མ་བྱས་ཞེས་བྱ་བ་ལྟ་བུ་སྟེ་ཤེས་བྱའི་ཆོས་སུ་གཏོགས་པ་རྣམ་པ་ཐམས་ཅད་པ་ལ་མཁས་པར་བྱ་བ་ནས། ཆོས་ལུགས་ལ་འཇུག་པ་ལུགས་ཀྱི་ཆོས་ཡུལ་ཆོས་དང་རིགས་ཆོས་ཞེས་བྱ་བ་ལྟ་བུ་གང་ཡིན་པ་དེ་དང་དེའི་རྗེས་སུ་མཐུན་པར་བྱ་བ་ཉིད་ཀྱི་བར་སྔོན་གྱི་མཁས་པ་རྣམས་ཀྱིས་བཀྲལ་བ་བཞིན་ནོ། །གཉིས་པ་དམ་པའི་ཆོས་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ། མཚན་ཉིད་དང་། སྒྲ་དོན་དང་། རབ་ཏུ་དབྱེ་བ་གསུམ་མོ། །དང་པོ་


JL02_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ནི། རྣམ་བཤད་རིགས་པའི་བཅུ་པོ་དེ་ལས། བསོད་ནམས་དང་། ལམ་དང་། མྱ་ངན་ལས་འདས་པ་གསུམ་བརྗོད་བྱའི་དོན་ཉིད་དུ་བཟུང་ནས། གསུང་རབ་ནི་རྗོད་བྱེད་ཀྱི་ཚིག་ཏུ་བྱས་པ་དམ་པའི་ཆོས། གང་ལ་དམིགས་ནས་སྲིད་པའི་སྡུག་བསྔལ་རྒྱུ་དང་བཅས་པ་མཐར་འབྱིན་པར་བྱེད་པ་ཐགས་སུ་གྱུར་བ་གང་ཡིན་པའོ། །དེ་ལའང་བརྗོད་བྱ་དང་རྗོད་བྱེད་ཀྱི་མཚན་ཉིད་ལ་ལྟོས་ནས་ལུང་དང་རྟོགས་པའི་དམ་ཆོས་གཉིས་སུ་གནས་པ་སྟེ། །མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ནི། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་སོ། །དེ་ལ་ལུང་གི་ཆོས་ནི་རྟོགས་པའི་དོན་ལ་འཇུག་པར་བྱེད་པ་བརྗོད་བྱ་ཕུན་སུམ་ཚོགས་པའི་དམ་ཆོས་ཏེ། དེ་ལའང་འཇིག་རྟེན་པའི་མངོན་བརྗོད་དང་། འཇིག་རྟེན་ལས་འདས་པའི་མངོན་བརྗོད་མིང་གི་རྣམ་པ་ཐ་དད་དུ་དབྱེ་བའང་བྱུང་སྟེ། སྔ་མ་ནི་བརྟག་པ་བརྒྱད་ལ་སོགས་པའི་གཏམ་སྣ་ཚོགས་པ་སྟེ་འཁོར་བ་དང་ཆོས་མཐུན་པས་དེ་སྐད་ཅེས་བྱ་སྟེ། ཤེས་རབ་བརྒྱ་བ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་བ་གམ་ན་ཡོད། །ཅེས་པ་ལྟར་དངོས་སུ་མངོན་པར་མཐོ་བའི་རྒྱུའི་གཙོ་བོ་ལས་མ་སྨོས་ཀྱང་། བརྒྱུད་ནས་རྟོགས་པའི་ཆོས་ལ་འཇུག་པའི་དབང་གིས་སོ། །ཕྱི་མ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ། ཆོས་ཉིད་རྟོགས་པར་བྱེད་པའི་རྒྱུ་མཐུན་ནམ། ཆོས་དབྱིངས་རྟོགས་པར་བྱེད་པའི་རྒྱུ་མཐུན་ལས་བྱུང་བས་དེ་སྐད་ཅེས་བྱ་སྟེ། མྱ་ངན་ལས་འདས་པའི་མདོ་ལས། ཆུ་བོ་ཆེན་པོ་རྒྱ་མཚོར་བབ། འབབ། གཞོལ་བ་དེ་བཞིན་དུ། ཆོས་ཐམས་ཅད་མྱ་ངན་ལས་འདས་པར་བབ་། འབབ། གཞོལ་ཞེས་གསུངས་སོ། །དེའི་འབྲས་བུ་རྟོགས་པའི་དམ་པའི་ཆོས་དེ་ལའང་། གང་འདོད་ཆགས་དང་བྲལ་བར་གྱུར་བ་དང་། གང་གིས་འདོད་ཆགས་དང་བྲལ་བར་བྱེད་པའི་མཚན་ཉིད་ཀྱི་དབྱེ་བ་རྣམ་པ་གཉིས་སུ་གནས་ཏེ། མགོན་པོ་བྱམས་པས། གང་ཞིག་གང་གིས་


JL02_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་དངོས། །ཆགས་བྲལ་ཉིད་ཀྱི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་འགོག་པའི་བདེན་པའི་དམ་པའི་ཆོས་དང་། ལམ་གྱི་བདེན་པའི་ཚེས་རྣམ་པ་གཉིས་ཕན་ཚུན་འབྲས་བུ་དང་། བྱ་བའི་རང་བཞིན་དུ་གནས་པའོ། །གཉིས་པ་སྒྲ་དོན་སྤྱིར་བཤད་པ་ནི། ལེགས་པར་སྦྱར་བའི་སྐད་དུ་སདྡྷརྨ་ཞེས་འབྱུང་བ་གངས་ཅན་པའི་སྐད་ལ་དམ་པའི་ཆོས་ཞེས་བྱ་སྟེ། དེ་ལ་དམ་པ་ནི། སྟོང་པ་བདེན་པར་གསུང་བ་ཡིན་ལ། ཆོས་ནི་དེས་གསུངས་པ་ཡིན་པའི་ཕྱིར་དམ་པའི་ཆོས་ཞེས་པའོ། །གཞི་མཐུན་པར་སྨྲ་ན་དམ་པ་ནི་མཆོག་ཏུ་གྱུར་བ་ཡིན་ལ་ཆོས་ཀྱང་དེའི་རང་བཞིན་ཡིན་པས་སོ། །བྱེ་བྲག་ཏུ་བཤད་ན། སུ་བྷཱ་ཥི་ཏ་ཞེས་པ་ལེགས་པར་གསུངས་པ་སྟེ། ཇི་ལྟ་བུས་ལེགས་པར་གསུངས་ན། ཚིག་དང་དོན་ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པའི་ཕྱིར་མདོ་ལས་བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་རང་གི་རིག་པར་བྱའོ། །ཞེས་མྱ་ངན་ལས་འདས་པའི་གོ་འཕང་དམ་པར་སྦྱོར་བས་ཡང་དག་པར་གསུངས་པ། དེའི་དོན་ཇི་བཞིན་པར་མཐོང་བས་ཡང་དག་པར་མཐོང་བ། ཉོན་མོངས་པ་བག་ལ་ཉལ་གྱི་གཉེན་པོར་གྱུར་བས་ནད་མེད་པ། དུས་ཐམས་ཅད་དུ་བྱ་སླ་བའམ། ཡོངས་སུ་ཉམས་པ་མེད་པའི་ཕྱིར་དུས་ཆད་པ་མེད་པ། སྡུག་བསྔལ་རྒྱ་མཚོ་ལས་ངེས་པར་འབྱུང་བ་ཉེ་བར་གཏེད་པའི་ཕྱིར་ཉེ་བར་གཏོད་པ། དྲང་སྲོང་ཆེན་པོ་རྒྱས་པ་དང་གྲོག་མཁར་བ་ལ་སོགས་པས་བྱས་པའི་གཞུང་མཐར་ཐུག་སྙིང་པོ་མེད་པ་དེ་དག་དང་ཐུན་མོང་མ་ཡིན་པས་འདི་མཐོང་བ་ལ་དོན་ཡོད་པ། རྟོག་གེས་བརྟག་པར་མི་ནུས་པའི་ཕྱིར་མཁས་པ་རྣམས་ཀྱིས་རང་གི་རིག་པར་བྱའོ། །དེ་དག་གི་དོན་ཡང་བདག་ཅག་གི་སྟོན་པའི་ལུགས་ཀྱི་སེམས་ཅན་གྱི་ཁམས་འདོད་ཆགས་བདོ་


JL02_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཞེ་སྡང་བདོ་བ་དང་། གཏི་མུག་བདོ་བ་དང་། ང་རྒྱལ་བདོ་བ་དང་། ཕྲག་དོག་བདོ་བ་དང་། ཐམས་ཅད་བདོ་བ་རྣམས་འདུལ་བའི་ཐབས་དང་ཡོན་ཏན་ཡང་དག་པར་བསྟན་པ་ཁོ་ན་ཡིན་ཏེ། ཕྱི་རོལ་བ་དག་གི་འདུལ་བ་ནི་ཉེས་པར་བསྟན་པ་ཉིད་ཀྱིས་ལེགས་པར་གསུངས་པ་མ་ཡིན་པ་དང་། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་མི་འགྱུར་བ་ཉིད་ཀྱིས་ངེས་པར་འབྱུང་བ་མ་ཡིན་པ་དང་། འདུས་པ་དང་མི་ལྡན་པ་ཉིད་ཀྱིས་མཐུན་པ་མ་ཡིན་པ་དང་། སྟོན་པ་དེ་བཞིན་གཤེགས་པ་ལ་སོགས་པ་མ་ཡིན་པ་ཉིད་ཀྱིས་བསྟན་པ་མེད་པའོ། །དེའི་ཕྱིར། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་ལེགས་པར་བསྟན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། བསྟན་པ་ཡོད་པ་ཞེས་ཁྱད་པར་གྱི་ཆོས་བགྲངས་པ་ཡིན་ནོ། །དེ་ལས་གཞན་དུ་གྱུར་བ་དག་གི་ནི་སློབ་དཔོན་དབྱིག་གཉེན་གྱིས། ཚིག་འབྲུ་བཟང་མིན་དོན་བཟང་མིན། །གྲོལ་དང་རིག་པའི་ཐབས་མ་ཡིན། །སྔ་མ་ཕྱི་མ་འགལ་བ་ཡིན། །དེ་བཞིན་བསྡུ་བ་བཞི་དང་ནི། །བསྟན་པ་བཞི་དག་སྤངས་པ་དང་། །སྟོན་པའང་སྟོན་པའི་མཚན་ཉིད་མེད། །དེ་ལྟར་གཞན་གྱི་བསྟན་བཅོས་དང་། །སློབ་མ་བསྟན་པ་སྐྱོན་ཅན་ཡིན། །ཞེས་པས་གང་གི་སྟོན་པའི་སྟོན་པ་དང་། དེས་བསྟན་པའི་ཆོས་ཀྱི་ཡོན་ཏན་གཞན་ལས་ཁྱད་པར་ཕྱེ་བའོ། །གསུམ་པ་རབ་ཏུ་དབྱེ་བ་ལ་ལྔ་སྟེ། བརྗོད་བྱ་དང་། རྗོད་བྱེད་དང་། གཉེན་པོ་དང་། གདུལ་བྱ་དང་། བདག་རྐྱེན་གྱི་སྒོ་སོ་སོ་ནས་དབྱེ་བའོ། །དང་པོ་བརྗོད་བྱའི་སྒོ་ནས་དབྱེ་ན། བདེན་པ་གཉིས་ཏེ། རྩ་ཤེ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བསྟེན། །ཞེས་སོ། །དེ་ཉིད་ཀྱང་མདོར་བསྡུས་ན། དྲང་ངེས་ཀྱི་ངོ་བོར་གནས་པ་ཡིན་ཏེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པར། ཀུན་རྫོབ་སྒྲུབ་པ་སྟོན་པ་ནི་དྲང་བའི་དོན་ཏོ། །དོན་དམ་སྒྲུབ་པ་སྟོན་པ་ནི་ངེས་པའི་དོན་ཏོ། །ཞེས་སོ།


JL02_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བརྗོད་བྱེད་ཀྱི་སྒོ་ནས་དབྱེན་གསུང་རབ་ཡན་ལག་བཅུ་གཉིས་ཏེ། བརྒྱད་སྟོང་འགྲེལ་བ་སྙིང་པོ་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་པས་མདོའི་སྡེ་ནི་ཚིག་བཅད་ལྷུག་གི་མདོ་མདོར་སྨོས་ནས། རྣམ་པར་གཞག་སླ་བ་དང་། བཤད་སླ་བ་དང་། གཟུང་སླ་བ་དང་། ཆོས་ལ་གུས་པས་ཚོགས་རྫོགས་པར་བྱེད་པ་དང་། ཆོས་ཉིད་རྒྱུད་དུ་རྟོགས་པར་འགྱུར་བ་དང་། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང་། འབེལ་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་པ་དང་། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའི་ཕན་ཡོན་བཅུ་གཟིགས་ནས་མདོར་གསུངས་པའོ། །དབྱངས་ཀྱིས་བསྙད་པའི་སྡེ་ནི། བཤད་བྱ་དེ་ཉིད་ཀྱི་བར་དང་མཐའ་མ་ངག་ཏུ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པའམ། བརྟག་པར་བྱ་བའི་གནས་གཞན་ད་དུང་ཡོད་པས་དྲང་བའི་དོན་དུ་གསུང་བའི་མདོ་སྡེ་གང་ཡིན་པའོ། །ལུང་དུ་བསྟན་པའི་སྡེ་ནི། འདས་པ་དང་མ་འོངས་པ་ལ་སོགས་པ་བྱུང་དང་འབྱུང་འགྱུར་རྣམས་ལུང་དུ་སྟོན་པ་གཙོ་བོར་སྨོས་པའམ། དགོངས་པ་རྣམ་པར་ཕྱེ་ནས་ལུང་སྟོན་པར་བྱེད་པ་ངེས་པའི་དོན་དུ་གསུང་བ་གང་ཡིན་པ་རྣམས་སོ། །ཚིགས་སུ་བཅད་པའི་སྡེ་ནི། །གང་ཞིག་རྐང་པ་གཉིས་པའམ་གསུམ་པ་ལ་སོགས་ཏེ་རྐང་པ་དྲུག་པའི་བར་དུ་ཚིགས་སུ་བཅད་པར་བསྡེབས་ནས་གསུངས་པ་གང་ཡིན་པ་རྣམས་སོ། །ཆེད་དུ་བརྗོད་པའི་སྡེ་ནི། གཞན་གྱིས་ཞུ་བ་ལ་མ་ལྟོས་པར་བསྟན་པ་གནས་པ་འབའ་ཞིག་གི་ཕྱིར། བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ་དགེ་སློང་གི་དགེ་འདུན་རྣམས་ལ་


JL02_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་པ་ལྟ་བུའོ། །གླེང་གཞིའི་སྡེ་ནི། འགའ་དང་འགའ་ལ་ཆེད་དུ་གསུངས་པའམ། གཞི་འདི་དང་། སྐབས་འདི་དང་། བྱུང་བ་འདིའི་ཚེ་བསླབ་པ་འདི་ལྟར་བཅས་པ་ལྟ་བུ་ལ་བྱ་སྟེ། སྒྲ་སྦྱོར་བ་མ་པོ་གཉིས་པ་ལས། མདོ་སྡེ་དང་འདུལ་བ་ལ་སོགས་པ་ཐོག་མ་ཅི་ལས་བྱུང་གླེངས་ཏེ་བཤད་པ་དང་། ཞེས་པ་ལ་སོགས་པས་མཚོན་ཏོ། །རྟོགས་པ་བརྗོད་པའི་སྡེ་ནི། ཉན་པ་པོས་དོན་དཔྱིས་ཕྱིན་པར་གོ་ཞིང་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར་སྔོན་རབས་ཀྱི་གཏམ་རྒྱུད་གཞན་ལས་བརྩམས་པའི་དཔེས་ཆོས་ཀྱི་དོན་གསལ་བར་སྟོན་པ་རྣམས་སོ། །སྐྱེས་པ་རབས་ཀྱི་སྡེ་ནི། བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལ་ཞུགས་པའི་ཚེ། །གང་དང་གང་དུ་སྐྱེ་བའི་མྱུ་གུ་བཟུང་བ་དང་། དཀའ་ཐུབ་ཀྱི་སྤྱོད་པ་ཅི་དང་ཅི་མཛད་པ་སྟོན་པ་རྣམས་སོ། །ཤིན་ཏུ་རྒྱས་པའི་སྡེ་ནི། སྐྱེས་བུ་ཆེན་པོའི་ལམ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཤིན་ཏུ་རྒྱ་ཆེ་བ་དང་། ཟབ་པའི་རྣམ་པར་སྟོན་པ་རྣམས་སོ། །རྨད་དུ་བྱུང་བའི་སྡེ་ནི། གང་ལས་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། རྫོགས་པའི་སངས་རྒྱས་རྣམས་ཀྱི་མཁྱེན་པ་དང་རྫུ་འཕྲུལ་དང་། བྱིན་རླབས་ལ་སོགས་པ་ངོ་མཚར་རྨད་དུ་བྱུང་བར་སྟོན་པའི་ཆོས་རྣམས་སོ། །གཏན་ལ་དབབ་པའི་སྡེ་ནི། ཆོས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་ཀྱིས་གཏན་ལ་འབེབས་པའི་སྒོ་ནས་མདོ་སྡེ་ལ་སོགས་པའི་དོན་ཡང་དག་པར་བསྟན་པ་རྣམས་སོ། །གསུམ་པ་གཉེན་པོའི་སྒོ་ནས་དབྱེ་ན་སྡེ་སྣོད་གསུམ་སྟེ། །སྤྱིའི་ངེས་ཚིག་དང་། སོ་སོའི་རང་བཞིན་དང་། སྡེ་སྣོད་གསུམ་དུ་འཇོག་པའི་རྒྱུ་མཚན་ནོ། །དང་པོ་ནི། ལེགས་སྦྱར་གྱི་སྐད་དུ་པི་ཊ་ཀ་ཞེས་འབྱུང་ངོ། །དེ་ཉིད་བསྒྱུར་ན་གོང་བུའམ། བསྡུས་པའི་དོན་ལ་འཇུག་སྟེ། ཤེས་པར་བྱ་བའི་ཆོས་སམ། བསླབ་པར་བྱ་བའི་ཆོས་ཐམས་ཅད་བརྗོད་བྱ་འདི་ཉིད་དུ་བསྡུས་པའི་ཕྱིར་


JL02_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་སྣོད་དང་། དཔེར་ན་གྲོང་ཁྱེར་མ་ག་དྷཱའི་བོ་ཆེ་རི་ནང་དུ། བྲེའུ་ཆུང་མང་པོ་འདུས་པའམ། ཆུད་པའི་དོན་གྱིས་སྣོད་དུ་མིང་ཞེས་འགྲུབ་པ་ལྟར། སྡེ་སྣོད་གསུམ་པོ་འདིར་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་དང་ཚིག་གི་ཚོགས་མ་འདུས་པ་མེད་པས་སྡེ་སྣོད་ཅེས་བྱའོ། །དེ་སྐད་དུ་རྟེན་དང་བརྟེན་པ་ལ་སྦྱར་ན། སློབ་དཔོན་ཐོགས་མེད་ཀྱིས། ཡང་ན་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱི་ཆོས་ནས་སྐུ་དང་ཡེ་ཤེས་ལ་སོགས་པའི་བར་གྱི་ཤེས་པར་བྱ་བའི་དོན་ཐམས་ཅད་འདུས་པས་དེའི་ཕྱིར་སྡེ་སྣོད་ཅེས་བྱའོ། །ཞེས་གསུངས་སོ། །ཇི་ལྟར་བསྡུ་ན། དང་པོ་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དང་། བར་པ་གསུམ་ཉན་ཐོས་ཀྱི་འདུལ་བ་སྟེ། དེའི་ཡང་གླེང་གཞིའི་སྡེ་ནི་ལྟུང་བ་བསླབ་བྱ་དང་བཅས་པ་སྟོན་པའི་ཕྱིར་ན་གཙོ་བོའི་ཚུལ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་ནི་དེའི་གྲོགས་སུ་གྱུར་བ་ཡིན་པས་འཁོར་གྱི་ཚུལ་དུ་འདོད་པའོ། །ཐ་མ་བཞི་ལས། སྐྱེས་པོ་རབས་ཀྱི་སྡེས་བྱང་ཆུབ་སེམས་དཔའི་འདུལ་བའི་སྡེ་སྣོད་ཀྱི་འཁོར་དང་། ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་གཉིས་ཀྱིས་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དང་། གཏན་ལ་དབབ་པའི་སྡེ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉིས་ཀའི་ཐུན་མོང་དུ་གྱུར་བ་ཆོས་མངོན་པའི་སྡེ་སྣོད་དུ་བཞག་པ་ཡིན་ལ། རང་སངས་རྒྱས་ལ་ནི་སྡེ་སྣོད་ལོགས་སུ་གྱུར་བ་མེད་དེ་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་པ་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་ལ། མཚན་ཉིད་དང་། མཚན་གཞི་དང་། ངེས་པའི་ཚིག་གསུམ་ལས། དང་པོ་མདོ་སྡེའི་སྡེ་སྣོད་ཀྱི་མཚན་ཉིད་ནི། ལྷག་པ་སེམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་གྱུར་བའི་གསུང་རབ་ཀྱི་རིགས་སུ་གཏོགས་པའོ། །གཉིས་པ་མཚན་གཞི་ནི། ཤེས་ཕྱིན་སྟོང་ཕྲག་བརྒྱ་བ་ལ་སོགས་པ་རྣམས་སོ། །གསུམ་པ་ངེས་ཚིག་ནི། ལེགས་པར་སྦྱར་བའི་སྐད་དུ་སུ་ཏྲ་ཞེས་བོད་སྐད་དུ་མདོར་སྨོས་པ་སྟེ། མདོ་སྡེ་རྒྱན་ལས། གནས་


JL02_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་པ་ལྟར། གཡུལ་གང་དུ་བཤད་པ་དང་། གང་གིས་བཤེད་པ་དང་། གང་གི་ཕྱིར་གསུངས་པ་རྣམས་སྨོས་པའི་ཕྱིར་གནས་དང་། བདེན་པ་གཉིས་ཀྱི་མཚན་ཉིད་སྨོས་པའི་ཕྱིར་མཚན་ཉིད་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་སྨོས་པའི་ཕྱིར་ཆོས་དང་། དེ་རྣམས་ཀྱི་དགོངས་པའི་དོན་སྨོས་པའི་ཕྱིར་དོན་ཏེ་ཐམས་ཅད་ཚོགས་པའི་ཚུལ་དུ་གསུངས་པའི་ཕྱིར་མདོ་ཞེས་བྱ་ལ། དེ་དག་སྟོན་པར་བྱེད་པའི་གསུང་རབ་ཀྱི་ཚོགས་སུ་གྱུར་བའི་ཕྱིར་སྡེ་ཞེས་བྱ་བ་ཡིན་ནོ། །གཉིས་པ་མངོན་པའི་སྡེ་སྣོད་ལའང་གསུམ། དང་པོ་མཚན་ཉིད་ནི། ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྨོས་པའི་རིགས་སུ་གཏོགས་པའོ། །གཉིས་པ་མཚན་གཞི་ནི། མངོན་བསྡེ་བདུན་ལ་སོགས་པ་རྣམས་སོ། །གསུམ་པ་ངེས་ཚིག་ནི། ལེགས་པར་སྦྱར་བའི་སྐད་དུ་ཨ་བྷི་ཞེས་འབྱུང་སྟེ། ཨ་བྷི་མུ་ཁྱ་ཞེས་མངོན་དུ་ཕྱོགས་པ་དང་། ཨ་བྷི་ཀྵཎ་ཞེས་པ་ཡང་ཡང་དང་། ཨ་བྷི་བྷུ་ཞེས་པ་ཟིལ་གནོན་དང་། ཨ་བྷི་ས་མ་ཡ་ཞེས་པ་རྟོགས་པ་སྟེ། རྒྱན་ལས། མངོན་དུ་ཕྱིར་དང་ལང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་པས་ཞི་བ་དམ་པ་མྱང་འདས་ལ་མངོན་དུ་ཕྱོགས་པའི་ཆོས་བྱང་ཕྱོགས་དང་མཐུན་པ་དང་། རྣམ་པར་ཐར་བའི་སྒོ་ལ་སོགས་པ་སྟོན་པས་མངོན་དུ་བ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རེ་རེ་ལའང་བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་ལ་སོགས་པའི་བྱེ་བྲག་མང་པོ་ཡང་དང་ཡང་དུ་སྟོན་པའི་ཕྱིར་ཡང་ཡང་དང་། བརྩད་པ་དང་བརྩད་བྱའི་གཞི་ལ་སོགས་པ་སྨྲ་བ་ལ་རྣམ་པར་ངེས་པས་ཕས་རྒོལ་ཟིལ་གྱིས་གནོན་པའི་ཕྱིར་ཟིལ་གནོན་དང་། ཇི་སྙེད་པའི་མདོ་སྡེའི་ཤེས་བྱའི་དོན་ནོར་བ་མེད་པར་རྟོགས་པའི་རྒྱུར་འགྱུར་བའི་ཕྱིར་རྟོགས་པ་སྡེ་རྣམ་པ་བཞི་པོ་དེ་དག་གི་དོན་ལ་འཇུག་པས་མངོན་པའི་སྡེ་སྣོད་ཡིན་ནོ། །གསུམ་པ་འདུལ་བའི་སྡེ་སྣོད་ལའང་དང་པོ་མཚན་ཉིད་ནི། ལྷག་པ་


JL02_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་གྱུར་བའི་གསུང་རབ་ཀྱི་རིགས་སུ་གཏོགས་པའོ། །གཉིས་པ་མཚན་གཞི་ནི་ལུང་སྡེ་བཞི་ཡ་སོགས་པའོ། །གསུམ་པ་ངེས་ཚིག་ནི་འདུལ་བ་ལ་ལེགས་པར་སྦྱར་བའི་སྐད་དུ་བིན་ཡ་ཞེས་པ་འབྱུང་གིས། བི་བརྟི་རྣམ་པར་ལྟུང་བ་དང་། པི་ནིཤྩ་ཡ་རྣམ་པར་ངེས་པ་སྟེ། །རྒྱན་ལས། ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་བ་གང་ཟག་དང་། །བཅས་པ་དང་ནི་རབ་བྱེད་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་ལྟུང་བ་པས་ཕམ་པ་དང་། དགེ་འདུན་ལྷག་མ་དང་། ཉེས་པ་སྦོམ་པོ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པ་སྟེ་ལྟུང་བ་རིགས་ལྔའོ། །དེ་དག་གང་ལས་འབྱུང་བའི་རྒྱུ་ནི། ཐོགས་མེད་ཀྱིས། ལྟུང་བ་འབྱུང་བའི་སྒོ་ནི་མི་ཤེས་པ་ལ་སོགས་པ་བཞིར་བཤད་དོ། །ལྟུང་བ་ལས་ལྡང་བའི་ཐབས་ནི། ཕྱིན་ཆད་མི་བྱ་བའི་སྡོམ་སེམས་ཀྱིས་ལྡང་བའོ། །ལྟུང་བ་ལས་ངེས་པར་འབྱུང་བའི་ཐབས་ནི། སོ་སོ་བཤགས་པ་ལ་སོགས་དེའི་གཉེན་པོ་བདུན་སྟོན་པས་ངེས་པར་འབྱུང་བ་སྟེ། ཆོས་རྣམ་པ་བཞི་སྟོན་པས་འདུལ་བ་ཡིན་ལ། གཞན་ཡང་གང་ལ་བརྟེན་ནས་བསླབ་པའི་ཚིགས་བཅའ་བའི་གང་ཟག་དང་། གང་ཟག་གི་ཉེས་པ་གསོལ་ནས་སྟོན་པས་དགེ་འདུན་བསླབ་པ་བཅས་པ་དང་། དེ་མདོར་བསྟན་པ་ལས་རབ་ཏུ་དབྱེ་བ་དང་། ལྟུང་བ་དང་ལྟུང་བ་མ་ཡིན་པ་རྣམ་པར་ངེས་པ་སྟེ་རྣམ་གྲངས་བཞིར་འབྱུང་བའི་ཕྱིར་ཡང་འདུལ་བ་ཡིན་ནོ། །གསུམ་པ་སྡེ་སྣོད་གསུམ་དུ་འཇོག་པའི་རྒྱུ་མཚན་ནི། རྒྱུ་རྣམ་པ་དགུ་སྟེ། འདི་ལྟར་སྤང་བྱ་གསུམ་ཡིན་པ་དང་། བསླབ་བྱ་གསུམ་ཡིན་པ་དང་། ཤེས་བྱ་གསུམ་ཡིན་པའོ། །དང་པོ་སྤང་བྱ་ཉོན་མོངས་པ་གསུམ་གྱི་གཉེན་པོར་སྡེ་སྣོད་གསུམ་དུ་གཞག་པ་ནི། འདི་ལྟར་ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་སྙིང་པོར་མདོ་སྡེ་སྣོད་རྣམ་པར་བཞག་སྟེ། མདོ་སྡེ་གང་ལས་ཕུང་ཁམས་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་འབྱུང་དང་། ས་དང་ཕ་རོལ་རྒྱུ་ཕྱིན་པའི་དོན་གང་ལ་ཡིད་གཉིས་སུ་གྱུར་བ་དེ་ལ་གདོན་མི་


JL02_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བར་བྱ་བའི་ཆེད་དུ་བཤད་དོ། །འདོད་པ་བསོད་སྙོམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་གཉིས་ལ་སྦྱོར་བའི་གཉེན་པོར་འདུལ་བའི་སྡེ་སྣོད་རྣམ་པར་བཞག་སྟེ། ཚོགས་དང་རྩོལ་བས་བྱས་ཤིང་། སྲེད་པས་ཀུན་ནས་བསླངས་པའི་གསོག་འཇོག་ཁ་ན་མ་ཐོ་བ་བཀག་པ་འདོད་པའི་བསོད་སྙོམས་ཀྱི་མཐའ་སྤོང་བ་དང་། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡང་དག་པ་དང་ལྡན་པའི་དགེ་སློང་གིས་ཁ་ན་མ་ཐོ་བ་མ་ཡིན་པའི་ཡོངས་སུ་སྤྱད་པ་ལྷག་པར་རྙེད་ན་ཁ་ཟས་རོ་བརྒྱ་བ་དང་། ཁང་བརྩེགས་མིག་ལྔ་བརྒྱ་པའང་ཞེན་མེད་དུ་སྤྱོད་པར་གནང་བ་ངལ་ཞིང་དུབ་པའི་མཐའ་སྤོང་བར་སྟོན་པ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པ་ལ་ནི་ངས་ཁ་ཟས་རོ་བརྒྱ་དང་ལྡན་པ་དང་། གོས་འབུམ་རི་བའང་གནང་ངོ་ཞེས་པས་སོ། །རང་གི་ལྟ་བ་ལ་མཆོག་ཏུ་འཛིན་པའི་གཉེན་པོར་མངོན་པའི་སྡེ་སྣོད་རྣམ་པར་བཞག་སྟེ། ཆོས་ཐམས་ཅད་ཀྱི་མ་མོ་གང་གིས་ཤེས་བྱ་མ་ལུས་པའི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་ནས་རྒྱ་ཆེར་སྟོན་པའི་ཕྱིར་རོ། །གཉིས་པ་བསླབ་པར་བྱ་བ་རྣམ་པར་བྱང་བའི་ལམ་གསུམ་གྱི་དབང་གིས་སྡེ་སྣོད་གསུམ་དུ་རྣམ་པར་བཞག་སྟེ། འདི་ལྟར་རྗོད་བྱེད་གསུམ་པོ་དེ་དག་གིས་བརྗོད་བྱ་བསླབ་པ་གསུམ་ཅི་རིགས་པར་བསྟན་པ་ནི། མདོ་སྡེའི་སྡེ་སྣོད་ཀྱིས་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་བསླབ་པ་གསུམ་གྱི་གནས་རྒྱས་པར་དབྱེ་བའི་སྒོ་ནས་གདུལ་བྱ་རྣམས་དོན་དེ་ལ་ཡང་དག་པར་སྦྱོར་རོ། །འདུལ་བའི་སྡེ་སྣོད་ཀྱིས་ནི་སོ་སོར་ཐར་བའི་སྡོམ་པའི་བསླབ་བྱ་ལ་སློབ་པའི་ཚུལ་རྒྱ་ཆེར་བསྟན་པའི་སྒོ་ནས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕུང་པོས་ཡོངས་སུ་འདོམས་པར་བྱེད་པ་དང་། །དེ་ལས་འདའ་བ་མ་ཡིན་པས་འགྱོད་པ་དང་བྲལ་བ་ལ་སོགས་པ་རིམ་གྱིས་སེམས་རྩེ་གཅིག་པ་ཐོབ་པའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་ལ་ཡང་དག་པར་སྤྱོད་པར་བྱེད་དོ། །ཆོས་མངོན་པའི་སྡེ་སྣོད་ཀྱིས་ནི་གང་བརྗོད་པར་བྱ་བའི་མཚན་ཉིད་མ་འཁྲུལ་བར་རྒྱ་ཆེར་བསྟན་པའི་སྒོ་ནས་ཆོས་རབ་ཏུ་འབྱེད་པར་བྱེད་པའི་བློ་གྲོས་དྲི་མ་སྤངས་པ་སྒྲུབ་པའི་ཕྱིར་


JL02_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་ཡང་དག་པར་སྦྱོར་བར་བྱེད་དོ། །མདོར་བསྡུ་ན། དབྱིག་གཉེན་གྱིས། མདོ་སྡེས་ནི་བསླབ་པ་གསུམ་བཤད་དོ། །འདུལ་བས་ནི་ལྷག་པ་ཚུལ་ཁྲིམས་དང་ལྷག་པའི་སེམས་བསྒྲུབ་པ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་འཐོབ་པའི་ཕྱིར་རོ། །ཆོས་མངོན་པས་ལྷག་པའི་ཤེས་རབ་བསྒྲུབ་པ་ཡིན་ཏེ། དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ། །ཞེས་བཤད་དོ། །གསུམ་པ་ཤེས་པར་བྱ་བ་གསུམ་ནི་ཆོས་དོན་བཤད་པ་དང་། ཆོས་དོན་སྒྲུབ་པ་དང་། ཆོས་དོན་འབེལ་གཏམ་གྱིས་གཏན་ལ་འབེབས་པའི་དབང་གིས་སྡེ་སྣོད་གསུམ་དུ་རྣམ་པར་གཞག་པ་སྟེ། འདི་ལྟར་མདོ་སྡེའི་སྡེ་སྣོད་ཀྱིས་ནི་རྗོད་བྱེད་མིང་ཚིག་ཡི་གེའི་མཚན་ཉིད་ཀྱི་ཆོས་དང་། བརྗོད་བྱ་ཕུང་པོ་དང་ཁམས་ལ་སོགས་པའི་མཚན་ཉིད་ཀྱི་དོན་ནམ། མཐོ་རིས་འགྲུབ་བྱེད་ཀྱི་རྒྱུ་དགེ་བ་བཅུའི་ལས་ལ་སོགས་པའི་ཆོས་དང་། མྱ་ངན་ལས་འདས་པ་འགྲུབ་པར་བྱེད་པའི་རྒྱུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་དོན་བརྗོད་པའི་སྒོ་ནས་ཚིག་དོན་ལ་བློ་བྱང་བར་བྱེད་དོ། །འདུལ་བའི་སྡེ་སྣོད་ཀྱིས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ལ་མི་སྡུག་པའི་འདུ་ཤེས་དགུ་སྒོམ་པ་ལ་སོགས་པའི་སྒོ་ནས་ཉོན་མོངས་པ་འདུལ་བ་ལ་མཆོག་ཏུ་སྤྲོ་བས་ན། གང་དུ་ཚོགས་པའི་ཆོས་ཀྱི་རྗོད་བྱེད་དང་། དེ་དག་གི་བརྗོད་དོན་མངོན་སུམ་དུ་བྱེད་པའོ། །མངོན་པའི་སྡེ་སྣོད་ཀྱིས་ནི་ཆོས་རྣམས་ཀྱི་མཚན་ཉིད་ཤིན་ཏུ་དཔྱད་བཟོད་པར་བསྒྲུབས་ནས་ཆོས་དང་དོན་རྣམས་གཞན་དུ་མི་འཁྲུལ་བ་ཉིད་དུ་ལེགས་པར་འདོམས་པར་བྱེད་དོ། །དེ་སྐད་དུའང་ཐོས་པ་མང་པོ་དབྱིག་གཉེན་གྱིས། མདོ་སྡེས་ནི་ཆོས་དང་དོན་བཤད་དོ། །འདུལ་བས་ནི་ཆོས་དང་དོན་བསྒྲུབ་པ་སྟེ། ཉོན་མོངས་པ་འདུལ་བ་ལ་རབ་ཏུ་བརྩོན་པས་དེ་གཉིས་རྟོགས་པའི་ཕྱིར་རོ། །ཆོས་མངོན་པས་ནི། འབེལ་བའི་གཏམ་རྣམ་པར་གཏན་ལ་དབབ་པ་ལ་མཁས་པ་ཞེས་བཤད་དོ། །དེ་ལྟ་བུའི་སྡེ་སྣོད་གསུམ་གྱི་ཆོས་དེ་དག་ལས་བྱུང་བའི་ཤེས་རབ་ཀྱིས་


JL02_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གྲོལ་བར་བྱེད་དོ། །ཇི་ལྟར་གྲོལ་ན། ཐོས་པའི་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་དག་གཏམ་ཆེན་པོ་ལ་རྒྱུ་མཐུན་གྱི་བག་ཚགས་འཇོག། བསམ་པའི་ཤེས་རབ་ཀྱིས་དེ་དང་དེའི་དོན་སྤྱོད་ཚུལ་དུ་རྟོགས་པར་བྱེད། སྒོམ་པའི་ཤེས་རབ་ཀྱིས་ཐོས་བསམ་གྱི་དོན་རྩེ་གཅིག་ཏུ་ཡིད་ལ་སྦྱོར་བས་ལྷག་མཐོང་གི་རྒྱུ་ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེད་པར་བྱེད། དེས་སེམས་ཀྱི་ཉོན་མོངས་བ་ཞི་བར་བྱེད་ཅིང་། ལྷག་མཐོང་གི་ཆོས་ཉིད་དོན་དམ་པའི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ནས་རྣམ་པར་གྲོལ་བར་བྱེད་དེ། མདོ་སྡེ་རྒྱན་ལས། མདོ་དང་ཆོས་མངོན་འདུ་ལ་བདག། མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ན། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ། །ཅེས་སོ། །བཞི་བ་གདུལ་བྱའི་སྒོ་ནས་དབྱེ་བ་ནི། སྡེ་སྣོད་བཞིར་སྤྲོ་བ་དང་། གཉིས་སུ་བསྡུ་བའང་ཡོད་པས་མཐའ་གཅིག་ཏུ་མི་གནས་ཏེ། དང་པོའི་དབང་གིས་སྡེ་སྣོད་བཞི་བར་བྱེད་ན། མཚན་གཞི་ནི་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་ཅེས་བྱའོ། །དེ་ལ་སློབ་དཔོན་ཨ་བྷ་ཡ་ཀ་རས་ནི་བསླབ་པ་གསུམ་ལ་སྟོན་པས་སྡེ་སྣོད་གསུམ་ཀའོ་ཞེས་དང་། སློབ་དཔོན་ཤཱནྟི་པས། ཟབ་མོའི་དོན་བསྡུས་ནས་སྟོན་པས་མདོ་སྡེའི་སྡེ་སྣོད་ཡིན་ནོ་ཞེས་གསུངས་ལ། རྡོ་རྗེ་རྣམ་པར་འཇོམས་པ་དང་། མདོ་དགོངས་པ་འདུས་པའི་མཚན་གཞིའི་དབང་དུ་བྱས་ཀྱང་དངོས་བསྟན་ཉིད་དུ་གྲུབ་མོད། འདིར་སློབ་དཔོན་ཨཱརྱ་དེ་བས་རིག་པ་འཛིན་པའི་སྡེ་སྣོད་དོ་ཞེས་ལོགས་སུ་བྱ་བ་སྡེ་སྣོད་བཞི་པར་ཕྱེ་བའི་རྗེས་སུ་འབྲངས་པ་ཡིན་ཏེ། དག་པའི་གདུལ་བྱ་ལ་གསུངས་པའི་དོན་གྱི་དང་། ཐབས་མང་བ་དང་། དཀའ་བ་ཉུང་བ་དང་། དབང་པོ་རྣོན་པོའི་སླད་དུ་གསུངས་པའི་ཕྱིར་རོ། །དེ་སྐད་དུ་ལུང་གང་གིས་སྟོན་ན། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག། བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་དང་། །རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་


JL02_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག། མ་འོངས་དུས་ན་འབྱུང་བར་འགྱུར། །ཅེས་བསྟན་པའི་ཕྱིར་རོ། །ཡང་གཉིས་སུ་བསྡུ་བའི་དབང་དུ་བྱས་ན། རྒྱན་ལས། གཉིས་ཀྱང་རུང་ཞེས་པས་གདུལ་བྱའི་གང་ཟག་ལ་སྟོས་ནས་སྡེ་སྣོད་གཉིས་སུ་བཞག་པ་སྟེ། ཉན་ཐོས་ཀྱི་སྡེ་སྡོང་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །དེ་ལ་ཉན་ཐོས་ཀྱི་སྡེ་སྣོད་ནི། །གདུལ་བྱ་བློ་དམན་པ། ལམ་རྒྱ་ཆུང་ངུ་ལ་མོས་པའི་དོན་དུའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི། །གང་ཟག་བློ་མཆོག་ཏུ་གྱུར་བ་ལམ་རྒྱ་ཆེན་པོ་ལ་མོས་པའི་དོན་དུའོ། །དེ་གཉིས་ཀྱི་ཁྱད་པར་ཡང་། སྡེ་སྣོད་ཀྱི་དབང་དུ་བྱས་ན། ཐེག་པ་དམན་པའི་ལུགས་ཀྱིས་གསུང་རབ་ཡན་ལག་བཅུ་གཉིས་དང་། བསྟན་བཅོས་མངོན་པ་སྡེ་བདུན་ལ་སོགས་པ་ཉན་ཐོས་ཀྱི་སྡེ་སྣོད་ཡིན་ལ། དེ་དག་ལམ་གྲགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕལ་པོ་ཆེ་ལ་སོགས་པ་རྒྱས་པའི་སྡེ་སྣོད་རྣམས་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ། ཕྱི་མའི་ཁྱད་པར་གྱི་ཆོས་ནི་ལང་ཀར་གཤེགས་པ་ལས། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་མཐའ་དག་འདུས། །ཞེས་སོ། །ཡང་ལམ་དང་འབྲས་བུའི་དབང་དུ་བྱས་ན། མགོན་པོ་བྱམས་པས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་ངག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་བ་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་སོ། །དེ་ལྟ་བུའི་ཁྱད་པར་གྱིས་འཕགས་པའི་ཐེག་པ་ཆེན་པོ་དེ་ལ་དབྱེ་ན། གདུལ་བྱ་དབང་པོ་རྟུལ་པོ་རྒྱུ་ལམ་དུ་བྱེད་པ་ལ་མོས་པའི་ངོར་རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་། དབང་པོ་རྣོན་པོ་འབྲས་བུ་ལམ་དུ་བྱེད་པ་ལ་མོས་པའི་ངོར་གསང་སྔགས་རྡོ་རྗེའི་ཐེག་པ་གཉིས་སུ་གསུངས་པ་སྟེ། མདོ་དགོངས་པ་འདུས་པ་ལས། འདྲེན་པའི་


JL02_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་རྣམ་གསུམ་ལ། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པས་བླང་དོར་མེད་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ཐབས་མཆོག་དཔག་གིས་མི་་ལང་བ། །ངེས་པའི་ཐེག་པ་ཡོང་མ་གསུངས། །ཞེས་སོ། །དེ་དག་ལས་འདིར་གསང་སྔགས་རྡོ་རྗེའི་ཐེག་པ་བྱེ་བྲག་ཏུ་བཤད་པ་ལ་དོན་གཉིས་ཏེ། །རྒྱུའི་ཐེག་པ་ལས་གང་གི་འཕགས་པ་དང་། ཁྱད་པར་ཅན་གྱི་གསང་སྔགས་ཉིད་བསྟན་པའོ། །དང་པོ་ལ་གཉིས་ཏེ། །གྲུབ་མཐའ་སྨྲ་བ་སྤྱིའི་འདོད་པས་མདོར་བསྟན་པ་དང་། །རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའི་བཞེད་པས་རྒྱས་པར་བཤད་པའོ། །དང་པོ་ནི་ཐེག་པ་དམན་པ་ལས་མཆོག་ཏུ་གྱུར་བའི་ཐེག་པ་ཆེན་པོའི་ནང་ནས་གཞི་མི་སྤོང་བར་ལམ་དུ་བྱེད་པའི་ཐབས་ཀྱིས་ཁྱད་པར་འཕགས་པ། །དཀའ་བ་མེད་པར་གཞན་དོན་དུ་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་འགྲུབ་པའི་ཐབས་སུ་གྱུར་བ་གང་ཡིན་པ་སྟེ། །ཚུལ་གསུམ་པའི་སྒྲོན་མེའི་ལུང་ཡོངས་སུ་གྲགས་པས་མ་སྨོས་སོ། །གཉིས་པ་ནི། མཚན་ཉིད་དུ་ལྟ་བ་སྟོང་ཉིད་སྤྲོས་བྲལ་བརྗོད་པའི་ལམ་དུ་ཚིག་གིས་མཚོན་པ་ཙམ་སྟེ། གདོད་མ་ནས་བདེན་གཉིས་དབྱེར་མེད་ལྷ་དང་སྔགས་ཀྱི་རང་བཞིན་དུ་མ་རྟོགས་ལ། སྔགས་སུ་ཀུན་རྫོབ་ཀྱང་མེད་ལ་སྣང་བ་སྤྲུལ་པ་ཙམ་དུ་ལྷར་དག་པ་སྤྱོད་ཞིང་། དོན་དམ་དབྱིངས་དར་ཡེ་ཤེས་གདོད་ནས་ལྷུན་གྲུབ་ངོ་བོ་ཉིད་མེད་པའི་རང་དུ་རྟོགས་པ་སྟེ། སྒྱུ་འཕྲུལ་ལམ་རིམ་ལས། དོན་དམ་ཀུན་རྫོབ་དབྱེར་མེད་པར། །མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། །ཞེས་སོ། །སྤྱོད་པའམ་མཚན་ཉིད་ནི་བླང་དོར་དང་བཅས་པྲ་སྟེ། སྔགས་སུ་སྣང་སྟོང་སྒྱུ་མའི་རང་བཞིན་ལྟ་དང་གཞལ་ཡས་ཁང་གི་ངང་ལས། ཚོགས་ཀྱི་འདུ་བས་ལྷ་མཆོད་པ་དང་། ཆོས་ཉིད་མཐུན་པ་དང་། ཉོན་མོངས་པ་དག་པ་ལ་སོགས་པས་འཕགས་སོ། །ཏིང་ངེ་འཛིན་ལའང་མཚན་ཉིད་དུ་ཞིག་ནས་ལ་འཇོག་པ་དང་། ལྷག་མཐོང་ལ་དཔྱད་པ་སོགས་སེམས་འཛིན་གྱི་དཀའ་བས་འབད་དགོས་པ་ཉིད་སྔགས་སུ་མཚན་བཅས་བསྐྱེད་པའི་རིམ་པས་བསོད་ནམས་ཀྱི་ཚོགས་རྫོགས་


JL02_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྤྲོས་པ་ཞི་ནས། མཚན་མེད་རྫོགས་པའི་རིམ་པས་ཡེ་ཤེས་ཀྱི་ཚོགས་ལ་སྤྱོད་ཅིང་རྩ་རླུང་གི་གནད་གནུན་པ་ཙམ་གྱིས་ཆོས་ཉིད་མ་འཁྲུལ་བ་མྱུར་དུ་སྟོན་པས་འཕགས་སོ། །རྒྱུའང་མཚན་ཉིད་དུ་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཀུན་རྫོབ་ལ་ལྟོས་ཏེ། སྔགས་སུ་དག་བྱ་རང་གནས་ཀྱི་ཡེ་ཤེས་བླང་དོར་མེད་པར་བཙན་ཐབས་སུ་ངོ་སྤྲད་ནས་བསྒོམས་པས་དོན་དམ་རྟོགས་པའི་གནད་ཀྱིས་འཕགས་སོ། །ལམ་ཡང་མཚན་ཉིད་དུ། ཚོགས་གཉིས་ལ་མཉམ་རྗེས་རེས་འཇོག་ཏུ་གྱུར་བས་བསྐལ་པའི་གྲངས་ཀྱིས་བགྲོད་བྱ་ཉིད། སྔགས་སུ་རང་བཞིན་དབྱེར་མེད་ཡེ་ཤེས་མ་འཁྲུལ་བའི་ལམ་ལ་ཞུགས་ནས་མྱུར་དུ་བགྲོད་པས་འཕགས་སོ། །འབྲས་བུའང་མཚན་ཉིད་དུ་ཕྱི་དུས་སུ་གདེང་འཆའ། སྔགས་ལ་ད་ལྟ་ལྷུན་གྲུབ་རང་གནས་སུ་འདོད་པས་འཕགས་སོ། །དེ་བཞིན་དུ་མཚན་ཉིད་ནི་སྤང་གཉེན་རིམ་པ་ཅན་གྱིས་བཅུ་གཅིག། སྔགས་སུ་འབྲས་བུ་རྣམ་དག་ཆེན་པོ་གསུམ། དུས་ལ་དགོངས་པ་ལུང་སྟོན་ལས། ཤིན་ཏུ་གྲངས་མེད་བསྐལ་པ་རུ། །སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། །སྔགས་པ་རྣམས་ཀྱིས་དུས་གཅིག་ཏུ། །ཚིག་ཅིག་རྫོགས་པའི་བྱང་ཆུབ་ཐོབ། །ཅེས་སོ། །ལོངས་སྤྱོད་ལ་མཚན་ཉིད་དུ་དཀའ་ཐུབ་སྤྱོད་ལ། །སྔགས་ནི་རྡོ་རྗེ་བཀོད་པར། ལོངས་སྤྱོད་འདོད་ཡོན་རྣམ་པ་ལྔ། །ཐབས་ལྡན་སྔགས་ལ་གྲོགས་ཀྱི་མཆོག། ཅེས་སོ། །རྣལ་འབྱོར་ལའང་། མཚན་ཉིད་དུ། མཉམ་གཞག་ནམ་མཁའ་དང་། རྗེས་ཐོབ་སྒྱུ་མར་ལམ་བྱེད་དམིགས་པ་དང་བཅས་ཏེ། སྔགས་ལ་བསམ་འདས་ལྷུན་གྲུབ་ཆེན་པོར་ལམ་དུ་བྱེད་པ་དང་། རང་གཞན་གྱི་དོན་བྱ་བ་ལའང་། མཚན་ཉིད་དུ་ཐབས་བསམ་གྱིས་མི་ཁྱབ་པའི་སྤོ་ཉུར་ལ། སྔགས་ལས་ཆར་དབབ་པས་མུ་གེ་གཅོད་པ་དང་། རྣལ་འབྱོར་གྲུབ་པས་ཟས་སྐོམ་ནོར་བུ་ལ་སོགས་པའི་ཆར་འབེབས་པ་དང་། དབང་དུ་བྱེད་པ་དང་། ནད་འཁྲུག་ཞི་བ་ལ་སོགས་པས་ཡུལ་འཁོར་དང་གྲོང་ཁྱེར་ཙམ་བཀྲ་ཤིས་པར་བྱེད་པའོ། །དགོས་པའང་།


JL02_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དུ་རྒྱུ་ལས་འབྲས་བུ་བསྐྱེད་པ་ཙམ་ལས་མེད་ལ། སྔགས་སུ་ཐུགས་ཀྱི་གསང་བ་ལམ་དུ་བྱེད་པ་དང་། དེ་བཞིན་དུ་གསུང་དང་སྐུ་ཡང་ལམ་དུ་བྱེད་པས་དང་། བྱ་དཀའ་བ་མེད་པ་སྟེ། སྔ་འགྱུར་རྟ་མཆོག་དྲེགས་པ་དཔའ་འདུས་ཀྱི་རྒྱུད་ལས། འབྲས་བུའི་ཐེག་ཆེན་གསང་སྔགས་འདི། །ཁྱད་པར་གྱུར་ཕྱིར་ཁྱད་པར་ཆེ། ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་མཆོག་གྱུར་དང་། །དོན་གཅིག་ཕྱིར་མའང་མ་རྨོངས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །འབྲས་བུ་ཉིད་དུ་ལམ་ཤེས་པས། །ཚེ་ལུས་གཅིག་ལ་རྫོགས་སངས་རྒྱས། །ཞེས་སོ། །ཚོགས་གསོག་གི་ཁྱད་པར་ལའང་། མཚན་ཉིད་དུ་ཕར་ཕྱིན་དྲུག་ལ་སོགས་སྤྱོད་པ་དག་པ་ཙམ་སྟེ། སྔགས་སུ་སྣང་སྲིད་སངས་རྒྱས་ཀྱི་ཞིང་དུ་དག་པ་དང་། ཉོན་མོངས་པ་དང་། འདོད་ཡོན་གྱི་ཚོགས་མཆོད་པའི་ཕྱག་རྒྱར་ཤེས་པ་ལ་སོགས་ཏེ་ཁྱད་པར་རྣམ་པ་བཅོ་ལྔས་འཕགས་པའི་ཚུལ་མགོན་པོ་རྡོ་རྗེ་འཆང་གིས། ཉན་ཐོས་ལ་སོགས་ཐེག་ཆུང་ལ། མན་ངག་ཡོད་པ་མ་ཡིན་ཏེ། །ལྟ་བ་སྤྱོད་པ་སེམས་བཟུང་དང་། །རྒྱུ་དང་ལམ་དང་འབྲས་བུ་ས། །དུས་དང་ལོངས་སྤྱོད་རྣལ་འབྱོར་དང་། །བདག་གཞན་དོན་དང་དགོས་པ་དང་། །ངལ་དུབ་མཐའ་སྤངས་ཚེགས་ཆུང་དང་། །ཚོགས་བསགས་པ་ཡི་ཁྱད་པར་དང་། །ཁྱད་པར་རྣམ་པ་བཅོ་ལྔ་ཡིས། །རིག་འཛིན་ཐེག་པ་ཁྱད་པར་འཕགས། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། རྒྱུ་ཡི་ཐེག་པ་ཆེན་པོ་ལས། །སྐུ་གསུང་ཐུགས་ཀྱི་ལམ་རྣམས་ཀྱི། །གསང་བ་ཆེ་ལས་གསང་སྔགས་མཆོག། རབ་ཏུ་འཕགས་པར་རིག་པར་བྱ། །ཞེས་པ་ནི་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་བླ་ན་མེད་པས་འཕགས་པ་ཉིད་ཀྱི་ཆིངས་ཆེན་པོ་བསྟན་པ་ཡིན་ནོ། །གཉིས་པ་གསང་སྔགས་ཀྱི་རྣམས་པ་གཞག་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་གསང་སྔགས་ཀྱི་སྤྱིའི་རང་བཞིན་ལ་བཞི། མཚན་གཞི། མཚན་ཉིད། སྒ་དོན། མིང་གི་རྣམ་གྲངས་སོ། །


JL02_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། གདོད་ནས་རང་བཞིན་གྱི་འོད་དུ་གསལ་བའི་བདག་ཉིད་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཆོས་ཉིད་པ། ལམ་གྱི་བྱ་བས་སྤྱང་གཞི། སྦྱང་བྱ། སྤྱོང་བྱེད། སྦྱངས་འབྲས་བཞིར་གནས་ཏེ། དབྱིངས་བདེ་གཤེགས་སྙིང་པོ་འོད་དུ་གསལ་བའི་ཆོས་ཉིད་ནི་སྤྱང་གཞི་ཡིན་ལ། གློ་བུར་གྱི་སྒྲིབ་པ་ལས་དང་ཉོན་མོངས་པ་འཁོར་བའི་ཆོས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ནི་སྤྱང་བྱ་སྟེ། དེའང་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ནི་འཁོར་བའི་རྩ་བ་ཡིན་པས་ལྡོག་ལ། བཞུགས་ཚུལ་གཤིས་ཀྱི་ཀུན་གཞི་ནི་ངོ་བོ་མི་ལྡོག་ཀྱང་། ཐ་སྙད་དུ་གཏགས་པའི་ཀུན་གཞིའི་མིང་གིས་ཆ་དེ་ལོག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བར་གནས་འགྱུར་བའོ། །དེ་བཞིན་དུ་རྣམ་ཤེས་གཞན་རྣམས་ལྡོག་པའི་ཆ་ལས་མེ་ལོང་ཡེ་ཤེས་ལ་སོགས་པའི་ལྷག་མ་བཞི་འཆར་བ་ཡིན་ནོ། །སྨིན་གྲོལ་གྱི་ལམ་རྒྱ་མཚོ་ལྟ་བུས་ཡེ་ཤེས་ཀྱི་ཡོན་ཏན་གསར་དུ་འཐོབ་པ་ནི་སྦྱོང་བྱེད་ཀྱི་ཆོས་སོ། །དེ་ལྟར་སྦྱངས་པས། དབྱིངས་ལ་སྒྲིབ་བྱེད་ཀྱི་རྣམ་པ་ཐམས་ཅད་དག་ནས་ཁམས་བྱང་ཆུབ་ཏུ་གྱུར་ཏེ་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་མངོན་དུ་གསལ་ནས་དོན་གཉིས་མཐར་ཕྱིན་པ་ནི་སྦྱངས་པའི་འབྲས་བུ་ཡིན་ནོ། །དེ་སྐད་དུ་གསང་བ་གྲུབ་པ་ལས། དབྱིངས་ལ་བྲལ་བ་དག་ཐོབ་འབྲས། །གསང་སྔགས་རྣམ་པ་བཞིར་བཤད་དོ། །ཞེས་སོ། །གཉིས་པ་ནི། དབྱིངས་རང་བཞིན་གྱིས་དག་ཅིང་མ་འགགས་བརྗོད་བྱེད་ཐུགས་རྡོ་རྗེའི་གསང་བ་ཆེན་པོ་སྟེ། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པས། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཞེས་སོ། །གསུམ་པས་གཉིས། སྒྲ་དོན་སྤྱིར་བཤད་པ་དང་། རྒྱུད་ཀྱི་ངེས་ཅོག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ལེགས་སྦྱར་གྱི་སྐད་དུ་མནྟྲྭ་ཞེས་འབྱུང་བས་གསང་སྔགས་སམ་སྔགས་ཞེས་བྱ་སྟེ། དེའང་ཡི་གེ་བསྣན་དགོད་ཀྱི་སྒྲ་ལས་དྲངས་ན་མན་ཡིད་དང་། ཏྲ་ཡ་སྐྱོབ་པའོ། །ཡིད་དང་ཉོན་མོངས་པའི་


JL02_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོ་ནས་ཡེ་ཤེས་སུ་བསྒྱུར་བས་བདག་ཏུ་ལྟ་བ་ལ་སོགས་ཏེ་མི་མཐུན་པའི་ཕྱོགས་ལས་སྐྱོབ་ཅིང་རྒྱལ་བར་བྱེད་པའི་དོན་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བ། །ཞེས་སོ། །གཉིས་པ་ནི། སྐད་བྱེ་བྲག་ཏུ་རྟོགས་པར་བྱེད་པ་འབྲིང་པོ་ལས། རྟནྟྲ་པྲ་ནནྡྷར་ཞེས་པས་རྒྱུན་ཆགས་པའི་མིང་དུ་བཤད་དེ། རྡོ་རྗེ་རྩེ་མོ་ལས་ཀྱང་། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བརྒྱུད་དུ་འདོད་པ་སྟེ། །མྱ་ངན་འདས་པ་རྒྱུད་ཁྱིམ། །ཞེས་པས་བརྗོད་བྱ་དོན་གྱི་དབང་དུ་རྒྱུད་དང་། ཐབས་དང་། འབྲས་བུའི་གནས་སྐབས་ཐམས་ཅད་དུ་འབྲེལ་ཞིང་རྒྱུན་ཆགས་པ་གཉིས་སུ་མེད་པའི་ཡེ་ཤེས་སོ། །བཞི་པ་ནི། རིག་པ་འཛིན་པའི་སྡེ་སྣོད་དམ། གསང་སྔགས་ཀྱི་ཐེག་པ། རྡོ་རྗེའི་ཐེག་པ། འབྲས་བུའི་ཐེག་པ་ཞེས་པའི་མཚན་གྱི་རྣམ་གྲངས་སུ་ངེས་པ་སྟེ། ཉོན་མོངས་པ་ལ་སོགས་སྤང་བྱ་གནས་སུ་དག་པ་དང་། བསྒྲུབ་བྱ་ཐོབ་པའི་ཐབས་ལ་ཆེད་དུ་བསྔགས་པ་སྟེ། རིག་པ་མཆོག་པས། དག་ཐོབ་ཡང་དག་སྦྱོར་བ་ལ། །མཆོག་ཏུ་བསྔགས་པས་སྔགས་ཞེས་བརྗོད། །ཅེས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས། ཕྱི་འགྱུར་གསར་མའི་རྣམ་གཞག་དང་། སྔ་འགྱུར་རྙིང་མའི་རྣམ་གཞག་གོ། །དང་པོ་ནི། གཞན་དུ་རྒྱ་ཆེར་བཀྲལ་བས་འདིར་དངོས་ཀྱིས་མ་བཤད་ལ། འོན་ཀྱང་ཕྱི་མའི་ཤུགས་ལས་རྟོགས་པར་འགྱུར་རོ། །གཉིས་པ་གསང་སྔགས་རྙིང་མའི་རྣམ་པར་གཞག་པ་ལ། རྣམ་དབྱེ་སྤྱིར་བསྟན་པ་དང་། གསང་སྔགས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། ཐེག་པའི་རིམ་པ་དང་སྦྱར་ན་དགུ་སྟོ། །སྒྱུ་འཕྲུལ་རྩ་རྒྱུད་ལས། །འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་བསྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཅེས་རྒྱུའི་ཐེག་པ་གསུམ་དང་། འབྲས་བུའི་ཐེག་པ་དྲུག་ཏུ་སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཅོག་


JL02_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསྡུས་ཏེ་བསྟན་པ་ཡིན་ནོ། །དེ་ཡང་ཞི་བ་བརྩེགས་ཀྱི་དབང་དུ་ན་སྒྲ་ཐལ་འགྱུར་ལས། གསུངས་ཚུལ་དགོངས་པ་གསུམ་དང་བཅས། །གཉེན་པོ་བསྡུད་དབང་པོའི་དོན། །ཚིག་རྣམས་བསྡུས་ཏེ་སྣང་བར་བྱས། །དེ་མ་ཡིན་པ་བརྗོད་པའི་ཚིག། །དུས་གསུམ་རྒྱལ་བས་གསུང་བ་མེད། །ཅེས་པས་གཉེན་པོ་ལ་དགོངས་ཏེ་གསུངས་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི། བསྡུ་བ་ལ་དགོངས་ཏེ་གསུངས་བ་ཟབ་ཅིང་རྒྱ་ཆེ་བ་རྡོ་རྗེ་ཐེག་པ། དབང་པོ་ལ་དགོངས་ཏེ་གསུངས་པ་འཇིག་རྟེན་པའི་ཐེག་པ་གཉིས་དང་། །འདས་པའི་གསུམ་སྟེ་དེ་དག་གི་མདོ་དོན་འཁོར་འདས་མ་ལུས་པ་ཐེག་བ་ཉིད་ཀྱི་རིམ་པའི་ཁང་པ་ལ་བཀྲི་བའི་རྣམ་པར་གཞག་པ་མཐའ་ཡས་པ་ཡོད་དེ་རེ་ཞིག་ཡི་གི་ཉུང་ངུའི་ཕྲག་པ་ལ་འདྲེན་བར་མ་བཟོད་དོ།། །།གཉིས་པ་གསང་སྔགས་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་གཉིས། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་ཐབས་ཀྱི་རྒྱུད་ཀྱི་ཐེག་བའོ། །དང་པོ་ནི། གཙང་སྦྲ་ལ་གནས་ཤིང་སྒོ་གསུམ་གྱི་བྱ་བ་དང་བྱེད་པ་གཙོ་བོར་འདོན་པས་སྤྲུལ་སྐུའི་ཐེག་པ་ཆུང་ངུ་གསུམ་དང་ཆོས་མཐུན་བའི་ཕྱིར། ཕྱི་ཐུབ་བ་ཞེས་བསྟན་ལ། གསང་སྔགས་ཀྱི་ཁོངས་སུ་གཏོགས་པའི་ཆོས་ཆེན་པོར་གྱུར་པ་གཞི་དང་། ལམ་དང་། འབྲས་བུའི་རྣམ་གཞག་ཟམ་མཆད་པས་རྒྱུད་དུ་བཞག་པ་ཡིན་ནོ། །དབྱེ་ན་གསུམ། ཀྲཱི་ཡ། ཨུ་པ། ཡོ་གའོ། །དང་པོ་ལའང་སྒྲ་དོན། གྲུབ་མཐའ། ལམ། འབྲས་བུ་དང་བཅས་པ་བཞིས་སྟོན་པ་ལས། དང་པོ་སྒྲ་དོན་ནི། ཀྲཱྀ་ཡ་སྟེ་ལུས་ངག་གི་བྱ་བ་གཙོ་བོ་བྱེད་པའི་དོན་ལ་ཏནྟྲ་སྟེ་རྒྱུད་སྡེ་འབྲེལ་བ་ཅན་དུ་བྱུང་བའི་དོན་ཏོ། །གཉིས་པ་གྲུབ་མཐའ་ནི། ཀུན་རྫོབ་འཁྲུལ་བར་སྣང་བ་འདི་དག་ནི་སྦྱང་བྱའི་དྲི་མ། དོན་དམ་མ་འཁྲུལ་བའི་དབྱིངས་ཀྱི་རང་བཞིན་སྦྱང་གཞི་བདེན་པར་བྱེད་མེད་ལ་འཇུག་པའི་ངོ་བོ་རྟོགས་བྱའི་གཞིར་བྱས་ནས་དབྱིངས་རང་བཞིན་གྱིས་དག་པའི་ལྷ་ཁས་ལེན་ཏོ། །གསུམ་པ་ལམ་ལ། སྣང་ཆ་ཀུན་རྫོབ་པ་


JL02_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལྷ་དྲུག་གི་རང་བཞིན་དུ་ཤེས་པས། ཡི་དམ་གྱི་ལྷ་ཡེ་ཤེས་སེམས་དཔའ་རྗེ་དང་། བདག་དམ་ཚིག་སེམས་དཔའ་ཁོལ་གྱི་ཚུལ་དུ་བསྒྲུབ་ཅིང་། དོན་དམ་པར་མ་སྐྱེས་པའི་ཆོས་ཉིད་འོད་གསལ་བ་ལ་འཇུག་གོ། །ལྷ་དྲུག་ནི་སྣང་ཙམ་ལྷའི་སྐུ་སྒྱུ་མར་གསལ་བས་གཅིག་དང་དུ་མའི་མཐའ་ལ་མི་གནས། གསུང་ཡིག་འབྲུ་ལྷའི་སྒྲར་གསལ་བས་གྲག་སྟོང་བཟླས་པའི་འཁོར་ལོ། །ཐུགས་ཕྱག་མཚན་ལ་དམིགས་པས་དྲན་བསམ་ཏིང་འཛིན་གྱི་ལྷར་གསལ། འཕྲོ་འདུ་སྐུ་མདོག་ཏུ་གསལ་བས་འོད་ཀྱི་ལྷར་གྲོལ། གསལ་བ་བཞུགས་ཚུལ་གྱི་ལྷ་གདན་ཁྲི་ཆ་ལུགས་སུ་གསལ་བས་གཞལ་ཡས་ཁང་དུ་གྲོལ། གྲོལ་བ་ཡེ་ཤེས་ཀྱི་ལྷ་སྣང་སྲིད་ཆོས་སྐུར་གསལ་བས་སྤང་བྱ་ཡེ་ཤེས་སུ་གྲོལ། མདོར་ན་ཡུལ་དྲུག་ལ་མངོན་པར་ཞེན་པ་དྲུག་སྦྱང་ཞིང་། སྣང་བ་གཟུགས་ཀྱི་ལྷ་ལ་སོགས་པ་དྲུག་ཏུ་ཤེས་པས་ཉོན་མོངས་པ་སྦྱོང་བར་བྱེད་དོ། །བཞི་པ་འབྲས་བུ་ནི། གནས་སྐབས་སུ་ལྟ་བ་དང་ཏིང་ངེ་འཛིན་གྱི་ཡོན་ཏན་གོང་ནས་གོང་དུ་འགྲོལ། མཐར་ཐུག་མི་ཚེ་བཅུ་དྲུག་ན་ལྷ་དང་གཉིས་སུ་མེད་པར་སངས་རྒྱས་པར་འདོད་དེ། རྡོ་རྗེ་ལྷུན་པོ་ལས། གང་དག་སྔགས་པ་སྐལ་བཟང་ཆེ། །གཙང་སྦྲ་དག་པས་དག་བརྩོན་པ། །དེ་ཚེ་བཅུ་དྲུག་སྐྱེ་བ་ན། །རྣམ་གྲོལ་ཡེ་ཤེས་མཆོག་ལ་རེག། ཅེས་སོ། །དེའང་ལུས་ཀྱི་བྱ་བ་ཁྲུས་ཆེན་པོ་གསུམ། ཕྲ་མོའི་་ཁྲུས་དང་བཅས་པ་དང་། གོས་གསུམ་བརྗེ་བ་དང་། ཟས་གསུམ་ཟ་བ་དང་། སྨྱུང་བར་གནས་པ་དང་། གཙང་སྦྲ་དང་། དཀའ་ཐུབ་དང་། འདུག་སྟངས་ཀྱི་ཁྱད་པར་དང་། ཕྱག་རྒྱ་འཆིང་བ་ལ་སོགས་པའི་སྒོ་ནས། ངག་གི་བྱ་བ་བཟླས་བརྗོད་གཙོ་བོར་བྱ་བ་དང་། སེམས་ཀྱི་གནད་བདག་དྲན་དང་། ལྷ་རྗེ་དཔོན་དུ་བལྟ་བའི་སྒོ་ནས་བསྒྲུབ་པའོ། །དེ་དག་གི་རྒྱུད་སྡེའི་རྣམ་གྲངས་ཀྱང་། བསྟན་པ་སྔ་དར་གྱི་ཚེ་པཎྜི་ཏ་མཁན་པོ་ཞིབ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་ལ་སོགས་པ་དང་། ལོ་ཙཱ་བ་བཻ་རོ་ཙ་ན་དང་། གཉགས་ཛྙཱ་ན་ཀུ་མཱར་དང་།


JL02_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་རིན་ཆེན་མཆོག་དང་། ཨཱ་ཙཱརྱ་ཡེ་ཤེས་དབྱངས་ལ་སོགས་པས་ཕྱི་ནང་གི་རྒྱུད་སྡེ་མང་དུ་བསྒྱུར་བ་ལ། དང་པོ་བྱ་རྒྱུད་ཀྲཱི་རྒྱུད་དྲུག་ལ། རིག་སྔགས་ཐམས་ཅད་ཀྱི་ཁོག་འབུབས་པ་དཔུང་པ་བཟང་པོའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དབང་བསྐུར་བ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་གསང་བ་བསྟན་པ་རིག་པ་མཆོག་གི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་འདུལ་བ་བསྟན་པ་སུ་སི་ཏི་ཀར་ལེགས་པར་གྲུབ་པའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་ཕྲིན་ལས་སྟོན་པ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དགོངས་པ་སྟོན་པ་བསམ་གཏན་ཕྱི་མའི་རྒྱུད་དོ། །བྱེ་བྲག་གི་རྒྱུད་ལ་རིགས་གསུམ་གྱི་སྤྱན་རས་གཟིགས་ཀྱི་སྐོར་ལ། པདྨ་རྩེ་མོ་སྔགས་ཀྱི་རྒྱུད། པདྨ་ཅོད་པན་གྱི་རྒྱུད། ཆོ་ག་སྔགས་ཀྱི་རྒྱུད། ཡིད་བཞིན་ནོར་བུའི་རྒྱུད། ཨ་མོ་གྷ་བཱ་ཤའི་རྒྱུད། གནོད་སྦྱིན་གར་མཁན་གྱི་རྒྱུད། ཁ་འབར་མ་དབུགས་དབྱུང་བའི་རྒྱུད། ནམ་མཁའ་མཛོད་ཀྱི་རྒྱུད་ལ་སོགས་པའོ། །འཇམ་དཔལ་གྱི་སྐོར་ལ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དྲི་མ་མེད་པའི་རྒྱུད། འཇམ་དཔལ་རྣོན་པོ་སྒྲིབ་པ་མེད་པའི་རྒྱུད། འཇམ་དཔལ་དྲཱ་བ་སྤྱོད་པའི་རྒྱུད། བསྟོད་པ་གླུར་བླངས་པའི་རྒྱུད་ལ་སོགས་པའོ། །ཕྱག་ན་རྡོ་རྡོ་སྐོར་ལ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། རྡོ་རྗེས་འོག་གོ་རྒྱུད། དྲག་པོ་གསུམ་འདུལ་གྱི་རྒྱུད། རྡོ་རྗེ་བེ་ཅོན་གྱི་རྒྱུད། རྡོ་རྗེ་རྣོན་པོའི་རྒྱུད་ལ་སོགས་པའོ། །ལས་ཕྲན་ཚེགས་ཀྱི་རྒྱུད་ལ། གཟུངས་གྲྭ་ལྔ་དང་། འོད་ཟེར་ཅན་དང་། རྣམ་པར་རྒྱལ་མ་དང་། མཛོད་སྤུ་ནོར་བུ་ལ་སོགས་པའི་གཟུངས་ཕྲན་དཔག་ཏུ་མེད་པའོ། །གཉིས་སྦྱང་བའི་རྒྱུད་ནི་ཨུ་པ་ཡ་ཏནྟྲ་ཞེས་སྒྲ་དོན་གྲུབ་སྟེ། སྤྱོད་པ་ཀྲཱི་ཡ་ལྟར་གཙང་སྒྲ་དག་པར་སྤྱོད་ཅིང་། རྣལ་དུ་འབྱོར་བ་ཡོ་གའི་ལུགས་སུ་སྤྱོད་བསམ་ནི་ང་གི་ཐེག་པ་ཞེས་ཀྱང་བྱ་སྟེ། གཞི་ཁམ་འབྲས་བུའི་གྲུབ་པའི་


JL02_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་རྣལ་འབྱོར་རྒྱུད་དུ་རིགས་གཅིག་པར་སྟོན་ཏོ། །སྒོམ་པ་ལྷའི་རྣལ་འབྱོར་ནི། རང་དམ་ཚིག་པའི་མདུན་དུ་ལྷ་ཡེ་ཤེས་སེམས་དཔའ་སྤུན་ནམ་གྲོགས་ལྟར་བསྒོམས་པས་སྐྱེ་བ་བདུན་ཚུན་ཆད་དུ་དངོས་གྲུབ་ཐོབ་པའོ། །རྒྱུད་སྡེའི་ངེས་འབྱེད་ལ། རྣམ་སྣང་མངོན་བྱང་། མེ་ཀློང་འབར་བ། དབང་བསྐུར་བའི་རྒྱུད། རྣམ་པར་མི་རྟོག་པའི་རྒྱུད་ལ་སོགས་པའོ། །གསུམ་པ་རྣལ་འབྱོར་གྱི་རྒྱུད་ནི། ཡོ་ག་ཏནྟྲ་ཞེས་སྒྲ་དོན་གྲུབ་སྟེ། སྤྱིར་ལུས་ངག་གི་བྱ་བ་གཙོ་བོར་མི་སྟོན་ལ། སེམས་ཀྱི་བྱ་བ་གཙོ་བོར་སྟོན་པ་སྟེ། དེའང་ཀུན་རྫོབ་ཏུ་ལྷའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའམ། དཔལ་མཆོག་གཅིག་པུ་ཉིད་ལ། རང་ཉིད་དམ་ཚིག་སེམས་དཔའ་ལ་ལྷ་ཡེ་ཤེས་་སེམས་དཔའ་འོག་མིན་ནམ་རང་བཞིན་ཀྱ་གནས་ནས་སྤྱན་དྲངས་པ་བསྟིམ་སྟེ། འཕྲོ་འདུ་འོད་ཀྱི་དྲ་བ་ལ་སེམས་བཟུང་ནས། རྗེས་ལ་ཡེ་ཤེས་པ་གཤེགས་པར་བྱེད་དོ། །བརྟུལ་ཞུགས་དེས་མི་ཚེ་གསུམ་ན་གྲོལ་བའོ། །དབྱེ་ན་མངོན་བྱང་ལྔ་ལ་བརྟེན་ནས་ཏིང་ངེ་འཛིན་གཙོ་བོར་བྱེད་པ་དང་། ཆོ་ག་ཞིབ་མོ་དང་ཐོར་བུའི་ལས་གཙོ་བོར་བྱེད་པའི་ལུགས་གཉིས་སོ། །རྒྱུད་སྡེའི་ངེས་འབྱེད་ལ། རྡོ་རྗེ་དབྱིངས་རྩ་བའི་རྒྱུད་སྟོང་ཕྲག་ལྔ་པ་ལེ་ལག་དང་བཅས་པ། པ་ཤ་ཀཱར་རྡོ་རྗེ་རྩེ་མོའི་རྒྱུད། པདྨ་ཀཱ་ར་དཔལ་མཆོག་དང་པོའི་རྒྱུད། ས་མུ་ཙ་ལ་རྟོགས་པ་བསྡུས་པའི་རྒྱུད་དེ་གཞུང་ཆེན་པོ་བཞི། ཡུལ་ཏནྟྲ་ངན་སོང་སྦྱོར་བ། དཔལ་མཆོག་བསྡུས་པ་ལ་སོགས་པའོ། །ཕྱི་རྒྱུད་སྡེ་གསུམ་ནི་དབང་པོ་འབྲིང་པོ་ཚེ་རབས་ཀྱི་གྲོལ་བ་བསྒྲུབ་བའོ། །གཉིས་པ་ནང་པ་ཐབས་ཀྱི་རྒྱུད་གསུམ་ནི། གསང་བ་འདུས་པ་ལས། དཀའ་ཐུབ་སྡོམ་པ་མི་ཟད་པ། །བསྒྲུབས་ཀྱང་གྲུབ་བར་མི་འགྱུར་ཏེ། །འདོད་པའི་ཡོན་ཏན་ཐམས་ཅད་ལ། །བརྟེན་ནས་དངོས་གྲུབ་ཐོབ་བར་འགྱུར། །ཅེས་པ་ལྟར། དབང་ཕྱུག་བརྒྱད་ལྡན་གྱི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། ཕྱི་བས་སྤང་བྱར་བྱས་པ་ཐམས་ཅད་ནང་པས་བླང་དོར་མེད་པར་སྤྱོད་ནུས་པའི་ཕྱིར་ཐབས་ཀྱི་ཐེག་པ་ཞེས་བྱ་སྟེ། འཁོར་ལོ་སྡོམ་པ་


JL02_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཕྲ་ཞིང་ཕྲ་ལ་ཕྲ་བར་ནུས་པ་དང་། །སྤྱོད་པ་ནུས་དང་བདག་ཉིད་ཆེན་པོ་དང་། །དགའ་མགུར་བྱེད་དང་ཐམས་ཅད་དབང་དུ་འགྱུར། །ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཞེས་པས་སྤྱིར་བསྟན་ལ། བྱེ་བྲག་གི་ངོས་འབྱེད་རང་རང་གི་ཐད་ཀར་ཡོད་དོ། །དེའང་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བ་ལ་སྣང་བ་ཐབས་ཀྱི་རང་བཞིན་ཕའི་རྒྱུད་མ་ཧཱ་ཡོ་ག་བསྟན་ལ། འདོད་ཆགས་ཤས་ཆེ་ཞིང་རྟོག་པ་ཉུང་བ་ལ་སྟོང་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མའི་རྒྱུད་ཨ་ནུ་ཡོ་ག་བཤད་ཅིང་། གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་ཅན་ལ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་ཡོ་ག་གསུངས་པའོ། །ནང་རྒྱུད་དེ་གསུམ་ནི་སྤྱི་ཚན་དུ་ཆོས་རྣམས་མ་ལུས་པའི་གཞི་དང་། ལམ་དང་། འབྲས་བུའི་བདག་ཉིད་དུ་གནས་པ་སྟེ། སེང་གེ་རྩལ་རྫོགས་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །ལུང་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་སོ། །དེ་ལ་དང་པོ་མ་ཧཱ་ཡོ་ག་ལ་གསུམ། ངོ་བོ། དབྱེ་བ། རྒྱུད་ཀྱི་ངེས་འབྱེད་དོ། །དང་པོ་ནི། མ་ཧཱ་ཡོ་ག་ཏནྟྲ་སྟེ་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་དུ་གྲགས་སོ། །ཇི་ལྟར་ན་སྣང་ཞིང་སྲིད་པས་བསྡུས་སོ་ཅོག་ཐམས་ཅད་ལྷའི་རྟེན་དང་བརྟེན་པར་གསལ་ཞིང་། ཕུང་ཁམས་སྐྱེ་མཆེད་ལྷའི་རང་བཞིན་དུ་དག་པས། རླུང་ལྔའི་ཁམས་བདེ་གསལ་མི་རྟོག་པའི་ཡེ་ཤེས་གཉིས་མེད་ལམ་དུ་བྱས་པས་ཚེ་འདིར་གྲོལ་བར་འདོད་པའོ། །དབྱེ་ན་གསུམ། གཞི་ལམ་འབྲས་བུ་གཙོ་བོར་འདོད་པ་དང་། ཐབས་ལམ་སྒྲུབ་པ་གཙོ་བོར་འདོད་པ་དང་། སྣ་ཚོགས་ལམ་གྱུར་གཙོ་བོར་འདོད་པའོ། །དང་པོ་ནི། རང་བཞིན་གཞིའི་རྒྱུད་སེམས་ཉིད་འོད་གསལ་བ་དེ་མཚོན་བྱེད་མིང་ཚིག་ཡི་གེར་སྣང་བས་རྟོགས་པར་བྱས་ནས། སྨིན་གྲོལ་ལམ་གྱི་བསྐྱེད་རྫོགས་ལས་གཅིག་ཏུ་མི་གཡོ་བའི་དྲོད་ཀྱིས་ཡོན་ཏན་གོང་


JL02_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གོང་མར་སྦྱར་ཏེ་འབྲས་བུ་རང་བྱུང་གི་ཡེ་ཤེས་བསྒྲུབ་བའོ། །གཉིས་པ་ནི། དཀྱིལ་འཁོར་ལྔ་གང་རུང་གི་སྒྲུབ་པ་ལ་བརྟེན་ནས་རྟོགས་པ་དང་ཏིང་ངེ་འཛིན་རྗེས་ལ་སྐྱེ་བའི་ཕྱིར་བསྒྲུབས་པ་ལས་དངོས་སྒྲུབ་འདོད་དེ། སྒྱུ་འཕྲུལ་དྲྭ་བ་སྐུའི་དཀྱིལ་འཁོར་ལམ་དུ་བྱེད་པ་དང་། པདྨ་སྒྱུ་འཕྲུལ་དྲྭ་བ་གསུང་། ཐུགས་ཁྲག་འཐུང་། ཡོན་ཏན་རིན་པོ་ཆེ། ཕྲིན་ལས་ཀྱི་དཀྱིལ་འཁོར་སྒྱུ་འཕྲུལ་དྲྭ་བ་བསྒྲུབ་པ་ལམ་དུ་བྱེད་པ་སྟེ། ལམ་བསྒྲུབས་པས་འབྲས་བུ་ཞོར་ལ་འདོད་པའོ། །གསུམ་པ་ནི། རྒྱུད་དང་། སྒྲུབ་པ་གཉིས་ལས། རྒྱུད་ལ་བསྐྱེད་རྫོགས་རིམ་ཅན་དང་། ཅིག་ཅར་དུ་འདོད་པ་གཉིས་ཀྱི་འབྲས་བུ་བསྒྲུབས་ནས་གཞི་ལམ་ཞོར་ལ་འདོད་པའོ། །སྒྲུབ་པ་ལ་གཉིས་ལས། སོ་ཏ་ནོ་པི་ཀ་སེམས་ཀྱི་རོལ་པར་ཐམས་ཅད་ཤེས་ནས་བསྒྲུབ་པ་དང་། མཎྜལ་ནོ་པི་ཀ་དཀྱིལ་འཁོར་དུ་འཇུག་པ་ཚོགས་གཙོ་བོར་བྱས་ཏེ་བསྒྲུབ་བའོ། །གསུམ་པ་རྒྱུད་ཀྱི་ངེས་འབྱེད་ནི། རྩ་བའི་རྒྱུད་དཔལ་གསང་བ་འདུས་པ་ནམ་མཁའ་དང་མཉམ་པའི་རྒྱུད། རི་རབ་ཟོམ་རྒྱ་མཚོ་དང་མཉམ་པའི་རྒྱུད། ཡེ་ཤེས་རྒྱས་པས་གཞི་དང་མཉམ་པའི་རྒྱུད་དོ། །མན་ངག་གི་རྒྱུད་ལ། བར་ཆད་སྲུང་བ་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད། རྔོམ་བྱེད་མེ་ལྟར་འབར་བའི་རྒྱུད། ཟ་བྱེད་རོལ་བ་སྦྱིན་སྲེག་གི་རྒྱུད། སྟོབས་པོ་ཆེ་ཡོངས་སུ་སྒྲོལ་བའི་རྒྱུད། ཟླ་གསང་ནག་པོའི་རྒྱུད། ཞིབ་ལྟ་རྒྱུད་ལ་སོགས་པའོ། །གཉིས་པ་ལུང་ཨ་ནུ་ཡོ་ག་ལ་གསུམ། ངོ་བོ། །དབྱེ་བ། ངེས་འབྱེད་ད། །དང་པོ་ནི་ཨ་ནུ་ཡོ་ག་ཏནྟྲ་སྟེ་དབྱིངས་བདེ་ཆེན་རྣལ་འབྱོར་གྱི་རྒྱུད་ཆེན་པོར་གྲགས་སོ། །དེ་ལ་སྣོད་བཅུད་ལྷའི་རང་བཞིན་དུ་དབྱིངས་ནས་སངས་རྒྱས་པར་སྟོན་པས་བསྐྱེད་པ་ཐབས་ཀྱི་ཆ་ཤས་ཆུང་ཞིང་། རྫོགས་པ་རྩ་ཐིག་རླུང་གི་ལས་ལ་རྣལ་དུ་འབྱོར་བས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ལམ་དུ་བྱེད་པས་ཚེ་འདིར་གྲོལ་བར་འདོད་དོ། །གཉིས་པ་ནི། ལུང་དང་མདོ་གཉིས་ལས། ལུང་ལ་བསྟན་པའི་


JL02_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་དང་། ཡེ་ཤེས་འོད་དུ་གསལ་བའི་བདག་ཉིད་དོ། །བརྗོད་པའི་ལུང་ཚིག་གི་ཚོགས་དང་ཐ་སྙེད་ལས་ངེས་པར་བྱེད་པའོ། །མདོ་ལ་གཞི་ལམ་གྱི་གྲུབ་མཐའ་དབྱིངས་སུ་སྨྲ་བ་དང་། དེ་ལས་བདེ་སྟོང་དབྱིངས་དང་ཡེ་ཤེས་ཀྱི་རིམ་པ་ཅིག་ཅར་དུ་འདོད་པ་དང་། རིམ་གྱིས་འདོད་པ་དང་། ཐོད་རྒལ་དུ་འདོད་པ་དང་། མཐར་ཆགས་སུ་འདོད་པ་ལ་སོགས་པས་མཚན་ཉིད་དོན་གྱིས་ངེས་པ་ཐམས་ཅད་གཅིག་ཏུ་ཚོགས་པར་སྟོན་པའི་ཕྱིར་མདོ་ཡིན་ནོ། །གསུམ་པ་རིས་འབྱེད་ནི། སྒྱུ་འཕྲུལ་གཞི་ལམ་གྱི་ངོ་བོ་ཡེ་ཤེས་རྔམ་ཀློག། ཕུར་བུ་ཐལ་འབྱིན་གྱིས་དོན་གྱི་ངེས་པ་མཚོན་པ། དུར་ཁྲོད་ཁུ་བྱུག་རོལ་བས་ཡེ་ཤེས་ཐོད་རྒལ་དུ་སྨྲ་བ། ཕྱག་རྒྱ་དབྱེར་མེད་དུ་སྨྲ་བ་ཀུན་འདུས་རིག་པ། མངོན་རྟོགས་རང་གསལ་དུ་སྨྲ་བ་དབྱིངས་དང་ཡེ་ཤེས་ལྷུན་མཉམ་དུ་འདོད་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ། སེམས་དང་ཡེ་ཤེས་འབྱེད་པ་ཡི་གེ་རྣམ་དག་ལྟེ་ཕྱུགས་ཀྱི་མདོ་དྲུག་དང་། རྩ་བའི་རྒྱུད་ལ་ཐིག་ལེ་འདུས་པའི་རྒྱུད། སྒྱུ་མ་ཆེན་པོའི་རྒྱུད། ཟླ་གསང་ཐིག་ལེའི་རྒྱུད། རྡོ་རྗེ་གདན་བཞིའི་རྒྱུད་དོ། །གདམས་པ་མན་ངག་གི་རྒྱུད་ལ། སྐུའི་རྒྱུད་མེ་ལྟར་འབར་བ། གསུང་གི་རྒྱུད་དབང་ཆེན་འདུས་པ། ཐུགས་ཀྱི་རྒྱུད་པུཎྜ་རི་ཀ། །ཡོན་ཏན་གྱི་རྒྱུད་ལྟ་མོ་གསང་བ། ཕྲིན་ལས་ཀྱི་རྒྱུད་རིག་འཛིན་འདུས་པ། རིག་སྔགས་སྤྱིའི་རྒྱུད་སྒྲུབ་པ་ཧེ་རུ་ཀའི་ཏནྟྲ། བྱེ་བྲག་གི་སྒྲུབ་པ་ལ། འཇམ་དཔལ་སྐུའི་རྒྱུད་ཟླ་གསང་ནག་པོ། པདྨ་གསུང་གི་རྒྱུད་རྟ་མཆོག་རོལ་བ། ཡང་དག་ཐུགས་ཀྱི་རྒྱུད་ཧེ་རུ་ཀ་གལ་པོ་ཆེ། ཕུར་བ་ཕྲིན་ལས་ཀྱི་རྒྱུད་ཀྱི་བྱི་ཏོ་མ་ལ་འབུམ་སྡེ། བདུད་རྩི་ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་བ་ཆེ་ཆུང་། མ་མོ་རྦོད་གཏོང་གི་རྒྱུད་མ་མོ་ཀུན་འདུས་སོ། །སྒྲུབ་པ་སྡེ་དྲུག་ལས་ཁ་ཚར་གྱི་རྒྱུད་ལ། ཕྲིན་ལས་ཁ་སྐོང་བ་ཆོས་ཉིད་གཏོར་མའི་རྒྱུད། ལས་རྒྱ་མཚོའི་ལྟར་བྱ་བ་


JL02_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་མཱ་ལེ་ཕྲིན་ལས་ཀྱི་རྒྱུད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པ་ཚོགས་ཀྱི་རྒྱུད་ཆེ་ཆུང་། མཆོད་པ་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབས་པ་ནམ་མཁའ་མཛོད་ཀྱི་རྒྱུད། སྒྲོལ་བ་གནས་སུ་དག་པ་སྟོབས་པོ་ཆེ་ཡོངས་སུ་སྒྲོལ་བའི་རྒྱུད། སྦྱོར་བ་གནས་སུ་དག་པ་ཐིག་ལེ་གློང་གི་རྒྱུད། བརྟུལ་ཞུགས་དྲག་པོས་ཀུན་ཏུ་སྤྱོད་པ་གླང་པོ་ཆེ་རབ་འབོག་གི་རྒྱུད། ལས་བཞི་མཐར་ཕྱིན་པ་ཟ་བྱེད་རོལ་བ་སྦྱིན་སྲེག་གི་རྒྱུད། ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་གཏོར་རྒྱུད་ཆེ་ཆུང་། བཀའི་འཁོར་ལྷག་མས་བསྐངས་ནས་ལས་ལ་བསྐུལ་བ་དཔལ་འབར་ཁྲོ་མོའི་རྒྱུད། གདུག་པ་ཅན་གཟིར་མནན་གྱིས་ཚར་བཅད་བཞིང་བཅུར་རོལ་བའི་རྒྱུད་ལ་སོགས་པའོ། །འདི་དག་གཙོ་ཆེ་ཆུང་གི་སྐེམས་སྐབས་འདིར་བཞག་པ་ལས། རང་བཞིན་དུ་བསྐྱེད་རྫོགས་གཉིས་ཀར་རྫོགས་པའི་མན་ངག་གི་རྒྱུད་དུ་བདག་ཅག་གི་བླ་མ་དམ་པ་པདྨ་ལས་གྲོལ་བཞེད་དོ། །གསུམ་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་གཉིས། འོག་མ་ལས་བྱང་བར་འཕགས་ཚུལ་དང་། །གྲུབ་པའི་མཐའ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི། ལྷུན་པོའི་རྩེ་ནས་རི་ཕྲན་མཐོང་བ་བཞིན་དུ་འོག་མ་ཐམས་ཅད་ཟིལ་གྱིས་གནོན་པའི་ཐེག་པ་ཡིན་ཏེ། །གདོད་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཡེ་ཤེས་ཆེན་པོའི་ངོ་བོའི་བཞུགས་ཚུལ་ལ་བཅོས་བསྒྱུར་གྱི་གྲུབ་མཐས་མ་བསླད་པས་རྟེན་དང་བརྟེན་བཤད་མི་འགལ་བ་དང་། འོག་མ་རྣམས་སུ་རྣལ་མའི་དོན་ལ་བཅོས་མའི་རྩོལ་སྒྲུབ་ཀྱིས་བླང་དོར་བྱས་པས་རང་བཞིན་གྱིས་འོད་གསལ་བའམ། །རང་བཞིན་གྱིས་རྣམ་པར་དག་པ་ཞེས་སངས་རྒྱས་ཀྱི་གསུང་རབ་རྒྱ་མཚོར་བཞག་པ་དེ་རང་བཞིན་གྱིས་ངོ་བོ་ལས་གནས་འགྱུར་ཏེ། རྒྱ་མཚོ་ཆེན་པོ་རང་ས་ན་ཞི་ཞིམ་ལ་མལ་དུ་གྲོལ་ནས་ཡོད་པ། གནས་སྐབས་ལས་བྱུང་བའི་དུས་ཀྱི་ཆད་པས་འཁྱགས་རུམ་དུ་བསྡམས་པ་ལྟ་བུ་སྟེ། རྟོག་དཔྱོད་ཀྱི་རྐྱེན་གྱིས་དྲི་མ་མི་འགྱུར་ལ་ཡེ་ཤེས་འགྱུར་བའི་ཆུའི་བྱེད་ལས་སུ་མི་བཏུབ་པ་ལྟ་བུས་འོག་མ་རྣམས་ཀྱི་གྲུབ་མཐའ་ལ་


JL02_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་འཇུག་སྟེ། རྡོ་རྗེའི་གནས་ཆེན་པོ་འདི་ནི་གཤིས་ཀྱི་བཞུགས་ཚུལ་ལམ་དུ་བྱེད་པའི་ཕྱིར་རོ། །འདིར་ཁ་མིག་དེ་ལྟ་ན་ཁམས་ཀྱི་དྲི་མ་བླང་དོག་གྱིས་སྦྱངས་ནས་སངས་རྒྱས་མི་འདོད་པས་ཐ་མལ་དང་ཁྱད་པར་ཅི་ཡོད། དེས་ནི་ཐབས་དང་སོ་སོར་རྟོག་པའི་ཤེས་རབ་གཉིས་ཀའང་སྡངས་པ་ཞིག་གོ་སྙམ་ན། ཐབས་ལ་སྐུར་བ་བཏབ་པ་མེད་དེ། རྡོ་ལ་གསེར་ཞུན་དུ། ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པོ་རྒྱ་མཚོའི་གཞིར་གྱུར་བ། ཞེས་དང་། རྟོག་དཔྱོད་ཀྱི་ཡེ་ཤེས་ལ་རེ་བའང་མ་ཡིན་པས། འདི་ལྟར་རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོ་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པས་སྐུ་གསུམ་རང་ཆས་སུ་གནས་པ་ལོགས་ན་བཙལ་མི་དགོས་ཏེ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། །ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་སུ་མེད། །དེས་ན་སངས་རྒྱས་སེམས་ལས་མེད། །ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ལོངས་སྤྱོད་སྐུ། །སེམས་ལས་བྱུང་བའི་གཟུགས་རྣམས་ལ། །ལོངས་སྤྱོད་རྫོགས་ལ་སྐུ་གཞན་མེད། །སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་སྤྲུལ་པ་ལས། །འགྲོ་དོན་མཛད་པ་གཞན་ན་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ལས་གཞན་མེད་དེ། །ཞེས་པས་བླང་དོར་གྱི་གནས་བཅོས་མའི་ཆོས་སུ་བསྟན་ལ། །མ་བཅོས་པ་ཉིད་ངོ་བོའི་དོན་མཐར་ཐུག་ལམ་ནོར་བ་ཡིན་པའི་ཚུལ། །དེ་ཉིད་ལས། སེམས་ནི་ཇི་བཞིན་པ་ཡི་དངོས་པོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་འགྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག། ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག། བཙལ་ན་རྒྱལ་བས་དབྱིངས་ལ་རྙེད་མི་འགྱུར། །ཅེས་སོ། །དེའི་ཕྱིར་རྟོག་དཔྱོད་ཀྱི་ཏིང་འཛིན་ལ་ཤེས་རབ་ཀྱིས་དཔྱད་བཟོད་པའི་འཐད་པ་བཟང་བཟང་མོ་བྱུང་སྲིད་ནའང་


JL02_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་བརྗོད་བྱའི་ངོ་བོར་མི་གནས་ཏེ། དོན་དམ་པའི་བདེན་པ་ནི་རྗོད་བྱེད་ཀྱི་ཕྱོགས་ཙམ་ལས་མི་མཚོན་པའི་ཕྱིར་རོ། །དེ་སྐད་དུ་ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། རྟོག་པ་མེད་པའི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །རྟོགས་པ་ཡེ་ནས་ཆེ་བ་ཡིན། །དོན་ཉིད་བསྟན་པས་འདི་ཡིན་ནོ། །མཁས་པ་མི་གཙོ་རྟོགས་པ་གཙོ། །མཁས་པའི་ཚིག་ནི་ཐན་པ་ཡིན། །རྟོགས་པ་ཆོས་ཉིད་ཀློང་ན་འཕྱོ། །བཤད་པ་མི་གཙོ་སྒོམ་པ་གཙོ། །བཤད་པའི་ཚིག་ནི་བཤད་ར་མཁན། །སྒོམ་པ་ལྷ་དང་གཉིས་སུ་མེད། །སྒྲུབ་པས་ཀྱང་རྟོགས་པ་རིང་། །རྟོགས་པ་གདེང་དུ་མ་ཆུད་ན། །སྒྲུབ་པས་རྟོགས་པའི་རྒྱུན་ལ་བསྒྲུབ། །ཅེས་བཤད་དོ། །གཉིས་པ་གྲུབ་པའི་མཐའ་ལ་དབྱེ་ན་གསུམ་སྟེ། བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ། ཞེས་པས་འདིར་སྤང་བྱའི་མཐའ་ལས་གྲལ་བས་སྟོང་པ་ཉིད་སྟོང་པ་ཉིད་དུ་སྟོན་པ་སེམས་ཀྱི་སྡེ། གཉེན་པོའི་མཐའ་ལས་གྲོལ་བས་འདུས་མ་བྱེས་སྟོང་པ་ཉིས་དུ་སྟོན་པ་ཀློང་གི་སྡེ། གཉིས་ཀའི་མཐའ་ལས་གྲོལ་བས་རང་གི་མཚན་ཉིད་སྟོང་པ་ཉིད་དུ་སྟོན་པ་མན་ངག་གི་སྡེ་སྟེ་འགག་རྣམ་པ་གསུམ་དུ་དྲིལ་ཤེས་ལ་དེ་ལྟ་ནའང་གཙོ་ཆེ་ཆུང་གིས་སྨོས་པ་ལས་ངོ་བོའི་ཆ་ལ་སེམས་སྡེས་གསལ་བ་མ་སྤངས། ཀློང་སྡེས་སྟོང་པ་མ་སྤངས། མན་ངག་སྡེ་ལྷུན་གྲུབ་རང་གསལ་ཆེན་པོ་སྟེ། གྲུབ་མཐའི་འཆའ་ལུགས་འདི་ངོས་འཛིན་སེམས་སྡེས་འཁོར་འདས་རྒྱས་འདེབས་པ་དང་། ཀློང་སྡེས་འཁོར་འདས་ངང་ལ་རྫོགས་པ་དང་། མན་ངག་སྡེས་ཡིན་ཚུལ་གནང་ཐོག་ཏུ་སྤྱོད་པ་གསུམ་གྱིས་དོན་གཏན་ལ་ཕེབས་པ་ཡིན་ཏེ། བརྗོད་བྱའི་སྒོ་ནས་སེམས་ཀྱི་སྡེ་ལ་རྗོད་བྱེད་ཀྱི་རྒྱུད་ཤློ་ཀ་འབུམ་ཕྲག་ཉི་ཤུ་རྩ་གཉིས་གསུངས་པ་རྣམས། ཆོས་ཉིད་ལ་བརྗོད་དུ་མེད་པའི་ཀློང་། ལྟ་བ་ལ་ཡིན་པ་མེད་པའི་ཀློང་། སྤྱོད་པ་ལ་མིན་པ་མེད་པའི་ཀློང་


JL02_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རྣམ་པ་གསུམ་དུ་བསྡུལ། དེའང་བམ་པོ་སྟོང་ཕྲག་དྲུག་དང་སུམ་བརྒྱར་གནས་པ་ཉིད། གནས་པ་གཞི་ཐོག་ཏུ་ཐེབས་པའི་འཕྱོང་དང་། སྣང་བ་རང་སར་གྲོལ་བའི་འཕྱོང་དང་། རོ་མཉམ་ཐ་དད་མེད་པའི་འཕྱོང་དང་གསུམ་དུ་བསྡུ་སྟེ། ཆོས་ཉིད་ལ་འཕྱུགས་པ་མེད་པའི་གཟེར་བུ་ལྔ་བཅུ། ཡུལ་སེམས་ལ་ལྟ་བའི་གནས་ལྔ་བརྒྱ་དང་བཅུ་གཅིག། སྣང་སེམས་ཅིག་ཅར་དུ་ཤན་འབྱེད་པའི་གནད་ཁྲི་ཕྲག་གཉིས། ལྟ་བ་ཐོད་རྒལ་དུ་ལ་བཟླ་བ་ཁྲི་ཕྲག་ལྔ། སྒོམ་ཡོད་རྟོག་པ་གཅོད་པའི་གནད་སྟོང་ཕྲག་གཅིག་ཏུ་དབྱེ་བ་རྣམས་མིང་ཐོགས་ཀྱི་རྒྱུད་སྟོང་ཕྲག་གཅིག་དང་གསུམ་གྱི་གྲངས་སུ་བཞུགས་པ་ལ། སེམས་ཀྱི་ཕྱོགས་འཛིན་པ། སེམས་ཀྱི་གནད་འཛིན་པ། སེམས་ཀྱི་གདེང་འཛིན་པ་གསུམ་དུ་འདུ་བ་ཡིན་ནོ། །དེ་བཞིན་དུ་ཀློང་གི་སྡེ་རྣམས་བསྡུ་ན་དགུར་འདུ་སྟེ། ལྟ་བ་ལ་འཕོ་འགྱུར་མེད་པའི་ཀློང་། །སྒོམ་པ་ལ་ཡིན་མིན་མེད་པའི་ཀློང་། འབྲས་བུ་ལ་རེ་དོགས་མེད་པའི་ཀློང་། ངོ་བོ་ལ་གྲུབ་བསལ་མེད་པའི་ཀློང་། རང་བཞིན་ལ་འགག་པ་མེད་པའི་ཀློང་། མཚན་ཉིད་ལ་སྣང་སེམས་གྲོལ་བའི་ཀློང་། དབྱིངས་ལ་འཕོ་འགྱུར་མེད་པའི་ཀློང་། རོལ་པ་ལ་རང་ཤར་ཆེན་པོའི་ཀློང་། ལྷུན་མཉམ་ལ་ཡེ་གྲོལ་ཅོག་གཞག་གི་ཀློང་ངོ། །དེ་དག་ཀྱང་བསྡུ་ན་གསུམ་དུ་འདུ་སྟེ། ལྷུན་གྲུབ་ཡངས་པ་ཆེན་པོའི་ཀློང་། རང་གསལ་བྱ་རྩོལ་མེད་པའི་ཀློང་། མ་བྱས་ཡེ་ནས་གྲུབ་པའི་ཀློང་སྟེ། དེ་དག་གི་ཚུལ་རྒྱས་པར་སྟོན་པའི་རྒྱུད་སྟོང་ཕྲག་གསུམ་གྱི་མིང་གིས་བསྡུས་པ་རྣམས་ལ་ལེའུ་ཁྲི་ཕྲག་གཅིག་དང་ཆིག་སྟོང་། ཤློ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡོད་པ་རྣམས། ཁ་ཟླ་བ་ཁྲི་ཕྲག་བརྒྱད་དུ་འདུས་ལ། དེའང་ཤན་བྱེད་ཁྲི་ཕྲག་གཉིས་སུ་འདུས། དེའང་གགས་དགུ་བརྒྱར་འདུས་ཏེ་གནང་སྟོང་ཕྲག་གཉིས། གཟེར་བུ་ལྔ་བཅུ་དང་བཅས་པ་ཐམས་ཅད་བྱས་གྲོལ། བཞག་གྲོལ། ཆེར་གྲོལ་གྱི་ཕྱོགས་གསུམ་དུ་འདུས་པའོ། །སྙིང་པོའི་མཐར་ཐུག་རྫོགས་


JL02_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་མན་ངག་གི་སྡེ་སྐོར་ནི། ཕྱི་ནང་གསང་བ་བླ་མེད་བཞིའི་ངོ་བོར་གནས་པ་ལ། རྗོད་བྱེད་ཀྱི་རྒྱུད་མཚན་སོ་སོར་ཁྲི་ཕྲག་གཉིས་དང་བཅུ་གཉིས། ལེའུ་སྟོང་ཕྲག་སུམ་ཅུ་རྩ་ལྔ། ཤློ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། གནང་སྟོང་ཕྲག་ལྔ། འཕྱོང་ཆེན་པོ་བརྒྱད། གཟེར་བུ་བརྒྱ་དང་བརྒྱད་ཅུ། གྲགས་སྟོང་ཕྲག་དགུ་བརྒྱ། ཤན་འབྱེད་ཁྲི་ཕྲག་བདུན། ལོ་བཟླ་བ་འབུམ་ཕྲག་ཕྱེད་དང་གཉིས་ཏེ་བརྗོད་བྱ་ནམ་མཁའི་མཐའ་དང་མཉམ་པར་བཀའ་སྩལ་བ་ནི་མཐར་ཕྱིན་མན་ངག་ག་སྡེའོ། །དེ་ལྟར་མན་ངག་གི་སྡེ་གསུམ་པོའང་ཀློང་གསུམ་དུ་འདུས་ཏེ། རོལ་བ་འགག་པ་མེད་པའི་ཀློང་། བློ་ལམ་རྗེས་པ་མེད་པའི་ཀློང་། ངོ་བོ་ལ་བཟང་ངན་མེད་པའི་ཀློང་ངོ། །དེ་དག་ཀྱང་མན་ནག་གི་སྙིང་པོ་གནད་བཀྲོལ་བ་དང་། འགག་བསྡམས་པ་དང་། ངོ་སྤྲད་པ་དང་། མངོན་སུམ་རང་གནད་ལ་དམ། །པ་དང་བཞིར་འདུས་པ་ཡིན་ནོ། །ད་ནི་དེ་དག་ལས་བོད་དུ་འགྱུར་བའི་གྲགས་ཆེ་བ་ཆེ་ལོང་ཙམ་ཞིག་སྡེ་ཙན་གྱི་རྣམ་པས་སྨོས་ཏེ། དང་པོ་སེམས་སྡེའི་རྒྱུད་ལ་སེམས་མེད་བཅོ་བརྒྱད་དུ་གྲགས་པའི་སྔ་འགྱུར་ལྔ་ནི། རིག་པའི་ཁུ་བྱུག། རྩལ་ཆེན་སྤྲུགས་པ། ཁྱུང་ཆེན་ལྡིང་བ། རྡོ་ལ་གསེར་ཞུན། མི་ནུབ་པའི་རྒྱལ་མཚན་ལྔ་པོ་བཻ་རོ་ཙ་ནས་བསྒྱུར་བའོ། །ཕྱི་འགྱུར་བཅུ་གསུམ་ནི། རྩེ་མོ་བྱུང་རྒྱལ། ནམ་མཁའ་རྒྱལ་པོ། བདེ་བ་འཕྲུལ་བཀོད། རྫོགས་པ་སྤྱི་ཚངས། བྱང་ཆུབ་སེམས་ཏིག། བདེ་བ་རབ་འབྱམས། སྲོག་གི་འཁོར་ལོ། །ཐིག་ལེ་དྲུག་པ། རྫོགས་པ་སྤྱི་སྤྱོད། ཡིད་བཞིན་ནོར་བུ། ཀུན་འདུས་རིག་པ། རྗེ་བཙུན་དམ་པ། སྒོམ་པ་དོན་གྲུབ་སྟེ་བཅུ་གསུམ་པོ་བི་མ་ལ་དང་། ཀུ་མཱར། གཡུ་སྒྲ་གསུམ་གྱིས་བསྒྱུར་བ་སེམས་མེད་བཅོ་བརྒྱད་དུ་གྲགས། དེ་དག་གི་སྟེང་དུ་བཻ་རོས་སྔར་བསྒྱུར་བའི་ཀུན་བྱེད་རྒྱལ་པོ། རྨད་བྱུང་། མདོ་བཅུ་གསུམ་པ་རྣམས་བསྡོམས་པ་སེམས་སྡེ་ཉེར་གཅིག་གོ།


JL02_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་པ་མ་ལོ་བཅོ་བརྒྱད་རྣམས་མིང་གི་རྣམ་གྲངས་ལ་འདྲ་ཡང་། ལ་ལ་སྔ་ཕྱི་དང་སྒྱུར་བྱེད་མི་འདྲའོ། །ཀློང་སྡེའི་རྒྱུད་ལ། འཁོར་བ་དོང་སྤྲུགས། རིན་ཆེན་གསང་བའི་རྒྱུད། བྱ་རྩོལ་མེད་པའི་རྒྱུད། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལ་སོགས་པ་འབུམ་ཕྲག་གཅིག་གོ། མན་ངག་གི་རྒྱུད་ནི། པདྨ་ཀློང་གསལ། པདྨ་དབང་རྒྱལ། ཡིད་བཞིན་ཏོག་གི་རྒྱུད་ལ་སོགས་པ་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གཅིགཁྱད་པར་དུ། སངས་རྒྱས་མཉམ་སྦྱོར། ཐིག་ལེ་སྐོར་གྱི་སྙིང་པོའི་རྒྱུད་ལྔ་སྟོང་སུམ་བརྒྱ། སྒྲ་ཐལ་འགྱུར་ལ་སོགས་ཏེ་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན། ཁྲོས་མ་དང་བཅོ་བརྒྱད། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འཕྲོས་ཏེ་བྱོན་པ་རྣམས་སོ། །གསུམ་ཀའི་ཐུན་མོང་དུ་གྱུར་བ་རྫོགས་པ་ཆེན་པོ་སྤྱིའི་རྒྱུད་ནི། སེམས་ཉིད་བྱ་རྩོལ་ལས་འདས་པ་ནམ་མཁའ་ཆེའི་རྒྱུད་དང་། དེ་ཉིད་ཉམས་སུ་བླང་བ་ནམ་མཁའ་ཆེ་ཕྱི་མའི་རྒྱུད། དེ་ཉིད་ཡོངས་སུ་རྫོགས་པའི་འབྲས་བུ་ནམ་མཁའ་ཆེ་ཕྱི་མའི་རྒྱུད་ཡོངས་སུ་འགྲོ་བ། སེམས་ཉིད་འཕོ་འགྱུར་མེད་པ་ཆོས་ཉིད་རྒྱལ་པོའི་རྒྱུད། སེམས་ཉིད་ཐིག་ལེ་ཉག་གཅིག་ཏུ་སྟོན་པ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྒྱུད། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ཡེ་ཤེས་ཐིག་ལེའི་རྒྱུད། སེམས་ཉིད་ཐམས་ཅད་ཀྱི་རྩ་བར་བསྟན་པ་མན་ངག་ཕྲེང་བའི་རྒྱུད། སེམས་ཉིད་ཀུན་ཁྱབ་ཆེན་པོར་བསྟན་པ་གསང་བ་རྒྱལ་པོའི་རྒྱུད། སེམས་ཉིད་རང་རིག་ཏུ་བསྟན་པ་ཡེ་ཤེས་དམ་པའི་རྒྱུད། སེམས་ཉིད་ཀུན་ཏུ་བཟང་པོའི་རོལ་པར་སྟོན་པ་ནམ་མཁའ་དབྱིངས་རྣམ་དག་གི་རྒྱུད། སེམས་ཉིད་ཀུན་གྱི་སྙིང་པོ་སྟོན་པ་མན་ངག་སྙིང་པོའི་རྒྱུད། སེམས་ཉིད་རང་རིག་ཏུ་ཡིད་ཆེས་པ་སྙིང་པོ་གསང་བའི་རྒྱུད། སེམས་ཉིད་ཀུན་གྱི་རྩ་བ་ནམ་མཁའ་ཆེ་རྩ་བ་ཅན་གྱི་རྒྱུད། སེམས་ཉིད་གཅིག་ཏུ་འདུས་པ་ཉག་གཅིག་དགོངས་པའི་རྒྱུད། སེམས་ཉིད་ཇི་བཞིན་པར་གཞག་


JL02_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསམ་གཏན་ཆེན་པོའི་རྒྱུད། སེམས་ཉིད་རྒྱུན་ཆགས་སུ་གོམས་པ་བསམ་གཏན་རྒྱུན་ཆགས་ཀྱི་རྒྱུད། སེམས་ཉིད་ཐམས་ཅད་དུ་གསུངས་པ་སྒོ་མང་མདོའི་རྒྱུད། སེམས་ཉིད་དབང་དང་སྒྱུར་བ་ནམ་མཁའ་ཆེ་དབང་གི་རྒྱུད། སེམས་ཉིད་སྒྲ་ཚིག་ལས་འདས་པ་ནམ་མཁའ་ཚེ་ཡི་གེ་མེད་པའི་རྒྱུད། སེམས་ཉིད་གདོད་མའི་གནས་སུ་བསྟན་པ་ནམ་མཁའ་ཆེ་གཞིའི་རྒྱུད། སེམས་ཉིད་འོད་གསལ་དུ་བསྟན་པ་རིན་ཆེན་འབར་བའི་རྒྱུད། སེམས་ཉིད་ཡོན་ཏན་ལྷུན་གྲུབ་ཏུ་བསྟན་པ་རིན་ཆེན་ཕྲེང་བའི་རྒྱུད། སེམས་ཉིད་ཁམས་གསུམ་གསལ་བའི་ཁམས་གསུམ་སྒྲོད་མེའུ་་རྒྱུད། སེམས་ཉིད་སྤང་བླང་ལས་འདས་པར་སྟོན་པ་ངེས་པ་སྙིང་པོའི་རྒྱུད། སེམས་ཉིད་འཕོ་འགྱུར་མེད་པར་སྟོན་པ་རྡོ་རྗེ་གསང་བའི་རྒྱུད། སེམས་ཉིད་ཡེ་ནས་སངས་རྒྱས་པར་སྟོན་པ་ཡེ་སངས་རྒྱས་པའི་རྒྱུད་སྡེ་ཉི་ཤུ་རྩ་ལྔ་དང་། ལུང་བམ་པོ་བཅོ་བརྒྱད། ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་རིག་པའི་ཁུ་བྱུག། རྩོལ་སྒྲུབ་ཟིལ་གྱིས་གནོན་པ་རྩལ་ཆེན་སྤྲུགས་པ། སེམས་ཉིད་དབྱིངས་སུ་རྫོགས་པ་ཁྱུང་ཆེན་རྫོགས་པ། ཆོས་ཉིད་ཡེ་གནས་ཀྱི་སྒོམ་པ་རྡོ་ལ་གསེར་ཞུན། སེམས་ཉིད་ལྷུན་གྲུབ་ཀྱི་ལྟ་བ་མི་ནུབ་རྒྱལ་མཚན། སེམས་ཉིད་ཡེ་ནས་སྟོང་པ་རྨད་བྱུང་རྒྱལ་པོ། སེམས་ཉིད་ཆོས་སྐུར་བསྟན་པ་ཡེ་ཤེས་དམ་པ། སེམས་ཉིད་ཐིག་ལེར་བསྟན་པ་ཡང་ཏིག་རྒྱལ་པོ། སེམས་ཉིད་སྐྱེ་ཤི་མེད་པར་སྟོན་པ་སྲོག་གི་འཁོར་ལོ། །སེམས་ཉིད་འདོད་དགུ་འབྱུང་བར་སྟོན་པ་ཡིད་བཞིན་ནོར་བུ། སེམས་ཉིད་མཉམ་རྫོགས་ཆེན་པོར་སྟོན་པ་ཐིག་ལེ་ཀུན་འདུས། སེམས་ཉིད་ཐེག་པ་ཀུན་རྫོགས་སུ་སྟན་པ་ནམ་མཁའ་ཆེ་རྒྱལ་པོ། སེམས་ཉིད་ཀུན་གྱི་ཡང་རྩེར་སྟོན་པ་རྩེ་མོ་བྱུང་རྒྱལ། སེམས་ཉིད་ཡེ་བདེ་སྤྲོས་བྲལ་དུ་སྟོན་པ་བདེ་བ་རབ་འབྱམས། སེམས་ཉིད་ཉོན་མོངས་མེད་ཅིང་ཟག་མེད་དུ་སྟོན་པ་བདེ་བ་ཕྲ་བཀོད། སེམས་ཉིད་འཁོར་འདས་ཀྱི་གཞི་འདུས་པར་བསྟན་པ་གཏེར་ཆེན་ཡོངས་


JL02_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས། སེམས་ཉིད་ཐེག་པ་ཀུན་གྱི་སྤྱི་ཆིངས་སུ་བསྟན་པ་ལྷུན་རྫོགས་སྤྱི་ཆིངས། སེམས་ཉིད་རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་སྟོན་པ་ནམ་མཁའ་མཐའ་དབུས་ཀྱི་རྒྱུད་རྣམས་སོ། །དེ་ཙམ་ནི་རྒྱུད་ཀྱི་སྡེ་ཚན་ངོས་ཟིན་པའི་སླད་དུ་སྟེ། རང་བཞིན་དུ་ན་དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་ཐམས་ཅད་པ་ཟབ་ཅིང་གཏིང་དཔག་དཀའ་བ་ཡིན་པས་ཐོགས་པ་མེད་པའི་བློ་གྲོས་དང་། སྐལ་བ་མཆོག་ཏུ་གྱུར་བ་རྣམས་ཀྱིས་ཚིག་དང་དོན་གྱི་འབྲེལ་བཀོད་ནས་སྡེ་ཚན་དེ་དང་དེར་སྣང་བའོ། །ཡན་མན་གཉིས་ཀར་རྟོགས་པའམ། དཔལ་བསམ་ཡས་པས། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སྙིང་ཐིག་གི་ལུགས་སུ་བཀྲལ་བ་བཞིན་གཞུང་དོན་རྒྱ་ཆེན་པོ་ཡང་མན་ངག་འབའ་ཞིག་ཏུ་འཆར་ཞིང་། མན་ངག་ཟབ་མོའང་གཞུང་ལུགས་ཀྱི་ས་བོན་དུ་འཆར་བའང་ཡོད་དེ། །སྐྱེས་བུའི་བློ་སྟོབས་ཀྱི་ཁྱད་པར་དང་། སངས་རྒྱས་རྣམས་ཀྱི་གསུང་གི་གསང་བ་བླ་ན་མེད་པའི་ཡོན་ཏན་ཡིན་པར་བལྟའོ། །དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་བ་རིག་པ་འཛིན་པའི་སྡེ་སྣོད་དམ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན་ཅེས་བྱ་བ་ལས། མཚན་ཉིད་ངེས་པའི་སླད་དུ་བསྟན་བྱ་དམ་པའི་ཆོས་ཀྱི་རྣམ་པ་སྤྱི་དང་བྱེ་བྲག་པ་མདོ་ཙམ་སྨོས་པའི་རབ་ཏུ་བྱེད་པ་སྟེ་སྐབས་དྲུག་པའོ།། །།


previousམཚན་ཉིད་ངེས་པའི་སླད་དུ་བསྟན་བྱ་དམ་པའི་ཆོས་ཀྱི་རྣམ་པ་སྤྱི་དང་བྱེ་བྲག་པ་མདོ་ཙམ་སྨོས་པའི་རབ་ཏུ་བྱེད་པ་སྟེ་སྐབས་དྲུག་པ།next