Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


  expand section
  collapse section
   
   
   
ཡོ་ག་གསུམ་གྱི་ཆོས་འབྱུང་གླིང་ཞིང་མཚན་ཉིད་སྤྱིར་བསྟན་པའི་སྐབས་ཏེ་སརྒ་གསུམ་པ།
   
   
   
   


 
previousཡོ་ག་གསུམ་གྱི་ཆོས་འབྱུང་གླིང་ཞིང་མཚན་ཉིད་སྤྱིར་བསྟན་པའི་སྐབས་ཏེ་སརྒ་གསུམ་པ།next

ཡོ་ག་གསུམ་གྱི་ཆོས་འབྱུང་གླིང་ཞིང་མཚན་ཉིད་སྤྱིར་བསྟན་པའི་སྐབས་ཏེ་སརྒ་གསུམ་པ།


JL02_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྔ་འགྱུར་རྡོ་རྗེའི་ཐེག་པ་བཤད་པ་ལ་གཉིས། བྱུང་ཚུལ་གྱི་རྣམ་པར་གཞག་པ་དང་། དེའི་རྣམ་དབྱེ་བཤད་པའོ། །དང་པོ་ལ་གཉིས། གསུང་བ་པོ་སྟོན་པའི་བྱོན་ཚུལ་སྤྱིར་བསྟན་པ་དང་། གསུངས་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་སྒྱུ་འཕྲུལ་བླ་མ་ལས། དོན་གྲུབ་དཀའ་ཐུབ་ལུས་ཅན་ལ། །ཕྱོགས་བཅུའི་རྒྱལ་བ་སྤྲིན་བཞིན་དུ། །འདུས་པས་ལོངས་སྤྱོད་དོན་གྱི་ཕྱིར། །སྲོད་དང་ཐོ་རངས་དུས་ཉིད་དུ། །ཉི་ཟླ་ཟ་བའི་དབང་བྱིན་ནས། །རོལ་པའི་ཀ་ར་བསྟན་པ་ཡིས། །དེ་བཞིན་དེ་བཞིན་གཤེགས་པའོ། །ཞེས་པ་ལྟར་ཐུན་མོང་གི་ལུགས་སུ་གྲགས


JL02_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དང་པོར་སེམས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། ཞིང་འདིར་མཛད་པ་བཅུ་གཉིས་ལས་དཀའ་བ་སྤྱོད་པའི་རྟེན་དེ་ལ་ཇི་སྐད་དུ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་གྲོལ་བའི་ཐིག་ལེ་ལས། ཅི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་གསུམ་དུ་ཚོགས་བསགས་ཀྱང་། །འདི་དོན་ནམ་རྟོགས་ནེ་རཉྫར། །ཅི་ཡང་མ་ཡིན་ཏིང་འཛིན་གནས། །དེ་ཚེ་ཕྱོགས་བཅུའི་བདེ་གཤེགས་ཀྱིས། །ཐལ་བྱུང་བློ་ཆགས་དེ་བཟློག་སྟེ། །ནམ་མཁའི་དབྱིངས་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་རབ་བསྟན་པས། །ནམ་ཕྱེ་དུས་ན་རྒྱལ་བ་ལྟར། །དེ་ཉིད་བསྒོམས་པས་ཐོ་རེངས་དུས། །སྐད་ཅིག་གཅིག་གིས་ཡང་དག་རྟོགས། །འགྲོ་བ་གདུལ་བར་བྱ་བའི་ཕྱིར། །བྱང་ཆུབ་སྙིང་པོར་བཞུགས་ནས་ཀྱང་། །དཔུང་ཆེན་བདུད་རྣམས་རབ་བཅོམ་སྟེ། །སེམས་ཅན་གཟུང་བར་བྱ་དོན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཞེས་པ་ལྟར་དཀའ་བ་སྤྱོད་པའི་ཚེ་རྣམ་སྨིན་གྱི་ལུས་དེ་ཉིད་དུ་བཞག། ཡེ་ཤེས་ཀྱི་ལུས་འོག་མིན་དུ་སངས་རྒྱས་ནས། སླར་ཡང་སེམས་ཅན་གྱི་དོན་དུ་རྡོ་རྗེ་གདན་དུ་འཚང་རྒྱ་བའི་ཚུལ་བསྟན་ནས་ཕྱི་ལྟར་ན་ཤཱཀྱ་ཐུབ་པ། ནང་ལྟར་རྡོ་རྗེ་འཆང་། གསང་བ་ལྟར་ན་གདོད་ནས་གཟུང་འཛིན་གྱི་འཆིང་བ་ལས་རྣམ་པར་གྲོལ་བའི་དཔལ་ཀུན་ཏུ་བཟང་པོ་སྟེ། ལང་ཀར་གཤེགས་པ་ལས་ཀྱང་། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་སངས་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་སངས་རྒྱའོ། །ཞེས་དང་། གཞན་ཡང་། ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །ཞེས་སོ། །བློ་ཆུང་ཞིང་མོས་པ་ཞན་བདག་དེ་ལྟ་བུའི་སྐུ་གསུམ་གྱི་སྟོན་པ་ངོ་བོའི་སྒོ་ནས་ཀྱང་ཐ་དད་དུ་བཟུང་ནས་ཕྱོགས་དང་རིས་སུ་བཅད་དེ་ཡང་


JL02_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

། དག་པའི་རྒྱུད་ལུང་མང་པོ་ལ་ལོག་པར་རྟོག་པའི་འཆིང་བས་དཀྲིགས་པ་ནི། སངས་རྒྱས་ཀྱི་ཐུགས་རྗེའི་རོལ་པ་ཚད་མེད་ཅིང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་པར་འཕྲུལ་བའི་ཆོས་ཉིད་ཀྱི་དོན་ལ་རྨོངས་པར་ཟད་དེ། དབྱིངས་ན་བཞུགས་པའི་ཟླ་བ་གཅིག་ཉིད་ལས་གདུལ་བྱའི་མོས་པ་དང་རྗེས་སུ་མཐུན་པའི་ཆུ་སྣོད་ཐ་དད་པར་ཟླ་བའི་གཟུགས་བརྙན་དེ་སྙེད་དུ་འཆར་བ་ལྟར། སྐུ་གསུམ་གྱི་སྟོན་པ་དེ་དག་རང་བཞིན་ནི། ཆོས་སྐུའི་གནས་སྐབས་ན་ཐོག་མ་མེད་པའི་གནས་སུ་རིག་པའི་ཆོས་ཉིད་གཟུང་འཛིན་གྱི་འཆིང་བ་ལས་རྣམ་པར་གྲོལ་བའི་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད། ལོངས་སྤྱོད་རྫོགས་པ་སྐུའི་གནས་སྐབས་ན་རིགས་ལྔའི་སངས་རྒྱས་སུ་བཞེངས་པའི་ངང་ནས། སྤྲུལ་པ་སྐུའི་གནས་སྐབས་ན་གདུལ་བར་བྱ་བའི་དབང་གིས་འོག་མིན་ཁང་བུ་བརྩེགས་པ་སྟེ་གཙང་མའི་གནས་སུ་རྡོ་རྗེ་འཆང་ངམ། རིགས་དྲུག་པ་དང་། འགྲོ་དྲུག་སོ་སོའི་གནས་སུ་ཤཱཀྱ་ཐུབ་པ་ལ་སོགས་དྲུག་ཏུ་སྣང་བ་གྲངས་མེད་པས། གདུལ་བྱ་རང་རང་གི་མོས་པ་དང་མཐུན་པའི་ཆོས་དཔག་ཏུ་མེད་པ་དང་། ཁྱད་པར་རྡོ་རྗེའི་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ཏེ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་འཛིན། འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པར་དབང་བསྐུར་བའི་རྗེས་ལ། དེ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་གྱིས་གླིང་བཞི་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་འཛམ་བུའི་གླིང་དུ་བདུད་ཕམ་པར་མཛད་ནས་བྱང་ཆུབ་ཏུ་མངོན་པར་སངས་རྒྱས། ཞེས་པ་དང་། དཔལ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་བ་ལས་སེམས་དང་ཡེ་ཤེས་རང་སྣང་བར་སྟོན་པའི་པའི་གནས་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཐུགས་རྗེ་ཆེན་


JL02_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བྱིན་རླབས་ཞེས་བྱ་བ། རིགས་པའི་སྐྱེས་བུ་ཐུབ་པ་དྲུག །དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །འཐོན་ནས་ཀྱང་ལས་ཀྱི་དབང་གིས་སྣྲེལ་གཞི་དང་། ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས། འདུལ་བ་རྣམ་པ་བཞིས་འགྲོ་བ་ལྔའི་དོན་མཛད་དེ། །ཞེས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་པ་ལྟར་བསྐལ་པ་ལ་སོགས་པའི་གྲངས་ཀྱི་རྣམ་གཞག་དང་བློའི་ནུས་པས་བསམ་པར་མི་ནུས་པའི་རང་བཞིན་ཅན། འཁོར་འདས་ཐམས་ཅད་ཀྱི་སྤྱི་གཞི་ལས་ཁྱད་པར་གྱི་ཆོས་རྣམ་པ་དྲུག་གི་སྒོ་ནས་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ཏེ་འོད་གསལ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པའི་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོས། ཐབས་སྙིང་རྗེ་ཆེན་པོའི་རྩལ་ལས་གཞི་སྣང་ཡེ་ཤེས་ཀྱི་རོལ་པ་འགག་མེད་རང་བྱུང་གི་སྣང་ཆར། སྟོན་པ་གསུམ་ལ། ཞིང་ཁམས་གསུམ་དང་། བསྟན་པ་གསུམ་དང་། འཁོར་གསུམ་ལ་སོགས་པའི་རོལ་པ་ཚད་མེད་པར་བཀོད་པ་ནི། ཆོས་ཀྱི་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། ཆོས་རང་བཞིན་རྫོགས་པ་ཆེན་པོ་གསང་སྔགས་བླ་ན་མེད་པ། འཁོར་ཡེ་ཤེས་རྒྱ་མཚོ། དུས་བསམ་གྱིས་མི་ཁྱབ་པ། གནས་ཆོས་ཉིད་དོན་གྱི་འོག་མིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པ་ངེས་པ་རིགས་ལྔའི་སངས་རྒྱས། ཆོས་ངེས་པ་གསང་སྔགས་ཕྱི་ནང་། འཁོར་ངེས་པ་དབང་པོ་དང་ཡུལ་སྣང་དག་པའི་འབྲས་བུའི་སེམས་དཔའ། དུས་ངེས་པ་རྟག་པ་


JL02_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་གྱི་འཁོར་ལོ། །གནས་ངེས་པ་རང་སྣང་སྟུག་པོ་བཀོད་པའི་ཞིང་ཁམས་ཏེ་ངེས་པ་ལྔ་དང་ལྡན་པར་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རྣམ་རོལ་ཆེན་པོར་བཞུགས་པ་སྟེ། དེ་ལ་ཡན་ལག་བདུན་ནི། འབྲས་བུའི་ཡན་ལག་དང་། རྒྱུའི་ཡན་ལག་སྟེ་བདུན་ཚན་གཉིས་ལས། དང་པོ་འབྲས་བུའི་བདུན་ནི། འོག་མིན་ཆེན་པོར་དག་པའི་འཁོར་ལ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཆོས་འཁོར་ལ་རྟག་ཏུ་ལོངས་སྤྱོད་པས་ན་ལོངས་སྤྱོད་ཀྱི་ཡན་ལག། མཚན་རྫོགས་ཀྱི་ལོངས་སྐུ་རང་འོད་ཀྱི་ཡུམ་དང་འདུ་འབྲལ་མེད་པ་ཁ་སྦྱོར་གྱི་ཡན་ལག། ཟག་མེད་ཡེ་ཤེས་ཀྱི་བདེ་བ་རྒྱུན་ཆད་མེད་པ་བདེ་བ་ཆེན་པོའི་ཡན་ལག། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་མཁའ་ལྟར་ཁྱབ་པ་སྙིང་རྗེས་གང་བའི་ཡན་ལག། ཕྲིན་ལས་ཀྱི་རོལ་བ་འཁོར་བའི་ཕ་མཐར་བརྡལ་བ་རྒྱུན་མི་འཆད་པའི་ཡན་ལག། ཞི་བའི་མཐའ་ལ་མི་གནས་པ་འགོག་པ་མེད་པའི་ཡན་ལག། སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་རང་བཞིན་སྤྲོས་པའི་མཐའ་ལ་མི་གནས་པ་རང་བཞིན་མེད་པའི་ཡན་ལག་སྟེ་བདུན་ནོ། །སྐྱེད་བྱེད་རྒྱུའི་ཡན་ལག་བདུན་ནི། ཟུང་དུ་འཇུག་པའི་ལམ་གྱི་ཡེ་ཤེས་ལ་དངོས་པོའི་མཐའ་དང་བྲལ་བས་རང་བཞིན་མེད་པའི་ཡན་ལག། ཀུན་རྫོབ་དང་དོན་དམ་གྱི་ཁམས་ཐམས་ཅད་གདོད་ནས་ལྷུན་གྲུབ་ཏུ་ཤེས་པ་ཁ་སྦྱོར་གྱི་ཡན་ལག། བྱུང་ཚོར་འདུ་ཤེས་ཀྱི་རྟེན་འབྲེལ་ཐམས་ཅད་བདེ་ཆེན་ལྷན་སྐྱེས་ཀྱི་ངོ་བོར་རྟོགས་པ་བདེ་བ་ཆེན་པོའི་ཡན་ལག །འདོད་པའི་ཡོན་ཏན་ལྔ་ལ་སོགས་ཏེ་སྣང་ཆའི་རྟེན་འབྲེལ་བཟང་ངན་གྱི་འཆིང་ཞེན་རོ་མཉམ་ཆེན་པོར་ལོངས་སྤྱོད་ཀྱི་ཡན་ལག དེ་ལྟར་དུ་མ་རྟོགས་པའི་འགྲོ་བ་ལ་རིས་མེད་ཀྱི་ཕན་པ་བསྒྲུབ་པའི་གོ་ཆ་བགོ་བ་ནི་སྙིང་རྗེས་གང་བའི་ཡན་ལག །དེ་ལྟ་བུའི་བརྩོན་པ་རྒྱུན་མི་འཆད་པར་རིམ་པ་གཉིས་ཀྱི་འཁོར་ལོ་གཞན་དོན་ལག་ཡེལ་བ་མེད་པ་བསླབ་པ་ནི་རྒྱུན་


JL02_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མེད་པའི་ཡན་ལག །དེའང་ཆོག་འཛིན་བདག་ལྟའི་གཟེབ་ལས་གྲོལ་ཏེ་འཁོར་གསུམ་རྣམ་གྲོལ་དུ་སྤྱོད་པ་འགོག་པ་མེད་པའི་ཡན་ལག་སྟེ། །དེ་ལྟར་ཕྱི་མ་བདུན་ནི་སྒྲུབ་བྱེད་འགྲུབ་པའི་རྒྱུའམ། ས་བོན་ཡིན་ཏེ་ཞར་ལ་སྨྲས་པའོ། །སྤྲུལ་པ་སྐུའི་སྟོན་པ་རྡོ་རྗེ་འཆང་དང་ཐུབ་པ་དྲུག། ཆོས་ཐེག་པ་ཆེ་ཆུང་། འཁོར་སར་གནས་དང་། སོ་སོ་སྐྱེ་བོ་དང་། མཁའ་འགྲོ་དང་། རིགས་སྔགས་འཆང་བ་ལ་སོགས་མ་ངེས་པ་སྟེ། དུས་ཆོས་འབྱུང་གདུལ་བྱ་དང་མཚུངས་པ་ད་ལྟར་བ། གནས་ལྷ་གནས་ཀྱི་འོག་མིན་དང་། དུར་ཁྲོད་ཆེན་པོ་དག་རྡོ་རྗེ་བཙུན་མོའི་བྷ་ག་ལ་སོགས་པའི་གསང་ཆེན་གྱི་འོག་མིན་དང་། འགྲོ་དྲུག་གི་གནས་རིགས་ཐ་དད་པའོ། །དེའི་ཕྱིར་ཐོག་མ་མེད་པའི་དུས་ནས་ད་ལྟ་ཕྱི་མའི་མཐའི་མུར་ཐུག་གི་བར་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པས་ཚད་མེད་པའི་གདུལ་བྱ་རྣམས་ཐར་བ་དང་། རྣམ་པར་བྱང་ཆུབ་པའི་ལམ་བཀྲི་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པར་གསུངས་པ་ཡིན་ནོ། །གཉིས་པ་ལ་གཉིས། ཐེག་པའི་རྣམ་གྲངས་སྤྱིར་དབྱེ་བ་དང་། བླ་ན་མེད་པའི་ཐེག་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལྟར་སྐུ་གསུམ་སོ་སོའི་སྟོན་པས་ཆོས་བསྟན་པ་ཐམས་ཅད་ཀྱང་དབང་པོའི་རིམ་པ་དང་སྦྱར་ནས་གསུངས་པ་དང་། གཉེན་པོའི་དོན་རྣམས་བསྡུས་ཏེ་གསུངས་པ་དང་། དུག་གསུམ་སྤྱི་དང་བྱེ་བྲག་གི་གཉེན་པོར་གསུངས་པ་དང་གསུམ་དུ་ངེས་ཏེ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། གསུངས་ཚུལ་དགོངས་པ་གསུམ་དང་བཅས། གཉེན་པོ་བསྡུ་དང་དབང་པོའི་དོན། །ཚིག་རྣམས་བསྡུས་ཏེ་བསྟན་པར་བྱ། །ཞེས་སོ། །དེའང་གཉེན་པོའི་དོན་དུ་གསུངས་པ་ནི། སྦྱང་གཞི་འདོད་ཆགས། །ཞེ་སྡང་། གཏི་མུག། དེ་གསུམ་ཆ་མཉམ་པའི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་སྟེ་སྤྱིར་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། འདུལ་བ།


JL02_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ། མངོན་པ། སྡེ་སྣོད་གསུམ་ཆ་མཉམ་པ་ཉི་ཁྲི་ཆིག་སྟོང་སྟེ་ཆོས་ཀྱི་སྒོ་ཡང་བརྒྱད་ཁྲི་བཞི་སྟོང་ངོ། །བསྡུ་བའི་དོན་དུ་གསུངས་པ་ནི་གསང་སྔགས་ཕྱི་ནང་གཉིས་ཏེ། གསང་སྔགས་ཕྱི་པ་ཀྲཱི་ཡ། ཨུ་པ། ཡོ་ག་དང་། ནང་པ། ཨ་ནུ། ཨ་ཏི་གསུམ་སྟེ་རྒྱུད་སྡེ་དྲུག་ཏུ་གསུངས་པ་ནི་ཐལ་འགྱུར་ལས། འདས་པ་རྒྱུ་དང་འབྲས་བུ་ལས། །རྒྱུ་ལ་གསུམ་དང་འབྲས་ལ་གཉིས། །གཉིས་པོ་ལས་བྱེ་དྲུག་ཏུ་འགྱུར། །ཅེས་སོ། །དབང་པོའི་དོན་དུ་གསུངས་པ་ནི་ཐེག་པ་རིམ་པ་དགུ་སྟེ། བཀོད་པ་ཆེན་པོ་ཡིད་བཞིན་མཆོག་གི་རྒྱུད་ལས། ཆུང་ངུ་གསུམ་ལ་བསྟན་པ་ནི། །མཚན་མར་འཛིན་ལ་ཉན་ཐོས་ཏེ། །འདུ་ཤེས་ཅན་ལ་རང་རྒྱལ་ཉིད། །རྟོག་འཇུག་ཅན་ལ་བྱང་སེམས་སོ། །ཞེས་བཀའ་དང་པོ་བདེན་པ་བཞི་ནི་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་ཉན་ཐོས་ཀྱི་ཐེག་པ། བཀའ་བར་པ་མཚན་ཉིད་མེད་པ་ནི་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད་རང་རྒྱལ་གྱི་ཐེག་པ། ཐ་མ་དོན་དམ་རྣམ་པར་ངེས་པ་ནི་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་བྱང་སེམས་ཀྱི་ཐེག་པ་སྟེ། སྡེ་སྣོད་གསུམ་པོར་ཀུན་འབྱུང་འདྲེན་པའི་ཐེག་པ་ཞེས་བྱའོ། །དེ་བཞིན་དུ་སྔ་མར། འབྲིང་པོ་གསུམ་ལ་བསྟན་པ་ནི། རབ་ཏུ་དམན་ལ་བྱ་བ་སྟེ། དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཅེས་པས། ཐེག་པ་ཆེན་པོ་ཀྲཱི་ཡ་སྟེ་བྱ་བའི་རྒྱུད། སྤྱོད་པ་འོག་མ་བྱ་རྒྱུད་དང་། ལྟ་བ་གོང་མ་ཡོ་ག་དང་མཐུན་པའི་གཉིས་ཀར་སྤྱོད་པས་མ་ནིང་གི་ཐེག་པའམ། སྤྱོད་རྒྱུད་ཨུ་པ་ཡ། ཡོ་ག་རྣལ་འབྱོར་གྱི་རྒྱུད་དེ་ཕྱི་རྒྱུད་སྡེ་གསུམ་པོར་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཞེས་གྲགས་སོ། །དེ་བཞིན་དུ་བཀོད་པ་ཆེན་པོར། ཆེན་པོ་གསུམ་ལ་བསྟན་པ་ནི། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་


JL02_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྫོགས་པ་ཉིད། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་པ་ལྟར་གཞི་རྫོགས་འཕོ་མེད་ཀྱི་དབྱིངས་ལས་རང་ཤར་བའི་ཡེ་ཤེས་འོད་གསལ་གྱི་དགོངས་པ་བརྗོད་དུ་མེད་པ་ལས། རིག་པའི་ཆོ་འཕྲུལ་དུ་སྣང་བ་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུ་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག། རིག་པའི་རོལ་རྩལ་དུ་སྣང་བ་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུ་རྫོགས་པ་ལུང་ཨ་ནུ་ཡོ་ག། རིག་པ་རང་སྣང་བ་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་པོར་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཞེས་གྲགས་ཏེ། བཤད་རྒྱུད་དགོངས་པ་འདུས་པ་ལས། །ཀུན་འབྱུང་འདྲེན་པ་དཀའ་ཐུབ་རིག། དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་སོ། །དེ་དག་ལས་གསང་སྔགས་ཕྱི་ནང་གཉིས་ལ་ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་མཐའ་ཡས་པར་བཞུགས་པ་ལས། རྒྱལ་བློན་སྔ་དར་གྱི་ཚེ། སློབ་དཔོན་ཞི་བ་འཚོ་དང་། རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དང་། གྲུབ་པའི་འཁོར་ལོས་སྒྱུར་བ་བི་མ་ལ་མི་ཏྲ་སོགས་པས་པཎྜིི་ཏ་བགྱིས། བཻ་རོ་ཙ་ན་དང་། གཉགས་ཛྙཱ་ན་ཀུ་མཱ་ར་དང་། རྨ་རིན་ཆེན་མཆོག་དང་། ཨཱ་ཙཱ་རྱ་ཡེ་ཤེས་དབྱངས་ལ་སོགས་པས་ལོ་ཙཱ་བ་བགྱིས་ཏེ་བསྒྱུར་བའི་ཆོས་ཀྱི་རྣམ་གྲངས་ངེས་པ་ནི་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་ལགས་ལ་ཞིང་། །སོ་སོའི་རང་བཞིན་ནི་འོག་ཏུ་འགོད་པ་ཡིན་ནོ། །འོ་ན་ཐེག་པའི་རྣམ་གྲངས་དགུ་པོ་ཉིད་ལས་མི་འདའ་བའི་ཆོས་ཅན་ནམ་ཞེ་ན། འདུལ་བའི་དབང་གིས་དེ་། ལྟར་བཤད་ཀྱིས་དགོས་པའི་དབང་གིས་བཅུ་དྲུག་ཏུ་དབྱེ་བའི་རྣམ་གཞག་ཀྱང་ཡོད་དེ། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། ཐེག་པའི་དང་པོ་བཅུ་དྲུག་མགོན། །ཞེས་པས་སོར་བཞག་ལྷ་མིའི་ཐེག་པ་གཉིས། རྟག་ཆད་མུ་སྟེགས་ཀྱི་ཐེག་པ་གཉིས། ཕྱོགས་རྟོགས་ཉན་ཐོས་ཀྱི་ཐེག་པ་བྱེ་བྲག་པ་དང་མདོ་སྡེ་གཉིས། ཡང་དག་པ་ཇི་ལྟ་བ་བཞིན་མ་རྟོགས་པ་དབུ་མ་སེམས་ཙམ་པ་དང་།


JL02_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྒྱུད་པ་གཉིས། དབུ་མ་ཐལ་འགྱུར་བ་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ། འདུལ་བ་བྱ་བ། དགོངས་པ་སྤྱོད་པ། གསང་བ་སྦྱོར་བ། རང་བཞིན་གསང་བའི་དོན་རྒྱུད་སྡེ་བཞིའམ་དྲུག་སྟེ། བྱ་བ་དང་སྤྱོད་པ། རྣལ་འབྱོར་དང་མ་ཧཱ། ཨ་ནུ་དང་ཨ་ཏི་སྟེ་བཅོ་ལྔ། འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་དང་བཅུ་དྲུག་ཏུའང་གསུངས་ཏེ། དེ་སྐད་དུ་གསང་བའི་སྙིང་པོ་ལས་ཀྱང་། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་སོ། །དེ་ལ་མ་རྟོགས་པ་ནི། སོར་བཞག་ལྷ་མིའི་ཐེག་པ་སྟེ། །གང་གི་ཕྱིར་ལྷ་མིའི་ཐེག་པ་བྱ་ཞེ་ན། གསང་བ་མཆོག་གི་རྒྱུད་ལས། དགེ་བཅུ་སྤྱད་ཅིང་མི་དགེ་དོར་བ་ཡིན། །འདོད་པའི་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཞེས་པས། དགེ་བ་བཅུའི་ཏིང་ངེ་འཛིན་དང་འབྲེལ་བས་འབྲས་བུ་ལྷ་མིའི་གོ་འཕང་ལ་སྦྱོར་བའི་ཕྱིར་རོ། །ལོག་པར་རྟོགས་པ་ནི་རྟག་ཆད་མུ་སྟེགས་པ་སྟེ། དབྱེ་ན་མུ་སྟེགས་བྱེད་ཀྱི་སློབ་དཔོན་སྔ་མ་དག་རྟོག་གེ་སྡེ་ལྔར་བཞེད་པ་ལས། །གྲངས་ཅན་པ་ནི་ཀུན་གྱི་ཕྱི་མོར་འདོད་དེ། འཇུག་པ་ལས། ཟ་པོ་རྟག་དངོས་བྱེད་པོ་ཡིན་པའི་བདག། ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟག། དེ་དབྱེ་དེ་དོན་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །ཅེས་སོ། །དེ་ལ་རྟག་པར་བལྟ་བ་ནི། གྲངས་ཅན་པ། །དབང་ཕྱུག་པ། ཁྱབ་འཇུག་པ། རྒྱལ་བ་པ་བཞི་ཡིན་ལ། ཆད་པར་སྨྲ་བ་ནི་ཕུར་བུའོ། །དེ་དག་ལ་ནང་གསེས་ཀྱི་དབྱེ་བ་དང་གྲུབ་མཐའ་བསམ་ཡས་པར་ཡོད་དེ། ཀུན་གྱི་ཕྱི་མོ་གྲངས་ཅན་པ་ནི་སྐྱེ་དགུ་རྣམས་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས་སུ་བྱུང་སྟེ། དཀའ་ཐུབ་ལས་གྲོལ་བ་ཐོབ་པའི་དྲང་སྲོང་སེར་སྐྱ་


JL02_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་དེས་བསྟན་བཅོས་མང་དུ་བརྩམས་པ་ལས་གྲུབ་མཐའ་དེ་འཛིན་པ་བྱུང་ཞིང་། ཇི་སྐད་དུ། ཟ་བོ་རྟག་དངོས་བྱེད་པོ་ཡིན་པའི་བདག། ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟག། ཅེས་བརྟག་པའི་གཞུང་ཆོས་ལྔ་ལྡན་ལ་སོགས་པས་འགོད་པའོ། །དེ་བཞིན་དུ་དབང་ཕྱུག་གི་རྗེས་སུ་འབྲང་བ་དག། འགྲོ་བའི་བདེ་སྡུག་དང་། འཁོར་བ་དང་གྲོལ་བ་ཐམས་ཅད་དབང་ཕྱུག་མཉེས་པ་དང་མ་མཉེས་པས་བྱས་པ་འདོད་དེ། འགྲོ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཅེས་ཟེར་རོ། །ཁྱབ་འཇུག་པ་ནི། དེས་བསྟན་བཅོས་འབུམ་སྡེ་བརྩམས་ཤིང་། ལྟེ་བ་པདྨོའི་སྐྱེད་ཚལ་ནས་ཚངས་པ་གདོང་བཞི་པ་བྱུང་སྟེ། སྣོད་བཅུད་ཐམས་ཅད་ཚངས་པ་དེས་སྤྲུལ་པས་འཇིག་རྟེན་གྱི་མེས་པོ་ཞེས་གྲགས་སོ། །དེའི་གདོང་བཞི་ལ་སྙན་ངག་དང་། སྲིད་སྲུང་། མཆོད་སྦྱིན། ངེས་བརྗོད་ཀྱི་རིག་བྱེད་ཆེན་པོ་བཞི་བཤད་པ་རྣམས། ཐོག་མ་མེད་པའི་དུས་ནས་རྟག་པར་ཡོད་པ། ཚངས་པས་དྲན་པ་བརྗོད་པས། རིག་བྱེད་རྟག་པར་འདོད་པའོ། །ཕྱིས་དྲང་སྲོང་རྣམས་ཀྱིས་དེའི་གཞུང་བཀོད་པས་སྡེ་ཚན་ལྔར་གྱེས་ཤིང་། འདི་དག་ནི་སྙན་ངག་གིས་སྐྱེ་བོ་དགའ་བར་བྱེད་པ་དང་། སྲིད་སྲུང་གིས་རང་སྡེ་རྒྱལ་བར་བྱེད་པ་དང་། མཆོད་སྦྱིན་གྱིས་འདི་ཕྱིའི་དོན་སྒྲུབ་པ་དང་། དེས་བརྗོད་ཀྱིས་མཆོག་སྒྲུབ་པར་བྱེད་ཅིང་རིག་བྱེད་བཞི་ཚད་མར་འདོད་པའོ། །རྒྱལ་བ་པ་ནི། འདི་སྐད་དུ། དཀའ་བཟློག་དད་པས་ལུས་བསྲེགས་ན། །མཆོག་ཏུ་རྒྱལ་བར་སྤྱན་སྟོང་བཞེད། །གཟས་ཟིན་དུས་སུ་མགོ་བཅད་ན། །ཚངས་པ་ཐོབ་པར་ཀརྞ་འདོད། །བཅིངས་བསྲེགས་འགེགས་ཏེ་ཤི་བ་ནི། །གྲོལ་བར་འགྱུར་ཅེས་རྒྱལ་བ་སྨྲ།


JL02_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་རྗེས་སུ་འབྲེང་ཞིང་། ཐར་བ་མདོག་དབྱིབས་ཅན་དང་། ལྗོན་ཤིང་སེམས་ལྡན་དུ་འདོད་དེ། ལོ་འདབ་བཅད་ན་འཁུམས་པ་དང་པགས་པ་བཤུས་ན་བསྐམས་པས་འཆི་བའི་ཕྱིར་ཞེས་སྨྲའོ། །ཆད་པར་ལྟ་བ་ཕུར་བུ་པ་ནི། སུམ་ཅུ་རྩ་གསུམ་དུ་ཕུར་བུ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ཞིག། བརྒྱ་བྱིན་གྱིས་སྒྲ་བསླབས་པས་ལྷའི་བླ་མར་མིང་ཐོགས་པའི་དྲང་སྲོང་དེས། ལྷ་ལ་ལྷ་མ་ཡིན་གྱིས་རྒོལ་བ་ན་ལྷ་རྣམས་རྒྱུ་འབྲས་ལ་འཛེམ་པས་སྤྲོ་བ་ཞན་པར་གྱུར་བ། རེ་ཞིག་ལྷ་རྣམས་སྤྲོ་ཞིང་གཡུལ་ལས་རྒྱལ་བའི་ཕྱིར། ལས་རྒྱུ་འབྲས་དང་། ཚེ་སྔ་ཕྱི་དང་། ཐར་བ་དང་གྲོལ་བ་སོགས་གང་ཡང་མེད་ཅེས་བྱ་བའི་བསྟན་བཅོས་བརྩམས་པ་ལས། དེ་ཉིད་ཕྱིས་མི་ཡུལ་དུ་གྲོག་མཁར་བས་དར་བར་བྱས་ཏེ། འདི་སྐད་དུ། བཟང་མོ་མ་ཤིའི་བར་དུ་དགའ་མགུར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སླར་སྐྱེ་བ་དག་ག་ལ་སྲིད། །ཅེས་ཚེ་ཕྱི་མ་མེད་པར་འདོད་ཅིང་། ཀྱེ་མ་མང་ཐོས་གང་སྨྲ་བ། །སླུ་བྱེད་སྤྱང་ཀིའི་རྗེས་དང་མཚུངས། །ཞེས་གཞུང་ལུགས་ལ་སྐུར་བ་འདེབས་པ་དང་། ཇི་ཙམ་དབང་པོས་སྤྱོད་ཡུལ་པ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །ཅེས་མིག་གིས་མཐོང་བའི་སེམས་ཅན་མ་གཏོགས་གཞན་མེད་པར་འདོད་པ་དང་། བློ་ནི་ལུས་ཀྱི་བདག་ཉིད་དང་། །ལུས་འབྲས་ལུས་ཀྱི་ཡོན་ཏན་དང་། །འདི་ལྟར་ལུགས་གསུམ་ལ་བརྟེན་ནས། །གོམས་པས་སྲིད་པ་ཡོད་མ་ཡིན། །ཞེས་ལམ་ལ་གོམས་པའི་འབྲས་བུ་སངས་རྒྱས་ལ་རྫུན་པར་སྨྲ་བ་དང་། པད་མོའི་གེ་སར་སུ་ཡིས་བྱས། །རྨ་བྱའི་རི་མོ་སུ་ཡིས་བྲིས། །ཚེར་མ་རྣོན་པོ་སུ་ཡིས་བརྡར། །ཐམས་ཅད་རྒྱུ་མེད་ངོ་བོས་བྱུང་། །ཞེས་པ་སྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་ལ་སྐུར་བ་འདེབས་ཤིང་། ངོ་བོ་ཉིད་རྒྱུར་སྨྲ་བས་སྤང་ལ་ཤ་མོ་བརྡོལ


JL02_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་ཕྲལ་བྱུང་འདོད་ཅིང་། བདག་དང་བདེ་སྡུག་ལ་སོགས་པ་མ་ཤིའི་བར་ཡོད་ལ། ཤི་ནས་མེ་ཤི་བའི་དུད་པ་བཞིན་དུ་རྒྱུན་ཆད་པར་འདོད་དེ་མིང་གི་རྣམ་གྲངས་སུ། རྒྱང་འཕེན་པ། ཚུར་རོལ་མཛེས་པ་ཞེས་ཀྱང་གྲགས་སོ། །དེ་ལྟར་ཕྱི་རོལ་པའི་གཞུང་ལ་དབྱེ་ན་ལྟ་ལོ་གསུམ་བརྒྱ་དང་དྲུག་ཅུ་ཡོད་པར་བཤད་པའང་ལམ་ངན་པར་རྟོགས་ནས་མི་འཇུག་པ་དང་། དོན་གྱིས་དགག་པའི་ཕྱིར་གྲུབ་མཐའི་དབྱེ་བ་རྒྱས་པ་ཡིད་བཞིན་རིན་པོ་ཆེའི་མཛོད་དུའང་གསུངས་ཤིང་། དེ་སྐད་དུ་མདོ་སྡེ་ཚངས་པའི་དྲ་བ་དང་། ཡེ་ཤེས་རྒྱས་པར་བལྟ་བར་བྱའོ་ཞེས་གྲུབ་མཐའ་རིན་པོ་ཆེ་ནས་ཀྱང་ཁ་འཕངས་པ་ཡིན་ནོ། །འོ་ན་འདི་ཉིད་ཐེག་པའི་རྣམས་གྲངས་སུ་བཀོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། སྤྱིར་ཐེག་པའི་གོ་བ་ནི་འོག་ནས་གོང་དུ་འདེགས་པའམ། རྣམ་གྲངས་ཙམ་དུ་བསྡུ་བའི་དོན་ཡིན་པས་སོར་གཞག་ལྷ་མིའི་འཇིག་རྟེན་གྱི་ཐེག་པ་ལ་ཞོན་ཏེ་རྟག་ཆད་ལོག་ལྟའི་ཐེག་པ་སུན་བྱུང་། ཡང་དག་པའི་ཐེག་པ་ལ་ཞུགས་ནས་འཇིག་རྟེན་ལས་འདས་པའི་སར་བགྲོད་པའི་ཕྱིར་ཐེག་པའི་རྣམ་གྲངས་སུ་བཞག་པ་ཡིན་ལ། དགོས་པ་ནི་ལམ་ངན་པ་དེ་དག་གི་རང་བཞིན་ཤེས་ནས་མི་འཇུག་པ་དང་། ནང་པ་ཡིན་པར་ཁས་བླངས་བཞིན་དུ་རྒྱུད་དང་སྤྱོད་ལམ་ལ་དེའི་བརྟུལ་ཞུགས་བག་ལ་ཉལ་གྱི་ཚུལ་དུ་མི་འགོ་བའི་ཕྱིར་དུ་སྟེ། འདི་སྐད་དུ། རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིག་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ། །ཞེས་ཐམས་ཅད་མཁྱེན་པས་བཤད་དོ། །སྐབས་འདིར་ཐེག་པའི་རྣམ་གྲངས་དགུ་རུ་འདྲེན་པ་སོགས་ལ་མི་བདེན་ཏོ་ཞེས་སྐུར་བ་འདེབས་པ་སྔོན་ཆད་བོད་འདིར་བྱུང་བས་ད་དུང་ཡང་དེ་དག་གི་རྗེས་འབྲང་བློ་ཆུང་བ་གང་ཞིག་ཐེ་ཚོམ་ཟ་བ་ནི་མི་རིགས་ཏེ། སྐྱེས་བུའི་བློ་སྟོབས་མ་ཟད་བར་ལ་མིང་ཚིག་ཡི་གེའི་རྣམ་གྲངས་དང་། ཡིད་དཔྱོད་ཀྱི་མཐའ་ལ་ཟད་པ་མེད་པས་ཐེག་པའི་སྒོ་ཡང་དེ་སྙེད་དུ


JL02_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དེའི་ཕྱིར་ཐེག་པ་མཐའ་ཡས་པ་ཙམ་དུ་གྲུབ་པའི་མཐའ་ཡང་མཐའ་ཡས་ཏེ། རང་རང་གི་ཐེག་པའི་ལུགས་བསྒྲུབ་པའི་ཕྱིར་རོ། །དེ་སྐད་དུ་ཀུན་མཁྱེན་གྱིས། བློ་ཆུང་ཞིང་ཤེས་རབ་ཀྱི་མིག་རྒྱང་ཐུང་བདག་གཅིག་ཏུ་ཞེན་ནས། ཐེག་པའི་གྲངས་དང་གྲུབ་མཐའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་རྣམ་གཞག་ལ་སྡངས་ཤིང་མི་བདེན་ཏོ་ཞེས་སྨྲ་བ་ནི། བ་ལང་ལ་སོགས་པ་མ་ཧེ་དག་བདག་ཅག་དུད་འགྲོ་རྣམས་ནི་རྭ་དང་བཅས་པའི་ཕྱིར། མི་དང་ལྷ་རྣམས་ཀྱང་རྭ་ཅན་ཁོ་ནའོ་ཞེས་འཛིན་པ་བཞིན་ནོ། །དེ་བས་ན་ཐེག་པའི་ཚུལ་རྣམས་ནི། མིང་ཚིག་དང་དོན་གྱི་རྣམ་གྲངས་མཐའ་ཡས་ཤིང་། ལམ་བགྲོད་ཚུལ་དང་ས་དང་ཏིང་ངེ་འཛིན་གྱི་འཇོག་ཚུལ་དཔག་ཏུ་མེད་དེ། ཐམས་ཅད་མཁྱེན་པ་ནི་གང་ཡང་མཁྱེན་ཅིང་གསུངས་པའི་ཕྱིར། ལམ་བགྲོད་དུ་ཡོད་པ་དང་། མེད་པ་དང་། རྩོལ་བ་དང་བཅས་པ་དང་། རྩོལ་བ་མེད་པ་དང་། ཚེ་གཅིག་གིས་གྲོལ་བ་དང་། བསྐལ་པས་གྲོལ་བ་ལ་སོགས་པ་ནས། གྲུབ་པའི་རྣམ་གཞག་གང་ལ་དགའ་ཞིང་མོས་པའི་བསམ་པ་དང་མཐུན་པའི་ཆོས་གསུངས་ཏེ། ཆོས་ཚུལ་རྒྱ་མཚོ་རྣམས་ལ་སྡངས་ཤིང་སྐྲག་པས་ལོག་པར་ལྟ་བ་རྣམས་དོར་ནས། དོན་དུ་གཉེར་བས་འཇུག་པར་བྱ་བ་ནི་གདམས་ངག་དམ་པའོ། །ཞེས་གསུངས་པ་ནི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་རྣམ་པར་ཐར་བ་དོན་ལ་གནས་པ་ཡིན་ནོ། །གཉིས་པ་བླ་ན་མེད་པའི་གསང་བ་ཆེན་པོ་དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ་ཡོ་ག་རྣམ་པ་གསུམ་གྱི་རྣམ་པར་གཞག་པ་ལ་གཉིས། ལྷ་མིའི་ཡུལ་དུ་བྱུང་ཚུལ་དང་། སོ་སོའི་རང་བཞིན་བཤད་པའོ། །དང་པོ་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་


JL02_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་གཞི་ལྟ་བུའོ། །ལུང་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་བསྐྱེད་པ་ཐབས་ཀྱི་གཞི་ལ། རྫོགས་པ་ཤེས་རབ་ཀྱི་ལམ་བཀོད་ནས། བླང་དོར་གཉིས་མེད་དུ་རྫོགས་པའི་འབྲས་བུའི་གོ་འཕང་ལ་འཇོག་པ་ནང་རྒྱུད་སྡེ་གསུམ་ལས་དང་པོ་བསྐྱེད་པ་མ་ཧཱ་ཡོ་ག་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཡོད་པའི་རྒྱུད་སྡེའི་བྱུང་ཚུལ་ནི། དཔལ་གདོད་མའི་མགོན་པོ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་རྒྱལ་ཚབ་རིགས་ལྔ་དང་། དེས་རྒྱལ་སྲས་སེམས་དཔའ་རྡོ་རྗེ་ལ་དགོངས་པས་བརྒྱུད་དེ་རིགས་གསུམ་སེམས་དཔའ་ལས་བསྟན་པ་ལས། མཛེས་པའི་ལང་ཚོ་དང་ལྡན་པ་འཇམ་དཔལ་གཞོན་ནུའི་ངང་ཚུལ་དང་ལྡན་པ་དེས་ལྷ་གྲགས་ལྡན་མཆོག་སྐྱོང་སོགས་ལ་བརྒྱུད་ནས་ལྷ་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་རིགས་འཛིན་ཞིང་རྒྱལ་བའི་གདུང་བསབས་པར་གྱུར་ཏོ། །སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ་དེས་ཀླུ་རྒྱལ་གྷྲྀན་ནག་པོ་སོགས་ལ་བརྒྱུད་དེ་ཀླུ་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་རིགས་འཛིན་ཞིང་རྒྱལ་བའི་གདུང་བསབས་སོ། །ཕྱག་ན་རྡོ་རྗེ་རྡོ་རྗེ་སྙིང་པོ་མི་འཇིགས་པའི་བརྟུལ་ཞུགས་དང་ལྡན་པ་དེས་གནོད་སྦྱིན་སྐར་མདའ་གདོང་སོགས་ལ་བཤད་ནས་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་རིགས་འཛིན་ཅིང་གདུང་བསབས་སོ། །དེ་དག་ཀྱང་རང་རང་གི་ལུས་དང་བསམ་པ་དང་མཐུན་པར་བསྟན་ཅིང་རིགས་གསུམ་སེམས་དཔས་ལྷ་ཀླུ་གནོད་སྦྱིན་གསུམ་དང་། ལངྐ་མགྲིན་བཅུས་མི་མ་ཡིན། ལི་ཙ་བྱི་དྲི་མེད་གྲགས་པས་མི་རྣམས་ལ་བསྟན་པས་རང་རང་གི་འཁོར་ཚོམ་བུ་དང་བཅས་པར་སངས་རྒྱས་པ་ལ་རིག་འཛིན་བརྡའི་བརྒྱུད་པ་ཞེས་གྲགས་སོ། །དེའི་ཚེ་རྒྱ་གར་ཤར་ཕྱོགས་ཟ་ཧོར་རྒྱལ་པོ་ལུང་བསྟན་རྡོ་རྗེ་ལ་གླེགས་བམ་གྱི་བཀའ་བབས་ནས་བརྒྱུད་པ་ནི། སྤྱི་མདོ་ལས། ང་ནི་འདི་ནས་མི་སྣང


JL02_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ལོ་ནི་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག། འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་ཏེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་དུ་ལྟས་རྣམས་སྣང་བར་འགྱུར། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་ཅན་དམན་པའི་ལུས། །ལངྐའི་བདག་པོ་ལ་སོགས་པ། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཅེས་དང་། གསང་བའི་སྙིང་པོ་ལས། རེ་ཞིག་སྣོད་དང་ལྡན་པའི་མི། །དེ་མིང་རྒྱལ་པོ་ཛ་ཞེས་བྱ། །ཕྱག་ན་རྡོ་རྗེའི་མཐུས་སྣང་འགྱུར། །ཅེས་པ་ལྟར། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷོ་དྷི་ཆེ་བའི་སྲས་འབྲིང་པོའི་ཡབ་ཏུ་ངོས་འཛིན་པ་རྒྱལ་པོ་ཛ་སྟེ། དེ་ཡང་འདྲ་འབག་ཆེན་མོར། དེ་ལ་རི་མ་ལ་ཡའི་ཤར་ལྷོ་ན་ཨ་སུ་ར་གསང་བའི་བྲག་ཕུག་ན་རྒྱལ་པོ་ཛའི་ཕོ་བྲང་ཡོད་དོ། །རི་མ་ལ་ཡ་ནི་སངས་རྒྱས་ཐམས་ཅད་ཀྱིས་གསང་སྔགས་སྟོན་པའི་གནས་ཡིན་ཏེ། རི་དེ་ནི་ཤིན་ཏུ་བཀྲ་ཤིས་ཤིང་བྱིན་ཆེ་བ་མཐོང་སྣང་དུ་མ་ཡོད་པ། དག་པ་ལ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པར་སྣང་བ། ལ་ལ་ནི་བྲག་རི་ཤིན་ཏུ་རྣོ་ཞིང་གཟར་ལ་མཐོ་བར་སྣང་བ་དང་། ལ་ལ་ནི་གནམ་ལྕགས་འབར་བ་གང་གིས་ཀྱང་བགྲོད་མི་ནུས་པར་སྣང་ངོ། །ངོས་ལ་ཙན་དན་གྱི་སྡོང་པོའི་རྩན་གཅན་གཟན་གྱི་རྒྱལ་པོ་སེང་གེ་གནས་པའོ། །ལོགས་ལ་བྲག་དཀར་པོ་སེང་གེ་འདྲ་བ་ལ་འདབ་ཆགས་ཀྱི་རྒྱལ་པོ་བྱ་རྒོད་ཀྱི་ཚང་བཅས་པ། རྩ་བ་ཙན་དན་གྱི་ནགས་ལ་སྟག་གི་འཁྲས་ཡོད་པ། རི་དེའི་རྩེ་མོ་རྩིབས་བརྒྱད་དུ་ཡོད་པ། དེ་ན་ཕྱག་ན་རྡོ་རྗེའི་ཕོ་བྲང་ཡོད་དེ། དེ་ལ་སྐལ་མེད་ཀྱིས་མི་བགྲོད་ལ། སྐལ་ལྡན་རྣམས་འདུ་ཞིང་གསང་བ་སྒྲོགས་པའོ། །རི་དེའི་ཤར་ལྷོ་ན་ཨ་སུ་ར་གསང་བའི་བྲག་ཕུག་ཡོད་པ། བྲག་ཕུག་དེའི་སྒོ་ཟླ་གམ་དུ་ཡོད་པའི་ནང་ན་བཀྲ་ཤིས་ཀྱི་རྟགས་རིན་པོ་ཆེ་ཟུར་བརྒྱད་


JL02_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉི་ཟླ་གཉིས་ཀྱི་རྒྱན་ཡོད་པའོ། །ལོགས་ལ་བྱ་ཀ་ལན་ཏ་ཀའི་ཚང་བཅས་པའོ། །ཞེས་སོ། །དེ་སྐད་དུ་རྒྱུད་ལས་ཀྱང་། མི་ཡི་གནས་ཀྱི་འཇིག་རྟེན་ཁམས། །གླིང་བཞི་ལས་ནི་འཛམ་གླིང་གི། །དྲག་ཤུལ་ཅན་ཞེས་བྱ་བའི་རི། །གནོད་སྦྱིན་འདུ་བའི་གནས་ཡིན་ཏེ། །ཆོས་འཛིན་རིགས་ཀྱིས་བསྒྲུབ་གནས་ཡིན། །ཞེས་སོ། །དེ་ལྟ་བུའི་རྒྱལ་པོ་ཛས་ཡུལ་བྷངྒ་ལའམ་ཤར་ཕྱོགས་ཟ་ཧོར་གྱི་རྒྱལ་སར་མངའ་དབང་བསྒྱུར། འདྲ་འབག་ཆེན་མོ་ནས་བཤད་པ་ལྟར་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་ཉི་ཤུ་རྩ་བརྒྱད་སོང་བ་ཆོ་འཕྲུལ་གྱི་ཟླ་བའི་རྒྱལ་གྱི་ཉིན་ངོ་མཚར་བའི་ལྟས་སྣ་ཚོགས་བྱུང་བ་ན། རྒྱལ་པོ་འཁོར་དང་བཅས་པས་མཆོད་པ་བཤམས་པས་དེའི་ནུབ་མོ་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་རི་བོ་དང་བཅས་འོད་ཀྱིས་གང་བར་གྱུར་ཏོ། །དེའི་ཚེ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བའི་དུས་ལ་བབ་པར་དགོངས་ཏེ་མངོན་པར་གཤེགས་ནས་འཁོར་ལྷའི་རིག་འཛིན་གྲགས་ལྡན་མཆོག་སྐྱོང་། དེ་བཞིན་དུ་ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་སྐལ་ལྡན་ལི་ཙ་བྱི་སྟེ་དམ་པའི་རིགས་ཅན་དྲ་མ་ལྔ་ལ་གསང་རྒྱུད་རྒྱ་མཚོའི་ཆོས་འཁོར་བསྐོར། བློ་གྲོས་ཐབས་ལྡན་གྱིས་ཡི་གེར་བསྡུས་ཏེ་བྱིན་གྱིས་བརླབས་པ་ལས། རྒྱལ་པོ་ཛ་ཨ་སུ་ར་གསང་བའི་བྲག་ཕུག་ཏུ་རྡོ་རྗེའི་རྣལ་འབྱོར་ལ་གཞོལ་བའི་ཚེ་རྨི་ལྟས་ཁྱད་པར་ཅན་བདུན་བྱུང་སྟེ། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་འགྲོ་བ་བྱེད་པ་དང་། །ཀུན་གྱི་དམ་པར་གྲགས་པ་དང་། །མཆོད་པ་ཆེན་པོ་བྱེད་པ་དང་། །རིན་ཆེན་ཆར་དུ་འབབ་པ་དང་། །སངས་རྒྱས་པར་ལུང་བསྟན་པའོ། །དེའི་ནངས་པར་མནལ་སད་དང་རྒྱལ་པོས་འཁོར་རྣམས་བསྡུས་ཏེ་རྨི་ལམ་ཟློས་པ། མདང་


JL02_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བདག་ལ་རྨི་ལམ་འདི་ལྟར་རྨིས། །མ་ལ་ཡ་ཡི་རྩེ་མོ་ན། །ཕྱག་ན་རྡོ་རྗེའི་ཕོ་བྲང་བཞུགས། །སྐུ་ལས་འོད་འཕྲོས་ཐམས་ཅད་བསྲེགས། །གསུང་སྒྲ་འབྲུག་ཏུ་སྟོང་གསུམ་བསྒྲགས། །ཐུགས་ལས་འོད་བྱུང་སྣང་སྲིད་གསལ། །སྐུ་ལས་ཉི་འོད་སྤྱི་བོར་ཐིམ། །གསུང་ལས་ཟླ་འོད་རྐང་མཐིལ་ཐིམ། །རྡོ་རྗེར་འོད་འབར་ཐུགས་ཀར་ཐིམ། །འབྲུ་གསུམ་ཡི་གེ་གནས་གསུམ་ཐིམ། །སྣང་སྲིད་ལྷོ་རུ་ཟོས་པ་རྨིས། །མཁའ་ལས་རིན་ཆེན་སྤྲིན་ལྟར་འཐིབས། །རིན་ཆེན་ཉི་འོད་འབར་བ་ལ། །རིན་ཆེན་སྨུག་པོའི་སྒྲོམ་ཆེན་ནས། །རིན་ཆེན་གསེར་གྱི་གླེགས་བམ་ལ། །བཻ་ཌཱུར་ཞུན་མའི་རྩི་ཡིས་བྲིས། །སྐར་མདའ་བཞིན་དུ་བབས་པ་རྨིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཉི་ཟླ་ཞོན་ནས་མཁའ་ལ་བྱོན། །གསེར་གྱི་འཁོར་ལོ་ཕྱག་ཐོགས་ཏེ། །སྲིད་གསུམ་ཁ་ལོ་གྱེན་ལ་བསྒྱུར། །གསང་སྔགས་འགྲོ་བ་མཛད་པ་རྨིས། །སངས་རྒྱས་ཀུན་དང་རིག་འཛིན་གྱིས། །ཀུན་གྱི་དམ་པར་བདག་སྒྲོག་རྨིས། །གླེགས་བམ་ཆེན་པོ་དེ་དག་ལ། །སངས་རྒྱས་བྱང་ཆུབ་རིག་པ་འཛིན། །མཁའ་འགྲོ་ལྷ་དང་གནོད་སྦྱིན་ཚོགས། །ཀུན་ཀྱང་ཕྱག་དང་བསྐོར་བ་དང་། །མཆོད་ཅིང་བསྟོད་པ་བྱེད་པ་རྨིས། །མཁའ་ལ་རིན་ཆེན་སྤྲིན་ལྟར་གཏིབས། །ཆོ་འཕྲུལ་འབྲུག་སྒྲ་ཀློག་སྟོང་འཁྱུག། རིན་ཆེན་སྣ་ཚོགས་ཆར་བཞིན་འབབ། །རིན་ཆེན་མེ་ཏོག་བཏུས་པ་རྨིས། །སངས་རྒྱས་གསུང་གི་འོད་ཟེར་ལས། །སངས་རྒྱས་ས་ལ་ལུ་བསྟན་རྨིས། །ཞེས་གསུངས་སོ། །དེར་རྒྱལ་པོའི་རྨི་ལམ་ལ་ཐམས་ཅད་ངོ་མཚར་ཏེ་བལྟས་པས། ཕོ་བྲང་གི་ཡང་ཐོག་ན་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྻ་ཞུན་མས་བྲིས་པ། རྩ་བ་རང་ནན་ཏུ་བྱས་པའི་གསང་སྔགས་ཀྱི་རྒྱུད་སྡེའི་གླེགས་བམ་མང་པོ་དང་།


JL02_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་གྱི་སྐུ་ཁྲུ་གང་བ་གཅིག་འདུག་པས་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །སྔོན་ཚེ་གོང་ནས་བསྒྲུབས་པའི་ལྷ། །ལས་ཀྱིས་མཇལ་བའི་ས་ཕྱོགས་འདིར། །བསྟན་པའི་སྙིང་པོ་དམ་པ་ནི། །ནམ་གཞག་གཏན་དུ་མི་གཏང་ངོ། །ངོ་མཚར་ཡ་མཚན་རྨད་ཀྱི་སྐུ། །འདྲེན་པ་མཆོག་གི་དཔལ་ཡང་གྲགས། །ལས་ཀྱིས་འབྲེལ་བའི་ལྷ་མཆོག་ཁྱོད། །མོས་པའི་གཟུགས་སུ་ལྷ་མཆོག་འཛིན། །ཞེས་གསུངས་ཏེ་པོ་ཏི་རྣམས་བལྟས་པས་བརྡམ་མཇལ། དེར་རྒྱལ་པོ་ཐུགས་མུག་སྟེ་དར་ཅིག་བཤུམས་སོ། །ཡང་མཁས་པ་གཞན་འདྲ་བཞུགས་པར་དགོངས་ཏེ་སྤྱན་འདྲེན་དུ་བཏང་བས། པཎྜི་ཏ་ཀུན་མཐུན་པར་ཤེས་ན་ངོ་མཚར་ཆེ་སྟེ་མ་ཤེས་ན་སྐྱེངས་པར་འགྱུར་གྱིས་དོགས་ནས་འབྱོན་དུ་མ་བཞེད་པར་པོ་ཏི་འདིར་ཁྱེར་ཤོག་གསུངས་པ་ལྟར། གླང་པོ་ཆེ་ལ་པོ་ཏི་ཀུན་བཀལ་ཏེ་སྤྱན་སྔར་འགྲིམ་པས། ཨུ་པ་རཱ་ཛ་ལ་སོགས་པ་ཀུན་གྱིས་བརྡ་མ་ཁྲོལ་བར་ཕྱིར་ལྡོག་གོ། དེར་རྒྱལ་པོས་ཅུང་ཟད་བསམས་པས། རང་གི་སྒྲིབ་མ་དག་ཚོགས་གཉིས་མ་རྫོགས་པས་ལན་པར་དགོངས་ཏེ། སྐུ་དང་གླེགས་བམ་ལ་གསོལ་བ་བཏབ་པས། སྒྱུ་འཕྲུལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་དང་ཞལ་མཐོང་གི་ལེའུ་གཉིས་ཤེས་སོ།། །།དེར་ཕྱག་རྡོར་གྱི་སྐུ་སྒྲུབ་རྟེན་དུ་བཟུང་ནས་བསྒྲུབས་པས། ཟླ་བ་དྲུག་ན་རྡོ་རྗེ་སེམས་དཔའི་ཞལ་མངོན་སུམ་དུ་མཐོང་སྟེ། དངོས་གྲུབ་ཅི་འདོད་གསུངས་པ་ལ། བདག་གིས་གླེགས་བམ་འདི་རྣམས་རྟོགས་པར་འཚལ་ལོ་ཞེས་ཞུས་པས། ཕྱག་ཤིང་དང་ཆོས་འཁོར་གཏད་དེ། དབང་བསྐུར། གནང་བ་བྱིན། ལུང་བསྟན། དོན་གྱི་མདོ་ཙམ་གསུངས་ནས་མི་སྣང་བར་གྱུར་ཏོ། །དེའི་བྱིན་རླབས་ཀྱིས་གླེགས་བམ་ཡོངས་སུ་རྫོགས་པར་ཤེས་ཏེ་ཚིག་བརྒྱུད་རྣམས་ལི་ཙ་བྱི་དྲི་མེད་གྲགས་པར་ཞུས་ནས་མི་ཡུལ་དུ་དར་བ་སྟེ། རྡོ་རྗེས་འོག་གི་རྒྱུད་ལས་ཀྱང་། རྒྱུ་ལ་སྦྱོར་བ་རྒྱུ་


JL02_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཆོས། །འཁོར་ལོ་བཞིན་དུ་བསྐོར་བྱས་ནས། །འབྲས་བུའི་ཐེག་པ་ཉེ་ལམ་ཞིག། མ་འོངས་དུས་ན་འབྱུང་བར་འགྱུར། །ཅེས་གསུངས་པ་དང་ཡང་མཐུན་པ་ཡིན་ནོ། །ཁ་ཅིག་ཏུ་སྔོན་ལ་ཕྱག་རྡོར་གྱིས་སྒྲུབ་པ་མཛད་པས། ཞལ་གཟིགས་ནས་གླེགས་བམ་གྱི་ཆར་པ་བབས། གླེགས་བམ་གྱི་དོན་རྣམས་མཁྱེན་ཀྱང་མ་མཁྱེན་པ་ལྟར་མཛད་ནས་ཨུ་པ་རཱ་ཛ་སོགས་ལ་ཞུས་ཀྱང་བརྡ་མ་ཁྲོལ། དགེ་སློང་ཀུ་ཀུ་རཱ་ཛས་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པའི་ལེའུ་གསུམ་པ་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས། ཟླ་བ་བདུན་བསྒྲུབས་པས་འགྲུབ་པ་ལུང་བསྟན་པ་བཞིན་ཟླ་བ་བདུན་དུ་ཕྱག་རྡོར་བསྒྲུབས་པས་དངོས་སུ་བྱོན། དབང་བསྐུར་ཞིང་བྱིན་གྱིས་བརླབས་ནས་ཚིག་རྣམས་ལི་ཙ་བྱི་དྲི་མེད་གྲགས་པར་ཞུས་ཤིག་པར་ལུང་བསྟན་ཏོ་ཞེས་པ་ཡང་གླེང་ངོ། །དེ་ལྟར་རྒྱལ་པོ་ཛ་ལ་བརྒྱུད་པའི་ཏནྟྲ་སྡེ་བཅོ་བརྒྱད་ནི། སངས་རྒྱས་མཉམ་སྦྱོར་གླང་པོ་རབ་འབོགགླང་པོ་ཆེ་ཆུར་འཇུག་སྟེ་སྐུའི་རྒྱུད་གསུམ། ཟླ་གསང་ཐིག་ལེ། གཅིག་ལས་འཕྲོས་པ། དུ་མ་ལས་འཕྲོས་པ་སྟེ་གསུང་གི་རྒྱུད་གསུམ། གསང་བ་འདུས་པ། རི་བོ་བརྩེགས་པ། རྩེ་གཅིག་འདུས་པ་སྟེ་ཐུགས་ཀྱི་རྒྱུད་གསུམ། དཔལ་མཆོག་དང་པོ། བདུད་རྩི་མཆོག་དང་པོ། ཡིད་བཞིན་ནོར་བུ་སྟེ་ཡོན་ཏན་གྱི་རྒྱུད་གསུམ། ཀརྨ་མཱ་ལེ། སྒྲོལ་མ་འབར་བ། ཀཱི་ལ་ཡ་ཡིག་འབྲུ་བཅུ་གཉིས་ཏེ་ཕྲིན་ལས་ཀྱི་རྒྱུད་གསུམ། སྒྱུ་འཕྲུལ་དྲྭ་བ། དམ་ཚིག་ས་མ་ཡ་འབུམ་སྟེ་བཀོད་པ། རྡོ་རྗེ་ཐབས་ཀྱི་ཞགས་པའི་རྒྱུད་དེ་སྤྱིའི་རྒྱུད་གསུམ་རྣམས་བསྡོམས་པས་བཅོ་བརྒྱད་དོ། །དེར་རྒྱལ་པོ་ཛ་ནས་གང་ཟག་སྙན་ཁུང་དུ་བརྒྱུད་དེ། ཀུ་ཀུ་རཱ་ཛ། ཨིནྡྲ་བྷཱུ་ཏི། སིངྷ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་ཝཱི་སྟེ། དེ་ཡན་ཆད་ནི་ཚོགས་ཀྱི་དཀྱིལ་འཁོར་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་རང་རང་གི་ཚོམ་བུ་དང་བཅས་རྡོ་རྗེ་།


JL02_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ཆེན་པོའི་གོ་འཕང་བརྙེས་པ་ཤ་སྟག་གོ །སྲས་མོས་སྒེག་རྡོར་དང་། སངས་རྒྱས་གསང་བ། དེ་གཉིས་ཀས་བི་མ་ལར་བཤད་པ་ཡིན་ནོ། །དེ་དག་ལས་འཕྲོས་ཏེ་འཕགས་པའི་ཡུལ་དུ་བསྟན་བཅོས་བྱུང་ཚུལ་ཡང་། སློབ་དཔོན་ཀུ་ཀུ་རཱ་ཛས་རྒྱུད་སྡེ་བཅོ་བརྒྱད་ཀྱི་དོན་ཐུགས་སུ་ཆུད་ནས། དང་པོ་ཨིནྡྲ་བྷཱུ་ཏིའི་དོན་དུ་དཔལ་ཕྲེང་དཀར་པོའི་རྒྱུད་འགྲེལ་མཛད། དེ་ནས་སྒྱུ་འཕྲུལ་རྒྱས་པ་དང་། སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་བ་དང་བསྡུས་དོན་མང་དུ་མཛད་དོ། །དེ་ནས་ཨིནྡྲ་བྷཱུ་ཏིས་དཔལ་གསང་བའི་སྙིང་པོ། ཐབས་ཀྱི་ཞགས་པ་བདུད་རྩི་རོལ་བ། སངས་རྒྱས་མཉམ་སྦྱོར་རྟོགས་པ་བཅུ་པ་དང་། བདུན་པ་དང་། གསང་བ་འདུས་པ་ལ་སོགས་པའི་རྒྱུད་འགྲེལ་མང་པོ་དང་། བསྡུས་དོན། སྒྲུབ་ཐབས་ལ་སོགས་པ་མང་དུ་མཛད་དོ། །སྲས་མོ་གོ་མ་དེ་ཝིས་ཀྱང་འགྲེལ་བ་དང་སྒྲུབ་ཐབས་མང་དུ་བརྩམས། དེ་བཞིན་དུ་སྒེག་པའི་རྡོ་རྗེ། སངས་རྒྱས་གསང་བ། ཨོ་རྒྱན་ཆེན་པོ། བི་མ་ལ་སོགས་པའི་འགྲེལ་བའང་རྒྱ་ཆེར་བཞུགས་སོ། །དེ་དག་ལས་ད་ལྟའི་བར་དུ་རྒྱུད་ཀྱི་བཤད་སྲོལ་མ་ཉམས་པ་ནི་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་དུ་གླེང་ངོ། །གཉིས་པ་སྒྲུབ་སྡེ་ལ་གཉིས། བཀའ་མའི་ལུགས་སུ་མདོར་བསྟན་པ་དང་། གཏེར་མའི་ལུགས་སུ་རྒྱས་པར་བཤད་པའོ། །དང་པོ་ནི། གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་བརྒྱད་ལ་བཀའ་བབས་པ་སྟེ། དེ་ཡང་དང་པོ་རྣམ་པར་སྣང་མཛད་འཇམ་དཔལ་སྐུ་ལས་བརྒྱུད་པ་ནི། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ནི་མྱ་ངན་འདས་འོག་ཏུ། །ལྔ་བརྒྱ་ཕྲག་བཅུའི་དང་པོ་ལ། །ལྷོ་ནུབ་སྲིན་པོ་གྱད་ཡུལ་དུ། །སིངྒ་ལ་ཡི་ནགས་སུ་ནི། །གཤིན་རྗེ་གཤེད་ཀྱི་སྤྲུལ་པ་ནི། །མིང་ནི་བཤེས་གཉེན་ཞེས་སུ་གྲགས། །འབྲས་བུར་གྲགས་པ་ཀུན་རྫོགས་ནས། །བསྟན་པ་འཛིན་ཞིང་དར་བར་འགྱུར།


JL02_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ལྟར་འཇམ་དཔལ་རྡོ་རྗེ་དང་གཉིས་མེད་པའི་སྐུའི་རིག་འཛིན་སློབ་དཔོན་འམ་དཔལ་བཤེས་གཉེན་སིངྒ་ལའི་རྒྱལ་པོ་བཞོན་ནུ་དཔལ་གྱི་སྲས་སུ་འཁྲུངས། མཚན་ཁྱེའུ་དཔལ་བཟང་ཞེས་གྲགས་སོ། དེས་སྲིད་པའི་འཆིང་ཞེན་སྤངས་ཏེ་ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་བྲོས། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལས་རབ་ཏུ་བྱུང་། དབང་དང་གདམས་ངག་ཐམས་ཅད་བྱས་ཏེ་རྒྱུད་ཞུང་གཅིག་ཏུ་ཐུགས་སུ་ཆུད། དེར་འཇམ་དཔལ་ལ་ཡི་དམ་མཛད་དེ་བསྒྲུབས་པས། གྲུབ་པའི་རྟགས་ནི། བྲིས་སྐུ་བཞད་ཅིང་བུམ་པ་ཁོལ། མེ་ཏོག་ཡང་འཁྲུངས་སོ། །དེའི་ནུབ་མོ་འཇམ་དཔལ་གྱི་ཞལ་མངོན་སུམ་པར་བསྟན་ནས་ཚེ་དབང་གི་དངོས་གྲུབ་ཐོབ། ཕྱི་ནུབ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ནོན་བས་འཇམ་དཔལ་ཡ་མནྟ་ཀའི་ཞལ་གཟིགས། ཕྱི་ནང་གསང་བའི་དབང་བསྐུར། རྒྱུད་ལུང་མན་ངག་ཐམས་ཅད་རྫོགས་བཤད་པ་རྨིས་ནས་མན་ལས་ད་ཙན་གཤིན་རྗེ་གཤེད་མི་སྣང་བ་སྤྲུལ་པའི་གཤིན་རྗེས་མང་པོས་བསྐོར་བ་བྱེད་པ་གཟིགས། དེ་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ། དེའི་ཚེ་ནམ་མཁའ་ལས་སྒྲ་ཆེན་པོ་གྲགས་པ་ན། པཎྜི་ཏ་རྣམས་ཀྱིས་རྒྱུ་མཚན་དྲིས་བས། སློབ་དཔོན་དགའ་རབ་རྡོ་རྗེས། དགེ་སློད་དཔལ་བཟང་གིས་འཇམ་དཔལ་གྲུབ་པ་ཡིན་ཏེ། མཚན་ཡང་འཇམ་དཔལ་བཤེས་གཉེན་དུ་བཏགས་སོ། །དེའི་ཚེ་ནམ་མཁའ་ལས་སྐྱེ་མེད་རྡོ་རྗེའི་རང་སྒྲ། རིག་ནམ་ལྕགས་མ་ལ་ཡར་སོང་ཞིག །ད་ན་རྒྱུད་སྡེ་མ་ལུས་པ་ཡོད་དེ། དེ་དག་ལ་ལོངས་སྤྱོད་ལ་འགྲོ་བའི་དོན་གྱིས་ཤིག །ཅེས་ལུང་བསྟན་བྱུང་ངོ་། །དེར་གཤིན་རྗེ་གཤེད་ཀྱི་བརྟུལ་ཞུགས་ལ་བསྙེམས་ནས་སྒྲུབ་པ་མཛད། སྐུ་གཅེར་བུར་ཕྱུང་ནས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པས་གྲུབ་རྟགས་མང་དུ་མཛད་པས་སྨྱོན་བ་བརྟུལ་ཞུགས་ཅན་དུ་གྲགས། གྲོང་ཁྱེར་དུ་བྱོན་པས་རྒྱལ་པོ་ངོ་མཚར་སྐྱེས་ཏེ་རྣལ་འབྱོར་དབང་ཕྱུག་ཏུ་གླེང་། རི་མ་ལ་ཡ་ཞེས་ཉིན་གཞིན་ཆར་མི་བཟད་པར་འཁྲིགས། མཚན་མེ་འབར་བ་དེར་བྱོན་བས་གནོད་སྦྱིན་གྱི་བུ་མོ་འོད་


JL02_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་མ་སོགས་ཀྱིས་བར་ཆད་བརྩམས་ནས་འབྱོན་དུ་མ་སྟེར་བར། བདེན་པས་བཀྲོལ། དེར་ལྕགས་ཀྱི་སྡིག་པ་ཤིན་ཏུ་འཇིགས་པ་ཞིག་བྱུང་བ་བདེ་གཤེགས་ཀྱིས་སྤྲུལ་པར་མཁྱེན་ཏེ་ཕྱག་མཆོད་ཕུལ་བས། དེ་བསེའི་སྒྲོམ་བུར་སོང་སྟེ་ནང་ནས་ལས་བཞི་ཚང་བའི་གསེར་གྱི་གླེགས་བམ་བཻ་ཌཱུརྻས་བྲིས་པ་བྱུང་། གཟིགས་པས་ཐུགས་སུ་ཆུད་དེ་རྡོ་རྗེ་གདན་གྱི་བྱང་དུ་གཏེར་ལ་རྒྱས་བཏབ། དེའི་ནང་ནས་མུ་སྟེགས་འདུལ་བའི་དོན་དྲག་པོ་ཁོལ་བུར་ཕྱུང་སྟེ་བསྒྲུབས་ནས་འཆི་བདག་སྡེ་བརྒྱད་བཀོལ་ཏེ་མུ་སྟེགས་ཀྱི་རྒྱལ་ཁམས་ཐམས་ཅད་བརླག་པར་མཛད་དོ། །དེ་ལ་རྗེས་སུ་སློབ་པའི་སློབ་མའི་དངས་མ་གསུམ། སློབ་དཔོན་ཧཱུྃ་ཀཱ་རའི་ལུགས་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ་བརྒྱུད། དྷ་ན་ཏ་ལ་མན་ངག་གསུངས། གཞན་ཡང་སློབ་མ་མཐའ་ཡས་ཤིང་། ཁ་ཅིག་ཏུ་འཇམ་དཔལ་བཤེས་གཉེན། ཤཱནྟི༚ི༚་གྷརྦྷ། དེས་རྒྱ་གར་གྱི་རྒྱལ་པོ་ཀུན་སྐྱོང་དང་། བལ་པོ་བ་སུ་དྷར་གཉིས་ལ་བརྒྱུད་ཅིང་མདོར་ན། གཤེད་སྐོར་རྒྱ་མཚོ་སློབ་དཔོན་འདི་ལས་བརྒྱུད་པ་ཤ་སྟག་གོ། །སྣང་བ་མཐའ་ཡས་པདྨ་གསུང་གི་བརྒྱུད་པ་ནི། ཆོས་སྐུ་ནས་རིམ་པར་བརྒྱུད་པའི་བཅུ་གཉིས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་བམ་སློབ་དཔོན་ནཱ་གཱརྫུ་ན་གསུང་གི་རིག་འཛིན་ཏེ། ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིགས་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་པ་ལྟར་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས། མཚན་མཁན་ལ་བསྟན་པས་ཞག་བདུན་གྱི་ཚེ་ལས་མེད་དོ་ཞེས་ཟེར། ཐབས་དྲིས་པས། བྲམ་ཟེ་བརྒྱ་ལ་སྟོན་མོ་དྲངས་ན་ཟླ་བ་བདུན། དགེ་སློང་བརྒྱ་ལ་དྲངས་ན་ལོ་བདུན། དེ་ནས་ཐབས་མེད་ཟེར་བས་དེ་བཞིན་བྱས་


JL02_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བདུན་དུ་ཉེ་བ་དང་བུའི་རོ་ཕ་མས་མཐོང་བའི་མི་བཟོད་ཅེས་འཁོར་དང་བཅས་ལྗོངས་རྒྱུ་བར་བཏང་། ཅི་ཞིག་ན་ན་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོའི་སྒོར་སོན་ནས་དེར་རིག་བྱེད་བསྒྲགས་པས་ནང་དུ་བོས། རྒྱུ་མཚན་དྲིས་པ་ལྟར་གསོལ་བས། རབ་ཏུ་འབྱུང་ནུས་སམ་གསུངས། ནུས་སོ་ཞུས་པས་དེར་རབ་ཏུ་བྱུང་། རྨ་བྱ་ཆེན་མོ་ཡི་དམ་དུ་ཕོག །འཇམ་དཔལ་རྩ་རྒྱུད་ལས། ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་འགྲུབ་བོ། །ཞེས་པ་ལྟར། བདུན་པའི་ཚེ་གཟུངས་མཚན་རིལ་པོར་སྟོན་པས་འགྲུབ་སྟེ། ལོ་དྲུག་བརྒྱར་འཚོ་བའི་ཐུན་མོང་གི་དངོས་གྲུབ་བརྙེས། སླར་བསྙེན་པར་རྫོགས། གསེར་འགྱུར་མཛད་ནས་དགེ་འདུན་རྣམས་མུ་གེ་ལས་སྐྱོབས། མཁན་པོ་སྤྱོད་པ་ལ་གཤེགས་ནས་ན་ལེན་དྲའི་མཁན་པོ་མཛད། ཀླུའི་ཡུལ་དུ་གཤེགས་ནས་ཀླུའི་རྒྱལ་པོ་ཟུག་རྔུ་ལས་བསྒྲལ། །གཏང་རག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྡེ་རྣམས་བླངས། ཀླུ་འཇིམ་ཡང་དེའི་ཚེ་བྱུང་ངོ། །སྤྱིར་ཐེག་པ་ཆེན་པོའི་བསྟན་པའི་སྲོག་ཤིང་དུ་གྱུར། ཁྱད་པར་དུ་བླ་མེད་ཐེག་པ་རབ་བཤད་ནས། །ཞེས་པ་ལྟར་རྒྱུད་སྡེ་རྒྱ་མཚོའི་དེད་དཔོན་དུ་གྱུར་བ་དེས་རྟ་མཆོག་ཧེ་རུ་ཀའི་དགོངས་པ་མངོན་དུ་བྱུང་ནས་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ་བཤད་པ་ཡིན་ནོ། །རྡོ་རྗེ་མི་བསྐྱོད་པ་སྟེ་ཡང་དག་ཐུགས་ནི། གདོད་མའི་སངས་རྒྱས་ནས་རིམ་པར་དགའ་རབ་རྡོ་རྗེ་ལ་བརྒྱུད། དེས་འཇམ་དཔལ་བཤེས་གཉེན། རོ་ལངས་བདེ་བ། སངས་རྒྱས་གསང་བ། དེས་བལ་པོ་ཧཱུྃ་ཀཱ་ར་ཐུགས་ཀྱི་རིག་འཛིན་ཏེ། སློབ་དཔོན་འདི་བལ་པོའི་ཡུལ་དུ་འཁྲུངས། ཡོ་བྱད་དབུལ་པོར་གྱུར་བས་རྒྱ་གར་དུ་བྱོན་ཏེ་རྒྱལ་པོའི་ཕྱུགས་རྫི་བྱས། མིང་ཕྱུགས་རྫི་གོ་ལེབ་ཅེས་གྲགས། རེ་ཞིག་ན་ནགས་གསེབ་ན་ཕྱུགས་འཚོ་བ་ལ་ཕྱིན་པས་དེར་


JL02_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཀུ་ཀུ་རཱ་ཛ་སྒོམ་གྱི་ན་བཞུགས་པར་མཐོང་བས་ཤིན་ཏུ་དད་པར་གྱུར་ནས་ཕྱག་དང་བསྐོར་བ་བྱས། མ་ཧེའི་འོ་མ་བཞོས་ཏེ་དྲངས་པ་ན། སློབ་དཔོན་གྱི་ཞལ་ནས། བྱིས་པ་ཁྱོད་ཀྱིས་ཆོས་ཞུ་ནུས་སམ་གསུངས་པས། ཆོས་ནུས་ཏེ་བརྒྱགས་མེད་ཞུས། བརྒྱགས་མི་དགོས་པའི་ཆོས་ཀྱང་ཡོད་དོ་གསུངས་པས་དེ་ལྟར་ན་ཞུའོ་བྱས་པས། རྡོ་རྗེ་སེམས་དཔའ་རྒྱན་གཅིག་པའི་སྒོམ་བཟླས་གནང་། དེས་ཕྱུགས་སྐྱོང་བཞིན་པར་བསྒོམས་པས་རྡོ་རྗེ་སེམས་དཔའ་འགྲུབ་སྟེ། ལན་ཅིག་བྲག་ལ་སྒོམ་གྱི་ན་འདུག་པ་དང་། རྒྱལ་པོས་མཁར་གྱི་རྩེ་ནས་བྲག་ཁ་ན་རྡོ་རྗེ་སེམས་དཔའ་འོད་སྒོར་རེ་བཞུགས་པ་མཐོང་ངོ། །དགོངས་མོ་ཕྱུགས་ཐམས་ཅད་དེའི་མདུན་དུ་འདུས། རྡོ་རྗེ་སེམས་དཔས་ཕྱུགས་དེད་ནས་བྱུང་བས། ཕོ་བྲང་ལ་ཉེ་བར་སོང་དུས་ལྷ་མི་གསལ་དུ་སོང་། སྒོར་སླེབས་དུས་ཕྱུགས་རྫི་ཁོ་རང་དུ་འདུག་པས། རྒྱལ་པོ་ཐེ་ཚོམ་ཟོས་ཏེ་ནངས་པར་གོས་བརྗེས་ནས་ཕྱུགས་རྫིའི་ཕྱིར་ཕྱིན་ནས་བལྟས་པས། བྱིས་པ་དེ་ཁར་སང་ལྟར་རྡོ་རྗེ་སེམས་དཔའ་ཀྲོང་ངེ་སོང་བས་ཡིད་ཆེས། སླར་ཕྱུགས་རྫི་སླེབས་དུས་གཙང་ཁང་དུ་བོས་ཏེ། སྔན་ཆད་ངོ་མ་ཤེས་པ་བཟོད་པར་བགྱིས་ལ་ངའི་མཆོད་གནས་མཛད་པར་གསོལ་ཞེས་སོགས་བསྒོས་པས། བྱིས་པ་ན་རེ། བདག་ལ་ཆེ་བའི་ཡོན་ཏན་ཅི་ཡང་མེད་ཟེར། རྒྱལ་པོས་གོང་གི་ལོ་རྒྱུས་བརྗོད་པས། བྱིས་པ་ན་རེ། ངས་སྐྱེ་བ་འདི་ལ་རྒྱལ་པོ་འདུལ་བའི་དུས་ལ་མ་བབ། ཕྱི་མ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་མཇལ་ལོ་ཟེར། རྒྱལ་པོ་ན་རེ། འོ་ན་ངས་ཡོ་བྱད་སྦྱར་གྱིས་སྒྲུབ་པ་གྱིས་ཞེས་གསུངས་པ་ལས། བྱིས་པ་དེ་སྔར་གྱི་སློབ་དཔོན་ཀུ་ཀུ་རཱ་ཛའི་དྲུང་དུ་བྱོན། གདམས་པ་ཞུས་པས་དེའི་ཞལ་ནས། སྔར་ལས་འཕྲོ་ཡོད་པས་ལྷ་ངོ་བསྟན་པ་ཡིན་གྱི། ངས་འདུལ་བའི་དུས་ལ་མ་བབ་པས། ཨུ་ཏ་ཡའི་གྲོང་ཁྱེར་ན་སློབ་དཔོན་དུར་ཁྲོད་བདེ་བ་བཞུགས་པས་དེར་སོང་


JL02_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གསུངས་པས། ལུང་བསྟན་པ་ལྟར་གྲོང་ཁྱེར་དེར་སོང་སྟེ་སློབ་དཔོན་བཙལ་བས། སློབ་དཔོན་གྲོངས་ནས་པུར་དུར་ཁྲོད་དུ་བསྐྱལ་ཟེར་རོ། །སླར་ལོག་སྟེ་སློབ་དཔོན་ཀུ་ཀུ་རཱ་ཛ་ལ་ཞུས་པས། རོ་ལངས་བསྒྲུབ་པའི་ཐབས་གནང་། དེས་བ་མ་ལ་ཡེ་ཤེས་སེམས་དཔའ་དགུག། ཞུག་གི་སྒྲུབ་པ་བྱས་པས་ཞག་ཉེར་གཅིག་ལ་གྲུབ་སྟེ་རོ་ལངས་བདེ་བའི་དངོས་གྲུབ་ཅེས་གྲགས་སོ། །གཤིན་རྗེ་མཁན་པོ་ཁ་ཅིག། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་འཇམ་དཔལ་ཏནྟྲ་འབུམ་སྡེ་དཔེ་ལ་བཀོད། མ་གཤིན་ཚོགས་ཀྱི་དཀྱིལ་འཁོར་ལ་ཕྱེ་ནས་བསྒྲུབས་པའི་ཚེ། བ་མ་ལ་ཡེ་ཤེས་སེམས་དཔའ་དངོས་སུ་ཞུགས་ཏེ་བཞེངས་པ་རོ་ལངས་བདེ་བའི་དངོས་གྲུབ་ཡིན་ཅེས་གླེང་ངོ། །དེ་ལྟར་སློབ་དཔོན་དེས་ཡན་ལག་དྲུག་ཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས་ནས་སྨིན་པར་བྱེད་པའི་དབང་བསྐུར། དེའི་ཚེ་དཀྱིལ་འཁོར་གྱི་མེ་ཏོག་སྟེང་ཕྱོགས་ཀྱི་གྲོང་པོ་ཧཱུྃ་ཀ་ར་ལ་བབས་པས། གསང་མཚན་བཛྲ་ཧཱུྃ་ཀ་ར་ཞེས་གྲགས་སོ། །དེར་གདམས་པ་བུམ་པ་གང་བྱོར་གནང་ནས། ཁྱོད་འདིར་མ་འདུག་པར་ཕྱག་རྒྱ་མཚན་དང་ལྡན་པ་ཞིག་ཁྲིད་ལ་བསེ་བྲག་བྱ་ཁྱུང་གི་ཚལ་དུ་སྒྲུབ་བགྱིས་ཤིག་ཅེས་ལུང་བསྟན། དེ་ནས་བྱིས་པས་རིགས་ངན་གྱི་གྲོང་ཁྱེར་དུ་བྱོན་ནས་ཕྱག་རྒྱ་མོ་བཙལ་བས་རྒན་རྒོན་རང་འཐག་མཁན་གཉིས་ལ་བུ་མོ་མཚན་དང་ལྡན་པ་ཞིག་འདུག་ནས་བསླངས་པས། བུ་མོ་ཁྱོད་ལ་མི་བསྐུར་ཟེར་སྟེར་དུ་མ་འདོད། དེར་རིན་འཇལ་བྱས་ནས་ཡུལ་དེའི་རྒྱལ་པོ་ལ་ཞལ་ལྕེ་བཅོལ་བས་གསེར་མོ་རང་ཙམ་ཞིག་གཞོལ་ཟེར་རོ། །དེར་རོ་ལངས་ཀྱི་དྲུང་དུ་བྱོན་ནས་ལོ་རྒྱུས་བརྗོད་པས། མི་ངོ་གསེར་དུ་བསྒྲུབ་པའི་མན་ངག་གནང་། དུར་ཁྲོད་ནས་རོ་བཙལ་ཏེ་བསྒྲུབས་པས་ལོ་གཅིག་ལ་གྲུབ། དེ་བུ་མོ་དང་བརྗེས་བུ་མོ་ཁྲིད་དེ་སློབ་དཔོན་ཀུ་ཀུ་རཱ་ཛའི་དྲུང་དུ་བྱོན་ནས་གདམས་པའི་མཐའ་ཞིབ་ཏུ་བཅད། སློབ་དཔོན་སངས་རྒྱས་


JL02_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་སྐྱེད་ཚང་གི་མངའ་བདག་ཏུ་བཞུགས་པའི་དྲུང་དུའང་གཏུགས་ནས་སྒྲོ་འདོགས་ལྷག་མ་མ་ལུས་པར་བཅད་དོ། །གཞན་ཡང་སློབ་དཔོན་སོ་ཀྱ་དེ་ཝ་ལའང་ཡང་དག་གི་སྒྲུབ་པའི་མན་ངག་ཞུས་ཏེ་བསེ་བྲག་བྱ་ཁྱུང་གི་ཚལ་དུ་བསྒྲུབས་པས། ཚེ་ལ་དབང་བའི་རིག་འཛིན་ཐོབ། གཞན་དོན་དུ་ཡང་དག་རྩ་བའི་སྒྲུབ་པ་མཛད། སྒྲུབ་སྡེ་མོས་ཀྱང་མཱ་མ་ཀཱིའི་དངོས་གྲུབ་ཐོབ་བོ། །དེ་ལྟ་བུའི་སློབ་དཔོན་ཧཱུྃ་ཆེན་ཀཱ་རས་ཨོ་རྒྱན་ཆེན་པོ་པདྨ་ལ་གསུངས་པ་ཡིན་ནོ། །རིན་འབྱུང་བདུད་རྩི་ཡོན་ཏན་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིས་རྒྱལ་ཚབ་འཆད་པའི་སྐྱེས་བུ་རིགས་ལྔའི་སངས་རྒྱས་ལ་དགོངས་པས་བརྒྱུད། འཇམ་དཔལ་ནི་རྣོན་པོ་དང་། རྡོ་རྗེ་ཆོས་ཀྱི་ས་བསྡུས། རིག་འཛིན་་རིག་པའི་བརྒྱུད་པ་ལི་ཙ་བྱི་དྲི་མེད་གྲགས་པས་ས་བཅུའི་བྱང་སེམས་ལ་བཤད། ལི་ཙ་བྱིས་དགའ་རབ་རྡོ་རྗེ་སོགས་ལ་གང་ཟག་སྙན་བརྒྱུད་ཀྱི་ཚུལ་དུ་བཤད་པས་དགོངས་བརྡ་སྙན་གསུམ་ཀའི་བརྒྱུད་པ་ཡོད་ཅིང་རིམ་པར་བརྒྱུད་པའམ། བདུད་རྩི་ཐོབ་པ་ནི་ཡོན་ཏན་གྱི་རིག་འཛིན་མཁས་པ་བི་མ་ལ་མི་ཏྲ་སྟེ། དེའི་ལོ་རྒྱུས་གདུལ་བྱའི་སྣང་བ་དང་བསྟུན་ནས་གཅིག་ཏུ་མ་ངེས་པར་འཆད་ཀྱང་། ལུགས་གཅིག་ཏུ་ཁྱིམ་བདག་བདེ་ལྡན་ཞེས་བྱ་བ་དང་། ཡུམ་བདག་ཉིད་མ་གསལ་རིག་ཅེས་བྱ་བའི་སྲས་སུ་འཁྲུངས། ལོ་བདུན་ནས་སློབ་མའི་གྲར་ཞུགས་པ་ལ་སུས་ཀྱང་ངོ་མེད་པ་ཞིག་བྱུང་། རིག་པ་ཆེ་བའི་སྙན་པས་ཁྱབ་སྟེ་བསྟན་པ་ལ་བཙུད་ནས་བཤེས་གཉེན་མང་དུ་བསྟེན། རིག་པའི་གནས་རེ་རེ་ལ་སློབ་དཔོན་གསུམ་གསུམ་བརྟེན་ནས་སློབ་དཔོན་བཅོ་ལྔ་ལས་བསླབས་པས། ལོ་ཉི་ཤུ་རྩ་གཅིག་ལོན་ཚེ་པཎྜི་ཏའི་གྲལ་དུ་ཚུད། སྒྲ་སྐད་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་མཁྱེན། འབྱུང་བ་བཞི་དང་། དུད་འགྲོའི་སྐད་ལས་ཀྱང་དོན་འཆང་ནུས། མདོ་སྡེ་ཤེར་ཕྱིན་གྱི་བཀའ་ཐམས་ཅད་ཐུགས་ལ་ཆུད་ནས་ཞལ་འདོན་དུ་མཛད་པ་དེས། བཤད་


JL02_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དང་སྒོམ་ལུང་ནོད་པས་སློབ་དཔོན་བརྒྱ་དང་དྲུག་ཅུ་ཡོད་པའི་ནང་ཚན་ལས་བདུད་རྩི་ཡོན་ཏན་གྱི་ཆོས་འཁོར་འདས་ཐམས་ཅད་བཅིང་གྲོལ་མེད་པའི་བདུད་རྩིའི་ངོ་བོར་ཡེ་སངས་རྒྱས་པའི་རང་བཞིན་འདི། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བ་ལ་ཞུས། རྒྱུད་སྡེ་མ་ལུས་པ་ཁོང་དུ་ཆུད་ནས་བདུད་རྩི་བམ་བརྒྱད་ཀྱི་འགྲེལ་བ་ལ་སོགས་མན་ངག་གི་ཡི་གེའི་མང་དུ་མཛད་ཅིང་དར་བ་ཡིན་ནོ། །དོན་ཡོད་གྲུབ་པ་ཕུར་བ་ཕྲིན་ལས་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་རྒྱལ་པོ་ཛ་ལ་བརྒྱུད། ཕྱག་ན་རྡོ་རྗེའི་སྒོ་ནས་དངོས་གྲུབ་བརྙེས་པའི་སློབ་དཔོན་པྲ་བྷ་ཧ་སྟི་ཞེས་རྡོ་རྗེ་ཕུར་བའི་རྒྱུད་ཀྱི་མངའ་བདག་ཆེན་པོ། ཕུར་བ་འབུམ་སྡེའི་རྒྱུད་ལ་འགྲེལ་བ་དང་སྒྲུབ་ཐབས་མང་དུ་མཛད་པའི་བདག་ཉིད་ཆེན་པོ་དེ་ལ་བཀའ་འབབས་པའི་རིག་འཛིན་དུའང་བཤད་ཅིང་། བདེ་འདུས་རྩ་རྒྱུད་ཀྱི་འགྲེལ་བ་ལྟར་ན། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་རིག་འཛིན་པདྨ་འབྱུང་གནས་ཡིན་ཏེ། ཇི་ལྟར་ཡང་དོན་ལ་སྙེལ་བ་མེད་དེ། སློབ་དཔོན་པྲ་བྷ་ཧ་སྟི་ནི་ཨོ་རྒྱན་ཆེན་པོ་ལ་རྡོ་རྗེ་ཕུར་བ་སྟོན་པའི་སློབ་དཔོན་ཡིན་པའི་ཕྱིར་རོ། །དེའང་ལྗོངས་འདིར་རྒྱུད་འདིའི་དར་སོ་ཆེ་ཞིང་དངོས་གྲུབ་མྱུར་བ། བཀའ་གཏེར་གྱི་རྣམ་གྲངས་ཀྱང་ཆེས་མང་ཞིང་གྲགས་ཆེ་བས་ཕྱི་མ་ལྟར་གྱི་ལོ་རྒྱུས་ཅུང་ཟད་གླེང་ན། སྔོན་ཨོ་རྒྱན་རྡོ་རྗེ་འཆང་གིས་ཕྱག་རྒྱ་ཆེན་པོའི་རིགས་འཛིན་བསྒྲུབ་པར་དགོངས་ཏེ། རྒྱ་གར་ཡུལ་གྱི་ཚུར་རོལ། བལ་པོའི་ཡུལ་གྱི་ཕ་རོལ། ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བལ་མེ་ཤཱཀྱ་དེ་བས་སྒྲུབ་བདེ་མོ་བྱས་ཏེ་དཔལ་ཡང་དག་མར་མེ་དགུ་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་བསྒྲུབས་པས། གླུ་གྱོང་པོ། གནོད་སྦྱིན་རྒོད་མ་ཁ། བྱི་དུར་བར་སྣང་ཁམས་ཀྱི་གློག་མ་སྤྲིན་དང་གསུམ་གྱིས་བར་ཆོད་བྱས་ཏེ་ནམ་མཁའ་ལས་ཆར་གྱི་རྒྱུན་བཅད། རྩི་ཤིང་དང་ལོ་ཏོག་ཐམས་ཅད་བསྐམས་པ་ལས། སློབ་


JL02_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱིས་བར་ཆོད་དུ་མཁྱེན་ཏེ། བལ་པོ་ཀུན་ཞི་དང་། བལ་པོ་ཤི་ལ་མཉྫུ་གཉིས་རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱི་དྲུང་དུ་བར་ཆད་འདུལ་བ་ལ་བསྔགས་པའི་ཆོས་ལེན་དུ་མངགས་པས། པཎྜི་ཏ་རྣམས་ཀྱིས་ཤྲཱི་ན་ལནྡྲའི་གཙུག་ལག་ཁང་ནས། དཔལ་ཆེན་རྡོ་རྗེ་ཕུར་བའི་རྒྱུད་བི་ཧོ་ཏ་མ་ཡ་འབུམ་སྡེ་དང་། ཕུར་བ་མི་ཁུར་གཉིས་བརྫངས་ཏེ་ཡང་ལེ་ཤོད་དུ་ཕེབས་པ་ཙམ་གྱིས་བར་ཆོད་ཀྱི་ཚང་ཚིང་སྟུག་པོ་བྱིན་རླབས་ཀྱི་མེ་ལྕེས་བསྲེགས་པར་གྱུར་ཏོ། །དེར་ནམ་མཁའ་ལས་ཆར་རྒྱུན་བབས། ས་གཞི་ལས་འབྲུ་སྨིན། དེའི་སྒྲུབ་པ་མཛད་པས་ཟླ་བ་གཅིག་ན་ཞལ་གཟིགས། ཡང་ཕུར་སྒྲགས་མའི་སྒྲུབ་པ་མཛད་པའི་ཚེ། ནམ་གྱི་སྲོད་ལ་ཤྭ་ན་མ་མཆེད་བཞིས་སྲོག་སྙིང་ཕུལ་ཏེ་དམ་ལ་བཏགས། གུང་ལ་རེ་མ་ཏི་མཆེད་བཞིས་སྲོག་སྙིང་ཕུལ་ཏེ་དམ་ཚིག་གི་ར་བར་བཙུད། ཐོ་རངས་བསེའི་ལྷ་མོ་མཆེད་བཞིས་ཀྱང་སྲོག་སྙིང་ཕུལ་ཏེ་དམ་ལ་བཏགས་སོ། །དེའི་ཚེ་ན་ཨོ་རྒྱན་ཆེན་པོས། བི་ཏོ་ཏ་མ་ལའི་རྒྱུད་ལས་འཕྲོས་ཏེ་རྒྱུད་སྡེ་བཞི་བཅུ་ཞེ་བརྒྱད་དམ། སུམ་ཅུ་རྩ་དྲུག་ཏུ་ཕྱེ་ཞེས་གྲགས་པའི་རྒྱུད་སྡེའི་ངེས་བརྗོད་ཕྱི་མ་ལྟར་ན། རྩ་བའི་རྒྱུད་གསུམ་ནི། ཀཱི་ལ་ཡ་འབྲུ་བཅུ་གཉིས་རྒྱུད། བི་ཏོ་ཏ་མ་ལ་རྩ་བའི་རྒྱུད། རྣལ་འབྱོར་བླ་ན་མེད་པ་གསང་ཆེན་དམ་པའི་རྒྱུད་དོ། །བཤད་པའི་རྒྱུད་བཅུ་ནི། གབ་པ་འཁོར་ལོ་ནག་པོ་སྟོང་སྡེའི་རྒྱུད། ཀཱི་ལ་ཡ་མེ་ལྕེ་ཕྲེང་བའི་རྒྱུད། དྲག་པོ་འདུད་པའི་རྒྱུད། འཇིག་རྟེན་སྣང་བྱེད་ཀྱི་རྒྱུད། རྡོ་རྗེ་བཀོད་པའི་རྒྱུད། དཔྱང་ཐག་ཆད་པའི་རྒྱུད། མྱ་ངན་ལས་འདས་པའི་རྒྱུད། དགོངས་པ་དམ་པའི་རྒྱུད། གསང་བ་དམ་པའི་རྒྱུད། ཁུ་བྱུག་རོལ་པའི་རྒྱུད་དོ། །མན་ངག་གི་རྒྱུད་བཅུ་ནི། ཧཱུྃ་ཀཱ་ར་སེར་བ་འབེབས་པ། སྟོབས་ཆེན་སེར་བཟློག་པ། རྣམ་རྒྱལ་དབང་བསྐུར་བ། དབྱུག་


JL02_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་སྦྱིན་བསྲེག་བྱ་བ། གཤིན་རྗེའི་གཤེད་བཟློག་པ། མི་གཡོ་སྔོན་པོ་དགྲ་ལ་རྦད་པ། རྟ་མགྲིན་ནཱ་ག་ཀླུ་འདུལ་བ། གཞན་གྱིས་མི་ཐུབ་པ་ལས་ལ་གཟུད་པ། བདུད་རྩི་འཁྱིལ་བ་བྱིན་གྱིས་བརླབ་པ། ཁམས་གསུམ་རྣམ་རྒྱལ་གྱི་འཕྱང་དྲུག་ལས་ལ་རྦད་པའི་རྒྱུད་དོ། །ལོ་མ་ལྟ་བུའི་རྒྱུད་གསུམ་ནི། ཤྭ་ན་དཀར་ནག་ཐུན་གྱི་རྒྱུད། རེ་མ་ཏི་སྦས་པ་ནག་པོའི་རྒྱུད། བསོ་མ་སྦས་པ་གཏེར་གྱི་རྒྱུད་དང་གསུམ་མོ། །སྙིང་པོ་དོན་གྱི་རྒྱུད་ལྔ་ལ། སྐུའི་རྒྱུད་ཡེ་ཤེས་ཀྱི་འཁོར་ལོ། གསུང་གི་རྒྱུད་པདྨ་གསང་བ། ཐུགས་ཀྱི་རྒྱུད་རྡོ་རྗེ་འབར་བ། ཡོན་ཏན་གྱི་རྒྱུད་རིན་ཆེན་གཙུག་ལག། ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ་དང་ལྔའོ། །འབྲས་བུའི་རྒྱུད་བཞི་ནི། རྡོ་རྗེ་རྩེ་མོའི་རྒྱུད། སངས་རྒྱས་རྩེ་མོའི་རྒྱུད། རྣལ་འབྱོར་རྩེ་མོའི་རྒྱུད། ཡེ་ཤེས་རྩེ་མོའི་རྒྱུད་དོ། །སྐྱེས་བུ་གིང་བཞི་ལ། མཚོན་ཆ་སྤུངས་པའི་རྒྱུད་དོ། །དེ་ལྟར་སུམ་ཅུ་རྩ་དྲུག་ཏུ་ཕྱེ་བ་རྣམས་ལས་བྱུང་བའི་མན་ངག་གི་ཡི་གེ་མཛད་པ་ནི། རྩ་བ་སྡེ་ལྔ་ལ། ཕྱི་ནང་གི་གནོད་གདུག་བསྒྲལ་བའི་ཕྱིར། ལིངྒ་བཅའ་ཐབས་གཙོ་བོར་སྟོན་པ་ཐུགས་གསང་བ། དེ་དང་འབྲེལ་བའི་དཀྱིལ་འཁོར་གྱི་རིམ་པ་གཙོ་བོར་སྟོན་པས་གསང་བ། སྒྲོལ་བའི་ཐབས་ཁྱད་པར་ཅན་སྟོན་པ་རྡོ་རྗེ་གཞོན་ནུའི་རྩ་བ། ལས་ཀྱི་གཞུང་སྲང་བསྟོན་པ་ཕུན་སུམ་ཚོགས་པའི་རྩ་བ་ལས། དེ་ཡང་ལྟ་དགོངས་ཁྱད་པར་ཅན་གྱི་ཕུལ་དུ་བྱུང་བར་སྟོན་པ་བི་ཏོ་ཏ་མ་ལའི་རྩ་བ། དེ་ཐམས་ཅད་ཀྱི་ལུང་རྩ་བར་གྱུར་བ་བཅུ་གཅིག་པ། རྡོ་རྗེ་རིགས་ཀྱི་ལེའུ་གུད་དུ་བཀོད་པ་དྲུག་གོ །གཞན་ཡང་སྒྲུབ་ཐབས་དང་། མན་ངག་དང་། དབང་གི་རིམ་པ་དང་། ཕྲིན་ལས་ཀྱི་བྱང་བུ་དང་། བསྒྲོལ་བ་ཆོས་ཉིད་དུ་གནས་སྦར་བྱ་བ། ཚེ་ལུང་གི་གདམས་པ་ལ་སོགས་ཕུར་སྨད་ཉི་ཤུ་ཐམ་པ་མཛད་ནས། སྔར་གྱི་རྒྱུད་སྡེ་དང་བཅས་པ་ཕོ་ཉ་


JL02_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ལ་བསྐུར་ནས་གཤེགས་པ་ལས། ཡུལ་ཚ་བ་ཚ་ཤོད་ཅེས་བྱ་བར་ནུབ་གཅིག་བཞུགས་པའི་ནམ་ཕྱེད་ན་ཆོ་འཕྲུལ་མི་བཟད་པ་ཞིག་བྱུང་། གཟིགས་པས་མདུན་ན་ནེ་གུ་དྲུང་དུའང་གཅིག་འདུག། དེ་ཕྱག་རྒྱས་བསྡམས་ལྷུང་བཟེད་དུ་བཅུག་ནས་བཞག་སྟེ། སང་ནངས་པར་ཆུ་མིག་བྱང་ཆུབ་རིས་སུ་དྲོ་བཏབ། དེར་ལྷུང་བཟེད་ཁ་ཕྱེ་ནས་གཟིགས་པས་བུད་མེད་མཛེས་སྡུག་དང་ལྡན་པ་བཞི་འདུག། ཁྱོད་རྣམས་སུ་ཡིན་དྲིས་པས། ངེད་རྣམས་ཡུལ་ཚ་བ་ཚ་ཤོད་ལ་དབང་བྱེད་པའི་ས་བདག་མོ་བཞི་ཡིན། སློབ་དཔོན་ཁྱེད་ཀྱིས་ངེད་ཅག་རྣམས་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་ལ་དབང་བྱེད་པའི་བདག་པོར་དབང་བསྐུར་ཅིག་སྐད། སློབ་དཔོན་གྱིས་དེ་ལྟར་མི་རུང་། གསང་སྔགས་རྡོ་རྗེ་ཕུར་བ་བསྒྲུབ་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཀྱི་སྲོག་ལ་དབང་བྱེད་པར་བསྐུར་གྱི་གསུངས་ནས་དེ་ལྟར་དུ་བསྐུར། གསང་བའི་མཚན་རྡོ་རྗེ་ཡ་བྱིན། དེ་བྱིན། བསེ་བྱིན། ཕག་བྱིན་ཞེས་བཏགས་སོ། །དེ་ནས་སྔར་གྱི་ཕུར་བའི་རྒྱུད་སྡེ་བྱུང་བའི་གནས་ཤྲཱིན་ལེ་ནར་བྱོན། པཎྜི་ཏ་རྣམས་ལ་དཔེ་སྔ་མ་གཏད། ཕྱི་མ་རང་གིས་ཕྱེ་བ་དང་། བཀྲལ་བ་རྣམས་གཟིགས་སུ་བཅུག་པས། འདི་དག་ནི་ལུང་དང་མི་འགལ་ཞིང་། སྒྲུབ་པ་པོའི་ཆ་རྐྱེན་དུ་འགྱུར་རོ་ཞེས་བསྔགས་ཏེ། རྒྱལ་མཚན་གྱི་རྩེ་ལ་ཕྱར། དེའི་ཚེ་སློབ་དཔོན་པྲ་བྷ་ཧ་སྟིས་ལུང་བསྟན་ཏེ་དུར་ཁྲོད་སོ་ས་གླིང་དུ་མཁའ་འགྲོ་མ་བདེ་བའི་འཁོར་ལོས་རྡོ་རྗེ་ཕུར་བའི་དཀྱིལ་འཁོར་དུ་དབང་བསྐུར། སླར་ཡང་བལ་ཡུལ་ཡང་ལེ་ཤོད་དུ་བྱོན། ཟ་ཧོར་གྱི་མཁན་པོ་བི་མ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ་དང་གསུམ་གྱིས་དཔལ་རྡོ་རྗེ་ཕུར་བའི་དཀྱིལ་འཁོར་དུ་ནོ་པི་ཀ་མཛད་ཅིང་། སྒྲུབ་པའི་རྟགས་ཀྱང་སོ་སོར་བསྟན་ནོ། །སྤྱིར་རྡོ་རྗེ་ཕུར་བ་ལ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ། ཐོགས་མེད། རོ་ལངས་བདེ་བ་རྣམས་


JL02_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཛད་པའི་གཞུང་ཡང་ཡོད་ཅེས་རྒྱ་གར་གྱི་སློབ་དཔོན་བདེ་བྱེད་གླེང་ངོ། །དེ་ལྟར་རིགས་ལྔ་ལ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྔ་ཞེས་བྱ་ལ། དེ་ལས་སྤྲུལ་པ་ལས་ཀྱི་དཀྱིལ་འཁོར་གསུམ་ནི། སྤྲོ་གཞི་དཀྱིལ་འཁོར་གྱི་བདག་ཉིད་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ་མ་མོ་རྦོད་གཏོང་ངམ། བླ་མེད་ཧེ་རུ་ཀའི་རོལ་བར་བཞེངས་པ་ལ་ཀུན་ཏུ་བཟང་མོ་གནམ་ཞལ་མ་ཡུམ་ཉིད་གཞི་མུ་ཁ་ལི་ཞེས་པའི་རྣམ་རོལ་དུ་གྱུར་ནས་ཐབས་མཆོག་བདེ་བ་ཆེན་པོ་དང་། སྟོང་ཉིད་ཤེས་རབ་ཀྱི་རང་བཞིན་དབྱེར་མེད་དུ་སྦྱོར་བའི་དཀྱིལ་འཁོར་དུ་བཀའ་བབས་ཀྱི་རིག་འཛིན་དྷ་ན་སིངྒ་འམ། །པདྨ་ནག་པོ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཇིག་རྟེན་གྱི་དྲེགས་པ་འདུལ་བའི་ཕྱིར་སྤྲུལ་པའི་རོལ་གར་དྲེགས་པ་ཀུན་འདུལ་དང་། སྟོབས་ལྡན་ནག་པོར་བཞེངས་པ་ལ། གནམ་ཞལ་མའི་སྤྲུལ་པ་ཡུམ་གཉིས་ཀྱིས་འཁྲིལ་བ་དེར་བཀའ་བབས་ཀྱི་རིག་འཛིན་གུ་ཧྱ་ཙཎྜ་དང་། ཤཱནྟི༚་གྷརྦྷ་ཞེས་དུར་ཁྲོད་བསིལ་བའི་ཚལ་ནས་གནམ་ལྕགས་སྡིག་པའི་ཆོས་སྐོར་དགོངས་པའི་རྩལ་གྱིས་བླངས་པའི་དྲག་སྔགས་ཀྱི་བཀའ་བབས་ཀྱི་རིག་འཛིན་ཏེ། ཁ་ཅིག་འདི་གསུམ་ལ་འཇིག་རྟེན་པའི་སྡེ་གསུམ་ཞེས་བོད་དུ་ལྷ་འདྲེད་མ་ལ་བཏགས་ཏེ་ཕྱི་བར་གྲགས་པ་ནི་མི་རིགས་ཏེ། འོག་ཏུ་སྒྲོམ་བུ་བབས་པའི་རྣམ་གཞག་དང་འགལ་བར་འགྱུར་ལ། འོན་ཏེ་འཁོར་གྱི་རོལ་བ་དྲེགས་པ་ཤས་ཆེ་བར་བྱུང་བ་ལ་ཐ་སྙད་འཇོག་ན། དུས་ཀྱི་འཁོར་ལོ་ལ་ཉི་ཟླ་གཟའ་སྐར་ལ་སོགས་པས་བསྐོར་ཞིང་། དཔལ་ལྡན་འབྲས་སྤུངས་རྒྱུ་སྐར་གྱི་དཀྱིལ་འཁོར་ཞེས་གྲགས་པའང་འཇིག་རྟེན་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཨོ་རྒྱན་སངས་རྒྱས་གཉིས་པས། ཕྱི་ལྟར་བྱང་སེམས་ནང་ལྟར་སྒྲུབ་པ་བརྒྱད། །གསང་བ་སློབ་དཔོན་བཀའ་བབས་རྣམས་བརྒྱད་དང་། །ཞེས་གསུངས་པས་ངེས་


JL02_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་དུ་བསྒྲུབ་བྱ་སྒྲུབ་བྱེད་གཉིས་སུ་མ་ཡིན་པའི་རིག་འཛིན་བརྒྱད་ལ་བཀའ་འབབས་པའི་ཚུལ་བསྟན་ཏོ། །འོན་ཀྱང་མཐའ་དྲུག་དང་ཚུལ་བཞིས་མདོ་རྒྱུད་ཀྱི་དགོངས་པ་རྣམ་པར་འགྲེལ་བ་སྐྱེས་བུ་མཆོག་གི་སྣང་ཚུལ་དུ་དེས་ཕྱིར་པཎྜི་ཏ་ས་མུ་དྭ་ལ་སོགས་པས་དེ་སྐད་དུ་འཆད་པ་ནི་དགོངས་པའི་དབང་ཡིན་གྱི། འོག་ཏུ་བདེ་གཤེགས་འདུས་པའི་ལུགས་ཇི་ལྟ་བ་བཞིན་ཁས་བླངས་པའི་ཕྱིར་རོ། །དེ་ལས་ཕྱིན་ཅི་ལོག་ཏུ་སྨྲ་བ། གསར་མའི་གཤེད་སྐོར་ལ་སྦྱངས་པ། རྒྱ་གར་གྱི་སློབ་དཔོན་དཔལ་འཛིན་དང་དོ་མཉམ་པར་རང་གིས་རང་ཉིད་ལ་བསྙེམས་པས་མིང་དེ་སྐད་དུ་གྲགས་པའི་མངོན་པའི་ང་རྒྱལ་ཅན་དབུ་རུ་དཔལ་འཛིན་གྱིས། མཐོང་ཆོས་སུ་མནར་མེད་པའི་དམྱལ་བ་བསྒྲུབ་ཕྱིར་སྔ་འགྱུར་རྡོ་རྗེའི་ཐེག་པ་ལ་ལོག་པར་ལྟ་བའི་སྐུར་བ་མི་བཟད་པའི་ངན་རྟོག་གིས་དུག་ཆུ་འཐོར་བའི་ཚེ། ཆོས་ཀྱི་རྣམ་གྲངས་འདི་དག་ལའང་སྨྱོན་པའི་ངང་ཚུལ་གྱིས་ཅི་ཡང་སྨྲ་སྟེ། རང་གིས་འཇིགས་བྱེད་ལྕགས་མཁའ་སོགས་ལ་ཡིག་ཆ་འཇོག་པའི་ཚེ། རྒྱ་གཞུང་དུ་ལྕགས་མཁར་དྲུག་ཅུ་པ་མེད་པའི་ཁུངས་སྨོས་པའི་མཐར། འོན་ཀྱང་རྙིང་མ་པ་ལྟར་རྟོག་པས་བརྟགས་ན་ཞེས་གཞན་ལ་ཆགས་སྡང་གི་ངག་འཁྱལ་སྒྲོགས་བཞིན་དུ། རྒྱ་གཞུང་ལ་མེད་ཀྱང་བྱེད་དུ་རུང་བའི་ཤེས་བྱེད་གླེང་བས་མཚོན་ཏེ་སྲིན་བྱའི་རྫུན་དྲུག་ཏུ་སྨྲ་བ་ལ་ཡིད་བརྟན་མ་ཡིན་པར་ཤེས་པར་བྱ་ལ། དེ་ལྟར་ནའང་གཞུང་ལོག་པར་སྒྲུབས་པ་ལ་དགག་བྱའི་ཐོ་ལུམ་མ་བསྣུན་ན་སེམས་ཅན་བློ་ཆུང་བ་གང་ཞིག་ཚིག་གི་རྗེས་སུ་འབྲངས་པས་ཉེས་པ་མི་བཟད་པ་འཕེལ་གྱིས་དོགས་པས་དེ་ལྟར་དུ་འཆད་ཀྱི། གཞན་དུ་དེ་ལ་གནས་སྐབས་ཐམས་ཅད་སྡང་ཞེན་གྱི་ཡུལ་མ་ཡིན་ཏེ། དྲང་སོང་རིག་པའི་ཡེ་ཤེས་ཀྱིས། གནོད་བརྩོན་དགྲ་ལའང་ཕན་གདགས་གཙོར་བྱས་ཏེ། །བྱམས་པས་བྱང་ཆུབ་མཆོག་གིས་སེམས་ཉིད་བསྐྱེད། །ཅེས་གསུངས་ཕྱིར་ལས་ཀྱི་ནུས་པས།


JL02_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དེད་པའི་དེ་དག་ནི་ཤིན་ཏུའང་སྙིང་རྗེའི་ཡུལ་ལོ། །དེ་སྐད་དུ་མཆོག་སྤྲུལ་མངའ་རིས་པཎ་ཆེན་གྱིས། ཁྱད་པར་འབྲི་གུང་དཔལ་འཛིན་གྱིས། །རྫོགས་ཆེན་ལོག་པའི་ཆོས་སུ་སྨྲ། །སྔ་འགྱུར་རྡོ་རྗེ་ཐེག་པ་ཡི། །འཆད་བྱེད་ལོ་པཎ་མང་པོ་དང་། །སྒྱུར་བྱེད་ལོ་ཙཱ་མཁས་པ་ཡིས། །བསྒྱུར་བའི་ཆོས་རྣམས་ཐམས་ཅད་ལ། །མ་བྱུང་མ་བསྒྱུར་ཞེས་སྨྲ་བའི། །ལོ་རྒྱུས་གཏན་ཚིགས་བཀོད་ནུས་ནས། །སྒྱུ་འཕྲུལ་ཡང་ཕུར་རྟ་མགྲིན་དང་། །བདུད་རྩི་མ་མོ་རྫོགས་པ་ཆེ། །བཀའ་གཏེར་བཀའ་བརྒྱད་ཐམས་ཅད་ལ། །ཆོས་མིན་ཞེས་པའི་གཏན་ཚིགས་ཀྱིས། །ཡི་གེ་གསལ་བར་བཀོད་པའི་ཚེ། །མཁའ་ལ་རྡོ་རྗེའི་འབྲུག་བསྒྲགས་ཤིང་། །བར་སྣང་འཇིགས་པའི་གློག་ཆེན་འཁྱུག། སྤྲིན་ནག་འཁྲུགས་པའི་གུར་ཁྱམ་ནས། །རྡོ་རྗེའི་དམྱལ་བར་ཨ་ལ་ལ། །ཞེས་པ་ཁྲག་གིས་བྲིས་པའི་རྡོ། །ཆར་བཞིན་བབས་ནས་འཛིན་མའི་ས། །རབ་ཏུ་གས་པའི་ནང་ཚུད་དེ། །ལྕེ་རྩ་སྡིག་པས་ཟ་བ་དང་། །སྤྱིའུ་ཚུགས་སུ་བྱས་ནས་ནི། །དབུར་ལྟོད་བྱང་གིས་དེར་དི་མ། །ད་ལྟ་ཚད་གཟུང་མེད་པ་ཡི། །སྡུག་བསྔལ་དྲག་པོ་མྱོང་བ་ལ། །ཞེ་འགྲས་མེད་པའི་བཟོད་པ་ཡིས། །ངན་སོང་དོང་སྤྲུགས་ཆོ་ག་དང་། །ཡི་གེ་དྲུག་མའི་སྔགས་རྒྱུན་དང་། །མི་འཁྲུགས་རྒྱལ་པོའི་གཟུངས་ཆོག་དང་། །ངན་སོང་སྦྱོར་བ་གཙུག་ཏོར་གྱི། །ཆོ་ག་བཟང་བ་ཉིད་དང་ནི། །སྤྱོད་བྱེད་ཀུན་གྱི་རིག་པ་དང་། །སྨན་བླ་མཆོད་བདུན་མདོ་ཆོག་སོགས། །ཀུན་ནས་ཐུགས་རྗེས་གཟུང་དུ་གསོལ། །དེ་དག་སོ་སོའི་རྩོད་ལན་ནི། །ཁོ་བོས་མང་དུ་བྱས་ཟིན་གྱི། །སླར་ཡང་བགྱིད་པར་དམ་བཅའོ། །ཞེས་གདམས་པ་ཡིན་ནོ། །གཉིས་པ་གཏེར་མའི་ལོ་རྒྱུས་ནི་བདེ་གཤེགས་འདུས་པ་རྩ་བའི་རྒྱུད་ཀྱི་འགྲེལ་བ་སློབ་དཔོན་སངས་རྒྱས་གཉིས་པ། པཎ་ཆེན་


JL02_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་བཤེས་གཉེན། ལོ་ཆེན་བཻ་རོ་ཙ་ན་གསུམ་གྱིས་མཛད་པའི་བརྒྱུད་པའི་ལོ་རྒྱུས་ཀྱི་སྐབས་སུ་གསུངས་པ་རྩ་བར་བཟུང་ནས་བརྗོད་པར་བྱ་བ་ནི། གང་གི་ཚེ་དབྱིངས་རིག་དོན་གྱི་འོག་མིན་ཆེན་པོར་རིག་པའི་ཡེ་ཤེས་གཟུང་འཛིན་གྱི་འཆིང་བ་ལས་རྣམ་པར་གྲོལ་བའི་བཅོམ་ལྡན་འདས་དཔལ་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་དུས་བཞི་མཉམ་པ་ཉིད་ཀྱི་ངང་དུ་ཆོས་སྐུའི་ངོ་བོར་བཞུགས་པ་ལས། ཡུམ་ཀུན་ཏུ་བཟང་མོས་དབྱིངས་རིག་རྣམ་དག་གི་ཀློང་ནས་རྡོ་རྗེའི་དམ་ཚིག་ཆེན་པོའི་གླུས་བསྐུལ་ནས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་ཏོ། །ཞི་བས་མི་ཐུལ་བ་རྣམས་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་སྐུར་བཞེངས་ཏེ་ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་ཆོས་ཉིད་ཀྱི་རང་སྒྲས་གསུངས་པ་སྟེ། དེའང་རིག་འཛིན་རྡོ་རྗེ་ཆོས་རང་ཉིད་ཚོམ་བུ་དགུའི་དཀྱིལ་འཁོར་དུ་འཁོར་གྱི་ཚུལ་དང་། དཀྱིལ་འཁོར་སོ་སོའི་རིག་འཛིན་བླ་མའི་དཀྱིལ་འཁོར་དུ་རང་ཉིད་གཙོ་བོ་དང་གཞན་འཁོར་གྱི་རྣམ་པར་བསྟན་ཏོ། །དེའང་ཇི་ལྟར་གསུངས་པའི་རྒྱུད་སྡེའི་ངེས་བརྗོད་ནི། བདེ་གཤེགས་འདུས་པ་རྩ་བའི་རྒྱུད། །ཕྱི་མ་མངོན་འབྱུང་གི་རྒྱུད། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད། མ་ཚང་བ་ཁ་སྐོང་བའི་རྒྱུད། འབྱེད་པ་ལྡེ་མིག་གི་རྒྱུད་དེ་ཞི་ཁྲོ་སྤྱིའི་རྒྱུད་ལྔ། དེ་རྣམས་ཀྱི་རྩ་རྒྱུད་གསང་འདུས་ཞི་བ་འདུས་པ་སོགས་བརྒྱད་དང་། ཞི་ཁྲོ་ལྷན་ཅིག་པ། རིག་འཛིན་འདུས་པ་སྟེ་བྱེ་བྲག་གི་རྒྱུད་བཅུ། དེ་ནས་འཇམ་དཔལ་གཤིན་རྗེ་སོགས་སོ་སོའི་གཙོ་བོར་སྤྲུལ་ཏེ་གསུངས་པ་ཡན་ལག་གི་རྒྱུད་ལ། འཇམ་དཔལ་གསང་རྒྱུད་གསང་བ་གྲུབ་པ་བརྗོད་པ་གླུར་བླངས་སོགས་དང་། དམེ་བརྩེགས། འཇིགས་བྱེད་དམར་ནག་དང་བཅས་པ་སྟེ་འཇམ་དཔལ་སྐུའི་རྒྱུད་སོ་བཞི་ལ་སོགས་ཏེ་སྒྲུབ་སྡེ་རང་རང་གི་རྒྱུད་ཀྱི་ཤེས་བྱེད་སྒྲོམ་བུའི་སྐབས་སུ་སྟོན་པའི་གྲངས་ངེས་པ་རྣམས་རྒྱལ་བ་དགོངས་པས་བརྒྱུད་དེ་བརྗོད་པའི་སྒྲ་


JL02_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་རང་མཚན་པ་གང་ཡང་མེད་དོ། །དེ་ནས་ཀུན་བཟང་ཧེ་རུ་ཀ་ཉིད་ཀྱི་ཐུགས་རྗེའི་རོལ་པ་ཚད་མེད་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སོགས་པའི་སོ་སོའི་རིག་པ་འཛིན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གཞན་ཡང་ས་ཐོབ་པ་དང་། ལྷུན་གྱིས་གྲུབ་པ་དང་། རིགས་པ་འཛིན་པ་དང་། ཕྱག་རྒྱ་ཆེན་པོ་དང་། དེད་དཔོན་ལ་སོགས་པའི་རིག་པ་འཛིན་པ་རྣམས་ལ་ཐུགས་རང་བྱུང་ཡེ་ཤེས་ཀྱི་ཀློང་ནས་གཟིགས་སྟངས་དང་། ཕྱག་རྒྱ་དང་། འོད་ཟེར་ལ་སོགས་པའི་བརྡས་བརྒྱུད་པས་སྟོན་འཁོར་ངོ་བོ་གཅིག་པའི་རྣམ་རོལ་གྱིས་མ་རྟོགས་པ་དང་། ལོག་པར་རྟོག་པའི་དྲི་མས་མ་གོས་པར་ཇི་ལྟ་བ་བཞིན་མངོན་དུ་མཛད་པ་ལས། བཀའི་བསྡུ་བ་མཛད་པར་ཞལ་བགྲོས་ཏེ་རིག་འཛིན་དེ་དག་གི་གཙོ་བོར་གྱུར་བ་ཀུན་ཏུ་བཟང་པོ་དང་གཉིས་སུ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་སམ། རྡོ་རྗེ་སེམས་དཔའ། ལག་ན་རྡོ་རྗེ། རྡོ་རྗེ་སྙིང་པོ། རྡོ་རྗེ་ཐོད་པ་རྩལ། རྡོ་རྗེ་དྲག་པོ་རྩལ། མིའི་ཐོད་པ་ཅན། རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་ལ་སོགས་པའི་མཚན་གྱི་རྣམ་འགྱུར་ཅན་དེས། རང་ཉིད་སྟོན་པ་པོ་དང་། རིག་འཛིན་གཞན་རྣམས་འཁོར་དུ་བྱས་པ་ལ་རིག་འཛིན་སློབ་དཔོན་དུ་གྲགས་ཤིང་ལྷོ་ནུབ་ཀྱི་ཚོམ་བུའི་དཀྱིལ་འཁོར་ལའང་འཁོད་པ་ནི་ཇི་སྐད་དུ། དགྱེས་རྡོར་རྩ་རྒྱུད་བརྟག་པ་གཉིས་པ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་སྡུད་འཁོར་ཀྱང་ང་། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །ཞེས་པ་ལྟར། རང་ཉིད་ཀྱིས་བསྟན་པར་མཚམས་སྦར་ནས་བསྡུས་ཏེ་གསེར་གྱི་གླེགས་བུར་བཻ་ཌཱུརྻ་ཞུན་མས་བྲིས་ནས་སྤྱི་དང་བྱེ་བྲག་གི་རྒྱུད་རྣམས་སོ་སོར་ཕྱོགས་སུ་བསྡེབས་ཏེ། གླེགས་བམ་དུ་བྱས་ནས་གཞན་ལ་སྣང་བར་མཛད་པ་ལ་རིག་འཛིན་བརྡའི་བརྒྱུད་པ་ཞེས་བྱའོ།


JL02_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མཁའ་འགྲོ་གཏད་རྒྱ་བརྒྱུད་དེ་གཏེར་དུ་སྦས་ཚུལ་ནི། རིག་འཛིན་དེ་རྣམས་ཀྱིས་མིའི་ནང་ནས་སྐལ་ལྡན་མ་རྙེད་དེ། ཀུན་ཏུ་བཟང་མོའི་ཐུགས་སྤྲུལ་ཡེ་ཤེས་དང་ལས་ལས་གྲུབ་པའི་མ་མོ་མཁའ་འགྲོ་རྣམས་ཀྱི་གཙོ་བོ་རྣལ་འབྱོར་མའི་བདག་མོ། འཇིག་རྟེན་དྲེགས་པའི་ཚོགས་ཀྱི་མ་ཆེན་མོ་མཚན་གྱི་རྣམ་གྲངས་སུ། རྡོ་རྗེ་ཕག་མོ། བདག་མེད་ལྷ་མོ། ཉི་ཟླ་ཐོད་ཕྲེང་དུ་གྲགས་ཤིང་། སྐབས་འདིར་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེར་འབོད་པ་ལ་བཤད་ཅིང་དབང་བསྐུར་ནས། ཁྱོད་ཀྱིས་བཀའ་ཡང་དག་པའི་རྒྱུད་སྡེ་འདི་རྣམས་ཀྱི་སྤྱི་རྒྱུད། བྱེ་བྲག་གི་རྒྱུད་རྣམས་སོ་སོར་ཕྱེ་ལ་རིན་ཆེན་གྱི་སྒྲོམ་སོ་སོར་བཞུགས་སུ་གསོལ་ཏེ་རིག་པ་འཛིན་པའི་རྣལ་འབྱོར་སྐལ་ལྡན་རྣམས་ལ་དངོས་གྲུབ་བྱིན་ཅིག་ཅེས་ལུང་བསྩལ་བས། མཁའ་འགྲོ་མས་སྤྱི་རྒྱུད་ལྔ་ལ་སོགས་པ་རིན་པོ་ཆེ་སྣ་བརྒྱད་ལས་བྱས་པའི་སྒྲོམ་དང་། འཇམ་དཔལ་སྐུའི་རྒྱུད་ལྕགས་སྒྲོམ། པདྨ་གསུང་གི་རྒྱུད་ཟངས་སྒྲོམ། ཡང་དག་ཐུགས་ཀྱི་རྒྱུད་དངུལ་སྒྲོམ། ཆེ་མཆོག་ཡོན་ཏན་གྱི་རྒྱུད་རྣམས་གསེར་སྒྲོམ། ཕུར་བ་ཕྲིན་ལས་ཀྱི་རྒྱུད་རྣམས་གཡུ་སྒྲོམ། མ་མོ་རྦོད་གཏོང་གི་རྒྱུད་རྣམས་བསེ་སྒྲོམ། འཇིག་རྟེན་མཆོད་བསྟོང་གི་རྒྱུད་རྣམས་མཆོང་སྒྲོམ། དམོད་པ་དྲག་སྔགས་ཀྱི་རྒྱུད་རྣམས་གཟིའི་སྒྲོམ་བུར་བཅུག། སོ་སོའི་རིགས་དང་མཐུན་པའི་ཕྱག་རྒྱས་བཏབ། འཛམ་གླིང་གི་ལྟེ་བ་རྡོ་རྗེའི་གདན་དང་ཉེ་བའི་གནས། མཆོག་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པའི་ས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ལམ། རོ་མྱགས་དང་འདམ་བུའི་ཚལ་ཞེས་བྱ་བའི་དབུས་ན་འཁོད་པ་རང་བྱུང་གི་མཆོད་རྟེན་བདེ་བྱེད་བརྩེགས་པ་ཞེས་བྱ་བ། ཕྱི་མཆོད་རྟེན་ལ་ནང་གཞལ་ཡས་ཁང་གི་རྣམ་པར་གནས་པའི་ནང་དུ་རིན་པོ་ཆེའི་སྒྲོམ་རྣམས་རྒྱས་བཏབ་པ། གཞན་དུ་མཆོད


JL02_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་རྨང་ནས་ཏོག་གི་བར་ལ་ཆོས་ཀྱི་རྣམ་གྲངས་ཐ་དད་དུ་སྦས་པའི་རྣམ་གཞག་ཀྱང་འཆད་དེ་དགོངས་པ་ཙམ་མོ། །དེར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་མོ་མཁའ་འགྲོ་ཐམས་ཅད་ཀྱིས་བཀུར་སྟི་ཕུན་སུམ་ཚོགས་པས་མཆོད་ཅིང་། ཆོ་འཕྲུལ་ཆེན་པོ་རྒྱུན་མི་འཆད་པར་སྟོན་པ་ནི་མཁའ་འགྲོ་གཏད་རྒྱའི་བརྒྱུད་པར་གྲགས་སོ། །དེ་ནས་གྲུབ་ཐོབ་རྣལ་འབྱོར་དུ་བརྒྱུད་པ་ནི། རེ་ཞིག་གི་ཚེ་གསང་བའི་བདག་པོ་རིག་འཛིན་རྡོ་རྗེ་ཆོས་ཀྱི་ཐུགས་ཆོས་དབྱིངས་རྣམ་པར་དག་པའི་རོལ་པ་བཀོད་པའི་རྩལ་ལས་ཤར་བའི་ཡེ་ཤེས་དགུའི་སྒྱུ་འཕྲུལ་གྱི་རྣམ་རོལ་ནས་རིག་འཛིན་གྱི་སློབ་དཔོན་ཆེན་པོ་བརྒྱད་དགོངས་པ་ལ་བཞུགས་པའི་སྤྱི་མཐུན་གྱི་གཟིགས་སྣང་ལ། དུར་ཁྲོད་ཆེན་པོ་དེ་ན་ཉིན་པར་རླུང་དང་འཚུབས་མ་འཁྲིགས་ཤིང་། ཐོག་དང་སེར་བ་འབབ། མཚན་མོ་འོད་དང་མེར་འབར་གློག་འཁྱུག་པ་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་བྱུང་བས། ཐམས་ཅད་བཀའ་བགྲོས་ཏེ་འདི་ནས་འཇིག་རྟེན་གྱི་ཁམས་འཆོངས་པའི་ཆོས་མ་ནོར་འོང་། ཡང་ན་འཇིག་རྟེན་ཕུང་བའི་ངན་སྔགས་འབྱུང་བས་བཏོན་ན་འཐད་ཅེས་ཞལ་འཆམ་ནས། ནམ་མཁའ་ལ་བྱོན་ཏེ་དགོངས་པ་གཅིག་ཏུ་བསྡུས་ནས་མཆོད་རྟེན་ཆེན་པོའི་མདུན་དུ་མཐུན་པའི་དམ་རྫས་རྒྱ་ཆེན་པོ་བཤམས། བཀའ་བདེན་པའི་ཆོས་མང་དུ་གསུངས། གཞན་དོན་དུ་བརྟུལ་ཞུགས་ཀྱི་དགོངས་པ་བསྐྱེད་ནས་ཏིང་ངེ་འཛིན་གྱི་ལྕགས་ཀྱུ་རྣོན་པོས་མ་ཚོགས་མཁའ་འགྲོ་རྣམས་ཀྱི་སྙིང་ནས་དྲངས་ཏེ་དབང་དུ་བསྡུས་པས། དགུང་ཞག་བདུན་གྱི་ནུབ་མོ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་གཙོས། མཁའ་འགྲོ་དང་སྡེ་བརྒྱད་ཐམས་ཅད་དབང་དུ་འདུས་ཤིང་བསྟོད་ཅིང་བཀའ་ཉན་པས། ཐུགས་ཀྱིས་གཟིགས་པ་ལྟར་རིན་པོ་ཆེའི་སྒྲོམ་བྱིན་ཞེས་པར་བསྒོས་པས། མཆོད་རྟེན་གྱི་ནང་ནས་སྒྲོམ་རྣམས་གཏེར་སྐྱོང་རྣམས་ཀྱིས་ཕྱུང་ནས། ལས་ཀྱི་དབང་མོ་ཆེས་


JL02_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་སྒྲོམ་དུ་བི་མ་ལ་མི་ཏྲ། དངུལ་གྱི་སྒྲོམ་ཧཱུཾ་ཀཱ་ར། ལྕགས་ཀྱི་སྒྲོམ་འཇམ་དཔལ་བཤེས་གཉེན། ཟངས་ཀྱི་སྒྲོམ་སློབ་དཔོན་ཀླུ་སྒྲུབ། གཡུའི་སྒྲོམ་སློབ་དཔོན་པདྨ། གཞན་དུ་པྲ་བྷ་ཧ་སྟིར་བཤད་པས་གདམ་པ་ཅན་ཡིན། བསེ་སྒྲོམ་དྷ་ན་སཾ་ཀྲི། མཆོང་གི་སྒྲོན་རོམ་བུ་གྱུ་ཧྱ། གཟིའི་སྒྲོམ་ཤཱནྟི༚་གརྦྷ་སྟེ། སྒྲོམ་བུ་སོ་སོ་བ་བརྒྱད་རིག་འཛིན་རྣམ་བརྒྱད་ལ་གཏད་ནས་རང་རང་གི་བཀའ་ལུང་བསྩལ། དེར་སོ་སོའི་སྒྲོམ་བུ་ཞལ་ཕྱེ་བ་ལས། སློབ་དཔོན་བི་མ་ལའི་གསེར་སྒྲོམ་གྱི་ནང་ནས། ཆེ་མཆོག་ཡོན་ཏན་གྱི་ཆོས་སྡེ། བདུད་རྩི་ཡོན་ཏན་གྱི་རྒྱུད་བདུད་རྩི་བམ་པོ་བརྒྱད་པ། བདུད་རྩི་འཁོར་ལོ་འབར་བ། བདུད་རྩིས་ཕྲེང་བ། བདུད་རྩིའི་བུམ་པ། བདུད་རྩིར་རོལ་པ་ཆེ་ཆུང་། རྣམ་དག་དྲི་མེད། དངོས་གྲུབ་གཏེར་མཛོད། བདུད་རྩི་ཐིགས་པ། ཉེ་བའི་སྙིང་པོ། ལས་རྒྱ་མཚོ་ལ་སོགས་པ་རྣམས་སོ། །སློབ་དཔོན་ཧཱུཾ་ཀཱ་རའི་དངུལ་སྒྲོམ་གྱི་ནང་ནས། ཡང་དག་ཐུགས་ཀྱི་རྒྱུད། ཁྲག་འཐུང་འདུས་པ་ཆེ་ཆུང་། ཧེ་རུ་ཀ་གལ་པོ་ཆེ་ཆུང་། འཇིག་རྟེན་ལས་འདས་པའི་མདོ། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ། གསང་བ་འདུས་པ། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་སོགས་ཡང་དག་ཐུགས་ཀྱི་རྒྱུད་སྡེ་བཅོ་བརྒྱད་བྱུང་ངོ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ལྕགས་ཀྱི་སྒྲོམ་བུ་ནས། འཇམ་དཔལ་སྐུའི་གསང་རྒྱུད་ལེའུ་ཁྲི་དྲུག་སྟོང་པ། ཟླ་གསང་ནག་པོའི་རྒྱུད་ལེའུ་འབུམ་པ། གཞོན་ནུ་གདོང་དྲུག། མེ་ལྕེ་ཕྲེང་བ། རྡོ་རྗེ་ཐོག་འབེབས། མེ་རླུང་སྐྱིན་ཐང་འཁྲུག་པའི་རྒྱུད། འཇིགས་བྱེད་དམརནག་ལ་སོགས་འཇམ་དཔལ་སྤྱི་དང་བྱེ་བྲག་གི་རྒྱུད་སྡེ་སུམ་ཅུ་རྩ་བཞི་རྣམས་བྱོན་ནོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཟངས་སྒྲོམ་ནས་པདྨ་གསུང་གི་རྒྱུད་རྟ་མཆོག་རོལ་བ།


JL02_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རྔོག་མ་ལེ་བརྒན། དབང་ཆེན་འདུས་ལ། སྤུ་གྲི་གསང་བ། དྲེགས་པ་ཚར་གཅོད། ཡང་གསང་ཁྲོས་པ། ནཱ་ག་ཀླུ་འདུལ་ལ་སོགས་པདྨ་གསུང་གི་རྒྱུད་བཅུ་གཉིས་བྱོན། སློབ་དཔོན་པདྨའི་གཡུའི་སྒྲོམ་བུ་ནས། །ཕུར་བུ་ཕྲིན་ལས་ཀྱི་རྒྱུད་བྱི་ཏོ་ཏ་མ་ལ་འབུམ་སྡེ། ཕ་རྒྱུད་རྣལ་འབྱོར་དམ་པ་གསང་ཆེན་ཀཱི་ལ་ཡ་བུ་གཉིས། གཉིས་ཀའི་རྒྱུད་དེ་ཕུར་བའི་སྤྱི་རྒྱུད་དང་། བྱེ་བྲག་ཏུ་ཕུར་བ་མ་རྒྱུད་ལ་རྡོ་རྗེ། ཡེ་ཤེས། སངས་རྒྱས། རྣལ་འབྱོར་རྩེ་མོ་སྟེ་རྩེ་མོ་བཞི། དེའི་ཡན་ལག་བཟློག་པར་བཅུ་གཉིས་ཀྱི་རྒྱུད། ཕྲིན་ལས་རྣམ་པ་བཞིའི་རྒྱུད། སྲུང་མ་བཅུ་གཉིས་ཀྱི་རྒྱུད་དོ། །ཕ་རྒྱུད་ལ་ཡང་སྙིང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། སྙིང་པོའི་རྒྱུད་གསུམ། ཡན་ལག་ཁྲོ་བོ་བཅུའི་རྒྱུད་བཅུ། ལོ་མའི་རྒྱུད་བཞི། མེ་ཏོག་གི་རྒྱུད་བཅུ། འབྲས་བུའི་རྒྱུད་བཞི། མ་ཚང་བ་ཁ་སྐོང་གི་རྒྱུད་ལྔ་སྟེ་རྩ་བའི་རྒྱུད་གསུམ། ཡན་ལག་ཕྲ་མོའི་རྒྱུད་མཐའ་ཡས་པ་བྱུང་ངོ། །སློབ་དཔོན་དྷ་ན་སངྐྲིའི་བསེ་སྒྲོམ་ནས། མ་མོ་རྦོད་གཏོང་གི་རྒྱུད། མ་མོ་གསང་བ་གཏན་ཚིགས་ཀྱི་རྒྱུད། སྲིད་པའི་ཀློང་ཆེན་མ་མོ་འབུམ་ཕྲག་གཅིག་སྟེ་རྩ་རྒྱུད་ལེའུ་བརྒྱ་རྩ་བརྒྱད། རྒྱུད་ཕྱི་མ་ལེའུ་གཅིག་དང་། བྱེ་བྲག་ཏུ་ཤེལ་མཚོ་དངས་པ་ལ་སོགས་དཀར་མོ་སྐུའི་རྒྱུད་དགུ །ཙིཏྟ་གདོང་བཟློག་སོགས་སྨུག་མོ་གསུང་གི་རྒྱུད་བཞི། སྨུག་ནག་འཁྱིལ་བ་སོགས་ནག་མོ་ཐུགས་ཀྱི་རྒྱུད་བདུན། སེར་མོ་ཡོན་ཏན་དང་། ལྗང་མོ་ཕྲིན་ལས་ལ་བརྒྱད་ཚན་རེ། གཞན་མཁའ་འགྲོའི་སྒོས་རྒྱུད་མཐའ་ཀླས་པ་བྱུང་ངོ། །སློབ་དཔོན་རོམ་བུ་གུ་ཧྱའི་མཆོད་གི་སྒྲོམ་བུ་ནས། འཇིག་རྟེན་མཆོད་བསྟོད་ལ་དྲེགས་པ་འདུས་པ་སྐུའི་རྒྱུད། ངན་སྔགས་ནག་པོ་གསུང་གི་རྒྱུད། སྲོག་ཏིག་ནག་པོ་ཐུགས་ཀྱི་རྒྱུད། ཡོན་ཏན་དྲེག་པའི་གཏེར་རྒྱུད། ཕྲིན་ལས་དྲེགས་པའི་ལས་རྒྱུད་སོགས།


JL02_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་འདུས་པའི་རྒྱུད་ལྔ། ཡན་ལག་གི་རྒྱུད་དྲེགས་པའི་སྡེ་དཔོན་སོ་སོའི་སྒོས་རྒྱུད་དཔག་ཏུ་མེད་པ་བྱུང་ངོ། །སློབ་དཔོན་ཤཱནྟི༚་གརྦྷའི་གཟིའི་སྒྲོམ་བུ་ནས། དམོད་པ་དྲག་སྔགས་ཀྱི་སྐོར། ཤེལ་ཕྲེང་དཀར་པོ་སྐུའི་རྒྱུད། དྲག་སྔགས་འདུས་པ་གསུང་གི་རྒྱུད། ཙིིཏྟ་དམར་འབྱིན་ཐུགས་ཀྱི་རྒྱུད། གཏེར་མཛོད་ཆེན་པོ་ཡོན་ཏན་གྱི་རྒྱུད། ལས་མཐའ་སྣ་ཚོགས་ཕྲིན་ལས་ཀྱི་རྒྱུད་ལ་སོགས་པ་དྲག་སྔགས་སྤྱིའི་རྒྱུད། སྔགས་བདག་དྲེགས་པ་བཅོ་བརྒྱད་ཀྱི་སྒོས་རྒྱུད་མཐའ་ཀླས་པ་དང་བཅས་བྱུང་ངོ། །དེ་ལྟར་སློབ་དཔོན་དེ་ཀུན་ཀྱང་སོ་སོའི་དངོས་གྲུབ་ཏུ་ཐོབ་པའི་རྒྱུད་དོན་ལས་མཁས་ཤིང་རང་དབང་བསྒྱུར་བའི་ནུས་པ་ཅན་དུ་གྱུར་ལ། ཆོས་ཐམས་ཅད་དགོངས་པའི་ཀློང་ནས་རང་ཤར་ཡང་གསང་སྔགས་རང་ཉིད་ལེན་པ་ལ་སོགས་པའི་ཁ་ན་མ་ཐོ་བ་སྤང་ཕྱིར། གདམས་པ་ནོད་རེས་དང་མན་ངག་གི་དགོངས་ཉམས་བསྡུར་བ་ལ་སོགས་པས་སྒྲོ་འདོགས་ཆོད་པའི་ཚུལ་བསྟན། རང་རང་ལ་བཀའ་བབས་པའི་རྒྱུད་སྡེ་རྣམས་ལ་བརྟེན་ནས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་བརྙེས་ནས་མ་འོངས་པའི་དོན་དུ་རྒྱུད་རྣམས་ལ་དགོངས་འགྲེལ་བསྟན་བཅོས་ཀྱང་རྒྱ་ཆེར་མཛད་ཅིང་གང་ལ་གང་འདུལ་གྱི་རོལ་བ་ཚད་མེད་པས་སེམས་ཅན་མང་པོ་རྣམ་པར་བྱང་བའི་ལམ་ལ་བཀྲ་ཤིས་པ་ཉིད་དོ། །དེ་དག་ཕལ་ཆེར་ཀྱང་བརྟུལ་ཞུགས་སྤྱོད་ཅིང་སྦས་པའི་ངང་ཚུལ་ཅན། སྤྲུལ་པ་དང་། རྣམ་འགྱུར་དང་། སྐུ་ཚེ་དང་། ཕྲིན་ལས་ཀྱི་རོལ་པ་ཚད་མེད་པའི་ཕྱིར། རྟོག་གེའི་རིག་པ་དང་། གདུལ་བྱ་ངོར་སྣང་གིས་གཏན་ཚིགས་རྣམ་གཞག། དྲང་དོན་གྱི་རྣམ་པར་ཐར་བ་ལ་སོགས་པའི་དབང་པོ་བཀོད་ཀྱང་བསམ་པར་མི་ནུས་པའི་རང་བཞིན་ཅན་ཡིན་པའང་ཤེས་པར་བྱ་སྟེ། དཀོན་མཆོག་བརྩེགས་པ་ལས་ཀྱང་། ནམ་མཁས་ཇི་སྙེད་ཁྱབ་གྱུར་བ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ།


JL02_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡིས་ཇི་སྙེད་ཁྱབ་གྱུར་བ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་བ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་སོ། །དུས་དེར་རིན་པོ་ཆེ་ས་བརྒྱད་ལས་གྲུབ་པའི་སྒྲོམ་ནི་དབུས་སུ་བཞག་པ་ལས་རྒྱ་མ་བཀྲོལ་བ་སླར་ཡང་བདེ་བྱེད་བརྩེགས་པའི་མཆོད་རྟེན་དེ་ཉིད་དུ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་གཏེར་དུ་སྦས་པ། དུས་རིང་ཞིག་གི་ཚེ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་མཆོད་ཅིང་བཀའ་བསྒོས་པས་མཁའ་འགྲོ་མས་སྒྲོམ་ཕྱུང་སྟེ་རྒྱ་བཀྲོལ་དབང་བསྐུར་ཨུ་རྒྱན་ཆེན་པོ་ལ་གཏད་པ་ཞལ་ཕྱེ་བའི་ནང་ནས། སྒྲུབ་པ་བཀའ་བརྒྱད་པོ་ཐམས་ཅད་ཀྱི་སྤྱི་རྒྱུད་ལྔ། ཁ་སྐོང་གི་ལུང་ལྔ། བྱེ་བྲག་གི་སྒོས་རྒྱུད་བཅུ་ལ་སོགས་ཆོས་ཚན་བརྒྱ་དང་སོ་ལྔ་བྱུང་བ་ནི། སྒྲུབ་སྡེ་བརྒྱད་དཀྱིལ་འཁོར་གཅིག་ཏུ་བྱས་ཤིང་། སྒྲོམ་གཅིག་ཏུ་བཞུགས་པ་གང་ཟག་གཅིག་ལ་ཚོམ་བུ་ཡོངས་རྫོགས་ཀྱི་ཚུལ་དུ་བཀའ་བབས་པ་བཀའ་བརྒྱད་བདེ་གཤེགས་འདུས་པ་ཞེས་གྲགས་སོ། །གང་ཟག་སྙན་བརྒྱུད་ནི། རྒྱལ་བློན་སྔ་དར་གྱི་ཚེ་ཨོ་རྒྱན་ཆེན་པོས་བོད་དུ་གསུངས་ཤིང་བསྒྱུར་ནས་དར་བ་སྟེ་འོག་ཏུ་འཆད་དོ། །གཉིས་པ་ལུང་ཨ་ནུ་ཡོ་ག་ནི། སྟོན་པ་མྱ་ངན་ལས་འདས་ནས། སྣོད་བཅུད་ཀྱི་བཀྲག་མདངས་ཉམས་ཏེ་མ་རུངས་པར་གྱུར་བའི་ཚེ། མུ་སྟེགས་བྱེད་རྣམས་ཀྱི་ས་གོའུ་ཏ་མའི་བསྟན་པ་ནི་མེ་ཤི་བའི་དུད་པ་བཞིན་དུ་སོང་ངོ་ཞེས་སྨྲས་པའི་ཚེ། དམ་པའི་རིགས་ཅན་དྲ་མ་ལྔ་ལོ་ཉེར་བརྒྱད་དུ་ཏིང་ངེ་འཛིན་ལ་ཞུགས་པ་ལས་ལངས་ཏེ་ཉེས་པ་རྣམས་མཐོང་བས་རི་མ་ལ་ཡའི་རྩེ་མོར་འདུས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བྱས་ནས་གདུང་བའི་ཚིག་ཉི་ཤུ་རྩ་གསུམ་གྱིས་བསྐུལ་བ་ནི་འདི་སྐད་དུ། ཨེ་མ་ཀྱི་ཧུད་ཨེ་མ་ཀློང་། སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །


JL02_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མའི་ཞལ་དེ་མི་བཞུགས་པས། །ཚད་མས་གསུངས་པའི་བསྟན་པ་ལ། །འཇུག་པར་འཚལ་བའི་འགྲོ་བ་རྣམས། །ལོག་པར་འཇུག་པར་མི་འགྱུར་རམ། །ཚད་མར་དམ་བཅས་གང་ཟག་གིས། །ངེས་མ་རྙེད་པའི་གང་ཟག་ལ། །ཕན་པར་བྱ་ཕྱིར་བཀའ་བཀྲོལ་བ། །གཏན་ལ་ཕབ་པར་འགྱུར་ཞིག་གུ། །ལེགས་ཉེས་འབྱེད་པའི་སྤྱན་ཟུམ་པས། །བཀའ་ཉིད་ཁྱད་དུ་གསོད་བྱེད་པའི། །སྐྱོན་གྱི་སྤྱི་གཙུག་མཐར་ཕྱིན་པས། །ལོག་སྟོབས་འཕེལ་བར་མི་གྱུར་རམ། །ལོག་པའི་བསྟན་པའི་སྤྲིན་འཁྲིགས་པས། །བདེན་པ་གཉིས་ཀྱི་ཉི་ཟླ་ནུབ། །འགྲོ་བ་གང་ཞིག་ལམ་འཚོལ་བ། །མུན་པར་འཁྱམས་པར་མི་འགྱུར་རམ། །སྟོན་པ་མྱ་ངན་འདས་འོག་ཏུ། །བདུད་དང་སྲིན་པོ་མུ་སྟེགས་དང་། །གནོད་སྦྱིན་འབྱུང་པོ་མི་མ་ཡིན། །མ་རུངས་གདུག་པ་སུས་འདུལ་འགྱུར། །དྲི་མེད་བསྟན་པའི་བདུད་རྩི་འདི། །ནུབ་ནས་ཤིན་ཏུ་མ་རུངས་ན། །རྩལ་དང་ལྡན་པ་སུ་ཞིག་གིས། །འབར་ཞིང་སྣང་བར་བྱེད་པར་འགྱུར། །བསླབ་པ་དམ་པ་རིན་པོ་ཆེ། །བྲལ་ནས་ཤིན་ཏུ་མ་རུངས་ན། །སྐྱེས་བུ་དམ་པ་གང་ཞིག་གིས། །ཚུལ་རྣམས་འཛིན་པར་བྱེད་པར་འགྱུར། །སྟོན་མ་མི་བཞུགས་དེ་རྗེས་ན། །སྟོན་པའི་སློབ་མ་ཇི་སྙེད་པ། །འཕགས་དང་གང་ཟག་ཐ་དད་ལ། །ལུང་བསྟན་འབྱུང་བ་གང་སུ་ཞིག །བསྟན་པ་ནམ་མཁའ་འདྲ་བ་ལ། །མོས་པ་ཐ་དད་པར་བཟུང་ནས། །ཡིན་དང་མ་ཡིན་ཆ་འཛིན་ཞིང་། །རྩོད་པ་འཕེལ་བར་མི་འགྱུར་རམ། །དེ་ཉིད་ངེས་པར་རིགས་གཅིག་ལ། །ལུགས་མི་མཐུན་པར་ཐ་དད་སྤྱོད། །རིགས་གཉིས་ཐ་དད་རིགས་རྣམས་སུ། །བསླད་ཅིང་བཅོམ་པར་མི་འགྱུར་རམ། རིང་ཐང་མེད་པའི་རིན་པོ་ཆེ། །མི་མཁས་གང་ཟག་ཐ་དད་པས། །ཉོན་མོངས་འདོད་པས་ཁྲིད་དབང་


JL02_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །དུག་དང་བརྗེ་བར་མི་འགྱུར་རམ། །ཆོས་ཀྱི་རྒྱལ་པོ་སྟོན་པ་དེ། །འདི་སྔོན་ཕན་ཆད་ཞལ་བཞུགས་ཏེ། །མ་རུངས་པ་དག་འཚོ་བགྱིས་ན། །གདུག་པ་དགའ་བར་མི་འགྱུར་རམ། །གང་འདིར་བསྟན་པ་གནས་པའི་ཡུམ། །ཇི་སྲིད་གཅིག་ཏུ་གནས་པར་འགྱུར། །གང་འདིར་སྔར་བྱུང་གང་སྔར་བྱུང་། །ཕྱིས་འབྱུང་དུས་འདིར་ཇི་ལྟར་འགྱུར། །སྟོན་པའི་བསྟན་པ་ཐ་མའི་ཚེ། །ངེས་པར་ཇི་ལྟར་འགྱུར་ཞིག་གུ། །བསླབ་པ་འཛིན་པའི་སློབ་མ་རྣམས། །ཐ་མར་ཇི་ལྟར་འགྱུར་ཞིག་གུ། །འདི་ནས་མྱ་ངན་འདས་འོག་ཏུ། །གང་ལྟར་སུ་ཡིས་སྟོན་པར་གཤེགས། །ཞིང་ཁམས་ཕྱོགས་ནི་གང་ན་བཞུགས། །དེ་ན་བསྟན་པ་ཅི་ཞིག་སྒྲོག། དེ་ཡང་འཇིག་རྟེན་མགོན་མེད་རྣམས། །མགོན་དང་སྐྱབས་སུ་སུ་ཞིག་འགྱུར། །འཕྲུལ་གྱི་བློ་དང་གྲོས་སྟོར་ན། །བློ་དང་གྲོས་ནི་གང་ནས་བཙལ། །ངེས་པའི་དོན་འདི་མ་རྙེད་ན། །དེ་ཡང་ངེས་པ་གང་ལ་བཟུང་། །མཆོད་གནས་ཡིད་བརྟན་མི་བཞུགས་ན། །སྐུ་གདུང་ཇི་ལྟར་འགྱུར་ཞིག་གུ། །སླད་ཀྱི་མཆོད་གནས་ཅི་ལ་བགྱི། །དེ་ལྟར་སྟོན་པ་འདས་འོག་ཏུ། །གདུང་འཚོབ་སྐྱེས་བུ་འབྱུང་འགྱུར་རམ། །ཨེ་མ་ཀྱི་ཧུད་ཨེ་མ་ཀློང་། །ཞེས་གདུངས་པས་དུས་གསུམ་གྱི་རྒྱལ་བ་ཚད་མེད་པའི་སྙིང་རྗེ་དང་ཐུགས་རྗེའི་བདག་ཉིད་ཅན་རྣམས་ལྕང་ལོ་ཅན་དུ་འདུས་ཏེ། གསང་བའི་བདག་པོ་ལ་འདི་སྐད་ཅེས་བསྐུལ་ལོ། །གསང་བ་འཛིན་པའི་བདག་པོ་ཁྱོད། །སྔོན་གྱི་གོ་ཆ་སྲ་ལམ་ཅི། །འཇིག་རྟེན་སྡུག་བསྔལ་མི་ཤེས་སམ། །སྙིང་རྗེའི་ས་ལ་བབས་ནས་ཀྱང་། །འཇིག་རྟེན་གདུང་བ་བསལ་བར་རིགས། །སོ་སོ་རིགས་ཀྱི་ཆ་བཟུང་ནས། །མ་རུངས་པ་དག་ཀུན་བཏུལ་ཏེ། །འདོད་ཁྲིད་ཐབས་ཀྱི་ཚིག་རྣམས་ཀྱིས། །ལས་ཀྱི་ཆ་དང་སྤྱོད་མཐུན་པར། །འདུ་ཤེས་བསྒྱུར་བ་བྱས་ནས་ནི། །བཀའ་ཡི་བགྲོ་བ་བཤད་སྦྱར་ནས། ཡང་དག་དོན་ལ་འགོད་


JL02_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག །ཅེས་འཇིག་རྟེན་གྱི་གདུང་བ་སེལ་བར་བསྐུལ་བས་གསང་བའི་བདག་པོ་དངོས་སུ་བྱོན་ཏེ། འོག་མིན། དགའ་ལྡན། རི་རབ་ཀྱི་རྩེ་སྟེ་ལྷ་གནས་གསུམ་དུ་གྲགས་པའི་གནས་ལ་སོགས་པར་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་གྱིས་དབྱིངས་བདེ་ཆེན་རྣལ་འབྱོར་གྱི་རྒྱུད་སྡེ་ཆེན་པོ་སྔགས་ཀྱི་མདོ་དྲུག་དང་རྩ་བའི་རྒྱུད་བཞི། མན་ངག་གི་རྒྱུད་དྲུག། བྱེ་བྲག་གི་བསྒྲུབ་པ་སྡེ་དྲུག། ལས་ཁ་ཚར་གྱི་རྒྱུད་བཅུ་གཉིས་ལ་སོགས་པ་སྟེ། འདི་དག་གཙོ་ཆེ་ཆུང་གི་སྒོ་ནས་ཨ་ནུའི་རྒྱུད་དུ་བཞག་པ་ལས། རང་བཞིན་དུ་མ་ཧཱ་དང་། ཨ་ནུ་གཉིས་ཀར་གཏོགས་པས་མན་ངག་གི་རྒྱུད་ཡིན་ཏེ། དམ་པའི་རིགས་ཅན་དྲ་མ་ལྔ་ལ་གསང་བའི་བདག་པོས་དངོས་སུ་གསུངས། །དེ་དག་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་བྲིས་ནས་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས། ཆོས་ཀྱི་རྣམ་གྲངས་དེས་གདུལ་བའི་དུས་ལ་བབས་པའི་ཚེ་ལངྐའི་ཡུལ་དུ་གྲགས་པ་སིང་ག་ལའི་གླིང་གི་ནགས་སུ་བབས་པའོ། །གཞན་ཡང་འདྲ་འབག་ཆེན་མོར། །ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་དུ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། སྤྲུལ་པའི་སྐུ་དགའ་རབ་ནས་མར་ལ་དཔལ་ཡང་དག་གི་རྒྱུད་དང་། མན་ངག་ལ་སོགས་པ་གསུངས་ཚུལ་དང་། གཞན་ཡང་ཕུར་བ་དང་། མ་མོ་ལ་སོགས་པ་ཇི་ལྟར་བབས་པའི་ཚུལ་རྒྱས་པར་གསུངས་སོ། །ཞེས་ཀྱང་བཤད་དོ། །དོན་གསུམ་པ་ཐེག་པ་མཐའ་དག་གི་ཡང་རྩེ། རྒྱུད་སྡེ་ཐམས་ཅད་ཀྱི་བཅུད་ཕུར། མན་ངག་ཐམས་ཅད་ཀྱི་ཡང་ཞུན་རང་བཞིན་རྫོགས་པ་ཆེན་པོ་རྩོལ་མེད་ཨ་ཏིའི་བསྟན་པ་ལྷ་གནས་གསུམ་དུ་གྲགས་པ་དང་། རྒྱ་གར་འཕགས་པའི་ཡུལ་དུ་བབས་ཚུལ་ལས། དང་པོ་ནི་འོད་གསལ་རྡོ་རྗེ་སྙིང་པོ་བཀའ་ཆེན་རྫོགས་པ་ཆེན་པོ་ལ་བཀའ་བབས་སུམ་ལྡན་དུ་གྲགས་པའི་རྒྱལ་བ་དགོངས་པའི་བརྒྱུད་པ། ཡང་དག་དོན་གྱི་འོག་མིན་ཕྱི་ནང་མེད་པ་ཡེ་ཤེས་རང་གསལ་བའི་གཞལ་ཡས་ཁང་། ཆོས་ཉིད་འདུ་འབྲལ་མེད་པའི་གནས་སུ་དུས་གསུམ་


JL02_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་འགྲིབ་མེད་པར་མངོན་པར་བྱང་ཆུབ་པའི་སྟོན་པ་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོས་ཆོས་སྐུའི་བྱིན་རླབས་ཀྱིས་རང་གྲོལ་མངོན་སུམ་དུ་གསུངས། ལོངས་སྤྱོད་རྫོགས་པའི་སྐུས་རང་གི་ངོ་བོས་གསུངས། །གསང་བ་རྡོ་རྗེའི་སྐུས་བདེ་ཆེན་ཐབས་ཀྱིས་གསུངས་ཏེ། ཐུགས་རིག་པ་འོད་གསལ་བའི་ཀློང་དུ་དགོངས་པ་གསལ་འགྲིབ་མེད་པར་བསྡུས་སོ། །དེའང་གསང་སྔགས་འབྱུང་བའི་དུས་དྲུག་ལ་བབས་པའི་ཚེ་རྩོལ་མེད་ཨ་ཏིའི་ཐེག་པ་མངོན་དུ་གྲགས་པ་ནི། ཉོན་མོངས་རྒྱུད་དྲག་མོས་མཐུ་ཞན། །ལས་ཀྱིས་ཚེ་ཐུང་བཀའ་དོན་སྟོར། །བསྟན་རྙིང་གྲུབ་མཐའ་ངན་པས་བསྒྱུར། །གཉེན་པོས་མི་ནོན་སྒྲུབ་ཚུལ་ཞན། །དེ་ཚེ་རིག་པའི་རྣམ་རྟོག་ཤར། །ཞེས་པ་ལྟར་སེམས་ཅན་རྣམས་ཉོན་མོངས་པ་རྒྱུད་དྲག། དད་པ་མེད་ཅིང་མོས་པའི་མཐུ་ཞན། ལས་དབང་གི་ཚེ་ཐུང་། བཀའི་དོན་ཚིག་ཙམ་ལ་བསྟན་ཞིང་ཡིན་ཚུལ་གྱི་དོན་སྟོར། བསྟན་པའི་སྙིགས་མར་གྱུར་བས་གྲུབ་མཐའ་ངན་པའི་ནུས་པ་ཆེ། ཉོན་མོངས་པ་གཉེན་པོས་མི་ནོན་ཞིང་རྩོལ་གྲུབ་ཞན་པའི་དུས་སུ། ཤ་ན་འབྱེད། ལ་བཟླ། རང་གྲོལ། མངོན་སུམ་དུ་སྟོན་པ་ཨ་ཏིའི་བསྟན་པ་བྱུང་། དུས་དེའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་ན། ལྷ་དེ་བ་བཟང་སྐྱོང་ཞེས་བྱ་བར་བུ་ལྔ་བརྒྱ་རྩ་གཅིག་ཡོད་པའི་བུ་ཀུན་དགའ་སྙིང་པོར་གྲགས་པ། སྐྱེད་ཟླ་གཞན་ལས་བློ་གྲོས་དང་སྒྱུ་རྩལ་ཁྱད་དུ་འཕགས་པ་ཞིག་བྱུང་། དེར་ལྷའི་བུ་གཞན་དག་དགའ་བའི་ཚལ་ལ་སོགས་པར་རོལ་མོ་དང་། རྩེད་འཇོ་དང་། གླུ་གར་ལ་སོགས་པར་དགའ་ནའང་། ཀུན་དགའ་སྙིང་པོ་བསམ་གཏན་གྱི་ཁང་བུར་གཅིག་པུར་འདུག་ཅིང་རྡོ་རྗེའི་བཟླས་པ་ལ་དགའོ། །དེ་ལ་ལྷའི་བུ་སེམས་ལྷག་ཅན་ཞེས་བྱ་བར་གྲགས་སོ། །ལྷའི་བུ་དེ་ལ་ཆུ་མོ་གླང་གི་ལོ་ཆོ་འཕྲུལ་གྱི་ཟླ་བ་ལ་རྨི་ལྟས་ཁྱད་པར་ཅན་བཞི་རྨིས་པར་གྲགས་པ་འདི་ལྟ་སྟེ། དང་པོར་སངས་རྒྱས་ཐམས་ཅད་ལས་འོད་


JL02_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཕྱོགས་བཅུར་འཕྲོས་ཏེ་མཐར་རང་ལ་འོད་ཟེར་ལ་སོགས་པས་བསྐོར་བ་བྱས་ཏེ་སྤྱི་གཙུག་ཏུ་ཐིམ་པ་རྨིས་སོ། །གཉིས་པ་ལ་ཚངས་པ་དང་། ཁྱབ་འཇུག །གུ་ལང་གསུམ། ཁྱུར་མིང་དུ་ཟོས་པ་རྨིས་སོ། །གསུམ་པ་ལ་ནམ་མཁའི་དབྱིངས་སུ་ཉི་ཟླ་གཉིས་ཤར་ནས། དེ་གཉིས་རང་གི་ལག་ཏུ་བྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་གང་བར་བྱས་པ་རྨིས་སོ། །བཞི་པ་ལ་ནམ་མཁའ་ནས་སྤྲིན་རིན་པོ་ཆེའི་ཁ་དོག་ཅན་ལས་བདུད་རྩིའི་ཆར་བབས་ཏེ། རྩི་ཐོག་དང་ནགས་ཚལ་ཐམས་ཅད་རྒྱས་ནས་རིན་པོ་ཆེའི་མྱུ་གུ་མེ་ཏོག་དང་འབྲས་བུ་ཐམས་ཅད་དུས་གཅིག་ལ་རྒྱས་པར་རྨིས་སོ། །དེ་ལྟར་རྨི་ལྟས་བཞི་པོ་ནངས་པར་ལྷའི་དབང་པོ་ལ་བཟླས་པས། ལྷའི་དབང་པོ་ན་རེ། ཨེ་མ་ཧོ། སྙིང་པོ་རྣལ་མ་འབྱུང་བའི་དུས། །ཡང་སྤྲུལ་སྣང་ནུས་དུས་གསུམ་བྱང་ཆུབ་རྫོགས། །ལོ་ཀའི་མུན་སེལ་དུས་མཐའི་ས་ནོན་པའི། །ཐུགས་སྲས་འཛམ་གླིང་དཔལ་འགྱུར་ངོ་མཚར་ཨ། །ཞེས་བསྟོད་ནས་རྨི་ལམ་བཞི་ལ་འབྲེལ་བར་བྱས་པ་ནི། དང་པོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ལོན་ནས། སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ་བྱེད་པའི་རྟགས་ཡིན། གཉིས་པ་བདུད་ཐམས་ཅད་དབང་དུ་འདུས་ཤིང་དུག་གསུམ་མ་སྤངས་པར་རྩད་བཅད་དེ། མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་ཡིན། གསུམ་པ་ཐབས་དང་ཤེས་རབ་ཟབ་པ་དང་རྒྱ་ཆེ་བའི་སྣང་བས་འགྲོ་བ་ཀུན་གྱི་མ་རིག་པའི་མུན་པ་སེལ་བའི་རྟགས་ཡིན། བཞི་པ་མན་ངག་རང་བྱུང་བདུད་རྩིའི་ཆུས་ཉོན་མོངས་པའི་གདུང་བ་གཏན་ནས་བསལ་ཏེ། རྩོལ་མེད་ཀྱི་འབྲས་བུ་ལྷུན་གྱིས་གྲུབ་པའི་རྟགས་ཡིན། ཞེས་སྤྲོ་བ་བསྐྱེད་པས། ལྷའི་བུ་ཤིན་ཏུ་དགའ་བར་གྱུར་ཏེ། ཕྱོགས་བཞིར་གདོང་ཕྱོགས་ནས་སངས་རྒྱས་ཐམས་ཅད་ལ་བསྐུལ་བ། གསུང་གི་མངའ་བདག་ཐམས་ཅད་ཀྱི། །རྩོལ་བའི་ཐེག་པ་མཐར་བཏོན་ནས། །རྩོལ་མེད་ཐེག་པ་མི་གསུངས་པ། །ཐུགས་རྗེ་ཆེན་པོ་ཡལ་ལམ་


JL02_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཅི། །སྐལ་ལྡན་གདུལ་བྱ་མཆིས་པ་ན། །ལྷུན་གྱིས་གྲུབ་པ་གསུང་དུ་གསོལ། །ཞེས་གསོལ་བ་བཏབ་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང་རིགས་ལྔའི་སངས་རྒྱས་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་ཤིང་ཚིགས་སུ་བཅད་པས་རྩོལ་མེད་རྒྱུ་འབྲས་ལས་འདས་པའི་ཐེག་པ་སྣང་བར་བྱ་བའི་དུས་ལ་བབ་པར་བསྐུལ་བས། རྡོ་རྗེ་སེམས་དཔའི་ཞལ་ནས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཚིག་གིས་སྤྱོད་ཡུལ་མ་ཡིན་པས། །བདག་གིས་འགྲོ་བ་ཤིན་ཏུ་དཀའ། །མ་རྟོག་པ་ལ་ཚིག་སྒོ་ནས། །མཚོན་ནས་རྟོགས་པར་བྱ་བའི་ཕྱིར། །ཅི་རིགས་པ་ན་རྣམ་པར་འགྲོ། །ཞེས་གསུང་བར་ཁས་བླངས་ནས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་མི་འགལ་བར་བྱ་བའི་ཕྱིར་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་རིགས་ལྔའི་ངོ་བོར་བཞུགས་པ་ལ་འདྲི་བ་དང་ལན་ལྡོན་པའི་ཚུལ་གྱིས་གཞི་འབྲས་ཀྱི་དོན་ལ་སྒྲོ་འདོགས་བཅད་པའི་མཐར་སུམ་ཅུ་རྩ་གསུམ་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་དབུ་རྩེ། སྲོག་ཤིང་རྡོ་རྗེ་རྩེ་དགུ་པ་དང་བཅས་པའི་གནས་སུ་བྱོན། དེའི་རྩེ་མོར་རིན་པོ་ཆེ་འབར་བའི་ཁྲི་བཤམས། རིན་ཆེན་སྣ་ཚོགས་ལས་གྲུབ་པའི་གདུགས་ཕུབ། དེར་གསང་བ་འཛིན་པ་བཞུགས་ནས་ལྷའི་བུ་སེམས་ལྷག་ཅན་ལ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ནས་མན་ངག་འཕྲུལ་གྱི་ལུང་བཅུ་ཕོག། ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས་སྐུ་གསུམ་ཐུག་ཕྲད་ཀྱི་གདམས་ངག་བྱིན། ཐིག་ལེ་ཆེན་པོའི་དབང་བསྐུར་ནས་སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན། མི་འགྱུར་བརྟན་པའི་དབང་བསྐུར་ནས་སྤྱོད་ལམ་རིག་པའི་མན་ངག་བྱིན། རིག་པ་སྤྱི་བླུགས་ཀྱི་དབང་བསྐུར་ནས་ཡེ་ཤེས་རྫོགས་པའི་མན་ངག་བྱིན། གཉིས་མེད་འདྲེས་པའི་དབང་བསྐུར་ནས་ཕྱག་རྒྱ་ཆེན་པོའི་མན་ངག་བྱིན། གཞན་ཡང་དབང་དང་མན་ངག་གི་རྒྱུད་སྡེ་མང་པོ་དུས་མཐའི་སྐད་ཅིག་ལ་རྫོགས་པར་བྱིན་ནས། རྒྱལ་ཚབ་ཏུ་མངའ་གསོལ་བ་སྟེ། དེ་སྐད་དུ།


JL02_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྨད་བྱུང་བསྟན་པའི་སྙིང་པོ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་བྱོས། །ཞེས་སོ། །གཉིས་པ་སྣང་བ་དང་མི་སྣང་བ་དང་། ཕྱེད་སྣང་བའི་གྲོང་ཁྱེར་ཅེས་ཁམས་གསུམ་གྱི་མིང་གིས་རྣམ་གྲངས་སུ་འཇོག་པ་ལས། སྣང་བའི་གྲོང་ཁྱེར་ཏེ་མིའི་ཡུལ་དུ་ཇི་ལྟར་གྲགས་པའི་རྣམ་གཞག་སྤྱིར་བསྟན་པ་དང་། རིག་འཛིན་ངེས་པའི་ལུང་བསྟན་ལྟར་དར་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་དེ་ཡང་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་དེས་ཐོག་མཐའ་མེད་པའི་དུས་ནས་འཁོར་འདས་ཀུན་གྱི་བླ་མར་བྱོན་ཏེ། སྐུ་གསུམ་གྱི་སྣང་བ་ལ་ཞིང་ཁམས་མི་འདྲ་བ་གསུམ་དུ་བཀོད་ཅིང་། དེའི་གོ་ན་ཀུན་ཏུ་བཟང་པོ་ཉིད་ཀྱིས་སྤྲུལ་པའི་སངས་རྒྱས་དང་། དེས་བྱིན་གྱིས་བརླབས་པའི་གྲགས་ཆེན་གྱི་སྟོན་པ་བཅུ་གཉིས་ལ་སོགས་པ་དུས་གསུམ་དུ་གཤེགས་པ་མཐའ་དག་དང་། སེམས་ཅན་གྱི་ཁམས་ཚད་མེད་པས་ཁྱབ་ཅིང་། སེམས་ཅན་དེ་དག་གི་འཁྲུལ་སྣང་ལ་རྡུལ་ཕྲན་རེའི་གོ་ནའང་ཞིང་ཁམས་གྲངས་མེད་པས་གང་སྟེ། ལས་དག་པའི་སྣང་བ་ལ་། སངས་རྒྱས་ཀྱིས་མཛད་པ་ཆེན་པོ་སྣ་ཚོགས་སུ་སྣང་ཞིང་། སླར་མྱ་ངན་ལས་འདས་པ་དང་། བསྟན་པ་གནས་པ་དང་། ལམ་སྒྲུབ་པ་ལ་སོགས་མཐོ་རིས་དང་ཐར་བའི་བདེ་འབྲས་སྤྱོད་ཅིང་། མ་དག་པ་རྣམས་ལ། བསྟན་པ་ནུབ་པ་དང་། ངན་སོང་གི་སྡུག་བསྔལ་དང་། བསྐལ་པ་འཇིག་པ་ལ་སོགས་པ་བདེ་སྡུག་སྣ་ཚོགས་སུ་སྣང་བ་རྨི་ལམ་ལྟ་བུའི་རྣམ་འགྱུར་ལ་སྤྱོད་པས། གང་ན་རྫོགས་པ་ཆེན་པོའི་བསྟན་པ་དར་བ་དང་། གང་ན་རྫོགས་པ་ཆེན་པོའི་བསྟན་པ་ནུབ་པ་དང་། གདུལ་བྱ་དང་འདུལ་བྱེད་ཀྱི་རང་བཞིན་འདི་ཙམ་ཞིག་གོ་ཞེས་བློས་དཔག་པར་མི་ནུས་ཀྱང་། རེ་ཞིག་ཞིང་འདིར་བསྟན་པའི་བཙས་གསུམ་གྱི་བྱིན་རླབས་ལས་སྒྲོན་མེའི་བསྟན་པ་འཛིན་པར་ལུང་བསྟན་པའི་ཚུལ་ནི། དེ་ཡང་སྤྱིར་སྤྲུལ་སྐུས་འདུལ་བའི་གནས་འཛམ་


JL02_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་གླིང་འདིར། ཆོས་སྐུའི་བསྟན་པ་དངོས་རང་བཞིན་རྫོགས་པ་ཆེན་པོའི་བྱིན་རླབས་ལས་རང་ཤར་བ། རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་རྡོ་རྗེ་ཚེ་ལོ་དཔག་མེད་ནས། ད་ལྟའི་བར་གྱི་མི་རྣམས་ཀྱི་ཆག་གང་བ་ཞིག་ཡོད་པ་བསྟན་པའི་བཙས་དང་པོ་སྟེ། དེའང་སྐུའི་བསྟན་པའི་དུས་ཨོ་རྒྱན་གྱི་ཡུལ་རྒྱ་མཚོ་ལན་ཚྭའི་རོ་དང་ལྡན་པའི་གླིང་ན་གནས་ཤིང་། སྐབས་སུ་འོད་དང་སྒྲ་དང་དགེ་སློང་རྫུ་འཕྲུལ་དང་ལྡན་པའི་སྤྲུལ་པ་གྲངས་མེད་པ་འབྱུང་བར་བྱེད་དོ། །གསུང་གི་བསྟན་པའི་དུས་རི་མ་ལ་ཡ་ལག་ན་རྡོ་རྗེའི་གནས་ན་གནོད་སྦྱིན་གྱི་རྒྱལ་པོ་རྣམས་ཀྱིས་ཕྱག་བྱེད་དོ། །ཐུགས་ཀྱི་བསྟན་པའི་དུས་རྡོ་རྗེ་གདན་གྱི་ནམ་མཁའ་ལ་ཡོད་དོ། །དེ་བཞིན་དུ་ལོངས་སྐུའི་བསྟན་པ་དངོས་རང་བྱུང་བསྟན་པ་བུ་གཅིག་གི་བྱིན་རླབས་ལས་རང་ཤར་བ། རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་གླེགས་བམ་སོར་བཞི་པ་ཆོས་ཀྱི་རང་སྒྲ་སྒྲོག་པ་བསྟན་པའི་བཙས་གཉིས་པ་སྟེ། སྐུའི་བསྟན་པའི་དུས་ན་རྡོ་རྗེ་གདན་གྱི་དཔག་ཚད་ལྔ་བརྒྱའི་སྟེང་གི་ནམ་མཁའ་ལ་མཁའ་འགྲོ་མ་རྣམས་ཀྱིས་བཟུང་ནས་གནས་སོ། །གསུང་གི་དུས་ཀྱང་རྡོ་རྗེ་གདན་གྱི་ནམ་མཁའ་ན་མཁའ་འགྲོ་མས་བཟུང་ངོ། །ཐུགས་ཀྱི་དུས་རབ་ཏུ་ཁྲོས་པ་དྲང་སྲོང་གི་ཕུག་ན་གནས་སོ། །སྤྲུལ་སྐུ་བཅུ་གཉིས་པོའི་བྱིན་རླབས་ལས་རང་ཤར་བའི་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་སུས་ཀྱང་མ་བྱས་པར་རང་བྱུང་བའི་སྐུ་གཟུགས་འགྲོ་བའི་ལུས་བོངས་དང་འཚམས་པ་ནི་བསྟན་པའི་བཙས་གསུམ་པ་སྟེ། སྐུའི་བསྟན་པའི་དུས་ན་རྡོ་རྗེ་གདན་གྱི་དཔག་ཚད་ལྔ་བརྒྱའི་སྟེང་གི་ནམ་མཁའ་ལ་མཁའ་འགྲོ་མས་བཟུང་ངོ། །གསུང་གི་དུས་ནས་གཅིག་ཏུ་མ་ངེས་ཏེ་འཛམ་བུའི་གླིང་འཁོར་བར་འཕར་ཞིང་། །ལྷ་དང་མིའི་འདུ་བ་ཁྱད་པར་ཅན་གྱིས་མཆོད་པའི་ཞིང་བྱེད། སྐབས་སུ་བསྟན་པ་ལ་གནོད་པ་བྱུང་བའི་ཚེ་སྐུ་ལས་འོད་དང་། ཞལ་ནས་ཧཱུྃ། སྤྱན་ལས་མེ་བྱུང་སྟེ་ཟློག་པར་བྱེད་དོ། །ཐུགས་ཀྱི་བསྟན་པའི་དུས་སུམ་ཅུ་རྩ་གསུམ་བའི་ལྷ་རྣམས་ཀྱི་གཞལ་མེད་ཁང་།


JL02_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེའི་ཁང་པ་བརྩེགས་པ་ཞེས་བྱ་བའི་ཡང་ཐོག་ཏུ་གནས་པ་སྟེ། དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དེ་གསུམ་ནི་སུས་ཀྱང་མ་བྱས་པས་འཇིག་པར་མི་ནུས་ལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས་རང་ཤར་བས་རྫུ་འཕྲུལ་དང་ཡོན་ཏན་དཔག་ཏུ་མེད། གང་དང་ཕྲད་པ་འབྱུང་བ་རང་དངས་སུ་གྲོལ་བའི་ཕྲིན་ལས་ཅན་ནོ། །དེའང་སྐུའི་རྟེན་དེ་ནི་གང་དང་ཕྲད་པའི་ལུས་འོད་གསལ་དུ་གྲོལ་བའི་ཕྲིན་ལས་བྱེད་དོ། །གསུང་གི་རྟེན་དེ་ནི་ཕྲད་པ་དང་སྒྲ་ཐོས་པ་ཙམ་གྱིས་གྲོལ་བའོ། །ཐུགས་ཀྱི་རྟེན་དེ་ནི་འགྲོ་བ་གང་དག་ནད་ཞི་བར་འདོད་པ་རྣམས་ཀྱི་ནད་ཞི་བར་བྱེད་པ་ལ་སོགས་ཏེ། འདོད་པ་ཐམས་ཅད་སྐོར་ཅིང་ཐར་བ་ལ་སྦྱོར་བར་བྱེད་དོ། །དེའང་ཚེ་ལོ་དཔག་མེད་ནས་སྟོང་ཐུབ་པའི་དུས་མན་ཆད་ལ་སྐུས་འདུལ་བའི་བསྟན་པ་དང་། དེ་ནས་ཚེ་ལོ་བདུན་ཅུ་པའི་བར་དུ་གསུང་གིས་འདུལ་བ། །དེ་ནས་ཚེ་ལོ་བཅུ་པའི་བར་དུ་ཐུགས་ཀྱིས་འདུལ་བའི་བསྟན་པ་སྟེ། དེའི་ཕྱིར་ད་ལྟའི་དུས་ན། རྡོ་རྗེ་ནི་རྡོ་རྗེ་གདན་གྱི་བར་སྣང་ལ་ཡོད་དོ། །གླེགས་བམ་ནི་རབ་ཏུ་ཁྲོས་པ་དྲང་སྲོང་གི་ཕུག་ན་ཡོད་དོ། །སྐུ་ནི་སུམ་ཅུ་རྩ་གསུམ་གྱི་གཞལ་མེད་ཁང་། ལག་ན་རྡོ་རྗེ་ཁང་བུ་བརྩེགས་པའི་ཡང་སྟེང་ན་བཞུགས་སོ། །དེ་ལྟ་བུའི་སྤྲུལ་པ་གསུམ་གནས་པས་འཛམ་བུའི་གླིང་གཞན་ལས་ཆོས་འཕགས་ཤིང་རང་བཞིན་རྫོགས་པ་ཆེན་པོའི་ལུང་རྟོགས་ཀྱི་བསྟན་པ་དར་བ་ཡང་། ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང་། །དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་བཟུང་བས་རིགས་ལྔར་སྨིན། །དེ་ནས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡིན། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང་། །ཞེས་སོ། །ཚུལ་འདིས་ད་ལྟ་མི་མཇེད་འདིར་སངས་རྒྱས་།


JL02_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་བྱོན་ནས་སེམས་ཅན་གྱི་དོན་མཛད་པའང་བསྟན་པའི་བཙས་གསུམ་གྱི་བྱིན་རླབས་ཡིན་པར་བལྟའོ། །དེ་ལས་ཁྱད་པར་དུ་གྲགས་ཀྱི་སྟོན་པ་བཅུ་གཉིས་ལུང་བསྟན་པ་ནི། དེ་ཉིད་ལས། རྫུས་དང་སྒོང་ལས་སྐྱེས་དང་། དྲོད་དང་མངལ་ལས་སྐྱེས་པ་ཡི། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་བྱུང་། །འདི་ཡིས་མཛད་པ་སུམ་ཅུ་དྲུག། སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་གསུངས་པ་སྟེ་དེའི་རང་བཞིན་རྒྱས་པ་ནི་ཐེག་པའི་མཆོག་རིན་པོ་ཆེར་གསུངས་པས་འདིར་མ་བཀོད་དོ། །དེའང་རྡོ་རྗེ་འཆང་གིས་ཚངས་ཆེན་གྱི་ཞིང་ཁམས་བཀོད་ནས་བསྐལ་པ་གྲངས་མེད་འདས་པའི་རྗེས་ལ། ཞིང་འདི་ཆགས་པའི་མགོ་རྩོམ་པ་ན་བསྟན་པའི་བཙས་གསུམ་པོ་འདི་ནས་བྱང་ཕྱོགས་གཡོ་ལྡན་ཞེས་བྱས་པའི་ཞིང་ན་གནས་ཏེ། ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས་འདི་དག་འབྱུང་བའི་དུས་བདུན། མི་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་འགྱུར་རོ། །འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན། རྫོགས་ལྡན། རྫོགས་ལྡན་ཆེན་པོ། ཉིས་ལྡན་སུམ་ལྡན། རྩོད་ལྡན་ཆེན་པོ་སྟེ་རྩོད་ལྡན་ཆེན་པོ་སྟེ་བདུན་ནོ། །དེ་དག་གི་བར་དུ་ནུབ་པས་མུན་པའི་བསྐལ་བ་བདུན་ཞེས་བྱའོ། །དེའང་སྔོན་སྟུག་པོ་བཀོད་པར་ཀུན་ཏུ་བཟང་པོས་བཟུང་། དེ་ནས་ལྕང་ལོ་ཅན་དུ་རྣམ་པར་སྣང་མཛད་ཀྱིས་བཟུང་། དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ནས་བསྐལ་བ་དང་པོ་དགའ་ལྡན་བརྩེགས་པ་ལ་སྟོན་པ་བྱོན་པས། བསྟན་པའི་བཙས་གསུམ་པོ་འདིར་བབས་ནས། རིམ་པ་བདུན་གྱིས་དེར་ནུབ་བྱས་ཏེ་མཐར་གཞན་དུ་འཕར་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ཉིད་ལ། ལྷག་མའི་བསྟན་པ་འདི་ལྟ་བུ། དུས་ཀྱི་ངེས་པ་ཆེ་བར་བཤད།


JL02_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ལྡན་དག་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་སུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡིས། །ཞེས་པ་ལ་སོགས་པའི་ལུང་གིས་གསལ་བར་བསྟན་པ་ལྟར། བྱང་ཕྱོགས་གཡོ་ལྡན་དགེ་སློང་དཔལ་ལྡན་སྐྱོང་དང་སྦྱིན་བདག་རྒྱལ་པོ་ཛི་ན་མི་ཏྲ་ཞེས་པ་ལ་ལོ་སྟོང་དང་སུམ་བརྒྱ་སྒྲོན་བསྐལ་དང་། །དེ་ནས་མུན་བསྐལ་དྲུག་ཅུ། དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ་ཏུ་དགའ་བའི་དཔལ་དང་། ཡོན་བདག་དགེ་བའི་དངོས་གྲུབ་ཀྱིས་སྒྲོན་བསྐལ་ལོ་བརྒྱ། དེ་ནས་མུན་བསྐལ་ལོ་བརྒྱ་ཉི་ཤུ། དེ་ནས་ཤར་ཕྱོགས་རྡོ་རྗེ་འབྱུང་བའི་རི་རྩེར་བབས་ཏེ། རྒྱལ་པོ་སུ་ཏྲ་སྡེ་དང་། ཡོན་བདག་ཟམ་ཟེ་ཨ་ཀ་རས་བཟུང་སྟེ་སྒྲོན་བསྐལ་སྟོང་བཞི་བརྒྱ་དང་དེ་འོག་མིན་བསྐལ་ལོ་ལྔ་སྟོང་། དེ་ནས་ནུབ་ཕྱོགས་བྷ་ཏིས་ལིར་བབས་ཏེ་དགེ་སློང་བདེ་བའི་སྐྱོང་དང་། ཡོན་བདག་དཔའ་བོ་འཇིགས་ཀྱིས་སྒྲོན་བསྐལ་ལོ་སྟོང་དང་། དེ་ནས་མུན་བསྐལ་ལྔ་སྟོང་། དེ་ནས་འདིར་བབས་པ་ནི་ཐལ་འགྱུར་ལས། དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེའི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་བསྡེབ་འཁྲུག་ནས། །མི་གནས་སྟོངས་པ་ཆེན་པོར་འགྱུར། །ཅེས་པ་ལྟར་ལས་བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་དང་། ལོ་ལྔ་བརྒྱ་ནི་ལོ་བོ་ཆེ་ཞེས། །ལོ་ལྔ་བརྒྱ་ལྔ་བརྒྱར་ལོངས་པའི། །ཞེས་ཀུན་མཁྱེན་ཆེན་པོས་གསུངས་སོ། །དེ་ཙམ་ཞིག་མའི་འཇིག་རྟེན་དུ་བསྐལ་བ་དང་པོ་ནས། ཚེ་ལོ་བཅུ་པའི་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་ནི་མ་མ་ཡིན་བ་མཁའ་འགྲོ་མའི་གནས་དོན་བྱེད་པར་


JL02_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་སོ། །དེ་ལས་ཁྱད་པར་འཛམ་བུའི་གླིང་འདི་ཉིད་ཀྱི་དར་ནུབ་བཅུ་བཞི་ནི། སྒྲ་ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུ་ནི། །དེ་དག་སོ་སོའི་གནས་དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །ཞེས་པས་མུན་པར་བྱེད་པའི་གང་ཟག་སྤྱིར་བསྟན་ནས། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུའི་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག། མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིག་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་གྱུར། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །ཅེས་དང་པོ་མུན་པར་ཡོད་ཅིང་། །དེ་ནས་སྒྲོན་མེའི་དང་པོ་ལ་ལོ་སྟོང་དང་སུམ་བརྒྱ་ཡོད་པ་ནི། སྔ་མ་ལས། དེ་ནས་དཔལ་འཛིན་དང་པོ་འཛིན། །སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཞེས་བཤད་ལ། །མུན་པ་ནི། །ཡང་ནི་འཛམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་པའི་རི་ཡི་རྩེར། །དགེ་སྦྱོང་གཟུགས་ལ་བྱང་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དང་མུ་སྟེགས་སྡེ་རྩོད་ནས། །ལོ་ནི་དྲུག་ཅུ་མུན་པར་འགྱུར། །ཅེས་སོ། །དེ་ནས་སྒྲོན་མེ་གཉིས་པ་ནི། སྔ་མ་ལས། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་དུ་འཕེལ་བར་བྱེད། །ཅེས་དང་། ཡང་མུན་པ། དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབས་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབས་ནས་ནི། །ལོ་ནི་དྲུག་ཅུ་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །ཅེས་སོ། །ཡང་སྒྲོན་མེ་གསུམ་པ། དེ་འདས་རང་སངས་རྒྱས་


JL02_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང་། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །ཞེས་དང་། མུན་པ། དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག། སྡེ་བ་རྩོད་ཅིང་མཚོན་ཆ་འཛིན། །འདི་བྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །ཅེས་སོ། །སྒྲོན་མེ་བཞི་པ་ནི། དེ་འདས་འོག་ཏུ་འཛམ་གླིང་ཤར། །ཆུ་བོ་དག་ནི་ལོ་ཀ་ཏེ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །ཞེས་དང་། མུན་པ། དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒཱའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་པ་ནི། །མར་གད་མདོག་དང་མཚུངས་པ་ལ། །རབ་ཏུ་བྱུང་བ་སོར་བཞིའི་ཚད། །འདི་བྱུང་ནས་ནི་མུན་པར་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །ཅེས་སོ། །སྒྲོན་མེ་ལྔ་པ་ནི། དེ་འདས་འོག་ཏུ་ཀ་མ་ལ། །ཤཱི་ལ་ཞེས་པའི་གཙུག་ལག་ཁང་། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདིས་ནི་ལོ་སྟོང་བར་དུ་གནས། །ཞེས་དང་། །མུན་པ། དེ་འོག་འཛམ་བུའི་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང་། །དམངས་ཀྱི་རིགས་ལ་སེངྒེའི་མགོ །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །ཅེས་སོ། །སྒྲོན་མ་དྲུག་པ་ནི། དེ་འོག་བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །ཞེས་དང་། །མུན་པ། དེ་འདས་འོག་ཏུ་འཛམ་གླིང་མཚམས། །ཁ་ཆེའི་ཡུལ་ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང་། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ཉིད་སྐྱེས་ནས་ལོ་བཅུ་ན། །དྲུག་ཅུ་དག་ཏུ་མུན་པར་འགྱུར། །ཅེས་སོ། །དེ་ནས་སྒྲོན་མེའི་ཐ་མ་བདུན་པ་ནི། དེ་འདས་འོག་ཏུ་འཛམ་གླིང་གི་


JL02_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ནས་ཤར་དུ་དཔག་ཚད་ལྔ། །དགེ་སློང་ཤཱཀྱ་ཇི་ཀ་ཡི། །འདིས་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་དུ་འཕེལ་འགྲིབ་བྱེད། །ཅེས་བཤད་པའི་ལོ་བཅུ་ཡང་ལོ་བོ་ཆེར་ཤེས་པར་བྱ་ཞིང་། དེ་ཡང་དང་པོའི་སངས་རྒྱས་ལས། སྟོང་པ་སྟོང་བ་མཁའ་ཀླུ་ལག་པ་ཐུབ་པ་རི་བོང་ཅན་ནི་རྫོགས་ལྡན་དུས་ཀྱི་ཚད་ཡིན་ནོ། །མཁའ་མཁའ་སྟོང་པ་རོ་དང་དགུ་དང་ཉིན་མོར་བྱེད་པ་སུམ་ལྡན་ལོ་ཡི་གྲངས་སུ་རབ་ཏུ་གྲགས། །སྟོང་བ་མཁའ་དང་རིག་བྱེད་རོ་དང་ལག་རོ་ཞེས་བྱ་ཉིས་ལྡན་ཡིན་ཡང་དག་གོ། །སྟོང་པ་ནམ་མཁའ་མཁའ་དང་མིག་དང་ཡོན་ཏན་གཏེར་བརྩོད་ལྡན་ལོ་ཡི་གྲངས་སུ་འགྱུར། །ཅེས་དུས་བཞི་སོ་སོའི་ཚད་རྫོགས་ལྡན་ལ་མི་ལོ་འབུམ་ཕྲག་བཅུ་བདུན་དང་སྟོང་ཕྲག་ཉི་ཤུ་རྩ་བརྒྱད། སུམ་ལྡན་ལ་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་དགུ་བཅུ་རྩ་དྲུག། ཉིས་ལྡན་ལ་འབུམ་ཕྲག་བརྒྱད་དང་སྟོང་ཕྲག་དྲུག་ཅུ་རྩ་བཞི། རྩོད་ལྡན་ལ་འབུམ་ཕྲག་བཞི་དང་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཡོད་པའི་གཏན་ཚིགས་ཀྱིས་བསམ་པར་མི་བྱ་སྟེ། དེ་ལ་དམིགས་བསལ་གྱི་དུས་བདུན་དུས་རྣམ་པར་གཞག་པ་དང་། དངོས་ཀྱི་བསྟན་པ་དེས་ཇི་ཙམ་གདུལ་བྱའི་གྲངས་ཡིན་པ་ཤེས་པར་བྱའོ། །གཉིས་པ་རིག་འཛིན་ངེས་པའི་ལུང་བསྟན་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟར་དར་ནུབ་ཀྱི་རིམ་པ་བདུན་ཚེ་ལོ་བཅུ་པས་ཚངས་པའི་སྒྲོན་མེའི་བསྟན་པ་མཐའ་མ་འདི་ཉིད་འཛིན་པ་པོ་བྱེ་བྲག་ཏུ་ཐལ་འགྱུར་ནས་ལུང་བསྟན་པ་ལྟར་གླེང་བ་ནི། །ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདས་ན་དམ་པའི་བསྟན་པ་འཛིན། །ཅེས་ཞིང་འདིའི་རྒྱ་གར་འཕགས་པའི་ཡུལ་དུ་རྒྱུ་འབྲས་ལས་འདས་པའི་རྩེ་མོ་སྣང་བར་བྱེད་པའི་སྟོན་པ་མཆོག། གསང་བདག་སྤྲུལ་པའི་སྐུ་རིག་འཛིན་གྱི་


JL02_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་དགའ་རབ་རྡོ་རྗེ་སྟེ། དེའི་ལོ་རྒྱུས་ལ་གཅིག་ཏུ་མ་ངེས་པའི་རྣམ་པར་ཐར་བ་མཐའ་ཡས་པར་སྣང་བ་ནི། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །ཞེས་པ་ལྟར་སྐུ་གསུང་ཐུགས་ཀྱི་རོལ་པ་ཚད་མེད་ཅིང་གདུལ་བར་བྱ་བའི་སྣང་ཚུལ་དང་བསྟུན་ནས་གང་ཟག་རེའི་མོས་ངོར་ཡང་མཛད་པ་མཐའ་ཡས་པར་སྟོན་པའི་ཕྱིར་རྟག་པ་ཐེར་ཟུག་ཏུ་སྨྲ་བར་མི་རིགས་ཀྱང་། རེ་ཞིག་གདུལ་བྱ་ངོར་སྣང་གི་མཛད་པ་དང་བསྟུན་ནས་གླེང་ན། རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ། དྷ་ན་ཀོ་ཤའི་གླིང་། མཚོ་ཀུ་ཏྲའི་འགྲམ། རྡོ་རྗེ་གླིང་ཕུག་བྱ་བའི་གནས་སུ། ཡབ་རྒྱལ་པོ་དྷ་ཧེ་ན་ཏ་ལོ་ཞེས་བྱ་བ་དང་། ཡུམ་རྒྱལ་མོ་བརྩོན་རྒྱལ་གཉིས་ཀྱི་སྲས་མོ་པྲ་ར་ནི་ཞེས་བྱ་བ་མཚན་དང་ལྡན་ལ། དགེ་བའི་སེམས་དང་བྱང་ཆུབ་ཀྱི་ཐུགས་ལྷག་པར་ལྡན་པ་ཞིག་ཡོད་པ། རབ་ཏུ་བྱུང་ནས་དགེ་སློང་མའི་ཁྲིམས་རྣམ་པར་དག་པ་བསྲུངས་ཤིང་། འཁོར་དགེ་སློང་མ་ལྔ་བརྒྱ་དང་བཅས་གནས་པ་ན། ཤིང་མོ་གླང་གི་ལོ་དབྱར་ཟླ་ར་བའི་ཚེས་བརྒྱད་ཀྱི་ཐོ་རེངས་ཁའི་རྨི་ལམ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལས་འོད་འཕྲོས་ཏེ་ཉི་ཟླ་གཉིས་སུ་གྱུར་བ་ལས། ཉི་མ་སྤྱི་བོ་ནས་མར་དང་ཟླ་བ་རྐང་པ་ལས་ཡར་ཐིམ་པ་རྨིས་སོ། །དེའི་ནངས་པར་རྟོག་པ་སྐྱེས། མཚོ་ཀུ་ཏྲའི་འགྲམ་དུ་ཁྲུས་བྱས་ཏེ་ཁ་ཤར་དུ་ཕྱོགས་ནས་འདུག་པ་ལས། ཕྱག་ན་རྡོ་རྗེས་གསེར་གྱི་ངང་པ་ཞིག་ཏུ་སྤྲུལ་ནས་ལྷའི་བུ་སེམས་ལྷག་ཅན་ཡི་གེ་ཧཱུཾ་ཞིག་ཏུ་བསྡུས། སྤྲུལ་པའི་བྱ་ངང་པ་བཞི་དང་བཅས་ནམ་མཁའ་ལས་བབས་ཏེ་སྲས་མོའི་མདུན་དུ་ཁྲུས་བྱས་པའི་མཐར། སྤྲུལ་པ་བཞི་ནམ་མཁའ་ལ་འཕུར། སྤྲུལ་པའི་གཙོ་བོ་་གསེར་གྱི་བྱ་སྲས་མོའི་ཐུགས་ཀར་ཆགས་ཏེ་མཆུ་ལན་གསུམ་གཏུགས་ནས་ཧཱུཾ་འོད་འབར་བ་ཞིག་བསྟིམས་ཏེ་སྔར་གྱི་གནས་ལ་འཕུར་རོ། །དེར་སྲས་མོ་ཡ་མཚན་དུ་གྱུར་ཏེ་རྨི་ལམ་དང་བྱ་ངང


JL02_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལོ་རྒྱུས་རང་གི་ཡབ་དང་འཁོར་སོགས་ལ་ཟློས་པས། ཡབ་ཡ་མཚན་པར་གྱུར་ཏེ་སངས་རྒྱས་ཀྱི་སྤྲུལ་པ་འབྱུང་ངེས་གསུངས་ཤིང་བྱ་དགའ་དང་རིམ་གྲོ་ཡང་མང་དུ་མཛད་དོ། །ལོ་དུས་ན་སྲས་མོའི་ཐུགས་ཀ་ནས་གསེར་ལས་གྲུབ་པའི་རྡོ་རྗེ་རྩེ་དགུ་པ་གཅིག་བྱུང་བ་ལས་ཐམས་ཅད་ཡ་མཚན་པར་གྱུར་ཏོ། །དེར་རྡོ་རྗེ་དེ་རང་ཞིག་པ་ལས་ཁྱེའུ་མཚན་དཔེས་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་དང་། གཡོན་ན་རིན་པོ་ཆེའི་ཕྱག་ཤིང་ཐོགས་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་སོགས་པ་ཞལ་འདོན་དུ་མཛད་པ་ཞིག་བྱུང་ངོ། །ཁྱེའུ་དེར་ནངས་པར་ཉི་མའི་འོད་ཟེར་ལ་བ་སྤུའི་བུ་ག་ནས་དེ་བཞིན་གཤེགས་པ་ཐམས་ཅད་གཤེགས་བཞུད་མཛད་ཅིང་། དེ་དག་གིས་མགྲིན་གཅིག་ཏུ་ཁྱོད་ཀྱིས་སེམས་ཅན་གྱི་དོན་གྱིས་ཤིག་པར་ལུང་བསྟན་པ་དང་། ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་ཕྱག་བྱེད་པར་སྣང་ངོ། །རེ་ཞིག་གི་ཚེ་དཔལ་རྡོ་རྗེ་སེམས་དཔའ་དངོས་སུ་བྱོན་ནས་གཡས་སུ་ཀློང་ཆེན་བམ་པོ་ཉི་ཁྲི་ཆིག་སྟོང་གི་པུ་ཏི་དང་། གཡོན་དུ་བྱང་ཆུབ་སེམས་ཀྱི་ཕྱག་ཤིང་ལ་སེམས་མདོ་བཅོ་བརྒྱད་ཡོད་པ་གཏད་ནས། བྱང་ཆུབ་ཡེ་ནས་མ་བཅོས་པ། །ཡེ་ནས་སངས་རྒྱས་པར་བཤད་ན། །སྐྱེ་ཤི་མེད་པར་དབང་བསྐུར་རོ། །ཞེས་གསུངས་ནས་མི་སྣང་བར་གྱུར། དེར་ཐམས་ཅད་དགའ་སྟེ་བྲམ་ཟེ་མཚན་མཁན་ལ་བསྟན་པས། བྲམ་ཟེ་ཤིན་ཏུ་ངོ་མཚར་ཏེ། འདི་ནི་སྤྲུལ་པའི་སྐུ་ཐེག་པ་མཆོག་གི་བསྟན་པའི་བདག་པོར་འགྱུར་ཅེས་ལུང་བསྟན། མཚན་ཡང་དགའ་རབ་རྡོ་རྗེར་བཏགས་སོ། །དེར་གཞོན་ནུ་ནས་རོལ་རྩེད་ལ་སོགས་པ་ཐམས་ཅད་ལ་འགྲན་ཟླ་མེད་པར་གྱུར་ནས་རྒྱལ་སྲིད་བཟུང་བ་ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དངོས་སུ་བྱོན་ནས། རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་ལ་སོགས་པ་དབང་རྣམས་རྫོགས་པར་བསྐུར། ལྷོ་ནུབ་འདམ་ཤོད་ཀྱི་གླིང་ནས་པུ་ཏྲ་རྣམ་གསུམ་བཀུག་སྟེ་དབང་བསྐུར་དམ་ལ་བཞག །ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པའི་རྒྱུད་དབང་མན་ངག


JL02_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུས་མཐའི་སྐད་ཅིག་ལ་རྫོགས་པར་གཏད་ནས་བསྟན་པའི་སྒྲོན་མེ་ཆེན་པོར་དབང་བསྐུར་དམ་ཅན་རྣམས་ལ་གཉེར་དུ་གཏད་དོ། །དེར་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཉིད་སྐད་ཅིག་ཉིད་ལ་རྩོལ་མེད་རྫོགས་པ་ཆེན་པོའི་ས་ལ་མངོན་པར་སངས་རྒྱས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་གཅིག་ཏུ་གྱུར། སྤྱིར་རྒྱུ་འབྲས་ཀྱི་ཆོས་མཐའ་ཡས་པ་དང་། །ཁྱད་པར་རྩོལ་མེད་རྫོགས་པ་ཆེན་པོའི་བསྟན་པ་དམ་པའི་ཆོས། རྩ་བའི་རྒྱུད་ཀློང་དགུ་བམ་པོ་ཉི་ཁྲི། ཡན་ལག་གི་རྒྱུད་རྒྱལ་བ་རིགས་ལྔ། གསང་བདག་དཔའ་བོའི་བཤད་རྒྱུད། བྱེ་བྲག་གི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དང་། རང་གྲོལ་མངོན་སུམ་དུ་སྟོན་པའི་མན་ངག། །རྒྱལ་ཐབས་སྤྱི་བླུགས་ལ་སོགས་ཏེ་རྒྱལ་བ་སྐུ་བཞིའི་དབང་གི་ཆུ་བོ་ཐམས་ཅད་ཐུགས་འོད་གསལ་ནམ་མཁའ་ཀློང་ཆེན་གྱི་དབྱིངས་སུ་རྫོགས་ནས། རྩོལ་མེད་རང་བྱུང་རྫོགས་པ་ཆེན་པོའི་བསྟན་པ་འཁོར་ཐུན་མོང་མ་ཡིན་པ་ལ་སྒྲོགས་ཤིང་བཞུགས་སོ། །དེ་ལྟ་བུའི་སློབ་དཔོན་དགའ་རབ་རྡོ་རྗེ་ལ་ཐུགས་ཀྱི་སྲས་འཇམ་དཔལ་བཤེས་གཉེན་གཙོ་བོར་གྱུར་བའི་གསུམ་བརྒྱུད། བདུན་རྒྱུད། ཉི་ཤུ་རྩ་གཅིག་བརྒྱུད་ལ་སོགས་མཐའ་ཀླས་པར་ཡོད་དེ་སེམས་ཕྱོགས་སྤྱིའི་བརྒྱུད་པ་དང་འདྲ་འབག་ཆེན་མོར་གསལ་ལོ། །དེ་ལས་ཤན་འབྱེད་པ་བྲམ་ཟེའི་སྐོར། ལ་བཟླ་བ་རྒྱལ་པོའི་སྐོར། རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་གི་སྐོར་དང་གསུམ་ལས། ཁྱད་པར་དུ་གྱུར་བ་ཕྱི་མ་མན་ངག་གི་སྐོར་ལའང་བརྒྱུད་སྲོལ་ཐ་དད་པ་ཡོད་དེ་འདིར་རིག་འཛིན་ངེས་པའི་ལུང་བསྟན་ལྟར་བརྡ་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུས་མཉམ་དུ་གྱུར་ཀྱང་བསྟན་པ་ཡོངས་སུ་རྫོགས་པར་བྱ་ཕྱིར་རྒྱུད་དང་མན་ངག་ལ་ནན་ཏན་དུ་བྱས་པའི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ནི་ཐལ་འགྱུར་ལས། དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས།


JL02_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེའི་ཕྲུག་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །ཞེས་པ་ལྟར་གང་གི་ཚེ་ཡབ་བྲམ་ཟེ་དཔལ་ལྡན་སྐྱོང་དང་། ཡུམ་བྲམ་ཟེ་མོ་ཀུ་ཧ་ན་ཞེས་བྱ་བ་ལ། འཇམ་དཔལ་དབྱངས་ཀྱི་སྤྲུལ་པའི་སྲས་ཁྱེའུ་མཚན་དང་ལྡན་པ་ཞིག་བྱུང་སྟེ། དེའི་མིང་བྲམ་ཟེ་སྙིང་པོ་གྲུབ་པའམ། བདེ་མཆོག་སྙིང་པོ་ཞེས་གྲགས་ཏེ་རིག་པའི་གནས་ལྔ་ལ་མཁས་པའི་དགེ་སློང་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ཞིག་གྱུར་ཏོ། །དེ་པཎྜི་ཏ་ལྔ་བརྒྱའི་མཆོག་ཏུ་གྱུར་ནས་བཞུགས་པའི་ཚེ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བས་རྒྱུ་འབྲས་ལས་འདས་པའི་རྨད་བྱུང་བསྟན་པའི་སྙིང་པོ། རྩོལ་མེད་རྫོགས་པ་ཆེན་པོ་ཞེས་བྱ་བ་སྒྲོག་གོ་ཞེས་པཎྜི་ཏ་ཀུན་གྱིས་ཐོས་པ་ལས། དེར་བྲམ་ཟེ་སྙིང་པོ་གྲུབ་པ་ལ་འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་པ། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་། མཚོ་ཆེན་པོ་ཀུ་ཤའི་འགྲམ། དུར་ཁྲོད་གསེར་གླིང་ཧེ་ཆེན་བརྡལ་བའི་འདབས་རྡོ་རྗེ་གླིང་གི་ཕུག་ན། རྡོ་རྗེ་སེམས་དཔའི་སྤྲུལ་པ་སངས་རྒྱས་ཐམས་ཅད་ཀྱིས་རྩོལ་མེད་བསྟན་པའི་སྒྲོན་མེར་དབང་བསྐུར་བ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བ་ཡོད་ཀྱི། དེ་ལ་རྨད་བྱུང་བསྟན་པའི་སྙིང་པོ་ཨ་ཏི་ཡོ་ག་ཞེས་བྱ་བ་བྱ་རྩོལ་མེད་པར་སྐད་ཅིག་ལ་སངས་རྒྱ་བའི་ཆོས་ཡོད་པས་དེ་ལོང་ལ་སྤྲུལ་པའི་སྡུད་པ་པོ་གྱིས་ཤིག་པར་ལུང་བསྟན་ནོ། །དེར་པཎྜི་ཏ་གཞན་རྣམས་ན་རེ། རྒྱུ་འབྲས་ལས་འདས་པའི་ཆོས་ཡོད་པ་མི་རིགས་ཞེས་སུན་དབྱུང་བར་འབྲོས་སོ། །བྲམ་ཟེ་སྙིང་པོ་གྲུབ་པས་ཀྱང་མཁྱེན་བཞིན་དུ་ཆོས་དང་གང་ཟག་གི་ཆེ་བ་འབྱིན་པའི་ཕྱིར་པཎྜི་ཏ་རྣམས་ཀྱི་རྗེས་སུ་བགྲོས་པ་ལས་ཐམས་ཅད་ཞལ་འཆམ་སྟེ་ཨོ་རྒྱན་གྱི་ཡུལ་ས་ཐག་རིང་བ་དང་། ཀུན་གྱིས་མི་བགྲོད་པས། སྙིང་པོ་གྲུབ་པ་དང་། རཱ་ཛ་ཧ་སྟི་ལ་སོགས་པ་བདུན་སུན་དབྱུང་བར་མངགས་སོ། །དེར་བདུན་པོས་དགའ་རབ་རྡོ་རྗེའི་དྲུང་དུ


JL02_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

རྟོལ་ཏེ་ཉམས་སད་པའི་ཕྱིར་དུ་རྒྱུ་འབྲས་ཀྱི་ཐེག་པའི་ཆེ་བ་དང་། ཆོས་ཀྱི་འགྲོ་བ་བྱས་པས། རྒྱུའི་ཆོས་སྡེ་སྣོད་གསུམ་དང་། འབྲས་བུའི་ཆོས་གསང་སྔགས་ཕྱི་ནང་གཉིས་གང་གི་སྒོ་ནས་ཀྱང་མ་ཐུབ་པས། བདེ་མཆོག་སྙིང་པོས་མཁྱེན་བཞིན་དུ་པཎྜི་ཏ་གཞན་རྣམས་ལ་འོ་ཅག་གིས་རྩོད་པ་ནོངས་པས་སྤྲུལ་པའི་སྐུ་འདི་ལ་རྒྱུ་འབྲས་ལས་འདས་པའི་ཆོས་མི་ཞུའམ་ཞེས་འགྲོ་བ་ལྟར་མཛད་པས། པཎྜི་ཏ་ལ་ལ་ནི་སྐྱེངས་ནས་ངོ་གནག་པར་གྱུར་ཞིང་། ལ་ལ་ནི་འོ་ཅག་གིས་རྩོད་ཅིང་བརྙས་པ་བྱས་པས་ཞུ་བར་མི་སྤོབས་ཟེར་རོ། །དེར་བདེ་མཆོག་སྙིང་པོ་ལ་སོགས་པས་བཤགས་པ་བྱ་བར་བགྲོས་ཏེ་པཎྜི་ཏ་རྣམས་ཀྱིས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཕྱག་དང་བསྐོར་བ་བྱས། མཆི་མ་སྙིལ་བའི་ཚེ་སྙིང་པོ་གྲུབ་པ་རང་གི་ལྕེ་བཅད་དེ་བཤགས་པ་བྱ་བར་དགོངས་པ་དང་། རིག་འཛིན་མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེས་མཁྱེན་ཏེ་ཚིགས་སུ་བཅད་པ་འདི་གསུངས་སོ། །མཉམ་ཉིད་ཕྱོགས་བྲལ་ལྷུན་གྲུབ་བདེ་བ་ཆེ། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སྙིང་པོ་ལ། །འགྲོ་དྲུག་རང་ལ་ཡུལ་བཟུང་ཞེན་པས་བཅིངས། །མུ་སྟེགས་མཐར་འཛིན་རྟག་ཆད་ལོག་ལྟར་ཞུགས། །ཐེག་བརྒྱད་རང་ལ་གཉིས་བཟུང་ཡིན་མིན་གྱིས། །ཞེ་འདོད་ཕྱོགས་རིས་དབྱིངས་ལ་ཕྱོགས་སུ་ཞེན། །མཉམ་པའི་དོན་ལ་ཕྱོགས་དང་རིས་སུ་བཅད། །རང་ལ་ཡོད་བཞག་མེད་པ་གཞན་དུ་འཚོལ། །ལྷུན་གནས་བདེ་བོར་རྩོལ་བས་དང་དུ་ལེན། །རང་སེམས་སངས་རྒྱས་ནམ་ཞིག་དུས་ལ་ལྟོས། །མཉམ་ཉིད་མ་རྟོགས་ཞེ་འདོད་ཕྱོགས་ལྟ་ལ། །འདི་ཡིན་ཐར་ཆད་ཡུས་རྒྱས་སྙིང་རྗེ་རེ། །དེ་བས་ཕྱོགས་འཛིན་ཞེན་པའི་དུག་ཆོམས་ལ། །མཉམ་ཉིད་ཕྱོགས་བྲལ་བདེ་བའི་དོན་ལ་ཞུགས། །ཞེས་གསུངས་ནས་སྙིང་པོ་གྲུབ་པ་ལ་ཁྱོད་ཀྱིས་ལྕེ་བཅད་པས་སྡིག་པ་མི་འདག། རྒྱུ་འབྲས་ལས་འདས་པའི་ཆོས་ཁྱད་དུ་འཕགས་པ་ཞིག་རྩོམས་ཤིག །དེས་སྡིག་པ་འདག་པར་འགྱུར་རོ། །ཞེས་གསུངས་པས


JL02_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་བྱང་སེམས་སྡེ་ལ་འགྲེལ་བ་གསེར་ཞུན་བརྩམས་ཤིང་བཀའི་བསྡུ་བ་པོ་མཛད། དེར་བརྡ་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུས་མཉམ་དུ་གྱུར་ཀྱང་བསྟན་པ་ཡོངས་སུ་རྫོགས་པར་བྱ་བའི་སླད་དུ་ཕྱག་དང་བསྐོར་བ་བྱས། རིན་པོ་ཆེའི་མཎྜལ་སྣ་ཚོགས་པ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཕུལ་ནས་བསྟན་བཅོས་རྒྱུད་ཀྱི་དངོས་པོ་ཅན། གསོལ་བ་བཏབ་སྟེ་སྙིང་པོའི་དོན་ཞུས་པས། སེམས་སྡེའི་སྐོར་རྩ་བའི་རྒྱུད་བརྒྱད་དང་། །ཡན་ལག་གི་རྒྱུད་མཐའ་ཡས་པ། དབང་དང་མན་ངག་ལ་སོགས་པ་རྒྱས་པར་གནང་། དེ་ནས་ཀློང་སྡེའི་སྐོར། ཕྱི་རྩིབས་རྒྱ། ནང་གསང་རྒྱ། གསང་བ་རྒྱའུ་ཆུང་། དགོངས་པ་གཏད་རྒྱའི་སྐོར་ལ་སོགས་པ་རྒྱུད་མན་ངག་དང་བཅས་པས་མཚོན་ཏེ་ཨ་ཏི་ཡོ་གའི་རྒྱུད་དཔག་ཏུ་མེད་པ་གསུངས་སོ། །དེས་ཀྱང་ཐུགས་མ་ཚིམ་པར་ཕྱག་དང་བསྐོར་བ་བྱས་ཏེ་རིན་པོ་ཆེའི་མེ་ཏོག་ཕུལ་ནས་གསོལ་བ་བཏབ་པས། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར། རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་སྡེའི་སྐོར་ཡང་ཕྱིན་ཏེ་ཕྱི་ལྟར་འཇམ་དཔལ་བཤེས་གཉེན། ནང་ལྟར་རྡོ་རྗེ་བདེ་བ་རྩལ་དུ་མིང་བཏགས། སླར་ཆུ་བོ་ལྡན་ཏིའི་མགོར་དགའ་རབ་རྡོ་རྗེ་འོད་ཕུད་དུ་ཡལ་བའི་ཚེ། འདས་རྗེས་ཀྱི་གླེགས་བམ་བབས་པ་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད། དགའ་རབ་རྡོ་རྗེ་དང་རྟོགས་པ་མཉམ་པར་གྱུར་བས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་བཏུས་ནས་གནས་པ་སེམས་ཀྱི་སྡེ། བྱ་བྲལ་ཀློང་གི་སྡེ། ཟབ་པ་མན་ངག་གི་སྡེ་དང་གསུམ་དུ་ཕྱེ་ནས། གནད་ལས་ཟབ་པ་སྙིང་གི་ཐིག་ལེའི་སྐོར་ལ་བཤད་རྒྱུད་དང་། རྣར་རྒྱུད་གཉིས་སུ་ཕྱེ་ནས་རྣར་རྒྱུད་མཆན་དུ་བཏབ། བཤད་རྒྱུད་སྙིང་གི་ཐིག་ལེ་སྤེལ་བའི་གནས་མ་རྙེད་པས་རྡོ་རྗེ་གདན་དུ་གཏེར་ལ་སྦས་ཏེ་རྒྱལ་པོ་དྷ་ཧེ་ན་ཏ་ལོ་སོགས་པ་ལ་དགོངས་པའི་དོན་སྟོན་བཞིན་སོ་ས་གླིང་གི་དུར་ཁྲོད་དུ་ལོ་བརྒྱ་དང་ཉི་ཤུ་རྩ་


JL02_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དགུར་བཞུགས་སོ། །འདྲ་འབག་ཆེན་མོར་སློབ་དཔོན་འདིས་དགའ་རབ་རྡོ་རྗེའི་དངོས་སློབ་དྷ་ཧེ་ན་ཏ་ལོ། དེས་རང་གི་སྲས་ཐུ་བོ་རཱ་ཛ་ཧ་སྟི། དེས་སྲས་མོ་བྲ་ར་ནི། དེས་ཀླུའི་རྒྱལ་པོ་ནཱ་ག་རཱ་ཛ་སངྒྀ་ཏ། དེས་གནོད་སྦྱིན་མོ་བྱང་ཆུབ། དེས་སྨད་འཚོང་མ་བ་རི་ནི། དེས་ཁ་ཆེའི་མཁན་པོ་རབ་སྣང་། དེས་མ་ཧཱ་རཱ་ཛ། དེས་སྲས་མོ་གོ་མ་དེ་ཝཱི། དེས་ཨཱ་ཙཱ་རྱ་ཨ་ལོ་ཀེ། དེས་ཁྱིའི་རྒྱལ་པོ་སྔ་མ་ཞེས་རིག་པའི་གནས་ལྔ་དང་ཏནྟྲ་སྡེ་བཅོ་བརྒྱད་ལ་མཁས་པ་ཞེས་པས། དགེ་སློང་ཀུ་ཀུ་རཱ་ཛའོ། །དེས་དྲང་སྲོང་བ་ཤི་ཏ། དེས་སྨད་འཚོང་མ་བདག་ཉིད་མ། དེས་ནཱ་གཱ་རྫུན་སྟེ་མགོན་པོ་ཀླུ་སྒྲུབ། དེས་ཁྱིའི་རྒྱལ་པོ་ཕྱི་མ། དེས་འཇམ་དཔལ་ཕྱི་མ་ཞེས་བྱ་བ་རྒྱུ་འབྲས་ཀྱི་ཆོས་ལ་ཤིན་ཏུ་མཁས་པ་ཞེས་བཤད་པ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་གཤེགས་ནས་ལོ་བརྒྱ་ཉེར་ལྔ་ན་འཇམ་དཔལ་བཤེས་གཉེན་ཉིད། ནུབ་ཕྱོགས་སུ་པདྨ་ལས་རྫུས་ཏེ་སྐྱེས་པ་ལ་འཇམ་དཔལ་བཤེས་གཉེན་ཕྱི་མར་གྲགས་འདིས་ཨཱ་རྱ་དེ་ཝ་ལ་གདམས་པ་སྙིང་ཐིག་ལྐོག་ཆོས་སུ་བསྟན་པས་ཨཱ་རྱ་དེ་ཝ་ཡང་འཇའ་ལུས་ཀྱི་གྲུབ་མཐའ་སྙོགས། རྫོགས་པ་ཆེན་པོ་དང་དོན་ཐ་མི་དད་པའི་འཇམ་དཔལ་ཞལ་ལུང་ཞེས་སྔགས་གསར་མར་གྲགས་ཆེ་བ་དེ་བརྩམས། སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པའི་སློབ་མ་ཡང་མང་། ཁྱད་པར་ཨོ་རྒྱན་ཆེན་པོ་ལ་གོང་དུ་བཤད་པའི་རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་དང་། གཤེད་སྐོར་རྒྱ་མཚོ་སྟོན་པའི་སློབ་དཔོན་ཡང་འདི་ཉིད་དོ། །འདྲ་འབག་ཏུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་རྫོགས་ཆེན་ལ་རང་བྱན་ཆུད་པའི་རྟོགས་པ་བརྗོད་པའི་ཚེ། བདག་ནི་འཇམ་དཔལ་དཔལ་བཟང་སྟེ། །ཞེས་པའི་མཚན་གྱིས་ཀྱང་ཤེས་པར་ནུས་ལ། འོ་ན་གོང་དུ་བཤད་མ་ཐག་པའི་འཇམ་དཔལ་བཤེས་གཉེན་སྔ་མ་ལ་དགའ་རབ་རྡོ་རྗེ་འོད་ཕུང་དུ་ཡལ་རྗེས་སུ་འདས་རྗེས་བབས་པར་བཤད་པའི་ཕྱིར། དགེ་སློང་དཔལ་བཟང་གིས་འཇམ་དཔལ་གྲུབ་པ་ཡིན་ཞེས་པའི་ལུང་སློབ་དཔོན་དེ་ཉིད་ཀྱིས་བསྟན་པས་སྔ་ཕ


JL02_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གོ་མི་མཚུངས་ཞེ་ན། དགའ་རབ་རྡོ་རྗེ་འོད་ཕུང་དུ་ཡལ་ལོ་ཞེས་པ་ལས། ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པའམ། ཐ་མལ་ལྟར་ལུས་སེམས་བྲལ་ནས་འཚོ་བའི་འདུ་བྱེད་ཟད་པ་ལྟ་བུ་མ་ཡིན་པའི་ཕྱིར། ངེས་གསང་རྫོགས་པ་ཆེན་པོ་ལ་སྐྱེ་བ་དང་འཇུག་པའི་སོ་མཚམས་ནས་སྣང་བ་རང་ལོག་གི་མན་ངག་ཡོད་ཅིང་། དེར་ཡང་མ་ཟང་གྲུབ་ཐོབ་ཀྱི་རྣམ་པར་ཐར་བ་ཡིན་པས་པཎ་ཆེན་ནཱ་རོ་པ་སྤྱོད་པ་ལ་གཤེགས་པ་ལྟར་ཀུན་གྱིས་སྤྱོད་ཡུལ་དུ་མི་མངོན་པ་ནས་བཟུང་འོད་ཕུང་དུ་ཡལ་བའི་བརྡར་བརྟགས་པ་ལས། གཞན་དུ་དག་པའི་གདུལ་བྱ་ལའང་མི་སྣང་བའི་གཏན་ཚིགས་བསྒྲུབ་ཏུ་མེད་པས་འགལ་བ་མེད་པར་གྲུབ་ལ། དཔེར་ན་སློབ་དཔོན་ཆེན་པོ་བི་མ་ལ་རི་བོ་རྩེ་ལྔ་ན་བཞུགས་པ་བཞིན་ནོ། །དེའི་ཕྱིར་སྔགས་གསར་མ་ལ་གྲགས་ཆེ་བའི་སློབ་དཔོན་ཆེན་པོ་དེ་དག་གིས་ཀྱང་རྫོགས་པ་ཆེན་པོ་ཐུགས་ཉམས་སུ་བསྟན་ཞིང་། རྒྱུད་དེ་དག་ནས་ལུ་གུ་རྒྱུད་ཀྱི་མིང་ཙམ་བརྗོད་ཀྱང་དམ་ཚིག་ཉམས་པར་བཤད་པའི་གསང་རྒྱ་ལ་རྒྱ་གར་གྱི་སློབ་དཔོན་དེ་དག་ཚུལ་བཞིན་དུ་སྤྱོད་པའི་ཕྱིར་སྤྱི་མཐུན་གྱི་སྣང་ངོར་ཆོས་དེ་དག་གི་མིང་ཙམ་ཡང་མ་གྲག་པར་མངོན་ཏེ། དཔེར་ན། དཔལ་ནཱ་རོ་པས་སློབ་མ་སོ་སོའི་བཀའ་བབས་དང་བསྟུན་པའི་མན་ངག་བྱིན་པས་སློབ་མ་ཅིག་ཤོས་ཀྱིས་མིང་ཡང་མ་ཐོས་པའི་ཆོས་ཀྱི་རྣམ་གྲངས་ཅིག་ཤོས་ལ་གྲགས་པ་བཞིན་ནོ། །སྤྱིར་ཐེག་པའི་ཡང་རྩེ་འདི་ཚིག་བརྒྱུད་ལྟ་བུར་ཤིན་ཏུ་བཀའ་རྒྱ་དམ་ཞིང་དྲིལ་བསྒྲགས་སུ་འཆད་པ་མེད་ལ། སློབ་དཔོན་དེ་དག་ཀྱང་སངས་རྒྱས་ཀྱིས་དྲི་ཟར་བ་དགའ་བཏུལ་བ་ལྟར་གདུལ་བྱའི་སྣང་ངོར་སྐད་ཅིག་སྐད་ཅིག་ལ་སྣང་ཞིང་། རོལ་པ་བཀོད་པའི་ཆོ་འཕྲུལ་ཚད་མེད་པའི་བདག་ཉིད་ཅན་ལས་སྤྱི་མཐུན་དུ་གྲགས་པ་ལྟར་མ་ཡིན་པས་རྒྱ་གར་གྱི་ཡུལ་གྲུ་ཆུང་ངུ་རེ་བགྲོད་ཅིང་། གཙུག་ལག་ཁང་ཆུང་ངུ་རེའི་ཆོས་ཀྱི་རྣམ་གྲངས་ཡི་གེར་འགོད་པའི་ལོ་ཙཱ་བ་གསར་བུ་རྣམས་ཀྱིས་ཆོས་སྤོང་བའི་ཡུས་ཚིག་སྨྲ་བ་ལ་ཡིད་བརྟན་མེད་པར་ཤེས་པར


JL02_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞིང་། ཚུལ་འདི་ལྟ་བུའང་ཐོས་པ་དང་གཟུ་བོའི་བློས་བསམ་པའི་ཡོན་ཏན་ཡིན་པར་བལྟའོ། །དེ་ལྟར་འཇམ་དཔལ་བཤེས་གཉེན་ནམ། རྡོ་རྗེ་བདེ་བ་རྩལ་གྱི་དངོས་སློབ་ཤྲཱི་སིངྷ་ནི་ཐལ་འགྱུར་ལས། དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ས་གླིང་ཞེས་བྱ་བ་རུ། །ཁྱིམ་བདག་རིགས་སྐྱེས་ཤྲཱི་སིང་། །ཞེས་བྱ་བ་ཡིས་འཛིན་པར་འགྱུར། ཅེས་པ་ལྟར། རྒྱ་ནག་ཞོ་ཤའི་གླིང་གི་ཡབ་རྒྱལ་པོ་གྲུ་ཁྱེར། ཡུམ་ནན་ཀ་ཞེས་བྱ་བ་གཉིས་ཀྱི་བུ། ཤྲཱི་སིངྷ་པཱ་པ་ཏ་ཞེས་བྱ་བ། པཎྜི་ཏ་ལྔ་བརྒྱ་ལ་རིག་པ་སྦྱངས་པས་རིག་པའི་གནས་ལྔ་ལ་མཁས་པ་ཞིག་ཡོད་པ་དེར་སྤྱན་རས་གཟིགས་ཀྱིས་ལུང་བསྟན་ཏེ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དྲུང་དུ་ལྷགས། སློབ་དཔོན་ལོ་ཉེར་ལྔའི་བར་དུ་བསྟེན་ནས་རྫོགས་པ་ཆེན་པོའི་རྒྱུད་མན་ངག་མཐའ་ཡས་པ་ཉན། དེ་ནས་སློབ་དཔོན་འོད་ཕུང་དུ་ཡལ་བའི་རྗེས་ལ་འདས་རྗེས་ཤྲཱི་སིངྷ་ར་བབས་པས་སློབ་དཔོན་དང་དགོངས་པ་མཉམ་པར་གྱུར། མན་ངག་གི་དཔེ་ཕྱུང་ནས་ཐིག་ལེའི་སྐོར་ལ་ཕྱི་སྐོར། ནང་སྐོར། གསང་སྐོར། བླ་མེད་ཀྱི་སྐོར་ཏེ་རྣམ་པ་བཞིར་ཕྱེ་ནས་གསང་སྐོར་ཡན་ཆད་གཏེར་ལ་སྦས། ཡང་གསང་བླ་ན་མེད་པ་ཐུགས་ལ་གབ་སྟེ་བཞུགས་པ་ལས་རེ་ཞིག་གི་ཚེ་མཁའ་འགྲོས་ལུང་བསྟན་ཏེ་དེ་ཉིད་གཏེར་ལ་སྦས་ཏེ་སློབ་དཔོན་ཉིད་བསིལ་སྦྱིན་དུར་ཁྲོད་དུ་བཞུགས་སོ། །དེའི་ཚེ་ཐལ་འགྱུར་ལས། རྡོ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙཱ་ན་སཱུ་ཏྲས་འདི་ཉིད་འཛིན། །ཞེས་པ་ལྟར། ཡབ་གདོལ་པའི་རིགས་ཨ་བ་དྷ་ཛ་ན་བྱ་བ་དང་། ཡུམ་རྒྱ་མཚོ་མ་བྱ་བའི་བུ་སྦྲུལ་གྱི་གདེངས་ཀས་མཚན་པ་ཅིག་བྱུང་ཕ་མ་གཉིས་སྐྲག་སྟེ་དུར་ཁྲོད་དུ་བསྐྱལ་བས་ཁྱེའུ་ན་རེ། སྙིང་པོའི་དོན་ལ་ཐུགས་ཕངས་པའི་སྤྲུལ་པ་ཡིན་གྱི། ལས་ཀྱིས་འབྲེལ་བའི་ཕ་མ་ཡིན་པས་གསོས་ཤིག་ཅེས་ཟེར་བས། བདེན་པར་བཟུང་ནས་བླངས་ཏེ་གསོས། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཀླུའི་རྒྱལ་པོ་དགའ་བོས་རྩོལ་མེད་ཀྱི་ཐེག་པ་འཇུག་པར་མཁྱེན་ནས


JL02_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ཡིན་པས་མིང་ནཱ་ག་རཱ་ཛ་པ་ཏྲི་ཞེས་བྱ་བར་བཏགས། འདྲ་འབག་ཆེན་མོར་ཛྙཱ་ན་སཱུ་ཏྲ་དམིགས་བསལ་མ་བྱུང་ཤིང་རིགས་དང་མཚན་ཟུར་གཅིག་བལྟར་དཔྱད་པའོ། །ཁྱེའུ་དེ་སྐྱེད་ཆེ་ཞིང་བློ་གྲོས་དང་ལྡན་པར་གྱུར་ནས་རྒྱལ་པོ་ཧ་སྟི་དང་། སྲས་མོ་པྲ་ར་ནི་སོགས་ལས་སེམས་ཕྱོགས་ཀྱི་ཆོས་མང་དུ་ཉན། དེས་མ་ཚིམ་པར་རྡོ་རྗེ་སེམས་དཔའི་ལུང་བསྟན་ལྟར་སློབ་དཔོན་ཤྲཱི་སིངྷ་ར་གཏུགས་ནས། རྣམ་རྒྱུད་ཕྱི་ནང་གསང་གསུམ་སྤྲོས་པ་མེད་པའི་དབང་། རུ་ཤན་འབྱེད་པའི་སྤྱོད་པ། ཤིན་ཏུ་སྤྲོས་མེད་ཀྱི་དབང་། རབ་ཏུ་སྤྲོས་མེད་ཀྱི་དབང་རྫོགས་པར་གནང་བས་བརྟན་པ་ཐོབ། དེའི་བརྒྱུད་འཛིན་ནི་ཐལ་འགྱུར་ལས། །རྡོ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །ཞེས་པ་སློབ་དཔོན་བི་མ་ལ་སྟེ་དེའི་རྣམ་པར་ཐར་བ་མཐའ་ཡས་ཀྱང་ལོ་རྒྱུས་བཙན་པ་ལྟར་སྨྲས་ཟིན་གྱི། །ཁ་ཅིག་ཏུ། ཕ་མེད་ཀྱི་བུར་གྱུར་བས་ཡུམ་གནོང་སྟེ་གཡོག་མོ་བྱེ་མའི་ཁུང་དུ་སྦ་བར་མངགས། དེ་ལྟར་བྱས་རྗེས་ཕྱིས་བལྟས་ཙ་ན་མིག་བཀྲ་ཧྲིག་གེ་མ་ཤི་བར་འདུག་པས་སྤྲུལ་པའི་སྐུ་ཡིན་པར་ཤེས་ནས་བླངས། སླར་པཎྜི་ཏ་ལྔ་བརྒྱའི་སྤྱི་ཕུད་དུ་གྱུར་ནས་དགེ་སློང་ཆེན་པོ་བི་མ་ལ་མི་ཏྲ་སྟེ་བོད་སྐད་དུ། པཎ་ཆེན་དྲི་མེད་བཤེས་གཉེན་དུ་གྲགས་ཏེ་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཅེས་གྲགས་སོ། །དེའི་ཕྱིར་རྒྱུ་ས་ལ་མི་མཁས་པ་རེ་ཙམ་གྱིས་སྨྲ་བ་ལ་ཡིད་བརྟན་མི་རུང་བའི་ཕྱིར། དེ་ཙམ་ཤེས་བྱེད་དུ་དྲངས་ནས་ཨ་ཏི་དང་སྤྱི་ཏི་ལ་ལོག་པའི་ཀུན་རྟོག་སྨྲ་བའང་ཤ་ཐང་ཆད་པའི་རང་བཞིན་ནོ། །དེ་ལྟ་བུའི་སློབ་དཔོན་ཆེན་པོ་བི་མ་ལ་སྟེ་འཛམ་བུའི་གླིང་གི་སྒྲོན་མེ་ཆེན་པོས་སྔོན་ལ་ཤྲཱི་སིང་ཧར་གཏུགས། རྣར་རྒྱུད་ཕྱི་ནང་གསང་གསུམ་གྱི་མན་ངག་གསན་ནས་ལོག །ཕྱིས་ཤྲཱི་སིངྷ་འོད་ཕུང་དུ་ཡལ་ཁར་ཛྙ་ན་སཱུ་ཏྲས་གསོལ་བ་བཏབ་པས། ཞལ་ཆེམས་གཟེར་བུ་བདུན་པ་གསང་བའི་མན་ངག་དང་བཅས་པ་ཛྙཱ་ནར་བབས་པས་གདམས་པ་ཡོངས་སུ་རྫོགས། དེའི་


JL02_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བི་མ་ར་མཁའ་འགྲོས་ལུང་བསྟན་ནས་སྔ་མ་ལས་ཟབ་པ་གསང་བ་སྙིང་ཐིག་གི་མན་ངག་ཡོད་པ་ལོང་ཞིག་གསུངས་པ་ལྟར། ཛྙཱ་ན་སཱུ་ཏྲ་སྟེ་ཡེ་ཤེས་མདོར་ཞུས་ནས་གདམས་པ་ཡོངས་སུ་རྫོགས། སློབ་དཔོན་དེ་འོད་དུ་ཡལ་ཁར་འདས་རྗེས་པཎྜི་ཆེན་པོ་བི་མ་ལའི་ཕྱག་ཏུ་བབས་པས་དགོངས་པ་ཆོས་དབྱིངས་བྱ་རྩོལ་མེད་པའི་ངོ་བོར་སངས་རྒྱས་སོ། །དགའ་རབ་རྡོ་རྗེ་ཡན་ཆད་ལ་དགོངས་བརྒྱུད་དང་། དེ་མན་ཆད་ལ་མཆོག་གི་དངོས་གྲུབ་བརྙེས་པའི་རིག་འཛིན་བརྡ་བརྒྱུད་དུ་འདྲེན་པའི་རྣམ་གཞག་ཀྱང་ཡོད་དོ། །འདི་མན་ཆད་སྙན་བརྒྱུད་དེ་བོད་དུ་བསྟན་པ་དར་བའི་སྐབས་སུ་གླེང་བར་འཐད་ཀྱང་། རིག་འཛིན་ངེས་པའི་ལུང་བསྟན་གྱི་འགྲོས་ལྟར་དཀྱུས་སུ་གླེང་ན། ཐལ་འགྱུར་ལས། དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །ཞེས་འོད་གསལ་ལྷ་ལས་ཆད་པའི་རྒྱལ་རིགས་འཇམ་དཔལ་དབྱངས་ལྷ་གཅིག་ཁྲི་སྲོང་སྡེའུ་བཙན། ཉང་ཏིང་འཛིན་བཟང་པོ་དང་གཡུ་སྒྲ་སྙིང་པོ་སོགས་ཕྱག་བརྙན་ཏེ་འཁོར་གྱི་རིགས། དེ་ལས་ཆོས་རྒྱལ་དང་གཡུ་སྒྲ་ནི། །བྱ་བ་དགུ་ཕྲུགས་སུ་བཏང་ཞིང་། གནད་རྣམ་པ་གསུམ་ལ་བརྟེན་ནས་སྙིགས་མའི་ལུས་གཞལ་ལྟ་བུར་དངས་པ་ནི་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་སྒྲུབ་དགོས་པས་མ་ཡིན་ཀྱང་། དགོངས་པ་ཀ་དག་ཆོས་ཟད་ཀྱིས་ལ་གྲུབ་མཐའ་སྙོགས་པ་ཡིན་ལ། ཉང་ཏིང་འཛིན་བཟང་པོས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་ལྷ་ས་བྲག་ལྷའི་ཕུག་ཏུ་སྣང་བཞི་མཐར་ཕྱིན་ནས་འོད་ཕུང་དུ་ཡལ་བ་བོད་དུ་འཇའ་ལུས་འགྲུབ་པའི་ཐོག་མ་ཡིན་ནོ། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་དག་གིས་འཛིན། །ཞེས་གནས་བརྟན་ལྡང་མ་བ་ལྷུན་གྲུབ་རྒྱལ་མཚན། དེ་རྗེས་སིངྷ་ཤྭ་རས་འཛིན། །ཞེས་པ་ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་སྟེ། ཕྱི་མ་ནི་ལྷུན་གྲུབ་རྫོགས་པ་ཆེན་པོའི་འོད་གསལ་གྱི་སྣང་བ་དབྱིངས་སུ་ཟད་དེ་རྒྱུད་ཉི་ཟླ་ཁ་སྦྱོར་གྱི་དགོངས་པ་ལྟར།


JL02_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ཡུག་ལ་ཕྱི་གོང་གི་རྫའི་ཐད་ཀྱི་ནམ་མཁའ་ལ་འོད་ཕུང་གི་རྣམ་པར་གཤེགས་པ་ཡིན་ནོ། །དེ་ཡང་སྔ་མའི་འཕྲོར། དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པ་ཡིན། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་ཡོ་གི་པྲ་བས་འཛིན། །དེ་འོག་རྒྱལ་པོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་ས་ལའོ། །ཞེས་ལུང་བསྟན་པ་ལས། ཕལ་ཆེར་བབས་ལུང་ཆེན་མོར་ལོ་བརྒྱ་བརྒྱ་ན་བི་མ་ལའི་སྤྲུལ་པར་རེ་བྱོན་ནས་སྙིང་ཏིག་གི་ལྟ་སྒོམ་ཐུན་མོང་མ་ཡིན་པ་ཡིད་དཔྱོད་དང་འདྲེས་པ་གསལ་བར་ལུང་བསྟན་པ་ལྟར། ལྡང་མ་མན་ཆད་ན་འབྱུང་བར་ངེས་ཤིང་། དེ་དག་ཀྱང་ཕལ་ཆེར་སར་གནས་ཀྱི་སེམས་དཔའ་སྦས་པའི་ངང་ཚུལ་ཅན་ཡིན་པས་རང་བཞིན་གཅིག་ཏུ་མ་ངེས་ཀྱང་། བརྟག་ན་རིག་པ་རང་ཤར་ལས། །རྡོ་རྗེའི་ནོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལ་ཡེང་བ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་དང་། ཀུན་མཁྱེན་གྱིས། འདིར་མཚན་ཉིད་དྲུག་ལྡན་ལ། འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་


JL02_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བའོ། །དེ་དག་རྫོགས་པ་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས། ཉོན་མོངས་པ་དྲུག་སྦྱོང་ཞིང་། ཡེ་ཤེས་དྲུག་གི་དོན་འཆར་བ་སྟེ། དེ་ཉིད་ལ་ནུས་པ་མངའ་བའི་ཕྱིར་རོ། །ཞེས་སོ། །དེ་ལྟ་བུའི་ངང་ཚུལ་དང་ལྡན་པ་དེ་ནི་སྤྱིར་སངས་རྒྱས་བསྟན་པའི་སྲོག་ཤིང་ཡིན་ལ། སྒོས་སུ་རྡོ་རྗེ་ཐེག་པའི་རྒྱལ་མཚན། ཁྱད་པར་རྫོགས་པ་ཆེན་པོའི་སྟོན་པ་སྟེ་སློབ་དཔོན་བི་མ་ལའི་སྤྲུལ་པའང་དེ་ལས་གཞན་སུ་ཞིག་གོ། །དེའི་ཕྱིར་དགེ་སློང་དཔལ་ལྡན་ནི་ཀུ་མ་རཱ་ཛར་གྲགས་ལ། བློ་གྲོས་མཆོག་ནི་ཁོ་བོ་ཅག་གི་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཀློང་ཆེན་པ་སྟེ། དེ་སྐད་དུ་བཀའ་ཆེམས་ལས་ཀྱང་། བློ་གྲོས་མིང་ཅན་ཐོགས་མེད་བྱ་བཞིན་རྒྱུ། །ཞེས་སོ། །གཞན་ཡང་ཨ་ཏི་བཀོད་པ་ཆེན་པོ་ལ་སོགས་ཏེ་བཀའ་གཏེར་རིས་མེད་པ་ནས་ལུང་གིས་བསྔགས་ཤིང་། དོན་དམ་པར་གངས་རིའི་ལྗོངས་འདིར་ཤཱཀྱ་སེང་གེའི་ལུང་རྟོགས་ཀྱི་བསྟན་པ་འཛིན་པའི་ཤིང་རྟ་ཆེན་པོ། ཁྱད་པར་ངེས་གསང་རྫོགས་པ་ཆེན་པོའི་བསྟན་པ་གཞི་བཞེངས་སུ་མཛད་ཅིང་། མཁས་པ་དང་གྲུབ་པའི་འཁོར་ལོས་སྒྱུར་བའི་རང་བཞིན་ཆེན་པོར་རྩོད་པ་མེད་པར་ཡོངས་སུ་གྲགས་ཤིང་ཀུན་གྱིས་བསྔགས་ལ། མཆོག་གི་སྤྲུལ་པའི་སྐུ་འདིའི་རྣམ་པར་ཐར་བ་ནི། མཐོང་བ་དོན་ལྡན་དུ་གྲགས་པ་ལ་སོགས་ཏེ་ཕྱི་ནང་གསང་བའི་རང་བཞིན་དུ་མ་ལོ་རྒྱུས་མན་ངག་ནས་བཤད་པའི་ཕྱིར་འདིར་མ་བརྗོད་ལ། རྟོགས་པ་བརྗོད་པ་དང་མཐུན་པའི་བསྟོད་ཚིག་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུར་བསྒྲག་པ་ནི། འོག་མིན་དཔལ་གྱི་མཆིམས་ཕུའི་ནགས་ཀྱི་དུར་ཁྲོད་ཆེན་པོ་ག་ལ་བ་དེར་ཕ་ཞལ་བུས་མཐོང་བའི་ཚེ་གླེངས་ཟིན་ཏོ། །དེ་ལྟར་གོང་གི་ལུང་དུ། ཚེ་ལོ་བཅུ་པའི་དུས་ལ་


JL02_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དར། དེ་ནས་མི་གནས་རང་ས་ལའོ། །ཞེས་བཤད་མ་ཐག་པ་ལྟར་འཛམ་གླིང་འདིའི་འཕེལ་འགྲིབ་ལན་བདུན་རྫོགས་ཏེ། ཚེ་ལོ་བཅུ་པའི་བར་ཁུག་མན་ཆད་ལ་བསྟན་པའི་བཙས་གསུམ་ཡང་ཞིང་འདིར་མི་གནས་པར་འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འཕར་བ་ནི་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་ངེས་འཕར་ནས། །ཚེ་ལོ་དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ། །ཞེས་སོ། །ཞིང་དེའི་ཡང་མཛད་པ་དར་འགྲིབ་བདུན་གྱིས་རྫོགས་ཚེ། མི་མཇེད་སྟོངས་པའི་དུས་ལ་བབ་པ་སྟེ། དེའི་ཚེ་བསྟན་པའི་བཙས་གསུམ་པོ་བྱང་ཕྱོགས་ཡངས་པ་སྐྱོབ་པའི་འཇིག་རྟེན་དུ་འཕར་བ་ནི་སྔ་མ་ལས། དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་པ་སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུཏྤལ་མེ་ཏོག་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟངས་སུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་སེམས་ལྡན་འབའ་ཞིག་བྱུང་། །སྟོན་པ་དེ་ཉིད་བྱོན་པ་དང་། །ལོག་སྲེད་ཅན་རྣམས་དེས་བཏུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱི་འཕེལ་འགྲིབ་བྱེད། །ཅེས་པ་ལྟར་ཞིང་ཁམས་དེར་སངས་རྒྱས་ཨུཏྤལ་མཏོག་གིས་བཟུང་ནས་དར་ནུབ་བདུན་རྫོགས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ནས། །སངས་རྒྱས་འཁོར་བའི་འཇིག་གིས་བཟུང་། དེར་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱི་ཚུལ་དུ་གནས་པའི་འོག་ཏུ། །ཞིང་ཁམས་དེ་དང་། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་


JL02_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་ཡོད་པའི་ཞིང་ཁམས་ཐམས་ཅད་ཀྱི་འགྲོ་བ་མཐའ་དག་གདོད་མའི་སར་གྲོལ་ཏེ། ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོངས་ཏེ་ཐམས་ཅད་ནམ་མཁའི་རང་བཞིན་དུ་གྱུར་བ་ལ་བསྐལ་པ་བརྒྱད་ཅུ་རྩ་ལྔར་གནས་ཤིང་། བསྟན་པའི་བཙས་གསུམ་ཡང་རྡོ་རྗེ་འཆང་གི་མཛད་པ་ཆེན་པོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ནས་མི་སྣང་བར་འགྱུར་ཏེ་སྔ་མ་ལས། དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པས་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག། འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡིས། །དེ་ལྟར་གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ཡང་། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་བསྟན་པ་མི་གནས་སོ། །ཞེས་སོ། །དེ་ལྟར་བསྐལ་པ་སྟོངས་པར་གྱུར་བ་ཡང་། །ཡང་རེ་ཞིག་གི་ཚེ་རྡོ་རྗེ་འཆང་གིས་སྤྲུལ་པས་ཚངས་ཆེན་བཀོད་དེ། འགྲོ་བ་དབྱིངས་ནས་སྣང་བ་དང་། བསྐལ་པས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། བསྟན་པའི་བཙས་གསུམ་ཡང་ཀུན་ཏུ་བཟང་པོའི་བྱིན་རླབས་ལས་རང་ཤར་ཏེ། འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་འགྱུར་ཏེ་སྔ་མ་ལས། དེ་འདས་འཇིག་རྟེན་འོག་མ་ལ། །བསྐལ་པ་ས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིང་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཞེས་བཤད་དོ། །དེའི་ཕྱིར་གསང་ཆེན་ངེས་པའི་བསྟན་པ་བླ་ན་མེད་པ་འདིས་གདུལ་བར་བྱ་བའི་ཞིང་ཁམས་དང་། དུས་ཀྱི་རིམ་པ་ཚད་མེད་པ་ཙམ་དུ་གྲོལ་བའི་རྣམ་གྲངས་ཀྱང་ཚད་མེད་པར་འགྱུར་ཏེ།


JL02_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མི་མ་ཡིན་དང་མཁའ་འགྲོ་མ་གྲོལ་བའི་གྲངས་ན་གངྒཱའི་ཀླུང་གི་བྱེ་མའི་རྡུལ་གྱིས་ཀྱང་བགྲངས་བར་མི་སྤོབས་སོ། །འཛམ་བུའི་གླིང་འདིར་སྐྱེས་པ་དང་། བུད་མེད་དང་། རབ་ཏུ་བྱུང་བ་དང་། ཁྱིའུ་དང་། བུ་མོ་དང་། ཛོ་ཀིའི་རྣམ་འགྱུར་ཅན་དག་ཚེ་འདི་དང་བར་དོ་ལ་སོགས་པར་གྲོལ་བའི་རྣམ་གྲངས་ངེས་པ་ནི། བཀོད་པ་ཆེན་པོ་ལས། ཉོན་ཅིག་རིགས་ལྡན་དགེ་སྦྱོང་དཔལ། །ང་ནི་འདི་ནས་མི་གནས་ནས། །ཚེ་ལོ་དྲུག་ཅུ་ཡན་ཆད་ལ། །འབྲས་བུར་གྲོལ་བ་སྟོང་ཕྲག་གཅིག། འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་གཟུགས་ནི་དེ་ཡིས་ཕྱེས། །ལྷག་མ་བྱང་ཆུབ་སེམས་དཔའ་འོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་རེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེས་མེད་ཐོབ། །ཕལ་ཆེར་བུད་མེད་དག་གིས་གཟུགས། །སྐྱེད་པ་དག་ནི་སྟོང་ཕྲག་གཉིས། །དེ་ནས་ཚེ་ལོ་སུམ་ཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དག་ནི་དང་དེངས་སོ། །དེ་དག་སྔོན་བྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་ཐོབ། །ངེས་གསང་སྙིང་པོ་ཡང་བསྡུས་པ། །འབྲས་བུ་ཉིད་ནི་ཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུ་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་འབྱུང་དག་ན། །འདི་ཉིད་ཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུས་ཀ་རུ། །འདི་ཉིད་དག་ནི་བསྟན་པའོ། །ཞེས་པ་སྟེ། འདི་རྣམས་ནི་འབྱུང་བ་རང་དེངས་ཀྱི་གྲངས་སུ་ངེས་པའོ། །གང་ན་སང་རྒྱས་ཐོབ་པ་དེདག་ཐམས་ཅད་གསང་ཆེན་འདིའི་སྒྲོན་སངས་རྒྱས་པའི་ཕྱིར་དུས་གསུམ་གྱི་བདེ་གཤེགས་པ་ཐམས་ཅད་ཀྱི་གཤེགས་ཤུལ་ཞེས་བརྗོད། ཅིའི་ཕྱིར་ན། རིག་པ་མངོན་སུམ་གྱི་ཆོས་ཉིད་ལ་གོམས་ནས་སངས་རྒྱས་ཀྱི། དེ་ལས་གཞན་གྱི་མ་ཡིན་པའི་ཕྱིར་རོ། །བར་དོར་གྲོལ་


JL02_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གྲངས་ནི་བཀོད་པ་ཆེན་པོ་ལས། །སྐྱེ་གཉིས་བར་དུ་མངོན་པར་སངས་རྒྱས་པ། །ཚེ་ལོ་བཅུ་པའི་བར་ལ་འདི་དག་གོ། སྟོང་ཕྲག་བདུན་ནི་སྣང་བ་མ་དང་ཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ། །དེ་ལྟར་སྐྱེས་དང་བུད་མེད་ཁྱིའུ་བུ་མོ། །ཇི་ལྟར་འགྱུར་བའི་གཟུགས་སུ་འདུག་ཀྱང་བླའི། །འདི་དང་ཕྲད་རྣམས་རྣམ་པར་གྲོལ་བའོ། །ཞེས་སོ། །དེའི་ཕྱིར་བླ་ན་མེད་པའི་ཐེག་པ་འདི་འབྲས་བུའི་ཐུས་ཀ་ཡིན་པའི་ཕྱིར་གསང་མཆོག་ངེས་པའི་ལམ་འདི་ལ་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ན། གོ་དོན་མ་རྙེད་ཀྱང་ཐོས་པའི་ཕན་ཡོན་ཁོ་ནས་ཀྱང་རིང་པོར་མི་ཐོགས་པར་གྲོལ་བ་ཡིན་ནོ། །གཏི་མུག་ཅན་ཁ་ཅིག་ཐོས་པས་གྲོལ་བ་དང་བཏགས་པས་གྲོལ་བ་ཞེས་མི་རིགས་པའི་ཤེས་བྱེད་དུ་འདྲེན་པ་ནི། སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་བསྐལ་བས་གྲོལ་བ་དང་། ཚེ་གཅིག་ལ་གྲོལ་བ་དང་། བཙན་ཐབས་སུ་གྲོལ་བ་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་ཚད་མེད་པར་སྟོན་པ་རྣམས་ལའང་ཡིད་མ་ཆེས་པ་སྟེ། བཟང་སྤྱོད་ལས་ཀྱང་། གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་བཏོན་ཏམ་ཀློག་པ་ཡིས། །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག། ཅེས་ཐུན་མོང་གི་ཐེག་པ་ནས་ཀྱང་དེ་ལྟར་དུ་བཤད་པ་མ་བསམས་པའི་ཕྱིར་རོ། །དེས་ན་གསང་སྔགས་ཟབ་མོ་འདི་ལྟ་བུས་བཙན་ཐབས་སུ་གྲོལ་བ་ཅིའི་ཕྱིར་མི་འཐད། བློ་ཆུང་ཁྱོད་བསྐལ་པ་གྲངས་མེད་གསུམ་དུ་སངས་རྒྱ་བའི་ཆོས་ཁོ་ན་སྒུག་པ་ལས་གཞན་ལ་རྫུན་པར་འཛིན་པའང་རང་གི་ལས་སུ་ཤེས་པར་བྱ་སྟེ། དཔེར་ན་དཀོན་མཆོག་བརྩེགས་པའི་ལེའུ་དང་པོར། འོད་སྲུངས། དགེ་སློང་ཀོ་ཀ་ལི་ཀ་དང་། དགེ་སློང་ལྷས་བྱིན་དང་། དགེ་སློང་ཁཎྜ་ར་བྱ་བ་དང་། དགེ་སློང་ཀརྟ་ཏི་ཤྱ་དང་། དགེ་སློང་རྒྱ་མཚོས་བྱིན་ལ་ལྟོས། འོད་སྲུངས། རྟ་ཐུལ་དང་། ནབས་སོལ་ལྟོས། །འོད་སྲུངས།


JL02_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་སྐར་བཟང་འདི་ངའི་གཡོག་བྱེད་དེ། ངའི་མདུན་ན་སྨྲ་ཞིང་འཆག་པ་དང་འདུག་པ་ལ་ཡང་བལྟ། རྫུ་འཕྲུལ་གྱི་སྟོབས་ཀྱིས་སྟེང་གི་བར་སྣང་ལ་འཆག་པ་ལ་ཡང་བལྟ། ཆོས་དང་མཐུན་པས་མུ་སྟེགས་ཅན་སྟོང་ཚར་བཅད་པ་ལ་ཡང་བལྟ། དེ་ང་ལ་དད་པར་མི་བྱེད་ཅིང་། ཚིག་རེ་རེ་ལ་ཡང་མཐུན་སྐར་མ་རྒྱལ་ལ་སྐྱེས་པར་བརྟེན་རྒྱལ་ལམ། སྐར་བཟང་། རྒྱུ་སྐར་བཟང་པོ་ཞེས་བརྟགས་པ་ལེགས་པའི་སྐར་མ་ཡིན།པར་མི་བྱེད་པ་ལ་ལྟོས། གང་ཚིག་རེ་རེ་ལ་ཡང་མཐུན་པར་མི་བྱེད་པ་དེ་ནི། ངན་པར་འགྲོ་བར་འགྱུར་རོ། །ཞེས་གསུངས་པས་ཤེས་པར་འགྱུར་ལ། དེའི་ཕྱིར་བདག་ཅག་གི་བསྐལ་པ་གྲངས་མེད་པར་སངས་རྒྱས་མང་པོ་མཆོད་ཅིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཆོས་ཅན། ཡང་གསང་བླ་ན་མེད་པའི་ཐེག་པ་དང་མཇལ། དེ་ལ་ཡིད་ཆེས་ནས་ཚུལ་བཞིན་དུ་སྤྱོད་པའི་ཕྱིར་རོ། །ཐུན་མོང་གི་ཐེག་པ་དང་ཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་རྩ་སྔོན་དུ་སོང་ངེས་ན། ཚེ་འདིའམ། བར་དོའམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་བོར་སངས་རྒྱས་འགྲུབ་པའི་འབྲས་བུའི་ཐུས་ཀ་འདི་ལྟ་བུ་དང་མཇལ་བ་སྔོན་གྱི་ལས་འཕྲོ་ཁྱད་པར་ཅན་ཡོད་ཅིང་བསོད་ནམས་མ་ཡིན་པའི་ལས་ལ་ཕྱིར་ཕྱོགས་པར་གདོན་མི་ཟའོ། །དེ་ལྟར་རྒྱུད་ཀྱི་ཆོས་འབྱུང་གླེངས་ཤིང་ཐེག་པའི་རང་བཞིན་དབྱེ་བ་ནི་རྒྱུད་འཆད་པའི་མན་ངག་ལས་ཆིངས་ཆེན་པོ་ལྔས་ཁོག་དབུབ་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །རྩ་བ་དོན་གྱིས་མ་བཤད་ན། །ཆོས་རྣམས་རིག་པར་མི་འདུས་པས། །མཐའ་ཡས་པ་ཡི་སྐྱོན་དུ་འགྱུར། །ཡོ་ག་དོན་གྱིས་མ་བཤད་ན། །ཐེག་པའི་རུ་ཤན་མི་ཕྱེད་པས། །ཆེ་ཆུང་རིམ་པ་དོན་མེདའགྱུར། །ཚིག་གི་དོན་གྱིས་མ་བཤད་ན། །རྒྱུད་རྣམས་རིམ་པར་གསལ་བའི་ཚིག།


JL02_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་མི་ཆོམས་པའི་སྐྱོན་དུ་འགྱུར། །དགོས་ཆེད་དོན་གྱིས་མ་བཤད་ན། །རྫོགས་ཆེན་བྱ་རྩོལ་མེད་པ་ལ། །དོན་མེད་པ་ཡི་སྐྱོན་དུ་འགྱུར། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་སོ་སོའི་རང་བཞིན་རྣམ་པར་གཞག་པ་ལ་གཉིས། རྒྱུད་ཀྱི་འཆད་ཐབས་སྤྱིར་བསྟན་པ་དང་། རང་བཞིན་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། ཐུན་མོང་གི་གླེང་གཞི་ཕུན་སུམ་ཚོགས་པ་ལྔས་མདོར་བསྟན། ཐུན་མོང་མ་ཡིན་པའི་གླེང་སློང་ཕུན་སུམ་ཚོགས་པ་ལྔའི་ཆིངས་ཀྱིས་རྒྱས་པར་བཤད་པ་སྟེ། དེའང་ཐུན་མོང་བ་རྣམ་ལས་གླེང་གཞི་གང་རུང་གཅིག་ལས་མི་འབྱུང་ལ། འདིར་ཐལ་འགྱུར་ལས། ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །སྡུད་པོ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །གདུལ་གཞི་ལས་ནི་འདུལ་བྱེད་དུ། །བྱུང་བས་བསྟན་པ་གནས་པར་བྱེད། །ཅེས་གཞི་རང་བཞིན་གྱི་འོད་གསལ་བ་ཆོས་དབྱིངས་དོན་གྱི་འོག་མིན་དུ། རང་རིག་འཕོ་འགྱུར་མེད་པས་བླང་དོར་གྱི་ཆོས་ཉིད་ལས་འདས་པའི་རང་བཞིན་སྟོན་པ། འདི་སྐད་བདག་གིས་བསྟན་ཅིང་བཤད་པའི་དུས་ན་ཞེས་འབྱུང་ལ། ཚིག་གི་རྒྱུད་དེ་ཉིད་གནས་གང་དུ་བྱུང་བས་ཉམས་སུ་ལེན་པ་ད་ལྟ་བའི་དུས་མཚོན་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་གླེང་གཞི་གཉིས་སུ་བཀའ་སྩལ་པ་ཡིན་ནོ། །འདུ་ཤེས་ལོག་པ་དག། མདོ་རྒྱུད་གཞན་ནས་འདི་སྐད་བདག་གིས་ཐོས་ཞེས་གསུངས་ཀྱིས། འདིར་བསྟན་ཞེས་བྱུང་བས་རྒྱུད་མ་ཡིན་ཏོ་ཟེར་བ་ནི་བློ་གྲོས་ཀྱི་མི་གཟུམ་པ་སྟེ། བསྟན་པས་བཅོས་མ་ཡིན་ན་འཇམ་དཔལ་ལས། གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཞེས་དང་། བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བསྟན་པར་བྱ། །ཞེས་གསུངས་པས་དེ་དག་ཀྱང་། བཅོས་མར་འགྱུར་པའི་སྐྱོན་ཡོད་དོ། །ད་དུང་ཁྱད་པར་གྱི་ཆོས་


JL02_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ན། ཐུན་མོང་དུ་འདི་སྐད་བདག་གིས་ཐོས་ཞེས་པ་ཚིག་ཙམ་ཐོས་ཀྱི་དོན་ཁོང་དུ་མ་ཆུད་ཅེས་པའི་དོན་དང་། བླ་ན་མེད་པ་འདི་བསྟན་ཅིང་བཤད་པའི་དུས་ཀྱི་སྒྲས་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་ཅིང་སྟོན་པ་དང་སྡུད་པོ་གཉིས་སུ་མེད་པའི་ཆེ་བའང་ཞར་ལ་གྲུབ་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེའི་ཕྱིར་དོན་གྱི་རྒྱུད་འབྱུང་བར་སྟོན་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། ཚིག་གི་རྒྱུད་འབྱུང་བར་མཚོན་པ་ཐུན་མོང་གི་གླེང་གཞི་སྟེ་ཐེག་པ་ཀུན་མདོ་མཐུན་པར་བསྟན་པའོ། །བཤད་ཐབས་དངོས་ལ་ཆིངས་ཆེན་པོ་ལྔ། ཡན་ལག་རྣམ་པ་བཞིར་ཡོད་པའི་སྔ་མ་ནི་དྲངས་ཟིན་ལ། ཡན་ལག་བཞི་ནི་རིག་པ་རང་གྲོལ་ལས། ཁྱུང་ཆེན་མཁའ་ལྡིང་ལྟ་བུའི་བློས། །དོན་གྱི་ཁོག་རྣམས་ཕུབ་སྟེ་བཤད། །སྟག་མོའི་མཆོངས་རྟངས་ཤེས་རབ་ཀྱིས། །དོན་གྱི་ས་ཆེན་བཅད་དེ་བཤད། །རུས་སྦལ་ནུར་འགྲོས་ལྟ་བུའི་བློས། །ཡི་གེའི་འབྲུ་རྣམས་ཆོམ་པར་བཤད། །མུ་ཏིག་བསྟར་བརྒྱུས་ལྟ་བུའི་བློས། །མན་ངག་དོན་དུ་བསྡེབས་ལ་བཤད། །ཅེས་པས། དོན་གྱི་ཁོག་ཁྱུག་གི་ནམ་མཁའི་དབྱིངས་འཇལ་བ་ལྟར་ཕུབ། དཀྱུས་ཀྱི་ས་སྟག་མོ་ནགས་ལ་མཆོངས་པ་ལྟར་བཅད། ཚིག་གི་དོན་རུས་སྦལ་དལ་གྱིས་འགྲོ་བ་ལྟར་བཤད། མན་ངག་གི་དོན་མུ་ཏིག་སྟར་ལ་བརྒྱུས་པ་བཞིན་བསྡུ་བ་སྟེ་རྒྱུད་ཀྱི་བཤད་ཐབས་སྤྱིར་བསྟན་པ་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་བྱེ་བྲག་ཏུ་དབྱེ་བ་ལས། དང་པོ་བསྐྱེད་པ་མ་ཧཱ་ཡོ་ག་ནི། དེའང་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བ་རྣམས་ལ་སྣང་བ་ཐབས་ཀྱི་རང་བཞིན་པའི་རྒྱུད་དུ་བསྟན་པ་སྟེ། དེ་ལ་གསུམ། ངོ་བོ། དབྱེ་བ། ངེས་བྱེད་དོ། །དང་པོ་ནི། མ་ཧཱའི་སྒྲ་ལས་དྲངས་པ་ཆེན་པོ། ཡོ་གའི་སྒྲ་ལས་དྲངས་པ་རྣལ་འབྱོར། ཏནྡྲའི་སྒྲ་ལས་དྲངས་རྒྱུད་དེ། རྣལ་འབྱོར་ཆེན་ཐབས་ཀྱི་རྒྱུད་ཅེས་བྱ་བ། ་འདི་ལྟར་


JL02_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་ཀྱི་རོལ་བར་སྣང་བ་ཐམས་ཅད་ལྷ་དང་གཞལ་མེད་ཁང་ཆེན་པོར་བལྟ་ཞིང་། ཕུང་པོ་ལྔ། ཁམས་དྲུག། སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་ལྷའི་ཕྱག་རྒྱ་གཅིག་ཏུ་གསལ་ཞིང་། རླུང་ལྔ་གཙོ་བོར་གྱུར་བའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཆེན་པོ་གཉིས་སུ་མེད་པའི་ལམ་གཙོ་བོར་བྱས་ནས་སྣང་གྲགས་རིགས་གསུམ་དཀྱིལ་འཁོར་གསུམ་གྱི་ངོ་བོར་རྫོགས་པས་ཚེ་འདིར་གྲོལ་བར་འདོད་པའོ། །གཉིས་པ་དབྱེ་བ་ལ་གསུམ། ངོ་བོ་གཞི་ལམ་འབྲས་བུ་གཙོ་བོར་འདོད་པ་དང་། ཐབས་ལམ་བསྒྲུབ་པ་གཙོ་བོར་འདོད་པ་དང་། སྣ་ཚོགས་ལམ་འགྱུར་གཙོ་བོར་འདོད་པའོ། །དང་པོ་ནི། བཤད་རྒྱུད་མེ་ལོང་ལས། ཆོས་རྣམས་མ་ལུས་གཉིས་མེད་པའི། །རང་རིག་བྱང་ཆུབ་སེམས་ཉིད་དོ། །ཞེས་དང་། སྙིང་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་གང་རྟོགས་པར་བྱ་བ་རང་བཞིན་གཞིའི་རྒྱུད་སེམས་ཉིད་འོད་གསལ་བ་དང་། དེ་མཚོན་བྱེད་མིང་ཚིག་ཡི་གེར་སྣང་བས་རྟོགས་པར་བྱེད་པའི་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་བསྐྱེད་རྫོགས་ཟབ་མོའི་ཏིང་ངེ་འཛིན་ལས་རྩེ་གཅིག་ཏུ་མི་གཡོ་བའི་དྲོད་ལས་ཡོན་ཏན་གོང་ནས་གོང་དུ་བསྒྲུབ་པ་སྟེ། དེ་སྐད་དུ། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་སོ། །དེ་ལྟར་བསྒྲུབས་པས་མཐར་ཕྱིན་པ་འབྲས་བུའི་རྒྱུད་རང་བྱུང་གི་ཡེ་ཤེས་མངོན་དུ་བྱེད་པ་མཆོག་གི་བསྒྲུབ་པ་གཙོ་བོ་ཡིན་པའང་འདོད་དེ། སྦྱང་གཞི་རྒྱུའི་རྒྱུད་ལ་བརྟེན་ནས། སྦྱང་བྱ་གློ་བུར་གྱི་དྲི་མ་རྣམས་སྦྱོང་བྱེད་ལམ་མམ་ཐབས་ཀྱི་རྒྱུད་ཀྱིས་ལེགས་པར་སྦྱངས་པས། སྦྱངས་འབྲས་བླ་ན་མེད་པ་མཆོག་གི་འབྲས་བུ་ནམ་ཡང་རྒྱུན་ཆད་མེད་པའི་རྒྱུད་ཀྱི་དབྱིངས་ལ་སྦྱོར་བ་ལ་ཐ་སྙད་བཞག་པ་སྟེ། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། གྲུབ་པའི་རྣལ་


JL02_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རྣལ་འབྱོར་ཆེ། །ལྷུན་གྲུབ་ཇི་བཞིན་མངོན་བྱས་པའང་། །བརྟགས་པ་ཙམ་སྟེ་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། །ཞེས་བཤད་དོ། །གཉིས་པ་ཐབས་ལམ་བསྒྲུབ་པ་གཙོ་བོར་འདོད་པ་ནི། སྐུའི་དཀྱིལ་འཁོར་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། གསུང་གི་དཀྱིལ་འཁོར་པདྨ་སྒྱུ་འཕྲུལ་དྲྭ་བ། ཐུགས་ཀྱི་དཀྱིལ་འཁོར་ཁྲག་འཐུང་། ཡོན་ཏན་གྱི་དཀྱིལ་འཁོར་རིན་པོ་ཆེ། ཕྲིན་ལས་ཀྱི་དཀྱིལ་འཁོར་སྒྱུ་འཕྲུལ་དྲྭ་བ་ལམ་དུ་བྱེད་པ་སྟེ། དཀྱིལ་འཁོར་ལྔ་གང་རུང་གི་སྒྲུབས་པ་ལ་བརྟེན་ནས། རྟོགས་པ་དང་ཏིང་ངེ་འཛིན་རྗེས་ལ་སྐྱེ་བས་བསྒྲུབ་པ་ལས་དངོས་གྲུབ་འདོད་ཅིང་ལམ་བསྒྲུབས་པས་གཞི་འབྲས་ཞར་ལ་འདོད་པའོ། །གསུམ་པ་སྣ་ཚོགས་ལམ་གྱུར་ལ་རྒྱུད་དང་། སྒྲུབ་ཐབས་གཉིས་ལས། རྒྱུད་ལ་བསྐྱེད་རྫོགས་རིམ་ཅན་དུ་འདོད་པ་རཏྣ་ཀཽ་ཏུ་བྷ་དང་རྡོའི་ཁམས་ལྷན་ཅིག་ཏུ་བཞག་པས་རིམ་གྱིས་གསེར་གྱི་རང་བཞིན་དུ་འགྱུར་བ་ལྟ་བུ་དང་། དུས་ཅིག་ཅར་དུ་འདོད་པ་མཀྵི་ཀའི་སྦྱོར་བས་ལྕགས་ཁམས་མྱུར་བོར་གསེར་དུ་བསྒྱུར་ནུས་པ་བཞིན་ཏེ། གཉིས་ཀས་གཞི་ལམ་ཞར་ལ་འདོད་པའོ། །ནོ་པི་ཀ་ལ་གཉིས། སོ་ཏ་ནོ་པི་ཀ་ཐམས་ཅད་སེམས་ཀྱི་རོལ་བར་ཤེས་པ་གཙོ་ཞིང་ཡན་ལག་དང་བཅས་བསྒྲུབ་པ་དང་། མཎྜལ་ནོ་པཾ་ཀ་དཀྱིལ་འཁོར་དུ་འཇུག་པ་ཚོགས་གཙོ་བོར་བྱས་ཏེ་བསྒྲུབ་པའོ། །དེ་དག་གི་ངོ་བོ་ཀུན་རྫོབ་ཙམ་དུ་ཡང་དག་པའི་ཀུན་རྫོབ་ཀྱི་གནས་སྐབས་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བལྟ། ནང་བཅུད་ཀྱི་སེམས་ཅན་བརྟེན་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་བལྟས་པས། འགྲོ་བ་ཐམས་ཅད་ལྷ་དང་ལྷ་མོའི་གཟུགས་སུ་མཐོང་བས། །གནས་སྐབས་སུ་ཡི་དམ་གྱི་ལྷ་ལ་སྲོག་གཅོད་པ་དང་། རྫུན་དུ་སྨྲ་བ་ལ་སོགས་པས་མཚོན་ཏེ་མི་དགེ་བའི་ལས་སྤང་བ་དང་། མཐར་ཐུགས་བདེན་པས་ཕྲལ་དུ་མ་གོལ་བར། དོན་དམ་པ་ཅིའི་ངོ་བོར་ཡང་མ་གྲུབ་པའི་ཟུག་འཇུག་དབྱེར་མེད་དུ་རྟོགས་པ་ཡིན་པའི་ཕྱིར་རོ།


JL02_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ངེས་འབྱེད་རྒྱུད་སྡེའི་རྣམ་གྲངས་ལ། རྩ་རྒྱུད་དང་མན་ངག་གི་རྒྱུད་གཉིས་ལས། རྩ་བའི་རྒྱུད་ལ། དཔལ་གསང་བ་འདུས་པ་ནམ་མཁའ་དང་མཉམ་པའི་རྒྱུད། རི་རབ་ཟེ་མ་རྒྱ་མཚོ་དང་མཉམ་པའི་རྒྱུད། ཡེ་ཤེས་རྒྱས་པ་ས་གཞི་དང་མཉམ་པའི་རྒྱུད་དོ། །གདམས་པ་མན་ངག་གི་རྒྱུད་ལ། བར་ཆད་སྲུང་བ་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད། རྔམ་བྱེད་མེ་ལྟར་འབར་བའི་རྒྱུད། ཟ་བྱེད་རོལ་བ་སྦྱིན་སྲེག་གི་རྒྱུད། སྟོབས་པོ་ཆེ་ཡོངས་སུ་སྒྲོལ་བའི་རྒྱུད། ཟླ་གསང་ནག་པོའི་རྒྱུད། ཞི་བ་ལྷའི་རྒྱུད་ལ་སོགས་པའོ། །གཉིས་པ་ལུང་ཨ་ནུ་ཡོ་ག་ནི། སྦྱང་གཞི་འདོད་ཆགས་ཤས་ཆེ་ཞིང་སེམས་གནས་པ་ལ་དགའ་བ་ལ། སྦྱང་བྱ་སྟོང་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མའི་རྒྱུད་དུ་བསྟན་པ་སྟེ། དེ་ལ་གསུམ། ངོ་བོ། དབྱེ་བ། ངེས་བྱེད་དོ། །དང་པོ་ནི། ཨ་ནུ་ཡོ་གའི་སྒྲ་ལས་རྗེས་སུ་རྣལ་འབྱོར། ཏནྡྲ་སྟེ་རྒྱུད། དབྱིངས་བདེ་ཆེན་རྣལ་འབྱོར་གྱི་རྒྱུད་ཆེན་པོ་སྟེ། སྣོད་བཅུད་ཐམས་ཅད་ལྷའི་རང་བཞིན་དུ་དབྱིངས་ན་སངས་རྒྱས་པར་རྟོགས་པའི་སྤྲོས་བྲལ་གྱི་མཐའ་གང་དུའང་མ་དམིགས་པའི་རང་བཞིན་གྱིས། ཐབས་བསྐྱེད་པའི་རིམ་པ་ཤས་ཆུང་ཞིང་། རྫོགས་པའི་རིམ་པ་ཤེས་རབ་རྩ་ཐིག་རླུང་གི་རྣལ་འབྱོར་ལ་བརྟན་དབབ་བཟུང་ལྡོག་ཁྱབ་ཀྱིས་སྦྱོར་བ་ལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་ཅིང་། བདེ་གསལ་མི་རྟོག་པའི་གནས་ལུགས་ལམ་དུ་བྱེད་པས་ཚེ་འདིར་གྲོལ་བའི་རང་བཞིན་ནོ། །གཉིས་པ་ནི། དབྱེ་ན་ལུང་དང་མདོ་གཉིས་ལས། ལུང་ལ་བསྟན་པའི་ལུང་སེམས་དང་སེམས་ལས་བྱུང་བ་དབྱིངས་དང་ཡེ་ཤེས་ཀྱི་རང་བཞིན་དུ་འདོད་པ་དང་། བརྗོད་པའི་ལུང་ཚིག་དང་ཐ་སྙད་ལས་གོ་བར་བྱེད་པའོ། །མདོ་ལས་སྒྱུ་་འཕྲུལ་གཞི་ལམ་ལས་ཁྱད་པར་དུ་གྱུར་བ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་གཞི་ལམ་རྣམ་དག་ཏུ་སྨྲ་བ་དང་། ཕུར་བུ་ཐལ་འབྱིན་གྱི་དོན་ངེས་པར་མཚོན་པ།


JL02_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཁུ་བྱུག་རོལ་བ་ཡེ་ཤེས་ཐོད་རྒལ་དུ་སྨྲ་བ་དང་། དཔལ་ཆེན་པོ་ཕྱག་རྒྱ་ཡང་དག་པ་ལས་ཁྱད་པར་དུ་འཕགས་པ་ཀུན་འདུས་རིག་པའི་མདོ་ཡང་དག་པ་ལམ་གྱུར་དབྱིངས་སུ་སྨྲ་བ་དང་། ཨ་ནུའི་རང་གཞུང་མངོན་པར་རྟོགས་པ་རང་གསལ་དུ་སྨྲ་བས་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་འདོད་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ། །སེམས་དང་ཡེ་ཤེས་འབྱེད་པ་སེམས་ལུང་ཆེན་མོ་ཡི་གེ་རྣམ་དག་གི་མདོ་དང་དྲུག་གི་རྗེས་སུ་འབྲངས་ནས། བདེ་སྟོང་དབྱིངས་དང་ཡེ་ཤེས་ཀྱི་རིམ་པ་ཅིག་ཅར་དུ་འདོད་པ་དང་། རིམ་གྱིས་པ་དང་། མཐར་ཆགས་པ་དང་། ཐོད་རྒལ་དུ་འདོད་པ་སྟེ། དབྱིངས་དང་ཡེ་ཤེས་བདེ་སྟོང་བྱང་ཆུབ་སེམས་ཀྱི་ཐེག་པའི་རང་བཞིན་ནོ། །གསུམ་པ་ངེས་བརྗོད་རྒྱུད་སྡེའི་རྣམ་གྲངས་ལ། བཤད་མ་ཐག་པའི་སྔགས་ཀྱི་མདོ་དྲུག་དང་། རྩ་བའི་རྒྱུད་ལ། ཐིག་ལེ་འདུས་པའི་རྒྱུད། སྒྱུ་མ་ཆེན་པོའི་རྒྱུད། ཟླ་གསང་ཐིག་ལེའི་རྒྱུད། རྡོ་རྗེ་གདན་བཞིའི་རྒྱུད་དོ། །གདམས་པ་མན་ངག་གི་རྒྱུད་ལ། སྐུའི་རྒྱུད་མེ་ལྟར་འབར་བ། གསུང་གི་རྒྱུད་དབང་ཆེན་འདུས་པ། ཐུགས་ཀྱི་རྒྱུད་པུཎྜ་རཱི་ཀ། །ཡོན་ཏན་གྱི་རྒྱུད་ལྷ་མོ་གསང་བ། ཕྲིན་ལས་ཀྱི་རྒྱུད་རིག་འཛིན་འདུས་པ། རིག་སྔགས་སྤྱིའི་སྒྲུབ་པ་ཧེ་རུ་ཀའི་ཏནྟྲ། བྱེ་བྲག་གི་སྒྲུབ་པ་ལ། འཇམ་དཔལ་སྐུའི་རྒྱུད་ཟླ་གསང་ནག་པོ། པདྨ་གསུང་གི་རྒྱུད་རྟ་མཆོག་རོལ་པ། ཡང་དག་ཐུགས་ཀྱི་རྒྱུད་ཧེ་རུ་ཀ་གལ་པོ་ཆེ། ཕུར་བ་ཕྲིན་ལས་ཀྱི་རྒྱུད་བྱི་ཏོ་ཏ་མ་ལ་འབུམ་སྡེ། བདུད་རྩི་ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པ་ཆེ་ཆུང་། མ་མོ་རྦོད་གཏོང་གི་རྒྱུད་མ་མོ་ཀུན་འདུས་སོ། །སྒྲུབ་པ་སྡེ་དྲུག་ལས་ཁ་ཚར་གྱི་རྒྱུད་ལ། ཕྲིན་ལས་ཁ་སྐོང་བ་ཆོས་ཉིད་གཏོར་མའི་རྒྱུད། ལས་རྒྱ་མཚོ་ཇི་ལྟར་བྱ་བ་ཀརྨ་མཱ་ལེ་ཕྲིན་ལས་ཀྱི་རྒྱུད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ཚོགས་ཀྱི་རྒྱུད་ཆེ་ཆུང་། མཆོད་པ་མི་ཟད་པའི་གཏེར་དུ་བྱིན་


JL02_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབས་པ་ནམ་མཁའ་མཛོད་ཀྱི་རྒྱུད། སྒྲོལ་བ་གནས་སུ་དག་པ་སྟོབས་པོ་ཆེ་ཡོངས་སུ་སྒྲོལ་བའི་རྒྱུད། སྦྱོར་བ་གནས་སུ་དག་པ་ཐིག་ལེ་ཀློང་གི་རྒྱུད། བརྟུལ་ཞུགས་དྲག་པོས་ཀུན་ཏུ་སྤྱོད་པ་གླང་པོ་ཆེ་རབ་འབོག་གི་རྒྱུད། ལས་བཞི་མཐར་ཕྱིན་པ་ཟ་བྱེད་རོལ་བ་སྦྱིན་སྲེག་གི་རྒྱུད། ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་གཏོར་རྒྱུད་ཆེ་ཆུང་། བཀའི་འཁོར་ལོ་ལྷག་མས་བསྐངས་ནས་ལས་ལ་བསྐུལ་བ་དཔལ་འབར་ཁྲོ་མོའི་རྒྱུད། གདུག་པ་ཅན་གཟིར་མནན་གྱིས་ཚར་བཅད་པ་ཞིང་བཅུ་རོལ་པའི་རྒྱུད་ལ་སོགས་པའོ། །འདི་དག་གི་རྒྱུད་གཙོ་ཆེ་ཆུང་ལས། རང་བཞིན་དུ་མ་ཧཱ་དང་ཨ་ནུ་གཉིས་ཀར་གཏོགས་པའི་མན་ངག་གི་རྒྱུད་དུ་ཐམས་ཅད་མཁྱེན་པ་ཀློང་ཆེན་པས་ངོས་བཟུང་བ་ཡིན་ནོ། །དོན་གསུམ་པ་གདུལ་བྱ་གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་ཅན་གྱི་དོན་དུ་གསུངས་པ་གཉིས་སུ་མེད་པའི་རྒྱུད་རང་བཞིན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་གཉིས། འོག་མ་རྣམས་ལས་འཕགས་པའི་ཚུལ་དང་། གསང་བ་ཆེན་པོ་དངོས་བཤད་པའོ། །དང་པོ་ནི། ཐེག་པ་འོག་མ་ཐམས་ཅད་རྩོལ་སྒྲུབ་དང་བླང་དོར་གྱི་རང་བཞིན་ཅན། བཅོས་སླད་དང་རེ་དོགས་ཀྱི་སྒྲིབ་པས་རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་རང་གནས་ཆེན་པོ་ཡེ་གྲོལ་འདུས་མ་བྱས་པའི་དགོངས་པ་ལ་བསྒྲིབས་ཏེ་གོལ་བས། ཡང་དག་པའི་དོན་རྣལ་མ་ལ་རེག་པའི་དུས་སྐབས་བསྐལ་བ་ནི་ཀུན་བྱེད་རྒྱལ་པོ་ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀྱཻ། སེམས་དཔའ་ཆེན་པོ་འདི་ཉོན་ཅིག། འཁོར་གྱི་སྟོན་པ་རྣམ་གསུམ་གྱི། །བསྟན་པ་གསུམ་ནི་གོལ་སྒྲིབ་སྟེ། །དེ་ཡང་ཇི་ལྟ་བུ་ཞེ་ན། ངེས་པ་ཐོབ་པའི་ཐེག་པ་དྲུག། རྫོགས་པ་ཆེན་པོའི་གོལ་སར་བསྟན། །ཅེས་གོལ་ས་སྤྱིར་བསྟན་ནས་བྱེ་བྲག་ཏུ་རང་རང་གི་ངོ་བོས་དབྱེ་སྟེ་གསལ་བར་བསྟན་པ་ནི། དེ་ཉིད་ལས། དེ་ཡང་ཇི་ལྟ་བུ་ཞེ་ན། །བྱང་ཆུབ་སེམས་དཔའི་མདོ་སྡེ་ནི། །ཀུན་ཏུ་འོད་ཀྱི་ས་འདོད་པ། བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས། །ཆོས་ཉིད་སྟོང་པ་ནམ་མཁར་འདོད།


JL02_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །རྟོག་དཔྱོད་འདས་ལམ་མདོ་སྡེས་བསྒྲིབས། །རྫོགས་ཆེན་རྟོག་དང་དཔྱོད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །ཅེས་སོ། །འོ་ན་བདེན་པ་གཉིས་ལ་མི་བརྟེན་པའི་ཆོས་དེ་གྲངས་ཅན་པའི་གྲུབ་མཐའ་ལྟར་རྒྱུ་འབྲས་ཐ་ཆད་དུ་སྨྲ་བ་དང་མི་མཚུངས་སམ་ཞེ་ན། མ་ཡིན་ཏེ་བསྐྱེད་བྱ་སྐྱེ་ད་བྱེད་ལ་སོགས་པའི་རྒྱུ་འབྲས་རྐྱེན་དང་བཅས་པ་མེད་པས། ཡེ་ནས་ནམ་མཁའ་ལྟ་བུའི་རང་བཞིན་འཕོ་འགྱུར་བྱ་རྩོལ་ལས་འདས་པ་དོན་དམ་པའི་བདེན་པ་དག་མ་དག་གིས་ཆོས་ཉིད་གང་དུའང་རིས་སུ་མ་ཆད་པའི་གནས་ལུགས་འོད་གསལ་བའི་དབྱིངས་ལ་ཀུན་རྫོབ་དང་དོན་དམ་གྱི་ཆོས་མེད་པ་སྟེ། ཀུན་བྱེད་ལས། བདེན་པ་གཉིས་ཀྱིས་གཏན་ལ་དབབ་ཏུ་མེད། །ངེས་པ་གཅིག་ལ་བདེན་པ་རྣམ་པ་གཉིས། །མ་ངེས་ཐེ་ཚོམ་ཅན་གྱི་ལུང་དེ་ལ། །ངེས་པར་གཅིག་ཏུ་བསྟན་པར་ག་ལ་ཡོད། །རྣལ་འབྱོར་གང་ཟག་ཆོས་ལ་རློམ་བྱེད་ནི། །སྟོང་གསུམ་རྒྱུ་འབྲས་ལུང་ལ་བརྟེན་སྨྲ་བ། །དེ་ལ་བདེན་གཉིས་ཚད་མ་བཞི་ཡང་དགོས། །ཀུན་བྱེད་གཞི་ཡིས་ཆོས་ཀུན་བྱས་པའི་ཕྱིར། །ངས་བྱས་ཆོས་ལ་བདེན་པ་གཉིས་མི་དགོས། །ངས་བྱས་ཆོས་ལ་བདེན་པ་གཉིས་དགོས་སུ། །ངས་བྱས་ཐམས་ཅད་བྱང་ཆུབ་སེམས་སུ་བྱས། །བྱང་ཆུབ་སེམས་ལ་ཀུན་རྫོབ་དོན་དམ་མེད། །ཅེས་སོ། །དེ་བཞིན་དུ་སྔགས་འོག་མ་ཐམས་ཅད་ལའང་སྤང་གཉེན་གྱི་གོལ་སྒྲིབ་ནི། ཀུན་བྱེད་རྒྱལ་པོ་ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀྱཻ། ཀྲྀ་ཡ་རྡོ་རྗེ་འཛིན་འདོད་པ། །དག་པ་རྣམ་གསུམ་སྒོར་ཞུགས་ནས། །གཟུང་འཛིན་དག་པའི་ཡུལ་ལ་གནས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཟུང་འཛིན་འདས་པའི་བྱང་ཆུབ་སེམས། །གཟུང་འཛིན་འདས་ལ་ཀྲཱྀ་ཡས་བསྒྲིབས། །རྫོགས་ཆེན་གཟུང་དང་འཛིན་བྱེད་པ། །ཀྲཱྀ་ཡ་དག་ཏུ་གོལ་བར་བཤད། །ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །ཀྲྀ་ཡ་སྤྱོད་འབྲེལ་བའི་དོན་མེད་པས། །གཉིས་སུ་མེད་པའི་དོན་མ་


JL02_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །གཉིས་སུ་མེད་ལ་ཨུ་པས་བསྒྲིབས། །རྫོགས་ཆེན་གཉིས་སུ་བྱེད་པ་ནི། །ཨུ་པ་ཡ་རུ་གོལ་བར་བཤད། །ཡོ་ག་སྟུག་པོ་བཀོད་འདོད་པ། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཕྱག་རྒྱ་བཞི་ལ་གཙོར་བྱེད་ལ། །བླང་དོར་མེད་ལ་འཇུག་མ་ནུས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །བླང་དོར་མེད་ལ་ཡོ་གས་བསྒྲིབས། །རྫོགས་ཆེན་བླང་དང་དོར་བྱེད་པ། །ཡོ་ག་དག་ཏུ་གོལ་བར་བཤད། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་སྒྲུབ་རྣམ་བཞི་སྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་སྒྲུབ་འདས་ལ་མ་ཧཱས་བསྒྲིབས། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་ས་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྷ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་བལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་སོ། །འོ་ན་ཐེག་པ་འོག་མ་དེ་དག་དགོས་པ་ཅིའི་སླད་དུ་བསྟན་སྙམ་ན་མ་དག་པ་འཁོར་བ་དང་ལམ་ལ་སོགས་པ་རྒྱུ་འབྲས་ཀྱི་ནུས་པས་བསྐྱེད་པས་རྒྱུ་འབྲས་ལ་ལྟོས་པའི་ལམ་གྱི་རྣམ་གཞག་གཙོ་ཆེ་བ་རྣམས་དབང་པོ་འབྲིང་མན་ཆོད་ཀྱི་དོན་དུ་བསྟན་པ། དབྱིངས་ངོ་བོ་ཉིད་ཀྱི་རྣམ་པར་དག་པའི་དོན་ལ་རྒྱུ་འབྲས་ཀྱི་ཆོས་མེད་པའི་ཕྱིར་དབང་པོ་རྣོན་པོ་ལ་ཡེ་བཞག་གི་དོན་འདི་ལྟ་བུ་བསྟན་ནས། དེ་ལ་བཅོས་ཤིང་བསྒྱུར་མི་དགོས་པར་འཆད་པ་ཡང་དེ་ཉིད་ལས། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །ས་ལ་སྦྱང་མེད་ལམ་ལ་བགྲོད་དུ་མེད། །ཕྲིན་ལས་བཙལ། མེད་དབང་ལ་བསྐུར་དུ་མེད།


JL02_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་གསུམ་རྩོལ་མེད་དཀྱིལ་འཁོར་བསྐྱེད་དུ་མེད། །རྒྱུ་འབྲས་གཉིས་མེད་ནམ་མཁའ་ལྟ་བུའོ། །ཞེས་དང་། བྱང་ཆུབ་སེམས་པ་ཡེ་ནས་མ་ནོར་ཡིན། །ཡེ་ནས་ཡིན་ལ་ཡེ་ནས་ནོར་བ་མེད། །ནོར་བ་མེད་ལ་བདེན་རྫུན་སྒྲོ་མི་འདོགས། །རྒྱུ་རྐྱེན་འབྲས་བུ་རྩོལ་སྒྲུབ་ཀུན་ལས་འདས། །བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། །རྩོལ་སྒྲུབ་བྱ་བྱེད་སྒོམ་པས་འགྲུབ་ལྟ་ན། །བྱང་ཆུབ་བགེགས་སུ་དེ་ལས་ཆེ་བ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟ་ན་ཁམས་ཀྱི་དྲི་མ་བླང་དོར་གྱི་ཆོས་ཟབ་མོས་སྦྱང་དུ་མི་འདུག་པས། ཐ་མལ་བ་ལྟར་འདུག་པ་ཁོ་ནས་སངས་རྒྱས་འགྲུབ་བམ་ཞེ་ན། ཐ་མལ་བས་ཐད་ཀའི་སྣང་བ་ལམ་དུ་འཁྱེར་མི་ནུས་ཤིང་། གནས་ལུགས་ཀྱི་བཞུགས་ཚུལ་དེ་ལྟར་ཡིན་པ་མ་རིག་པས་ལས་དང་བག་ཆགས་ཀྱི་རྟེན་གཞིར་གནས་བཅས་ཤིང་རང་བཞིན་འོད་གསལ་བའི་གནས་ལུགས་རང་ལ་ཡོད་ཀྱང་། དབུལ་པོའི་ཁྱིམ་གྱི་གཏེར་བཞིན་དུ་དེས་གོ་མ་ཆོད་པས་དབུལ་པོའི་རང་བཞིན་འགྱུར་བ་མེད་པ་བལྟར་གནས་པ་དང་། རྫོགས་པ་ཆེན་པོ་བླ་མའི་མན་ངག་ལ་བརྟེན་ནས་ད་ལྟའི་རིག་པ་སྒྲོ་འདོགས་ཅིག་ཅར་དུ་ཆོད་པ་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལྷུན་གྲུབ་ཏུ་ཚང་བའི་སྐུ་གསུམ་རང་ཆས་ཀྱི་བདེན་པ་མཐོང་བས་སངས་རྒྱས་ལོགས་ནས་བཙལ་མི་དགོས་པའི་སྤང་གཉེན་གྱི་ཆོས་པ་རབ་གཉིས་མི་མཚུངས་ཏེ། ཀུན་ཏུ་བཟང་པོ་ཀློང་དྲུག་པ་ལས། །རྙོག་པ་མེད་པའི་རང་སེམས་དང་། །རྟོག་པ་མེད་པའི་རང་རིག་གཉིས། །འདྲའོ་འདྲའོ་ནོར་ར་རེ། །མ་བསྒྲིབས་གཏིང་གསལ་སྣང་བ་དང་། །འགྲོ་བའི་བསམ་རྒྱུད་ཞེན་པ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །མ་བཙལ་བཞག་པར་སྒོམ་པ་དང་། །རྩ་རླུང་སེམས་ཀྱི་ངལ་བསོ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །དྲན་མེད་རིག་པ་ཡུལ་སྣང་དང་། །དྲན་བསམ་འགྲོ་དྲུག་འཁྲུལ་བ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཉིད་གཡོ་བ་མེད་པའི་ཆོས་


JL02_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བྱང་ཆུབ་ཀྱི་སེམས་ནི་ཐེག་པའི་ཡང་རྩེ་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་གནས་ལུགས་ཏེ་ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་པ་མེད། །དེས་ན་སངས་རྒྱས་སེམས་ལས་མེད། །ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ལོངས་སྤྱོད་རྫོགས། །སེམས་ལས་བྱུང་བའི་གཟུགས་རྣམས་ལ། །ལོངས་སྤྱོད་རྫོགས་ལས་སྐུ་གཞན་མེད། །སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་སྤྲུལ་པ་ལས། །འགྲོ་བའི་དོན་མཛད་གཞན་ན་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ལས་གཞན་མེད་དེ། །སྔ་རབས་འདས་པའི་སངས་རྒྱས་རྣམས། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ད་ལྟར་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་པ་ཡི་རང་སེམས་དེ། །མ་བཅོས་ཇི་བཞིན་རྟོགས་གྱུར་པས། །ད་ལྟར་འགྲོ་བའི་དོན་ཡང་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །རང་སེམས་བྱང་ཆུབ་སེམས་ཉིད་འདི། །སྔ་མ་བཅོས་པར་ལུང་མ་བསྟན། །ད་ལྟར་ཏིང་འཛིན་སེམས་མི་འཆོས། །མ་བཅོས་ལམ་དུ་ཞུགས་ནས་བྱོན། །ཞེས་དང་། སེམས་ནི་ཇི་བཞིན་པ་ཡི་དངོས་པོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་དུ་གྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག། ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབ་ཅིག། བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་བསྒྲུབས་ཟིན་པས་ད་སྒྲུབ་མ་བྱེད་པར། །མི་རྟོག་ཅིར་མི་དགོངས་ལ་མཉམ་པར་ཞོག། ཅེས་དང་། །དེ་སྐད་དུ་གསང་བའི་སྙིང་པོ་ལས་ཀྱང་། །དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ལས། །སངས་རྒྱས་


JL02_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་མ་འཚོལ་ཅིག །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་གསུངས་པ་ལྟར་ཐེག་པའི་རྒྱལ་པོ་འདིས་དབྱིངས་ཀྱི་ངོ་བོ་འོད་གསལ་རང་བྱུང་གི་ཡེ་ཤེས་སྤང་བླང་མེད་པར་བསྟན་ནས་བྱ་རྩོལ་དང་བྲལ་བའི་ས་ལ་སངས་རྒྱས་པའི་ཕྱིར་གཞན་ལས་ཆེས་འཕགས་པ་ཡིན་ནོ། །གཉིས་པ་ཁྱད་པར་ཅན་གྱི་གསང་བ་ཆེན་པོ་བཤད་པ་ལ་གསུམ། ངོ་བོ། དབྱེ་བ། རྣམ་གྲངས་ངེས་པའོ། །དང་པོ་ནི། ཨ་ཏིའི་སྒྲ་ལས་ཕུལ་བྱུང་ངམ་ཤིན་ཏུ། ཡོ་ག་རྣལ་འབྱོར་ཏེ། ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེན་པོའི་རྒྱུད་དེ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ལ་རྒྱ་ཆད་དང་ཕྱོགས་ལྷུང་བྲལ་བས་ཐེག་པ་མཐའ་དག་གི་དོན་ཡོངས་སུ་རྫོགས་པས་རྩེ་མོར་གྱུར་བའོ། །གང་གི་ཕྱིར་རྫོགས་པ་ཆེན་པོ་བྱ་ཞེ་ན། མ་དག་པ་འཁོར་བའི་ཆོས་སྣང་སྲིད་སྣོད་བཅུད་དུ་སྣང་བ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་མཐའ་དག་དང་། དག་པ་ཡེ་ཤེས་ཀྱི་སྒོ་ལྟ་སྒོམ་སྤྱོད་པ་ཐེག་པའི་རྣམ་གྲངས་གཞི་ལམ་འབྲས་གསུམ་གྱི་རྣམ་རོལ་དུ་གྱུར་བའི་ཆོས་ཐམས་ཅད་སེམས་ཀྱི་བཟོ་བོས་གློ་བུར་དུ་བྱས་ཤིང་རྣམ་པར་སྒྲོ་བཏགས་པའི་ཕྱིར། དེའི་ངོ་བོ་བག་ཆགས་འཁྲུལ་འཛིན་དུ་ཤར་བས་བདེན་བདེན་ལྟ་བུར་སྣང་ཡང་དོན་ལ་ངོ་བོ་མ་གྲུབ་པས་རང་བྱུང་གི་ཡེ་ཤེས་ཉིད་ལས་མ་གཡོས་པས་སེམས་ཀྱི་ངང་དུ་རྫོགས་པ་དང་། སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་འོད་གསལ་བའི་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་རིག་པ་སྟེ། དེའི་ངང་དུ་སྐུ་གསུམ་གྱི་ཆོས་ཐམས་ཅད་ཕུན་སུམ་ཚོགས་པ་ལྔའི་རྣམ་རོལ་དུ་རྫོགས་པས་ན་ཕུན་སུམ་ཚོགས་པར་རྫོགས་པ་དང་། དེ་བཞིན་དུ་འདི་ལྟར་སྣང་ཞིང་སྲིད་པའི་ཆོས་དག་པ་དང་། མ་དག་པ་དང་། ཤིན་ཏུ་དག་པ་ལ་སོགས་པ་ཐ་དད་དུ་སྣང་བ་ཐམས་ཅད་རང་རིག་བྱང་ཆུབ་སེམས་ཀྱི་ངོ་བོར་འདུས། དང་ལ་ཤར། དེའི་རང་བཞིན་ལ་གནས་པ། །དཔེར་ན་གཉིད་ཀྱི་དང་དུ་རྨི་ལམ་གྱི་ཆོས་མཐའ་ཡས་པ་རྫོགས་པ་ལྟར་ཐམས་ཅད་སེམས་ཉིད་བྱང་ཆུབ་སེམས་ཀྱི་ངང་དུ་


JL02_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་དང་། དེའང་སེམས་ནི་ཀུན་རྟོག་པ་ཀུན་གཞི་ལས་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་རྟེན་འབྲེལ་དུ་ཤར་བ་ནི་དག་བྱ་དྲི་མ་ཡིན་ལ། སྐྱེ་འགག་གཉིས་མེད་བྱང་ཆུབ་ཀྱི་སེམས། སེམས་ཉིད་འོད་གསལ་བ། སེམས་ཀྱི་དམ་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་དབྱིངས་ཆོས་ཀྱི་སྐུ། དོན་དམ་པའི་བདེན་པ་དེ་བཞིན་ཉིད་རྫོགས་པ་ཆེན་པོ་ཞེས་པ་རྣམས་ནི། རང་བྱུང་། གི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་སྙིང་པོ་དོན་དུ་གཉེར་བྱའི་མཐར་ཐུག་ལ་ངོས་འཛིན་པ་སྟེ། དེའི་ཕྱིར་ཀུན་བྱེད་ལས། གཅིག་རྫོགས་གཉིས་རྫོགས་སེམས་ལ་རྫོགས། །གཅིག་རྫོགས་སེམས་ཀྱིས་བྱས་པར་རྫོགས། །གཉིས་རྫོགས་སུམ་རྫོགས་ཚོགས་པར་རྫོགས། །ཀུན་རྫོགས་བྱང་ཆུབ་སེམས་སུ་རྫོགས། །ཞེས་དང་། ཆེན་པོ་ནི་དེའི་གོང་དུ་རྣམ་པར་གྲོལ་བའི་ཆོས་གང་ཡང་མེད་པ་སྟེ། རིག་པ་རང་ཤར་ལས། དེ་བཞིན་རྫོགས་ཆེན་ཨ་ཏི་ལ། །བསྒྲུབ་མེད་སྒྲུབ་དང་བྲལ་བའོ། །ཕྱས་མེད་བྱུང་བ་མེ་པའོ། །འགག་མེད་ཁྱབ་གདལ་འུབ་ཆུབ་བོ། །འགྱུར་མེད་ཀློང་ཡངས་ཆེན་པོའོ། །ཆོས་མེད་སངས་རྒྱས་ཆེན་པོའོ། །ཞེས་སོ། །གཉིས་པ་དབྱེ་བ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་དབྱེ་བའོ། །དང་པོ་ལ་གསུམ། སེམས་སྡེ། ཀློང་སྡེ། མན་ངག་སྡེ་སྟེ། བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ། །ཞེས་སོ། །དེ་ལྟར་གསུམ་དུ་ངེས་པ་ནི་ཕྱི་ནང་གི་ཆོས་རྣམས་དོན་གཞན་ནམ། དཀྱིལ་འཁོར་ལ་སོགས་པ་མཐའ་གཅིག་ཏུ་ཞེན་པ་རྣམས་ལ་གཉིས་འཛིན་རང་རྒྱུད་ལ་སྤང་བའི་ཕྱིར། མ་དག་པ་སྣོད་བཅུད་དང་། དག་པ་མྱང་འདས་ཀྱི་སྣང་ཆ་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་བ་གཅིག་ཏུ་བསྟན་ནས་གཉིས་མེད་མཐའ་གྲོལ་ཆེན་པོའི་དབྱིངས་སུ་སྡུད་པ་ནི་གནས་པ་སེམས་ཀྱི་སྡེའོ། །དེ་ལའང་ཞེན་པའི་འཆིང་བ་མཐའ་དག་གྲོལ་བར་བྱེད་པ་ཆོས་ཐམས་ཅད་ཡེ་ནས་ཡོད་མ་མྱོང་མེད་མ་མྱོང་། གདོད་ནས་དག་པའི་རྫོགས་


JL02_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ། དབྱིངས་དག་མཉམ་ཀ་དག་ཆེན་པོའི་ཀློང་དུ་ཆམ་བརྡལ་བས་གཉེན་པོར་ཞེན་པའང་རང་སར་གྲོལ་བ་ནི་བྱ་བྲལ་ཀློང་གི་སྡེའོ། །དེ་ལས་གཉེན་པོ་བླང་བྱའི་ཆོས་ཉིད་མཐའ་གྲོལ་སྟོང་ཞེན་གྱི་ཕྱོགས་དེ་ཡང་གཞོམ་པ་དང་། ལྷུན་གྲུབ་རང་གསལ་ཆེན་པོ་དག་པའི་དབྱིངས་ལ་ཇི་ལྟར་གནས་པ་དབང་པོའི་སྤྱོད་ཡུལ་དུ་མངོན་སུམ་པར་ཐད་དྲང་དུ་སྟོན་པ་ནི་ཟབ་པ་མན་ངག་གི་སྡེ་སྟེ། མདོར་བསྡུ་ན། སྤང་བྱ་དང་། གཉེན་པོ་དང་། གཉིས་ཀའི་མཐའ་ལས་གྲོལ་བ་གསུམ་གྱིས་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་བྱུང་བ་རིག་པར་བྱ་སྟེ་གོ་བདེ་བར་བརྗོད་ན། རང་ངོ་ལས་གཞན་པའི་སེམས་གུད་ན་མེད་པས་སྣ་ཚོགས་སེམས་ཀྱི་སྡེ། ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པ་བྱ་བྲལ་ཀློང་གི་སྡེ། ཡིན་ལུགས་གནད་ཐོག་ཏུ་འབེབ་པ་ཟབ་པ་མན་ངག་གི་སྡེ་སྟེ། དང་པོ་ནི་སེམས་རང་བྱུང་གི་ཡེ་ཤེས་ལས་གཞན་དུ་གྱུར་བ་འགོག་པ། གཉིས་པ་ནི་ཆོས་ཉིད་ཀྱི་ཀློང་ནས་གཞན་འབྱུང་འགོག་པ། གསུམ་པ་ནི་གནད་མ་ཡིན་པ་གཞན་དུ་ལ་འབྱམས་པ་ལས་འགོག་པ་ཙམ་དུ་དགོངས་པ་སྟེ། དང་པོས་གཅོད་ཡུལ་དང་ཕྱག་རྒྱ་ཆེན་པོ་ལྟར་ཡུལ་ལ་ཆོས་ཉིད་ཀྱི་རྒྱས་འདེབས་མི་བྱེད་པར། ཡུལ་ཅན་གྱི་རིག་པ་སྟོང་པ་ཉིད་དུ་གཏན་ལ་འབེབས། གཉིས་པས་ལམ་འབྲས་དང་རིམ་ལྔ་ལྟར་བྱད་བཅིངས་ཀྱི་གནད་ལ་བརྟེན་ནས་རིག་འཛིན་དང་། རྗེས་གཞིག་ལ་སོགས་པའི་རྩོལ་བ་ལ་མི་བརྟེན་པར། དམིགས་གཏད་བྲལ་བའི་ངང་དུ་བྱ་རྩོལ་དང་འཛིན་ཞེན་སྤངས་ཏེ་འཇུག། འདིའི་སྒོ་ནས་སྤང་མི་ཕམ་མགོན་པོ་ལ་སོགས་སྐྱེས་མཆོག་མང་ཞིག་གིས་འཇའ་ལུས་འགྲུབ་པ་རྡོ་རྗེ་ཟམ་པའི་ལོ་རྒྱུས་ན་གསལ། གསུམ་པས་སྦྱོར་དྲུག་དང་ཕྲ་ཏིག་ལྟར་རླུང་གདངས་ལ་བརྟེན་པའི་ཤེས་ཉམས་ལ་མི་བརྟེན་པར། རིག་གདངས་ལ་བརྟེན་པའི་སྣང་ཉམས་མངོན་སུམ་པར་གཏན་ལ་འབེབས་པས་སྔ་མ་ལྟར་རགས་ལུས་དངས་མར་འགྱུར་བ་ཙམ་མ་ཡིན་པར། ཆོས་ཟད་


JL02_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྣང་བ་མཐར་ཐུག་པས་ལུས་རྡུལ་ཕྲན་དུ་དེངས་ཤིང་སེམས་ཆོས་ཉིད་དུ་དེངས་པས་ལྷག་མེད་འགྲུབ་པ་ཡིན་ཏེ་སྔར་དགའ་རབ་རྡོ་རྗེ་ལ་སོགས་བརྗོད་ཀྱིས་མི་ལྡང་། ད་ལྟའི་རབ་བྱུང་བཅུ་གསུམ་པ་མ་ཤར་ཙམ་པའི་དུས་སུའང་ལ་སྟོང་ཕྱོགས་སུ་ངག་བྲག་ཅ་ལྟ་བུར་གྱུར་ནས་འཇའ་ལུས་ཀྱི་གྲུབ་མཐའ་སྙོགས་པའི་སྦས་པའི་རྣལ་འབྱོར་བ་ཞིག་བྱུང་མ་ཐག་པ་སྟེ། ལོ་རྒྱུས་ལ། ཁོངས་ཕུག་གཅིག་ཏུ་བཞུགས། འདབས་དེར་མི་གྲོང་ཡོད་པའི་ཆང་མ་ཞིག་གི །སྐབས་སུ་ཕམ་ཕབས་བཞེས་སུ་ཕེབས་པ་ལ་རེ་ཞིག་གི་ཚེ་དེར་ཡང་མ་བྱུང་། བལྟར་ཕྱིན་པ་ན་སྔ་མའི་ཤུལ་ན་བཞུགས་ཤིང་གཏམ་བརྗོད་ཀྱང་ལན་གང་ཡང་མི་སྒྲོག་པར་རྗེས་ཟློས་བྱེད་སྐད། དེའི་ཚེ་མི་དཔོན་ཞིག་གི་རྟ་སྟོར་བའི་མོ་ཕྱྭ་དང་བརྟག་པ་ཞུས་ཨེ་ཡོད་ཆང་མ་ལ་དྲིས་པས། དེ་ན་རེ། སྔར་ས་པུར་ཡེ་ན་རྟོགས་ལྡན་ཞིག་བཞུགས་ཏེ་ད་ནི་སྨྱོན་པ་ལྟར་བྱེད་ནས་རིང་ཞིག་ཐལ། ཞེས་སོགས་གནས་ཚུལ་གླེངས་པ་ཡིད་མཆེས་ཏེ་གཉིས་ཀས་བལྟར་ཕྱིན། དེར་གྲུབ་ཆེན་ཐུག་དམ་འཕེལ་ལམ་ཞུས་པས། ལན་དུའང་གྲུབ་ཆེན་ཐུགས་དམ་འཕེལ་ལམ་གསུང་། དེ་བཞིན་གང་བརྗོད་ཀྱང་དེ་ཀ་ལྟར་ཟེར་བས་དེ་རྣམས་ཀྱིས་སྨྱོན་པར་ངོས་བཟུང་ནས་ལོག། དེ་ནས་རིང་པོ་མ་ལོན་པ་ན་ཁོང་གཞའ་སྐུར་ཡལ་ནས་མི་སྣང་བ་མཐུན་སྣང་གྲུབ་པས་མཚོན་ཏེ། གཞན་ཡང་རྣམས་གྲངས་མང་ཞིག་ཐོས། འདི་ནི་རྒྱུད་ནས་བཤད་པའི་ལུས་དུར་ཁྲོད་ཀྱི་རོ་ལྟ་བུ། ངག་བྲག་ཅ་ལྟ་བུ་ཡིན་ཚུལ་གཤིས་ཐོག་ཏུ་ཕེབས་པ་ངོ་མཚར་བའི་ཆོས་ཅན། ཐེག་པ་འདི་བསམ་གྱིས་མི་ཁྱབ་པས་ཕྱིན་ཆད་ཀྱང་འབྱུང་བར་ངེས་སོ། །དྲི་ལན་རིན་པོ་ཆེའི་བསྟན་བཅོས་ལུང་གི་གཏེར་མཛོད་ཅེས་བྱ་བ་ལས། ཡོ་ག་གསུམ་གྱི་ཆོས་འབྱུང་གླིང་ཞིང་མཚན་ཉིད་སྤྱིར་བསྟན་པའི་སྐབས་ཏེ། སརྒ་གསུམ་པའོ། །


previousཡོ་ག་གསུམ་གྱི་ཆོས་འབྱུང་གླིང་ཞིང་མཚན་ཉིད་སྤྱིར་བསྟན་པའི་སྐབས་ཏེ་སརྒ་གསུམ་པ།next