Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


  expand section
  collapse section
   
   
   
   
རང་བཞིན་རྫོགས་པ་ཆེན་པོ་སྤྱི་དང་བྱེ་བྲག་གི་གྲུབ་པའི་མཐའ་རྣམ་པར་དབྱེ་བའི་སྐབས་ཏེ་སརྒ་བཞི་བ།
   
   
   


 
previousརང་བཞིན་རྫོགས་པ་ཆེན་པོ་སྤྱི་དང་བྱེ་བྲག་གི་གྲུབ་པའི་མཐའ་རྣམ་པར་དབྱེ་བའི་སྐབས་ཏེ་སརྒ་བཞི་བ།next

རང་བཞིན་རྫོགས་པ་ཆེན་པོ་སྤྱི་དང་བྱེ་བྲག་གི་གྲུབ་པའི་མཐའ་རྣམ་པར་དབྱེ་བའི་སྐབས་ཏེ་སརྒ་བཞི་བ།


JL02_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དོན་གཉིས་པ་རང་བཞིན་རྫོགས་པ་ཆེན་པོའི་གྲུབ་པའི་མཐའ་རྒྱས་པར་དབྱེ་བ་ལ་གསུམ་ལས། དང་པོ་སེམས་ཀྱི་སྡེ་ནི། གཞི་མདུད་འགྱུར་སྨྲ་བའི་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། ངོ་བོ་སྣ་ཚོགས་སུ་སྣང་ཡང་སེམས་ཉིད་གཅིག་པུའི་རོལ་པ་ལས་མ་འདས་པར་འདོད་དེ་དཔེར་ན་མེ་ལོང་གཅིག་གི་ངོས་ལ་གཟུགས་བརྙན་སྣ་ཚོགས་ཤར་བ་བཞིན་ནོ། །དེ་ཡང་སྣ་ཚོགས་ཡིན་པས་གང་ཡང་མི་འགེགས་ལ། སེམས་ཡིན་པས་སྣ་ཚོགས་ཙམ་དུའང་མ་གྲུབ་པས་ན་སེམས་ཀྱི་ངོ་བོ་སེམས་ཉིད་འོད་གསལ་བ་རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོ་ཞེས་བྱ་ལ། ཀློང་གསལ་ལས། སྣ་ཚོགས་སེམས་ཀྱི་སྣང་བ་དེས། །དེ་གཞི་གཉིས་མེད་སེམས་ཉིད་ནི། །རང་བྱུང་ཡེ་ཤེས་མི་གཡོའི་བདག། འོད་གསལ་སྤྲོས་དང་བྲལ་བར་བརྗོད། །ཅེས་སོ། །འདི་ལ་ཁ་ཅིག་གིས་སྣང་བ་སེམས་ཡིན་ཞེས་སེམས་ཀྱིས་སྣང་བ་ཕར་བཟོས་པ་མགོ་བར། །སྣང་བ་ཁོ་རང་སེམས་སུ་འདོད་པས་སེམས་ཉིད་དངོས་པོ་ངོས་བཟུང་ཅན་དུ་ཐལ་བ་ནི་ཤིན་ཏུའང་མི་རིགས་ཏེ་ངེས་དོན་བསྡུས་པའི་རྒྱུད་ལས། སྣང་བ་སེམས་ཡིན་ཟེར་བ་དེ། །ར་གན་གསེར་དུ་བྱེད་པ་འདྲ། །མ་རིག་སངས་ནས་རང་སེམས་བརླག། དེ་ཕྱིར་ཆོས་སྐུ་འགྱུར་བ་མེད། །འཛིན་བྲལ་སེམས་མེད་ཡེ་ཤེས་སྐུ། །དེ་དོན་འབྲལ་མེད་བྱང་ཆུབ་ཀློང་། །སེམས་བྲལ་ཏིང་འཛིན་རྒྱུན་དུ་གནས། །ཞེས་དང་། ཀུན་མཁྱེན་ཆེན་པོས། དེང་སང་གཏི་མུག་ཅན་རྣམས་རྫོགས་པ་ཆེན་པོ་སྣང་བ་སེམས་སུ་འདོད་པ་ཡིན་ཟེར་རོ། །ཤིན་ཏུའང་མི་འཐད་དེ་སེམས་ཁ་དོག་ངོས་བཟུང་ཕྱོགས་ཆ་དང་བཅས་པར་ཐལ་ཏེ། སྣང་བ་དེ་ལྟར་ཡིན་པའི་ཕྱིར་རོ། །དེས་ན་སྣ་ཚོགས་སུ་སྣང་བ་སེམས་ལ་སྣང་བའི་ཚེ། ཆོ་འཕྲུལ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་དོན་ལ་མེད་པ་བློ་ངོར་སྣང་བའི་རང་བཞིན་བག་ཆགས་འཁྲུལ་བའི་རྣམ་ལྡན་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །དེའི་ཕྱིར་དྲན་རྟོག་རང་བཞིན་མེད་པར་གནས་པའི་ཚེ་འདི་ནི་སྣང་བའོ། །འདི་ནི་སེམས་སོ་སྙམ་བའི་ཆོས་ཉིད་རང་ཚན་པ་མེད་པའི་ཕྱིར་སེམས་ཉིད་ཀྱི་ངོ་བོ་


JL02_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆད་ཕྱོགས་ལྷུང་མེད་པ་མེ་ལོང་ལྟ་བུའི་ངང་དུ་སྣང་བ་སྣ་ཚོགས་སུ་ཤར་ཡང་གཅིག་དང་དུ་མའི་སྤྲོས་པ་དབྱིངས་སུ་ཞི་བའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱ་ཞིང་། སྣང་བ་སེམས་ཡིན་པའི་ཞེ་འདོད་ཕྱིན་ཅི་ལོག་གིས་བག་ཆགས་འཁྲུལ་བ་ལ་གནས་ལུགས་ཡིན་པར་མི་བལྟ་བ་གལ་པོ་ཆེ་ཡིན་ནོ། །འདི་ལ་དབྱེ་ན་བདུན་ལས། དང་པོ་སེམས་ཀྱི་ཕྱོགས་ཡིན་དུ་སྨྲ་བའི་སེམས་ཕྱོགས་པ་ནི། འདི་ལྟར་སྣང་སྲིད་སྣོད་བཅུད་ཀྱི་རྣམ་པར་སྣང་བ་ཐམས་ཅད་སེམས་ཀྱི་རོལ་པའམ་རྩལ་ཡིན་ལ། དེ་ལྟར་སྣ་ཚོགས་སུ་སྣང་ཡང་སེམས་ཉིད་ལ་ངོ་བོ་མེད་པའི་ཕྱིར་སྣང་བ་ལའང་ངོ་བོ་མེད་དེ། སྣང་བརྟགས་ཀྱི་ཆོས་མ་གྲུབ་པས་སེམས་ཀྱི་རོལ་བ་སེམས་ལས་བྱུང་ཞིང་སེམས་ལ་སྣང་། སེམས་ལ་ཤར་ཡང་། འཆར་གཞིའི་སེམས་ཉིད་ལ་ངོ་བོ་མེད་པས་རོལ་བ་དང་གཅིག་དང་ཐ་དད་དུ་འདོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཤིང་རྟ་རྟ་ཆེན་པོ་ཀློང་ཆེན་པས། དེའང་ཕྱི་དོན་དུ་སྣང་བ་ཕྱི་རོལ་གྱི་དོན་དུ་མ་གྲུབ་པར་བསྟན་པ་ཙམ་ཡིན་གྱི། ཐམས་ཅད་རང་བྱུང་གི་ཡེ་ཤེས་ལ་བཟུང་མ་བཟུང་གིས། དག་མ་དག་འཁོར་འདས་སུ་ཤར་ཡང་། ཤར་ས་དང་ཤར་མཁན་དབྱིངས་སུ་དག་པ་ནི་འདིའི་ཁྱད་པར་གྱི་ཆོས་སོ། །ཞེས་སོ། །གཉིས་པ་འབྲས་བུ་སེམས་ཀྱི་བྱུང་སར་འདོད་པའི་སེམས་ཕྱོགས་པ་ནི། འབྲས་བུ་གདོད་མའི་དབྱིངས་ལ་བརྗོད་ཅིང་། ཆོས་ཉིད་ལ་འགྱུར་བ་མེད་པས་སེམས་ལ་འཕོ་འགྱུར་མེད་པ། ཆོས་ཅན་རང་གྲོལ་བར་འདོད་པས་གྲོལ་གཞིའི་སྣང་བ་ལྷུན་གྲུབ་ཏུ་གནས་ཏེ། ཁམས་གསུམ་དང་སྣོད་བཅུད་དུ་སྣང་བའི་འཁྲུལ་བ་ཐམས་ཅད་དོན་ལ་མེད་བཞིན་དུ་སྣང་བས། མེད་པའི་ཆ་ནས་གཞི་ལས་མ་གཡོས་མི་གཡོ། གཡོ་བར་མི་འགྱུར་བས་མ་དག་པའི་རང་ཚན་གྱིས་སྟོངས་ལ། སྣང་བའི་ཆ་ནས་དང་པོ་དབྱིངས་ལས་བྱུང་། ད་ལྟ་དབྱིངས་ལ་གནས། ཐ་མའང་དབྱིངས་སུ་གྲོལ་བ་ནམ་མཁའི་ཆོ་འཕྲུལ་ལྟ་བུ་སྟེ། འདུས་མ་བྱས་པ་ཁམས་གསུམ་གཞི་བཞེངས་པས། འཁོར་


JL02_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཐོག་མ་མེད་པ། ཐ་མ་སྐྱེ་མེད་ལྷུན་གྲུབ་གཞི་བཞག་ཅེས་བྱ་བ། དེའང་ཡེ་བཞག་ཡིན་པས་གཟོད་བསྐྱར་ནས་གཉེན་པོས་གྲོལ་དུ་མེད་ལ། རང་བཞག་རིག་པར་གཉེན་པོ་ལ་མ་ལྟོས་ལ། འབད་རྩོལ་མེད་པས་སྣ་ཚོགས་མུ་མཐའ་དང་བྲལ་བའི་ལྷུན་གྲུབ་ཅེས་བྱ་བར་འདོད་དོ། །གསུམ་པ་གོལ་སྒྲིབ་ལ་བཟླ་བའི་སེམས་ཕྱོགས་པ་ནི། རིམ་པ་བརྒྱད་པོ་ཐམས་ཅད་བློས་བཏགས་པས་གཞི་ལས་གོལ་བའི་ཆོས་སུ་སོང་བས་ཡང་དག་པར་མ་སོང་ཞིང་། མེད་པ་ཕྱོགས་ཉལ་གྱི་ལྷུན་གྲུབ་ལ་བརྟེན་ནས། ཡོད་མཐའ་ཕྱོགས་འཛིན་མཐའ་དང་བཅས་པར་གོལ་ལ། མེད་རྒྱུ་མེད་རང་བྱུང་བར་གོལ་བས་ཡང་དག་ཏུ་མ་གྲུབ་སྟེ། འདིར་ངོ་བོ་རང་བྱུང་གི་ཡེ་ཤེས་བློ་དང་བྲལ་བས་རྒྱུ་རྐྱེན་ལ་བཟླ་བའི་གནད་ཀྱིས། བྱས་པ་མེད་པར་རང་ཤར་བའི་ཆོས་ཉིད་ཡེ་སྟོང་ཆེན་པོ་དྲན་བསམ་ཕྱོགས་འཛིན་གྱི་བློ་དང་བྲལ་བར་འདོད་དེ། མ་དག་པ་ལྟར་སྣང་བའི་ཡུལ་གྱི་སྣང་བ་ཐམས་ཅད་ལ་དང་པོ་བྱུང་ཁུངས་ཀྱི་གཞི་མེད། ད་ལྟ་འདིར་གནས་ཀྱི་མཚན་ཉིད་བྲལ། མཐར་འགྲོ་ཡུལ་དང་འགྲོ་མཁན་གྱི་ཆོས་མེད་པས། རྒྱུ་མེད་འབྲས་ལས་འདས་པའི་གཞི་ཡིན་ལ། སྒྲིབ་པ་ལམ་ལས་འདས་པའི་ཕྱིར་ལས་དགེ་སྡིག་གིས་གོས་པ་མེད་པས་ཁམས་གསུམ་གཞི་གྲོལ་ཆེན་པོ། གྲོལ་འཁྲུལ་དང་སྤང་གཉེན་མཐའ་དག་གཞི་མེད་ཕྱམ་གཅིག་ཏུ་ལ་བཟླ་བར་འདོད་པའོ། །གཞི་པ་གཏན་ཚིགས་ཁུངས་རྡིབ་ཀྱི་སེམས་ཕྱོགས་པ་ནི། སེམས་ཀྱི་ཕྱོགས་ལ་ངོས་གཟུང་མེད་པར་ཤེས་པས་བཏགས་པའི་ཆོས་འཁོར་འདས་ཀྱི་ཁུངས་རྡིབ་པ་ཞེས་བྱ་སྟེ། དེའི་ཕྱིར་གཞི་གནས་ལུགས་རྣལ་མའི་དོན་ལ་བཅོས་སུ་མེད་པས་ཡེ་གྲོལ་ཆེན་པོའི་ཆོས་ཉིད་ལ། ལས་དང་བག་ཆགས་ཀྱི་རྟེན་མེད། སེམས་ལ་སྐྱེ་བ་མེད་པས་ལས་དང་བག་ཆགས་ཀྱི་མཐའ་སྟོངས། བསགས་པའི་ལས་ལ་གང་དུ་བཏགས་ཀྱང་རྒྱུ་མཚན་དང་ངོས་གཟུང་མེད་པས་རྣམ་སྨིན་དང་འབྲས་བུའི་ཁུངས་སྟོར། དེའི་ཕྱིར་སྨེས་ཉིད་རང་བྱུང་གི་ཡེ་ཤེས་སྐྱེ་བ་


JL02_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་དབྱིངས་ལ་འཁོར་བའི་མིང་ཡང་མ་གྲུབ་པས། ཡེ་གྲོལ་ལྷུན་རྫོགས་ཆེན་པོའི་རོལ་པ་འགག་མེད་ཕྱོགས་ཡན་དུ་ཤར་བས། ངོ་བོ་ཉིད་དུ་ཤར་བའི་གཏན་ཚིགས་ཀྱི་ཆོས་ཐམས་ཅད་གདོད་མའི་དབྱིངས་ལས་འདའ་ས་མེད་པས་འཁོར་འདས་གཉིས་མེད་དུ་གྲོལ་བར་འདོད་དོ། །ལྔ་བརྒྱ་ཆད་ཕྱོགས་ལྷུང་མེད་པ་རང་བྱུང་ཡེ་ཤེས་ཀྱི་སེམས་ཕྱོགས་པ་ནི། རང་བྱུང་ཡེ་ཤེས་ཀྱི་ངོ་བོ་གང་དུའང་མ་གྲུབ་པས་འཁོར་འདས་ཀུན་ལ་ཕྱོགས་ལྷུང་མེད་པར་ཁྱབ་པས། དག་མ་དག་ཏུ་སྣང་བའི་ཆོས་ཐམས་ཅད་དེའི་རྩལ་ལས་ཤར་བ་སྟེ། ངོ་བོ་ལ་འཁོར་བ་ངན་སོང་དང་། མྱ་ངན་ལས་འདས་པའི་རང་བཞིན་རང་ཚན་པར་གྲུབ་པ་རྡུལ་ཙམ་མེད་པས། སྣང་ངོ་ཐ་དད་པས་རང་བཞིན་ཕྱོགས་ཉལ་གྱི་གཏན་ཚིག་ལས་མི་འདའ་བས་རང་ངོ་རྣམ་དག་འཁོར་འདས་དོང་སྤྲུགས། ཁྱབ་པ་ཡེ་རྫོགས་ཀྱི་ལྟ་བ་སྟེ། དེའང་ཡོད་མེད་སྣང་སྟོང་གི་ཕྱོགས་སུ་མ་ལྷུང་བས། བདེ་སྡུག་ལས་འདས་པ་བྱ་བྲལ་ཀློང་ཡངས་ཀྱི་ཆོས་ཉིད་ཅན་དུ་འདོད་པའོ། །དྲུག་པ་ཕྱོགས་འཛིན་གྲུབ་མཐའི་སེམས་ཕྱོགས་པ་ནི། སེམས་ཀྱི་ཕྱོགས་ལ་དངོས་པོ་མེད་པས་སྣང་བ་འཁོར་འདས་སུ་མ་གྲུབ། དངོས་པོ་ཀུན་གྱི་དངོས་གཞི་ལ་ཕྱོགས་འཛིན་གང་ཡང་མི་སྤོང་ལ་གང་དུའང་མ་གྲུབ་པས་ཅིར་ཡང་འཆར་ཞིང་། ཤར་ཚད་སེམས་ཀྱི་རོལ་བར་སྣང་སྟེ། ལྟ་བ་བྱ་རྩོལ་དང་བྲལ་བའི་དབྱིངས་ན་གནས་པས། དེ་ཡང་ཡིན་མིན་གང་ཡང་མ་ཡིན་པ། སྣ་ཚོགས་སུ་སྣང་བ་སྟེ། སྣང་སེམས་ཐམས་ཅད་རྒྱ་ཡན་ཕྱོགས་མེད་དུ་གྲོལ་བས་བྱ་བ་དང་སྤྱོད་པ་ལས་འདས་པའི་རང་བཞིན་དུ་འདོད་པའོ། །བདུན་པ་བློ་བྲལ་ཕྱོགས་འཛིན་ལས་འདས་པའི་སེམས་ཕྱོགས་པ་ནི་རང་བྱུང་གི་ཡེ་ཤེས་ལ་བློ་དང་བྲལ་བས་དངོས་པོར་མ་གྲུབ་ལ། དངོས་སྣང་ཆོས་ཉིད་དུ་ཤར་བས་བློ་རྟོག་རང་གྲོལ་ཏེ། སྣང་བའི་རོལ་པ་ཇི་ལྟར་སྣང་ཡང་སྣང་ངོ་བདེན་རྫུན་གང་དུའང་མ་གྲུབ་པས། ཡོད་མེད་ཀྱི་མཐའ་ལས་གྲོལ་བའི་རང་བཞིན་ཆེན་པོར་འདོད་པའོ།


JL02_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སེམས་ཀྱི་སྡེ་ལ་རྗོད་བྱེད་ཚིག་གི་རྒྱུད་ཤློ་ལོ་ཀ་འབུམ་ཕྲག་ཉི་ཤུ་རྩ་གཉིས་སུ་བསྟན་པ་རྣམས། ཀློང་གསུམ་བསྡུས་པ་ནི། ཆོས་ཉིད་ལ་བརྗོད་དུ་མེད་པའི་ཀློང་། ལྟ་བ་ལ་མིན་པ་མེད་པའི་ཀློང་། སྤྱོད་པ་ལ་ཡིན་པ་མེད་པའི་ཀློང་སྟེ་བམ་པོ་སྟོང་ཕྲག་དྲུག་དང་སུམ་བརྒྱར་གནས་པ་དག་འཕྱོང་གསུམ་དུ་བསྡུ་བ་ནི། གནས་པ་གཞི་ཐོག་ཏུ་ཐེབས་པའི་འཕྱོང་། སྣང་བ་རང་སར་གྲོལ་བའི་འཕྱོང་། ངོ་མཉམ་ཐ་དད་མེད་པའི་འཕྱོང་དང་གསུམ་མོ། །ཆོས་ཉིད་ལ་འཕྱུགས་པ་མེད་པའི་གཟེར་བུ་ལྔ་བཅུ། ཡུལ་སེམས་ལ་ལྟ་བའི་གནས་ལྔ་བརྒྱ་དང་བཅུ་གཅིགམཆན། །སྣང་སེམས་ཅིག་ཅར་དུ་ཤན་འབྱེད་པའི་གནད་ཁྲི་ཕྲག་གཉིས། ལྟ་བ་ཐོད་རྒལ་དུ་ལ་བཟླ་བ་ཁྲི་ཕྲག་ལྔ། སྒོམ་ཡོད་རྟོག་པ་གཅོད་པའི་གནད་སྟོང་ཕྲག་གཅིག་ཏུ་དབྱེ་བ་རྣམས་ལ། མིང་ཐོགས་ཀྱི་རྒྱུད་སྟོང་དང་གསུམ་དུ་བཞུགས་པ་ཡང་། སེམས་ཀྱི་ཕྱོགས་འཛིན་ལ་བཟླ་བའི། །གགས་ཟེར་བའང་བྱུང་བརྟག་པ་དང་། སེམས་ཀྱི་གདེང་འཛིན་པ་དང་། སེམས་ཀྱི་གནད་འཛིན་པ་དང་། གསུམ་དུ་བཞུགས་པ་སྟེ་གནས་པ་སེམས་ཀྱི་སྡེ་བཤད་ཟིན་ཏོ། །གཉིས་པ་འབྲས་བུ་ཡེ་གྲོལ་དུ་སྨ་བའི་རྫོགས་པ་ཆེན་པོ་ཀློང་སྡེའི་ངོ་བོ་ནི་ཆོས་ཐམས་ཅད་ཡེ་གྲོལ་ཅོག་བཞག་ཆེན་པོ་སྟེ། ཡོད་མེད་སྣ་ཚོགས་སུ་ཤར་བ་ལ། མེད་འབྲས་ཡེ་དག་ཏུ་གྲོལ་བས། སེམས་དང་སེམས་བྱུང་གི་ཆོས་ཉིད་ཙམ་ཡང་གཞག་ཏུ་མེད་པ་སྟེ། ཀུན་ཏུ་བཟང་པོ་ཀློང་ཆེན་པས། ཡིན་མིན་ཕྱོགས་བྲལ་ཆེན་པོའི་རིག་པ་ལ། སྣང་དུ་ཆུག། ཤར་དུ་ཆུག། མི་སྣང་དུ་ཆུག། དག་པའམ་མ་དག་པ་ལ་སོགས་གང་ལྟར་བརྟགས་ཀྱང་། རང་ངོ་སྣང་དུ་ཉིད་ནས། ཡོད་མེད་ཡིན་མིན་ལས་འདས་པ། ཡེ་གྲོལ་ཕྱོགས་འབྱམས་ཆེན་པོ་སྟེ། རྟོག་པ་ཨ་འཐས་སུ་བཏགས་པའི་གྲུབ་མཐའ་སྣ་ཚོགས་སུ་གཞལ་བ་རང་སྟོང་འཁྲུལ་པར་གཏན་ལ་ཕབ་ནས། སྣང་ཤར་གང་གི་དུས་ནས་ཕྱོགས་ཡན་ནམ་མཁའ་འདྲ་བར་ཕྱབ་གདལ་ཀུན་མཉམ་ཆེན་པོར་འདོད་


JL02_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཞེས་བཞེད་དོ། །དབྱེ་ན་བཞི། ཀློང་ནག་པོ་རྒྱུ་མེད་དུ་སྨྲ་བ་དང་། ཀློང་ཁྲ་བོ་སྣ་ཚོགས་སུ་སྨྲ་བ་དང་། ཀློང་དཀར་པོ་སེམས་སུ་སྨྲ་བ་དང་། ཀློང་རབ་འབྱམས་རྒྱུ་འབྲས་ལ་བཟླ་བའོ། །དང་པོ་ནི། རང་བྱུང་གི་ཡེ་ཤེས་འགྱུར་མེད་རང་རྫོགས་ཕྱོགས་བྲལ་རྒྱུ་རྐྱེན་ལས་འདས་པར་ཤར་བའི་ཆོས་ཅན་དང་ཆོས་ཉིད་ལ་ལྟོས་པ་མེད་པའོ། །དབྱེ་ན་མཛད་པ་ཀློང་ནག་གི་སྡེ། ཐུགས་རྗེ་ཀློང་ནག་གི་སྡེ། སྤྲུལ་པ་ཀློང་ནག་གི་སྡེ་དང་གསུམ་དུ་འདོད་པ་ལས། དང་པོ་མཛད་པ་ཀློང་ནག་གི་སྡེ་ནི། རང་བྱུང་འོད་གསལ་བའི་དབྱིངས་ལས། ཤར་བ་སྣ་ཚོགས་རྒྱུ་མེད་དུ་ཤར་བ་ནས། སྣང་ངོ་རིས་མེད་དུ་སྣང་བ་རྣམས་ཤར་ས་ནས་རང་སྟོང་བས་རྒྱུ་རྐྱེན་རང་ཚན་དུ་མ་གྲུབ། སྣང་ས་ནས་གྲོལ་བས་འཁོར་འདས་མིང་མེད་དུ་འུབ་ཆུབ་པའོ། །དེའང་ཡིན་མིན་ཕྱོགས་ཉལ་གྱི་གཏན་ཚིགས་ཀྱིས་རྫོགས་པ་ཆེན་པོ་མུ་མཐའ་དང་བྲལ་བའི་ལྟ་བར་བསྒྲུབ་པའོ། །གཉིས་པ་ཐུགས་རྗེ་ཀློང་ནག་ནི། ཤར་བ་ཡེ་ཤེས་ཡིན་པས་མཁྱེན་པ་གཞན་ལ་མི་ལྟོས། གྲོལ་བ་སེམས་ཉིད་ཡིན་པས་རྒྱུ་རྐྱེན་ལ་བཟླ། ཤར་གྲོལ་གཉིས་མེད་དུ་གནས་པས་འབྲས་བུ་ཡེ་གྲོལ་དུ་རྫོགས་པའོ། །དེའང་མཐུན་སྣང་རང་དག་པའི་གཏན་ཚིགས་ཀྱིས་རྫོགས་པ་ཆེན་པོ་སྣང་ས་ནས་གྲོལ་བར་འདོད་པའོ། །གསུམ་པ་སྤྲུལ་པ་ཀློང་ནག་གི་སྡེ་ནི། རང་རིག་རོལ་བ་དང་བཅས་པའི་ཆོས་ཐམས་ཅད་སྣང་བ་ཙམ་ཉིད་ནས་ཡིན་མིན་ཕྱོགས་གཏད་དང་བྲལ་བས་རང་གཞན་གཉིས་བཅས་སུ་མ་གྲུབ། རང་བཞིན་གྱི་ལྟོས་པ་མེད་པས་རྒྱུ་མེད་ཡེ་དང་། བྱས་བཅོས་ཀྱི་ལྟོས་པ་མེད་དེ་ཡེ་གྲོལ་ཕྱོགས་ཉལ་གྱི་རྒྱས་བཏབ་པས། རང་དག་མི་གནས་པའི་ཡེ་ཤེས་ཆེན་པོ་ཡེ་གྲོལ་ལྟོས་གཞི་ཟད་པ་ཞེས་བྱའོ། །དེའང་འཁྲུལ་སེམས་ལ་བཟླ་བའི་གཏན་ཚིགས་ཀྱིས་བཏགས་པ་རང་གྲོལ་ཆེན་པོར་འདོད་པའོ། །གཉིས་པ་ཀློང་ཁྲ་བོའི་ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ལས། ཡིན་སྣ་ཚོགས་སུ་རང་ཤར་བ་ཆོས་ཉིད་ཀྱི་རོལ་པར་


JL02_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་ལ། མིན་ཕྱོགས་མེད་ཀུན་ཁྱབ་ཏུ་ཤར་བས། རོལ་པའི་ཆོས་ཉིད་ལ་དགག་སྒྲུབ་མེད་པར་འདོད་པའོ། །དེ་ལ་དབྱེ་ན་གསུམ། ཡོད་སྨྲ་སེམས་སྡེ་དང་མཐུན་པ་ཁྲ་བོའི་སྡེ། མེད་སྨྲ་རང་གནས་དང་མཐུན་པ་ཁྲ་བོའི་སྡེ། ཡོད་མེད་མན་ངག་དང་མཐུན་པའི་ཁྲ་བོའི་སྡེ་ལས། དང་པོ་ནི། རང་བྱུང་གི་ཡེ་ཤེས་ལ། ངོ་བོ་རང་དག་གནས་གྲོལ་གང་དུའང་མ་ཕྱེ་ཞིང་། རང་བཞིན་ལ་དགག་བསྒྲུབ་གཉིས་བཅས་སུ་མ་གྲུབ་ཐ་སྙད་བྱ་རྩོལ་ལས་འདས། མཚན་ཉིད་ལ་གཉིས་སུ་མེད་པས་རང་གྲོལ་སེམས་ཉིད་ཀྱི་འཁོར་ལོ་ལ་འདུས་པའོ། །དེའང་བློ་བྲལ་ངོ་བོ་ཉིད་ཀྱི་གཏན་ཚིགས་ཀྱིས་སྣང་བ་རྟགས་འཁོར་འདས་ཀྱི་བྱ་ཆོས་རྣམས་རང་ས་ནས་ཡེ་གྲོལ་དུ་གནས་པ་ཞེས་བྱའོ། །གཉིས་པ་ནི་ངོ་བོ་མཐོང་སྣང་རང་ས་ནས་གྲོལ་བས་ཡོད་ཆོས་ཉིད་སྣ་ཚོགས་སུ་ཤར་བ་ལ། མེད་སྣང་བ་རང་ས་ནས་གྲོལ་བ་ལས་དང་རྣམ་སྨིན་ལས་འདས་པ་སྟེ། དེ་ཡང་འགྱུ་བ་སྟོང་ཡལ་གྱི་གཏན་ཚིགས་ཀྱིས་མེད་སྣང་རང་དག་ཏུ་བསྒྲུབ་པའོ། །གསུམ་པ་ནི། ངོ་བོ་ཡེ་སྟོང་དུ་གནས་པས་ལས་རྒྱུ་འབྲས་ལ་མི་ལྟོས། རྐྱེན་བྱུང་དུ་འདུས་བྱས་སུ་བྱུང་བ་བྱུང་ས་བསྟོངས་པས་འཁོར་འདས་ཕྱོགས་ཡན་དུ་གྲོལ། སྣང་བ་རྟགས་ཡེ་དག་ཏུ་ཤར་བ་འཁོར་འདས་གྲུབ་པ་མེད་པའི་གཏན་ཚིགས་སུ་རང་བྱུང་གཞི་ལས་མ་གཡོས་པར་ཤར་བས། བརྗོད་དུ་མེད་པ་བློ་ལས་འདས་ཤིང་ལྟར་མེད་གོམས་པ་མེད་པའི་གནད་དང་། གནས་འགྱུ་གཉིས་མེད་དུ་གྲོལ་བས་སེམས་ལ་འཕོ་འགྱུར་མེད་པའི་གནད་དང་། བྱས་ཆོས་གློ་བུར་དུ་ཤར་བས་ཡིད་དཔྱོད་ལྟ་སྒོམ་གྱི་ངོ་བོ་ལྟར་མེད་ཡེ་གྲོལ་གྱི་གནད་གསུམ་གྱིས། འཁོར་འདས་རྩོལ་བསྒྲུབ་མེད་པར་ལ་བཟླ་བའོ། །གསུམ་པ་ཀློང་དཀར་པོ་སེམས་སུ་སྨྲ་བའི་ངོ་བོ་ནི། རང་བྱུང་ཡེ་ཤེས་ཀྱི་ངང་ལས་ཕྱི་སྣང་བ་ངང་ནང་རིག་པའི་རོལ་པར་སྣང་བ་ཐམས་ཅད་སེམས་ཀྱིས་རྣམ་པར་བཀོད་པ་སྟེ། སྣང་རྐྱེན་རང་གྲོལ་བས་བྱར་མེད་རྒྱུ་ནས་དག་སྟེ་གནས་ལུགས་ལ་བསྒྲུབ


JL02_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད་པའོ། །དབྱེ་ན་གཉིས་ལས། བརྗོད་མེད་རང་ཤར་ཆེན་པོ་ཀློང་དཀར་པོའི་ངོ་བོ་ནི་མཐོང་བྱེད་ཅེར་གྲོལ་ལ། མཐོང་བ་རང་དག་ཡུལ་སེམས་གཉིས་མེད་དུ་ལ་ཟློས་པའོ། །ནང་གསེས་སུ་དབྱེ་ན་རྒྱ་མཚོའི་ཀློང་དང་ནམ་མཁའི་ཀློང་གཉིས་ལས། རྒྱ་མཚོའི་ཀློང་གི་ངོ་བོ་རྟག་མཐའ་རང་གྲོལ་ཞིང་། གནད་བྱར་མེད་དུ་མཐོང་བས་དྲན་བསམ་སྣ་ཚོགས་གཉིས་མེད་བློ་འདས་སུ་ཤེས་པའོ། །དབྱེ་ན་ཆེ་ཆུང་གཉིས་ཏེ། རྒྱ་མཚོའི་ཀློང་ཆེ་བ་ནི། སེམས་རང་སྣང་སྟོང་པ་ཡེ་ནས་གྲོལ་བས། སེམས་ཉིད་སྟོང་པ་ལ་ལྟོས་པ་དག་ལ། མཐོང་སྣང་རང་དག་པའི་ཆོས་ཉིད་ལ་ཡེ་ནས་བརྗོད་དུ་མེད་པས། སྐྱེ་འགག་གནས་གསུམ་གྱིས་སྟོངས་ལ། སྟོང་པས་གང་དུའང་མ་གྲུབ་པས་འདོད་པའོ། །རྒྱ་མཚོའི་ཀློང་ཆུང་བ་ནི། ལྟོས་པ་དག་པའམ་རྟེན་གཞི་ངོ་བོ་མེད་པས་སེམས་ལ་དྲི་མ་མེད་ལ། ཁྱབ་པ་གནས་སུ་དག་པས་འཁོར་རྐྱེན་རང་དག་འཕོ་འགྱུར་མེད་པས། འཁོར་བ་གཡུལ་བཟློག་ཆེན་པོར་འདོད་པའོ། །ནམ་མཁའི་ཀློང་གི་ངོ་བོ་ནི། ཆོས་ཉིད་ལ་བཅོས་སུ་མེད་པས་དེའི་ངང་ལས་ཤར་བའི་སེམས་ཉིད་རང་གྲོལ་བའོ། །ནང་གསེས་སུ་དབྱེ་ན། ཉི་ཟླའི་ཀློང་། རིན་པོ་ཆེའི་ཀློང་དཀར་པོ་གཉིས་སོ། །ཉི་ཟླའི་ཀློང་ནི། ངོ་བོ་རྣམ་དག་སྟོང་པ་རང་བཞིན་སྐྱེ་མེད་ཡེ་གྲོལ་ལོ། །རིན་པོ་ཆེའི་ཀློང་ནི། ངོ་བོ་ཡོན་ཏན་ཡོངས་སུ་རྫོགས་པས་འབད་རྩོལ་རྒྱུ་རྐྱེན་རང་དག། སེམས་ལ་བྱ་བ་མེད་པས་ཆོས་ཉིད་ལྷུན་གྲུབ་ཏུ་འདོད་པའོ། །བཞི་པ་ཀློང་རབ་འབྱམས་རྒྱུ་འབྲས་ལ་ཟླ་བའི་ངོ་བོ་ནི། སྣང་བར་སེམས་ཀྱིས་ཤེས་ལ། མི་སྣང་བར་གནས་ལུགས་ཀྱིས་ཤེས་པར་འདོད་པའོ། །དབྱེ་ན་བཞི་སྟེ། བྱ་བ་དང་བྲལ་བ་ཕྱིའི་རབ་འབྱམས། གྲུབ་མཐའ་རང་གཞུང་དུ་སྨྲ་བ་ནང་གི་རབ་འབྱམས། གེགས་བསལ་བ་གསང་བའི་རབ་འབྱམས། གནད་བཀྲོལ་བ་དེ་ཁོ་ན་ཉིད་ཀྱི་རབ་འབྱམས་སོ། །དང་པོ་ནི། ངོ་བོའི་ཆོས་ཉིད་ལ་རྒྱུ་


JL02_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་ལྡོག་པ་མེད་པའི་གནད་དང་། རྐྱེན་མེད་པས་སྣང་བ་སྣ་ཚོགས་མ་གནོད་པའི་གནད་དང་། རྒྱུ་རྐྱེན་གཉིས་ཀ་མེད་པས་འཁོར་འདས་གང་དུ་ཡང་མ་གྲུབ་པའི་གནད་དོ། །དེའང་སེམས་ལ་ཆོས་ཉིད་མེད་པས་བྱས་ཆོས་ཀྱིས་སངས་མི་རྒྱ་བའི་གནད་དང་། སེམས་ལ་རྒྱུ་མཚན་མེད་པས་གཅིག་དང་ཐ་དད་གང་ཡང་མ་ཡིན་པའི་གནད་དུ་འདོད་པའོ། །གཉིས་པ་ནང་གི་རབ་འབྱམས་ནི། ངོ་བོའི་ཆོས་ཐེག་པ་བརྒྱད་ལ་ལྟོས་པ་མེད་པས་རིམ་རྩོལ་བློར་གོལ་བའི། རྒྱུ་འབྲས་འཁོར་བའི་ཆོས་ལས་མ་འདས་པར་བསལ་ཏེ། དངོས་པོ་ཀུན་གྱི་དངོས་གཞི་ཕྱོགས་གང་དུའང་མ་ལྷུང་བའི་གནས་ལུགས་ཡེ་རྫོགས་ཀྱི་རྫོགས་པ་ཆེན་པོ། ཆོས་ཉིད་སྣ་ཚོགས་སུ་ཤར་བས་རྒྱ་གར་ཡང་མ་ཆད་པའོ། །གསུམ་པ་གསང་བའི་རབ་འབྱམས་ནི། གདོད་མའི་གཤིས་ལ་སྣང་སེམས་གཉིས་ཀ་ཡོད་མ་མྱོང་། གློ་བུར་ཕྱོགས་འཛིན་གྱི་བློས་སྣང་བ་སེམས་སུ་གོལ་བའི་གེགས་ཡོངས་སུ་བསལ་བས། སྣང་བ་མ་སྤངས་ལ་ཡོངས་སུ་རྫོགས་ཤིང་། འགྱུ་བ་བློའི་གེགས་དྲན་བསམ་གྱི་འཕྲོ་འདུ་མ་སྤངས་རང་གྲོལ་ཆེན་པོར་བསལ་ཏེ་ངོ་བོ་ཆོས་ཉིད་དུ་རྫོགས་པས་འགྱུ་བ་སྟོང་དག་ཆེན་པོར་འུབ་ཆུབ། ཤེས་པ་འཇུག་པའི་ཡུལ་སྣང་བར་ཆད། བློ་དེར་འཛིན་དུ་རིག་པ་ཚུར་ཆད། གཅིག་ལ་གཅིག་མ་འབྲེལ་བའི་ཆོས་ཉིད་དུ་ཡེ་ནས་ཡོད་པ་ལ་འཁོར་བ་ཉིད་མྱང་འདས་སུ་ཤར་བ་ཞེས་བྱའོ། །འདོད་པ་རང་ཤར་བའི་རྫོགས་པ་ཆེན་པོ་ལ། ལྟ་བ་ལ་ཡིན་པ་མེད་པས་ཚིག་ཐ་སྙད་ལས་འདས། སྒོམ་པ་ལ་མིན་པ་མེད་པས་བླང་དོར་དང་དགག་སྒྲུབ་མེད། སྤྱོད་པ་ལ་ཡིན་མིན་མེད་པས་བྱས་ཆོས་ཆོས་ཉིད་དུ་གྲོལ། འབྲས་བུ་ལ་སྤང་ཐོབ་མེད་པས་རང་བཞག་ལྟོས་པ་དང་བྲལ་བར་འདོད་དོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་རབ་འབྱམས་ནི། འཁོར་འདས་ཀྱི་ཆོས་རྣམས་སྣང་ཤེས་སྐུ་དང་ཡེ་ཤེས་སུ་ཤར་བས་འཁོར་འདས་གང་དུའང་མ་ཕྱེ་བའི་ཆོས་ཉིད་ཆེན་པོར་ད་ལྟའི་དུས་ནས་ཕྲི་བསྣན་མེད་པར་ཡུལ་སེམས་གང་


JL02_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་དེ་གར་འདོད་ལ། དེ་ལའང་ཡིན་ཐོག་ངོས་ཟིན་པ་དེར་ཅེར་རེ། ལྷན་ནེར་ཡེང་མེད་ཆེན་པོར་གློད་པས། མི་འགྱུར་ལྷུན་གྲུབ་ཆེན་པོའི་གཟེར་གཟུང་འཛིན་གཉིས་ཀྱི་བར་དུ་ཐེབས་པ་ཞེས་བྱ་སྟེ། ཞེས་ཀུན་མཁྱེན་ཆེན་པོ་བཞེད་ལ། དེའང་འཁོར་འདས་ཀྱི་གཟེབ་ལས་གྲོལ་བའི་དཀའི་ཤེས་པ་སྤང་བླང་དགག་སྒྲུབ་ལས་འདས་པ་དེའི་ཆོས་ཉིད་ལ། མི་འགྱུར་བའི་གཟེར་སྣང་ཤེས་གཉིས་སུ་སྤྲོས་པས་འཁོར་བ་གཏན་མེད་ཆེན་པོར་ལ་བཟླ། རང་ངོ་ཅེར་མཐོང་གི་གནད་དྲན་བསམ་རང་བཞག །སར་སྤྲོས་པས་བསམ་པ་ཁོང་དག །ཕྱི་ནང་ཡུལ་མེད་ཆེན་པོར་གྲོལ་ནས་བདེ་བ་རྟོག་མེད་དུ་སངས་པ་ཞེས་བྱ་སྟེ། བྱ་བ་དང་བྲལ་བས་དྲན་བསམ་བློ་ལས་འདས་ཤིང་། གང་སྣང་རྟེན་མེད་དུ་ཤར་བས་ཡུལ་གྱི་ཆོས་མེད། གང་ཤར་དེ་ཉིད་དུ་ཞིག་པས་སྤང་གཉེན་གྱི་ཁུངས་སྟོར། སྣང་བརྟགས་རོ་མཉམ་དུ་ཤར་བས་རྒྱུ་འབྲས་ངོ་བོ་མེད་པ་ཞེས་བྱའོ། །དེ་དག་ཀྱང་བསྡུ་ན་བཞི་སྟེ། བྱ་བྲལ། རྒྱན། ཆོས་ཉིད། རོལ་པའི་ཀློང་ངོ། །དང་པོ་ནི། ཆོས་གང་ལའང་འབད་རྩོལ་གྱི་བླང་དོར་ལ་མ་ལྟོས་ཏེ། མ་བྱས་རང་གྲོལ་བའི་ཆོས་ཉིད་ཆེན་པོ་ལས་མི་འདའ་སྟེ་འདི་ལྟར་མ་བྱས་པར་ཡེ་ཟིན། མ་ཕྱིན་པར་གཏད་སླེབས། མ་སྦྱངས་པར་ཡེ་དག། མ་བསྒྲུབས་པར་ཡེ་གྲུབ་ཏུ་འདུག་པས་འཕོ་འགྱུར་དང་བཅོས་སླད་ཀྱིས་བསྒྲུབས་ཀྱང་ནག་པོའི་ཁ་དོག་དཀར་པོར་མི་འགྲུབ་པ་བཞིན་རང་བཞག་ཡེ་བབས་ཆེན་པོར་འདོད་པའོ། །གཉིས་པ་ནི། སྣང་བ་འདི་ཇི་ལྟར་གཡོ་ཡང་རིག་པ་ལ་སྤང་བླང་མེད་པའི་ཕྱིར་སྣང་བ་སེམས་ཀྱི་རྒྱན་དུ་ཡེ་ཤར། སྟོང་པ་ངོས་གཟུང་མེད་པའི་རྒྱན་དུ་ཡེ་གྲུབ། དགག་སྒྲུབ་མེད་པའི་རྒྱན་དུ་རང་ཤར་བས། རང་གསལ་ལྷུན་གྲུབ་ཆེན་པོའི་དགོངས་པ་ཞེས་བྱའོ། །གསུམ་པ་ནི། མ་བཅོས་རང་བབས་སུ་བཞག་པས་ཐམས་ཅད་གང་ནས་འོངས་པའི་ཡུལ་མ་རྙེད། རང་གསལ་རང་གཞག་ཏུ་གནས་པས་འདིར་གནས་ཀྱི་ཆོས་ཉིད་མེད། ངོ་བོ་ལ་འགྱུར་


JL02_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་མེད་པས་འགྲོ་སའི་ཁུངས་སྟོར། ཐམས་ཅད་ཆོས་ཉིད་ཀྱི་ཀློང་ན་ཆམ་བརྡལ་རིས་མེད་དུ་འདུག་པ་ལ་རོལ་རྩལ་སྣ་ཚོགས་སུ་སྣང་བ་ཉམས་དངས། སྣོད་བཅུད་ཀྱི་འཕོ་འགྱུར་ཐམས་ཅད་ནམ་མཁའི་ཀློང་ལས་མ་གཡོས་པ་ལྟར་མ་ཐོབ་ཤེས་གཉིས་སུ་མེད་ཡེ་ཤེས་ལ་རེ་དོགས་ཀྱིས་འཇུག་པ་གདོད་ནས་དག་པའོ། །བཞི་པ་ནི། ཡིན་ཕྱོགས་བྲལ་གྱིས་རོལ་རྩལ་འགག་མེད་དུ་ཤར་བའི་ངང་ནས། འཁོར་འདས་སྣང་སེམས་ཀྱི་ཆོས་ཐམས་ཅད་མི་གཡོ། འཕོ་འགྱུར་མེད་པའི་རང་བཞིན་ཅན་ལ། མིན་ངོས་བྲལ་གྱིས་ཁས་ལེན་ཕྱོགས་འཛིན་དུ་མ་གྲུབ་པས་མཐའ་བྲལ་ཕྱོགས་ཡན་ཆེན་པོ་ནམ་མཁའ་ལྟ་བུར་ཤེས་པར་བྱའོ། །དེ་ལྟར་སེམས་ཀྱི་སྡེ་ལ་དབྱེ་ན་མཐའ་ཡས་པར་བཤད་དེ་སྔར་བཀོད་པའང་ཕྱོགས་ཙམ་མོ། །བསྡུ་ན་རྣམ་པ་དགུར་འདུས་ཏེ། །ལྟ་བ་ལ་འཕོ་འགྱུར་མེད་པའི་ཀློང་། །སྒོམ་པ་ལ་ཡིན་མིན་མེད་པའི་ཀློང་། །འབྲས་བུ་ལ་རེ་དོགས་མེད་པའི་ཀློང་། །ངོ་བོ་ལ་གྲུབ་གསལ་མེད་པའི་ཀློང་། །རང་བཞིན་འགག་པ་མེད་པའི་ཀློང་། །མཚན་ཉིད་ལ་སྣང་སེམས་གྲོལ་བའི་ཀློང་། །དབྱིངས་ལ་འཕོ་འགྱུ་མེད་པའི་ཀློང་། །རོལ་པ་འགག་མེད་རང་ཤར་གྱི་ཀློང་། །ལྷུན་མཉམ་ཡེ་གྲོལ་ཅོག་བཞག་གི་ཀློང་ངོ། །དེ་རྣམས་ཀྱང་བསྡུ་ན་གསུམ་དུ་འདུ་སྟེ། །ལྷུན་གྲུབ་ཡངས་པ་ཆེན་པོའི་ཀློང་། །རང་གསལ་བྱ་རྩོལ་མེད་པའི་ཀློང་། །མ་བྱས་ཡེ་ནས་གྲུབ་པའི་ཀློང་སྟེ་གསུམ་མོ། །དེ་དག་གི་རང་བཞིན་རྒྱས་པར་སྟོན་པའི་རྗོད་བྱེད་ཚིག་གི་རྒྱུད་སྟོང་ཕྲག་གསུམ་གྱི་མཚན་གྱིས་བསླུས་པ་སྤྱིར། རིམ་ཁང་ངམ། ལེའུ་ཁྲི་ཕྲག་གཅིག་དང་ཆིག་སྟོང་། ཤློ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ངེས་པ་ཅན་རྣམས། ལ་བཟླ་བ་ཁྲི་ཕྲག་བརྒྱད་དུ་འདུ་ཞིང་། དེའང་ཤན་འབྱེད་པ་ཁྲི་ཕྲག་གཉིས་སུ་འདུས་ལ། དེ་དག་དགུ་བརྒྱར་བསྡུས་ནས། གནད་སྟོང་ཕྲག


JL02_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། གཟེར་བུ་ལྔ་བཅུ་དང་བཅས་པ་སྟེ། ཐམས་ཅད་ཀྱང་བྱས་གྲོལ། བཞག་གྲོལ། ཅེར་གྲོལ་གྱི་ཕྱོགས་གསུམ་དུ་འདུ་བ་ཡིན་ཞེས་ཀུན་མཁྱེན་ཆེན་པོ་བཞེད་ལ། གྲུབ་པའི་མཐའ་འདི་ཤིན་ཏུ་དབྱེ་དཀའ་བ་ཡིན་པའང་མ་ཟད་སེམས་ཀློང་མན་ངག་སྡེ་སོ་སོའི་ངེས་འབྱེད་ཀྱི་གྲུབ་མཐའ་མིང་འདོགས་ཙམ་ལས། རང་བཞིན་ཇི་བཞིན་པའི་གྲུབ་པའི་མཐའ་སློང་ནུས་པ་ཕྱིན་ཆད་མ་མཐོང་བས་གདོད་མའི་མགོན་པོ་ཀློང་ཆེན་པའི་དགོངས་པ་སོར་བཞག་ནས་གླེངས་པ་སྟེ་བྱ་བྲལ་ཀློང་གི་སྡེ་བཤད་ཟིན་ཏོ། །དོན་གསུམ་པ་དེ་དག་ཀུན་ལས་ཁྱད་པར་དུ་འཕགས་པ་རྫོགས་པ་ཆེན་པོ་མན་ངག་གི་སྡེ་ལ་གསུམ། འོག་མ་གཉིས་ལས་འཕགས་ཚུལ། ངོ་བོ། དབྱེ་བ། དང་པོ་ནི། སེམས་སྡེ་སེམས་ཡིན་ལ། ལ་ལས་སེམས་ཕྱོགས་ཀྱི་ཡིད་དཔྱོད་འཛིན་ཏོ། །ཀློང་སྡེ་ཆོས་ཉིད་ལ་འཛིན་པས་ཡིད་དཔྱོད་དུ་སོང་བ་ལས་སེམས་ཀློང་གཉིས་ལ་ཤེས་སྒྲིབ་ཀྱིས་ནོར་ས་མང་བ། མན་ངག་གི་སྡེས་གནས་ལུགས་རང་གསལ་དུ་བྱེད་པས་གོལ་འཕྱུགས་མེད་པའི་གནད་ཀྱིས་ཆེས་ཁྱད་པར་དུ་འཕགས་ཏེ། བཀོད་པ་ཆེན་པོ་ལས་ཀྱི་རྡོ་རྗེ་འཛིན་པ། དེ་ལྟར་གཏན་ལ་མ་ཕབ་ན། །ཡིད་དཔྱོད་འཛིན་པ་རྣམས་དང་ནི། །ཁྱད་པར་ཅི་ཡང་མེད་པར་འགྱུར། །དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེའམ། །བ་གླང་རྣམས་ལས་གླང་ཆེན་ནམ། །གཅན་གཟན་རྣམས་ལས་སེང་གེའམ། །རྐང་ཐང་རྣམས་ལས་རྟ་པ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་སོ། །གཉིས་པ་ངོ་བོ་ནི། ཡིན་སྙམ་ཡིད་དཔྱོད་དུ་མ་ལུས་པར་གནད་ལ་ཕེབས་པའི་མེ་བཙལ་ལྟ་བུའོ། །དབྱེ་ན་གསུམ། ཁ་འཐོར། ཁ་གཏམ། རྒྱུད་རང་གཞུང་དུ་གསུངས་པའོ། །དང་པོ་ངོ་བོ་ནི་བློ་དང་བྲལ་བའི་ཡེ་ཤེས་ཆེན་པོ་བྱ་རྩོལ་དང་བྲལ་བའི་གནད་ལ་བརྟེན་ནས་སྐད་ཅིག་ལ་འཆར་བའོ། །དབྱེ་ན་གཉིས། གཞག་པ་ལམ་གྱི་མཐའ་གཅོད་པའི་ངང་མང་དང་། གྲོལ་བ་


JL02_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྟོོབསདག་པའི་ལམ་མངོན་དུ་གྱུར་བའི་མན་ངག་གཉིས་ལས། དང་པོ་ནི། སྟོང་པ་ཁྱབ་ཆེ་བས་བྱ་བ་ཀུན་ཏུ་གྲོལ་བའི་ལམ་ལ་ལྟོས་པ་བྲལ་བས། སྤྲོས་གཞིའི་ཁྱུད་སྤྲོས་གཞི་ཚིག་ཙམ་དུའང་མ་གྲུབ་པས་སྤྲོ་བྱེད་མིང་ཚིག་ཏུ་མི་སྲིད་ཅིང་། བརྗོད་མེད་ཀྱི་ཆོས་ཉིད་ལ་ཡི་གེ་མེད། ལམ་ཁྱད་དེ་ལྟར་རང་ངོ་སྤྲོས་བྲལ་ལམ་དུ་ཤར་བ་ན་བྱ་བ་རྒྱུ་མེད་པའི་གཏན་ཚིགས་ཀྱིས་འཁོར་བ་དོང་སྤྲུགས་མྱང་འདས་རང་ས་ན་གྲོལ་བར་འདོད་དོ། །གཉིས་པ་ནི། ཆོས་ཉིད་གནས་པའི་ཆ་ནས་སེམས་ལ་འཕོ་འགྱུར་བྲལ་བས་གཞི་བྱས། སྐུ་གསུམ་ལམ་གྱི་སྣང་བར་ཤར་ཚེ་མ་གྲོལ་བ་གང་ཡང་མེད་ལ། འབྲས་བུ་གཤིས་ཐོག་ཏུ་ཕེབས་པའི་དུས་ན་ཆོས་ཉིད་མ་དང་ཕྲད་པར་འདོད་པའོ། །ཁ་གཏམ་གྱི་ཚུལ་དུ་གསུངས་པའི་ངོ་བོ་བློ་བྲལ་མ་འཁྲུལ་བ། རང་བཞིན་རྣམ་རྟོག་ཁུངས་སྟོར་བ། མཚན་ཉིད་གཉིས་མེད་དངོས་བཟུང་དང་བྲལ་བའོ། །དབྱེ་ན་གཉིས། གླེན་པ་ཡེངས་ལ་བོར་བའི་ཁ་གཏམ་ནི། རྩ་གནད་ཀྱིས་རླུང་། རླུང་གནད་ཀྱིས་སེམས་ཆོས་ཉིད་དུ་ཞི་བས་ཡེ་ཤེས་ཁུངས་ནས་དོན། སྒོ་གསུམ་འབྲེལ་ཐག་ཆོད་པའི་གནད་ཀྱིས་འགྱུ་བ་རང་སར་གྲོལ་ཏེ་སངས་རྒྱས་དང་སེམས་ཅན་གླེང་བ་ཆད་པའི་མན་ངག་གོ། །ཁར་ཕོག་ཏུ་མེད་པའི་ཁ་གཏམ་ནི། དབྱིངས་ཀློང་ཡངས་པའི་ངོ་ནས་གང་ཡང་མ་ཤོང་བ་མེད་པས་འཁོར་འདས་ཀྱི་ཁྱབ་པ་རྩི་བ་དང་། ཆོས་ཉིད་སྟོང་པ་ཉིད་ལ་ངོས་གཟུང་མེད་པས་ངོ་བོ་འགྱུར་བ་རྩ་བ་དང་། དབྱིངས་ལ་བྱ་རྩོལ་མེད་པས་རང་གནས་ཀྱི་ཡེ་ཤེས་ངོས་བཟུང་བའོ། །གསུམ་པ་རྒྱུད་རང་གཞུང་དུ་གསུངས་པའི་མན་ངག་གི་ངོ་བོ་བཀའ་ཐམས་ཅད་ཀྱི་བྱུང་སར་གྱུར་བ། ཁྱད་པར་ཆོས་ཉིད་ཀྱིས་བཙུན་པའོ། །རང་བཞིན་ལ་འཁོར་འདས་མེད་པས་སྤང་བླང་གི་ལྟོས་ཚད་པ་དང་། ཆོས་ཉིད་སྒྲ་ཚིག་ཏུ་མ་གྲུབ་པས་སྟོང་ཉིད་རྩོད་


JL02_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དང་བྲལ་བའོ། །དབྱེ་ན་བཞི་ཡོད་པ་ལས། དང་པོ་ལྟ་བ་དགོངས་དྲིལ་གྱི་ངོ་བོ་སྤྲོས་མེད་གཞི་ལ་ཁྱབ་པས། ལས་ལ་བཟང་ངན་མེད་དེ་ཁམས་གསུམ་ཡོངས་གྲོལ་དུ་ཤར། རང་བཞིན་སྟོང་གསལ་དུ་ཤར་བས་དགེ་བས་ཕན་མ་བཏགས། སྡིག་པས་གནོད་མ་བསྐྱལ་ཏེ་སངས་རྒྱས་དང་སེམས་ཅན་མེད། མཚན་ཉིད་ལ་མིང་ཚིག་ཡི་གེའི་སྤྲོས་པ་མེད་པས་ཐེག་པ་སྣ་ཚོགས་ཀྱི་ཆོས་ཀྱིས་སངས་མི་རྒྱ་བས་དབང་པོ་ཅིག་ཅར་གྲོལ་བའི་གནད་དོ། །དབྱེ་ན་གཉིས། སྣང་བརྟགས་ལྟ་བར་འདོད་པ་བྱར་མེད་པ་དང་། སེམས་རྟོག་ལྟ་བར་ཀུན་ནས་སློང་བ་གཉིས་སོ། །དང་པོའི་ངོ་བོ་ནི་དེ་ལ་ཆོས་མེད་པས་སངས་རྒྱས་མིང་དུའང་མ་གྲུབ། རང་བཞིན་རྩལ་དུ་ཤར་བས་འཁོར་བ་ཐ་དད་དུ་ཤར། མཚན་ཉིད་གཅིག་ཏུ་མ་ངེས་པས་ལྟ་སྒོམ་ལ་ཚད་པོ། །སེམས་རྟོག་ལྟ་བར་དྲིལ་བའི་ངོ་བོ་སྐྱེ་མེད་དུ་དག་པས་ཉོན་མོངས་པ་གཞི་མེད་དུ་དེངས། རང་བཞིན་མ་འགགས་པར་ཤར་བས་སྤང་བླང་བྱ་རྩོལ་དང་བྲལ། མཚན་ཉིད་ཡེ་གྲོལ་དུ་ཤར་བས་འཁོར་འདས་ཀྱི་ཁུངས་རྡིབ་པའོ། །གཉིས་པ་གཏམ་བགེགས་སེལ་བའི་ངོ་བོ་ཆོས་ཉིད་ཀྱི་གཤིས་བསྟན་པས་འཁོར་འདས་ཀྱི་མཚམས་བྱེད། རང་བཞིན་འཕྱུགས་མེད་ཀྱི་གཞི་ཐེངས་པས་བློ་མ་བའི་སྡེ་བ་མེད། མཚན་ཉིད་ལ་དངོས་པོ་མེད་པས་འཁྲུལ་བ་རང་ཐོག་ཏུ་བསལ་བའོ། །འདི་ལ་དབྱེ་ན་གཉིས་སུ་ཡོད་པའི། དང་པོ་ལྟ་སྒོམ་དྲོད་ཚད་ཀྱི་གེགས་བསལ་བ་ནི། ལྟ་བའི་དྲོད་འཁོར་འདས་གཉིས་རོ་མཉམ་དུ་འདྲེས་པས་གནས་ལུགས་ལ་རིས་མེད། དེའང་ལྟ་བ་གཡོ་བའི་དུས་འཁོར་བའི་མཚང་ངོས་ཟིན་པ་དྲེ་རྐུན་ངོས་ཟིན་པ་ལྟ་བུའོ། །ལྟ་བ་ཐོབ་པའི་དུས་ལུས་ངག་ལ་དྲོད་ཐོབ་པ་མེ་འབར་བ་ལ་ཞུན་མར་བླུགས་པ་ལྟ་བུའོ། །ལྟ་བ་བརྟན་པའི་དུས་འཁོར་འདས་ཀྱི་ཤན་ཕྱེད་པ་དམག་མི་གཡུལ་ལས་རྒྱལ་བ་ལྟ་བུའོ། སྒོམ་པ་གཡོ་བའི་དུས་ན་རླུང་སེམས་ལ་རང་བྱན་


JL02_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཚུད་པ་ཕྱུག་པོའི་བང་མཛོད་དང་ཕྲད་པ་ལྟ་བུའོ། །སྒོམ་པ་ཐོབ་པའི་དུས་ན་སེམས་ལམ་དུ་ཚུད་པ་གླང་ཆེན་བྲེས་ལ་བཙུད་པ་ལྟ་བུའོ། །སྒོམ་པ་བརྟན་པའི་དུས་ན་རིག་པའི་རྩལ་རྫོགས་པ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལྟ་བུའོ། །སྤྱོད་པ་གཡོ་བའི་དུས་ན་ཤེས་པའི་གཏད་སོ་ཡལ་བ་སྨྱོན་པ་འུར་ལངས་པ་ལྟ་བུའོ། །སྤྱོད་པ་ཐོབ་པའི་དུས་ན་འཁྲུལ་སྣང་ཟིལ་གྱིས་ནོན་པ་སེང་གེ་རི་སུལ་འགྲིམ་པ་ལྟ་བུའོ། །སྤྱོད་པ་བརྟན་པའི་དུས་ན་སྐུ་གསུམ་གྱི་དྲོད་ཚད་ཟིན་པ་བྲམ་ཟེ་མོ་ལས་ཟིན་ལྟ་བུའོ། །དེའང་སྤྱོད་པས་སྣང་བའི་་གེགས་བསལ་བས་སྣང་རྐྱེན་ཆོས་ཉིད་དུ་གྲོལ། སྒོམ་པས་འགྱུ་བའི་གེགས་བསལ་བས་དྲན་བསམ་ཏིང་འཛིན་དུ་གྲོལ། ལྟ་བས་ཆོས་ཉིད་ཀྱི་གེགས་བསལ་བས་ཆོས་ལམ་བརྟེན་ཡང་སངས་རྒྱ་བ་ལས་འགྲོ་ས་གཞན་མེད་དོ། །གཉིས་པ་དངོས་པོ་འདུག་ཚུལ་གྱི་གེགས་བསལ་བ་ནི། ངོ་བོའི་ཆོས་ཉིད་ལ་བཅོས་སུ་མེད་པས་ཅིར་སྣང་སེམས་ཡིན་དུ་གྲོལ། རང་བཞིན་ལ་རྒྱུ་འབྲས་མེད་པས་ཁམས་གསུམ་དངོས་མེད་དུ་དག། མཚན་ཉིད་ལ་གོམས་པ་མ་དགོས་པས་ཤེས་བྱ་གཞན་ལ་མི་ལྟོས་པའོ། །གསུམ་པ་གབ་པ་མངོན་ཕྱུང་གི་ངོ་བོ་ལ་ཐོབ་ཏུ་མེད་པས་རེ་བ་གང་ལའང་གདོད་མི་འཆའ། རང་བཞིན་ལ་ཕྱོགས་རིས་དག་པས་དོགས་པའི་འཕྲང་མེད། མཚན་ཉིད་ལ་བརྟགས་ཀྱང་མི་རྙེད་པས་འཁོར་འདས་ཀྱི་རྩ་བ་རུལ་བ་ཞེས་བྱའོ། །དབྱེ་ན། གཅིག་གབ་ནས་གཉིས་མངོན་དུ་ཕྱུང་བ་དང་། གཉིས་གབ་ནས་གཅིག་མངོན་དུ་ཕྱུང་བ་གཉིས་ལས། སྔ་མ་ནི། ལྟ་སྤྱོད་གཉིས་མངོན་དུ་ཕྱུང་ནས་སྒོམ་པ་གསང་ན། དེའི་ངོ་བོ་ཟུང་འཇུག་ལ་ཐོག་མཐའ་མེད་པས་འཁོར་འདས་ཀྱི་ཐོག་མཐའ་ཆོད་པའོ། །རང་བཞིན་གཉིས་སུ་མ་ཡིན་པས་ཐིག་ལེ་ལ་ཕྱི་ནང་མེད། མཚན་ཉིད་ལ་ལྟོས་གཞག་བྲལ་བས་རྒྱུ་མེད་ཟང་ཐལ་བའོ། །གལ་ཏེ་སྤྱོད་པ་གང་ནས་ལྟ་སྒོམ་གཉིས་


JL02_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་ཕྱུང་ན། སྟོང་པས་སྟོང་པ་དག་པ་ཞེས་འདོད་དོ། །ལྟ་བ་གསང་ནས་སྤྱོད་སྒོམ་གཉིས་མངོན་དུ་ཕྱུང་ན་འཛིན་མེད་ཀྱི་ཤེས་པ་ཕྱོགས་ཡན་དུ་ཤར་བས། ཡུལ་མེད་ཀྱི་རིག་པ་གང་། །མེད་དུ་གྲོལ་བ་ཞེས་བྱའོ། །ཕྱི་མ་ནི། སྒོམ་པ་ཕྱུང་ནས་ལྟ་སྤྱོད་གསང་ན། གཏད་མེད་ཀྱི་རིག་པ་ལྟོས་མེད་དུ་ཕྱུང་བས་རྒྱུ་མེད་ཀྱི་འབྲས་བུ་རང་ལ་གནས་པ་ཞེས་བྱའོ། །སྤྱོད་པ་ཕྱུང་ནས་ལྷ་སྒོམ་གསང་ན་ལུས་གཡང་སར་བོར་ནས་སེམས་ཆོས་ཉིད་དུ་གློང་བ་ཞེས་བྱའོ། །ལྟ་བ་གསལ་ནས་སྒོམ་སྤྱོད་གཉིས་གསང་ན་སེམས་སྟོང་ཉིད་དུ་བསྐྱལ་བས་ལུས་ངག་གནད་ལ་ཕེབས་པ་ཞེས་བྱའོ། །བཞི་པ་བཤད་པ་རང་གསལ་གྱི་ངོ་བོ་སྒྲ་ཚིག་རང་ཚན་ལས་འདས་པ་གྲུབ་པའི་མཐའ་ལ་མི་གནས་པས་གྲུབ་པ་ཁྱད་པར་ཅན་དང་། རང་བཞིན་དམིགས་མེད་དུ་དག་པས་ཀ་ནས་དག་པའི་ཆོས་ཉིད་མུ་མེད་དུ་རང་ཤར་ལ། མཚན་ཉིད་བློ་མ་ཡིན་པས་ཀུན་རྫོབ་ཀྱི་འགྱུ་ཕྱེད་སྤྲོས་པ་དང་བྲལ་བའོ། །དབྱེ་ན་གསུམ། འཁྲུལ་བ་དེད་ཀྱི་ལུགས་སུ་སྨྲ་བ་དང་། འཁྲུལ་བ་བཞི་ལ་བཟློག་པའི་ཚུལ་དུ་སྨྲ་བ་དང་། ཐིག་ལེ་རང་གནད་ལ་བེབས་པར་སྨྲ་བའོ། །དང་པོ་ནི། ངོ་བོ་འཁྲུལ་བ་མ་རིག་པའི་ས་བོན་གྱིས་འཁོར་བ་མཐའ་དག་གི་གཞི་བཏིང་བས། དེ་ཉིད་རང་དུ་དེད་པས་མ་རིག་པ་རྩད་ནས་བཅད། རིག་པ་དང་པོའི་གཞི་ལ་ཕྱིན་ཏེ་ཕྱིན་ཆད་ལྡོག་པ་མེད་པའོ། །རང་བཞིན་ཐ་དད་དུ་བྱུང་བས་རྒྱུ་རྐྱེན་གྱི་བདེད་ནས་དམིགས་པའི་གདར་ཤ་ཆོད་པས་འཁོར་བར་འཁྲུལ་བའི་ལྟོས་ཟད་ནས། གཞི་ཟད་ཡེ་དག་ཆེན་པོ་ཞེས་བྱའོ། །མཚན་ཉིད་འཁྲུལ་བ་ངོས་ཟིན་པས་མ་འཁྲུལ་བའི་ཡེ་ཤེས་ཀྱི་དྲོད་ཚད་ཟིན་པ་ཞེས་བྱའོ། །དེའང་འཁྲུལ་བ་རང་སོ་ལ་བཞག་པས་མི་འཁྲུལ་བའི་ཆོས་ཉིད་ངོས་ཟིན་པའི་ངོ་བོ་ནི་གདོད་ནས་འཁྲུལ་མ་མ་མྱོང་བས་མ་རིག་པའི་མིང་མེད། ད་ལྟ་འཁྲུལ་མ་ཤེས་པས་ལས་ངན་གྱི་ཁུངས་སྟོར། ཕྱིན་ཆད་འཁྲུལ་མི་སྲིད་པས་ལས་དགེ་སྡིག་གི


JL02_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མིང་མེད་པའོ། །རང་བཞིན་ལ་གཉིས་སུ་མེད་པའི་འཁོར་འདས་རིག་པར་གཞི་གཅིག་པས་འཁྲུལ་བ་གནས་སུ་དག། མཚན་ཉིད་འཁྲུལ་རྒྱུ་མེད་པས་འཁྲུལ་མ་འཁྲུལ་གྱི་རྩིས་ཆད་དེ་ཁམས་གསུམ་དོང་སྤྲུགས་པ་འོད་འཁྲུལ་གཞི་ཁོག་བསྐོར་བས་འཁྲུལ་འཁོར་རྒྱུན་ཆད་པའི་ངོ་བོ་ནི། འཁོར་བར་ལྟུང་བྱེད་ཀྱི་གཞི་སྟོངས་པས་བྱས་པས་མ་རྙེད་པའི་གཞི་འཆོས་པ་དང་། རང་བཞིན་རྩིས་ལས་འདས་པས་འཁྲུལ་གྲོལ་གང་དུའང་གྲུབ་པ་མེད། མཚན་ཉིད་ལ་གཉིས་སུ་མ་གྲུབ་པས་འཁྲུལ་མ་འཁྲུལ་གྱི་བློ་དང་བྲལ་བའོ། །ཐིག་ལེ་རང་གནད་ལ་འཕེབས་པ་ནི། ངོ་བོ་ལ་སྤྲོས་པ་དང་བྲལ་བས་གཅིག་དང་དུ་མ་མེད། རང་བཞིན་ལ་དུ་མ་མེད་པས་ཐ་སྙད་དང་ཚིག་ལས་འདས། མཚན་ཉིད་ལ་ངོ་སྤྲད་པས་ཡིད་ཆེས་ཤིང་ཐག་ཆོད་པའོ། །དབྱེ་ན་གཉིས། སྙན་བརྒྱུད་དང་། བཤད་རྒྱུད་དོ། །སྙན་བརྒྱུད་ཀྱི་ངོ་བོ་གཅིག་ནས་གཅིག་ཏུ་བར་མ་ཆད་པས་ཤིན་ཏུ་ཉེལ། རང་བཞིན་ནི་རྣ་བའི་དབང་པོ་དང་འབྲེལ་བས་གཞན་གྱིས་བར་མ་ཆོད། མཚན་ཉིད་ལ་གོལ་འཕྱུགས་མེད་པས་ཡིད་ཆེས་ཀྱི་གདེང་དང་བཅས་པའོ། །དབྱེ་ན་ཡི་གེ་ཅན་དང་། ཡི་གེ་མེད་པའི་སྙན་བརྒྱུད་ཆོས་ཉིད་དོན་གྱི་མན་ངག་གོ། །བཤད་རྒྱུད་ཀྱི་ངོ་བོ་བྱ་རྩོལ་དང་བྲལ་བའི་ཆོས་ཉིད་ལ་རྒྱུ་མེད་པས་འཁོར་བར་ལྡོག་པའི་གཞི་མེད། རང་བཞིན་འོད་གསལ་ལ་དྲི་མ་དང་བྲལ་བའི་ཡེ་ཤེས་ལྔའི་ཆོས་ཉིད་ཤེས། མཚན་ཉིད་རྟོག་དཔྱོད་ལས་འདས་པས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་དགོངས་པ་ལ་རྟག་བརྒྱན་གྱི་ཁོར་མོར་གནས་སོ། །དབྱེ་ན་བཞི་སྟེ། ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་ན་མེད་པའི་སྐོར། དེའང་སློབ་དཔོན་ཆེན་པོའི་མ་ལའི་སྒྲོན་མ་སྣང་བྱེད་ལས། ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་བསྟན། །ནང་སྐོར་མིག་དང་འདྲ་སྟེ། མཐོང་བ་བརྡ་ཡི་ཆོས། གསང་སྐོར


JL02_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དང་འདྲ་སྟེ་དྲན་བྱེད་ཟུངས་ཀྱི་ཆོས། །འདི་ནི་ལུས་ཀུན་རྫོགས་པའི་སྐྱེས་བུ་འདྲ། །ཞེས་སོ་སོའི་རང་བཞིན་ཡིད་ཆེས་པའི་གནས་སུ་བསྟན་ནས་ཡང་གསང་བླ་ན་མེད་པ་ལ་ཁྱད་པར་དུ་བསྔགས་པའོ། །དེ་ལ་དང་པོ་ཕྱི་སྐོར་གྱི་ངོ་བོ་ནི། ཉོན་མོངས་པ་སྤང་དུ་མེད་པས་དུག་ལྔ་ལམ་དུ་འཁྱེར། རང་བཞིན་ལ་བྱ་རྩོལ་མེད་པས་ཅིར་སྣང་ཆོས་ཉིད་ཀྱི་རྒྱན། མཚན་ཉིད་ལ་གོལ་འཕྱུགས་མེད་པས་སྟོང་ཉིད་གང་དུའང་མ་ཕྱེ་བའོ། །ནང་སྐོར་གྱི་ངོ་བོ་ནི། གཟུགས་ཅན་གྱི་མཚན་མ་མེད་པས་ཆོས་ཉིད་ལ་རིས་སུ་མ་ཆད། རང་བཞིན་ལ་འགྲོ་འོང་མེད་པས་རྟག་པར་བཞུགས་པའི་ཡེ་ཤེས། མཚན་ཉིད་ལ་ཟུག་པའི་ངོས་ནས་རྩ་བ་ལྟར་བྱུང་ལ། འདྲིལ་བའི་ངོས་ནས་སྡོང་པོ་ལྟ་བུ། རྒྱས་པའི་ངོས་ནས་ཡལ་འདབ་ལྟ་བུ། གསལ་བའི་ངོས་ནས་མེ་ཏོག་ལྟ་བུ། སྨིན་པའི་ངོས་ནས་འབྲས་བུ་ལྟར་བྱུང་བའོ། །གསང་སྐོར་གྱི་ངོ་བོ་ནི། ཆོས་ཉིད་ངོ་སྤྲད་པ་དང་རྟོགས་པ་ཐོབ་པ་དུས་མཉམ་པས་ཐོས་བསམ་སྒོམ་པའི་བརྟུལ་ཞུས་ལ་རག་མ་ལུས། རང་བཞིན་དབུགས་ཆད་པ་དང་སངས་རྒྱ་བ་དུས་མཉམ་པས་རྩོལ་བསྒྲུབ་ལ་རག་མ་ལུས། མཚན་ཉིད་ནི་སངས་རྒྱས་པ་དང་ཐུགས་རྗེའི་ནུས་པ་རྫོགས་པ་དུས་མཉམ་པས་ཚོགས་གཉིས་ཀྱི་འཕེན་པ་རག་མ་ལུས་པའོ། །གསང་བ་བླ་ན་མེད་པའི་སྐོར་གྱི་ངོ་བོ་ནི། ཚིག་དང་དཔེ་ལ་མ་བརྟེན་པས་རྟོག་དཔྱོད་ཀྱི་ཤེས་བྱ་ལ་མ་ལྟོས། རང་བཞིན་མངོན་སུམ་པར་མཐོང་བས་ཡིད་དཔྱོད་ཀྱི་ལྟ་བ་ལ་མི་གནས། མཚན་ཉིད་སྣང་བ་བཞི་ཚད་ལ་ཕེབས་པས་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔར་རེ་ལྟོས་མི་འཆའ་བར་ནང་གསལ་གདོད་མའི་དབྱིངས་ལ་ཚེ་འདི་ཉིད་ལ་སྦྱོར་བའི་ཕྱིར་ཤིན་ཏུའང་ཁྱད་དུ་འཕགས་པ་ཡིན་ནོ། །དེ་ལྟར་རྫོགས་པ་ཆེན་པོ་མན་ངག་གི་སྡེ་གསུམ་པོ་རྣམས་ཀློང་གསལ་དུ་བསྡུ་ན། རོལ་པ་འགག་མེད་ཀྱི་ཀློང་། བློ་ལམ་གྲོལ་བ་མེད་པའི་ཀློང་། ངོ་བོ་


JL02_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟང་ངན་མེད་པའི་ཀློང་དང་གསུམ་མོ། །མན་ངག་གི་སྙིང་པོའང་གནད་བཀྲོལ་བ་དང་། འགག་སྡོམ་པ་དང་། ངོ་སྤྲད་པ་དང་། མངོན་སུམ་རང་གནད་ལ་དབབ་པ་དང་བཞིར་འདུས་ལ། རྗོད་བྱེད་ཀྱི་རྒྱུ་མཚན་སོ་སོ་བ་ཁྲི་ཕྲག་གཉིས་དང་བཅུ་གཉིས། ལེའུ་སྟོང་ཕྲག་སུམ་ཅུ་རྩ་ལྔ། ཤློ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། གནང་སྟོང་ཕྲག་གསུམ། འཕྱོང་ཆེན་པོ་བརྒྱད། གཟེར་བུ་བརྒྱ་དང་བརྒྱད་ཅུ། གེགས་སྟོང་ཕྲག་ཕྱེད་དང་གཉིས། ཤན་བྱེད་ཁྲི་ཕྲག་བདུན། ལ་བཟླ་བ་འབུམ་ཕྲག་ཕྱེད་དང་གཉིས་ཏེ་བརྗོད་བྱ་ནམ་མཁའི་མཐའ་དང་མཉམ་པ་བཀའ་སྩལ་བ་ནི་མཐར་ཕྱིན་པ་མན་ངག་གི་སྡེ་ཡིན་ལ། དེ་ཡང་གྲུབ་མཐའ་རིན་པོ་ཆེར་གེགས་སྟོང་ཕྲག་དགུ་བརྒྱ་ཞེས་བྱུང་ཞིང་། ཐེག་པའི་མཆོག་ལས་སྟོང་དང་ལྔ་བརྒྱ་བྱུང་བ། ཐལ་འགྱུར་ལས། རང་བཞིན་རྫོགས་པ་ཆེན་པོ་ལས། །ཚིག་གི་བྱེ་བྲག་རྣམ་འཕྲོས་པ། །སྡེ་གསུམ་ལས་ནི་ཀློང་དགུར་འགྱུར། །ཚིག་སྡུད་པ་ལས་ཤློ་ཀ། །འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས། །ལེའུ་སྟོང་ཕྲག་སུམ་ཅུ་ལྔ། །བམ་པོ་ཉི་ཁྲི་སྟོང་ཕྲག་གཅིག། བརྗོད་བྱ་ནམ་མཁའི་མཐའ་དང་མཉམ། །གདུལ་བྱའི་སེམས་ཀྱི་རྟོག་པ་གཅོད། །འདི་ལས་བརྗོད་བྱ་ཉེར་བསྡུས་པ། །གཟེར་བུ་བརྒྱ་དང་བརྒྱད་ཅུ་ལ། །གེགས་ནི་སྟོང་ཕྲག་ཕྱེད་དང་གཉིས། །གནད་ཆེན་འདུས་པ་སྟོང་ཕྲག་གསུམ། །གོལ་སྒྲིབ་ཁྲི་ཕྲག་བཞི་བཅུ་ལ། །མིང་ཐོགས་རྒྱུད་ནི་ཁྲི་ཕྲག་གཉིས། །ཚིག་བརྗོད་རིམ་པ་གསལ་བཀོད་དོ། །ཞེས་པ་ལྟར་ན་སྟོང་ཕྲག་ཕྱེད་གཉིས་ཏེ་སྟོང་དང་ལྔ་བརྒྱ་འཐད་པར་སེམས་ཤིང་། དེ་བཞིན་དུ་གཉིས་ཀར་གནད་སྟོང་ཕྲག་ལྔ་ཞེས་བྱུང་བའང་སྟོང་ཕྲག་གསུམ་དང་ཡི་གེ་ནོར་བར་དོགས་པས་དཔྱད་པར་བྱའོ། །གཞན་རྣམས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཟེར་བ་ནི་ཤླཽ་ཀ་དང་། རྒྱུད་ཀྱི་ངེས་བརྗོད་ནོར་བ་སྟེ། དེས་ན་ད་ལྟ་རྒྱུད་ཀྱི་མིང་འདོགས་ཙམ་ངེས་པ་འདྲོངས་པའང་གདོད་མའི་མགོན་པོ་ཀློང་ཆེན་པའི་བཀའ་


JL02_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཡིན་པར་བལྟའོ། །དེ་ལྟར་རྒྱ་ཆེར་བཤད་པའི་སྐོར་ཐམས་ཅད་མངོན་གཅིག་ཏུ་དྲིལ་ནས་དབྱེ་བསྡུའི་རིམ་པ་ངེས་པ་ལས་རང་རང་གི་བཞེད་གཞུང་ཐུན་མོང་མ་ཡིན་པ་སྐབས་སོ་སོར་བརྗོད་ཟིན་ལ། བསྡུ་བའི་རིམ་པ་ལ་ཐེག་པ་སྤྱི་དང་མདོ་མཐུན་པར་བསྡུ་ན། ཀུན་མཁྱེན་གྱིས། དེ་ཡང་སྡེ་སྣོད་ཀྱི་དབང་དུ་བྱས་ན་མངོན་པའི་སྡེ་སྣོད་ཅེས་བྱ་བར་སྡེ་གསུམ་ཀ་བསྡུས་སོ། །ཞེས་གསུངས་ལ། འདིར་བརྗོད་བྱའི་སྒོ་ནས་སྡེ་སྣོད་གསུམ་དང་། རྗོད་བྱེད་ཀྱི་སྒོ་ནས་བསླབ་པ་གསུམ་དུ་ངེས་པའི་ཕྱིར། དེ་གསུམ་ཀའི་སྤྱི་གཞི་རིག་པ་འཛིན་པའི་སྡེ་སྣོད་ཅེས་སྡེ་སྣོད་བཞི་པར་བསྡུས་ཀྱང་མི་འགལ་ཏེ། དཔུང་བཟང་གིས་ཞུས་པའི་མདོ་ལས། བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་བཤད་པའི་ཕྱིར་རོ། །དོན་གསུམ་པ་རྒྱུད་སྡེའི་ངེས་པ་བརྗོད་པ་ལ་གསུམ། རྒྱུད་སྤྱིའི་ཆིངས་མདོར་བསྟན་པ། ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་སོ་སོར་བཤད་པ། དེའི་དགོངས་དོན་གསང་བ་བླ་ན་མེད་པའི་ལམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་དྲུག་སྟེ། རྒྱུད་ཀྱི་ངོ་བོ། ངེས་ཚིག། རྣམ་དབྱེ། ལྡང་ཚད། དཔེ། འཐད་པའོ། །དང་པོ་ནི། གཞིའི་རྒྱུད་རིག་པའི་ཆོས་ཉིད། ལམ་གྱི་རྒྱུད་དབང་དང་གདམས་ངག། འབྲས་བུའི་རྒྱུད་སྐུ་དང་ཡེ་ཤེས་སོ། །ངེས་ཚིག་ནི། རིགས་མཚོན་པའི་ཕྱིར་ན་རྒྱུད་དེ། གང་དང་གང་གི་རིགས་སུ་སྐྱེ་བར་བྱེད་པ་དང་། བར་མ་ཆད་ལ་གྲང་ཆགས་སུ་གནས་པས་རྒྱུད་ཅེས་བྱ་སྟེ་མུ་ཏིག་ཕྲེང་བ་ལས། མཚོན་པར་བྱ་བས་ཐབས་ཡིན་ཏེ། རྒྱུད་དུ་གནས་པས་རྒྱུད་ཅེས་བྱ། །ཞེས་སོ། །དབྱེ་ན་རང་བཞིན་དོན་གྱི་རྒྱུད་དང་། མཚོན་བྱེད་ཚིག་གི་རྒྱུད་དོ། །དང་པོ་ནི། སེམས་ཉིད་འོད་གསལ་བའི་རང་བཞིན་རྣམ་པར་རྟོག་པའི་དྲི་མ་ལས་འདས་པ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཅན་ལ་བྱ་སྟེ་སྔ་མ་ལས། དེ་བཞིན་གཤེགས་པའི་རང་བཞིན་ཅན། རྒྱུད་ཀྱི་སྙིང་པོ་རབ་ཏུ་དབྱེ། འཁོར་


JL02_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདས་པ་གང་གིས་ཀྱང་། །འདི་ཉིད་ཤེས་པ་མ་ཡིན་ནོ། །མི་འབྱེད་རྡོ་རྗེའི་རང་བཞིན་ཅན། །རང་རྒྱུད་མཚོན་པའི་གཞི་གཅིག་པའི། །རང་བཞིན་སྟོང་པ་ཉིད་དུ་གཅིག། རྫོགས་པའི་སངས་རྒྱས་སྐྱེད་པའི་ཡུམ། །ཞེས་སོ། །གཉིས་པ་ཚིག་གི་རྒྱུད་ནི། དེ་ཉིད་མཚོན་པའི་གནས་ངེས་པ་མིང་ཚིག་ཡི་གེའི་རང་བཞིན་ལེའུ་དང་བམ་པོ་ལ་སོགས་པའི་ཚད་ཀྱིས་བཅད་པ་སྟེ། འོག་ཏུ་ངེས་འབྱེད་ཀྱི་སྐབས་སྟོན་ནོ། །ལྡང་ཚད་ནི། དབང་དང་དམ་ཚིག་གཉིས། ལྷ་དང་སྔགས། དཀྱིལ་འཁོར་དང་མཆོད་པ། ཏིང་ངེ་འཛིན་དང་སྤྱོད་པ། ཕྲིན་ལས་དང་ལྟ་བ་སྟེ་བཅུ་ཚང་ན་བསྐྱེད་རིམ་གཙོ་ཆེ་བ་སྟེ་ཐབས་མཆོག་གི་རྒྱུད་དུ་བསྟན་ནོ། །ཡང་ལྟ་བ་དང་འབྲས་བུ་གཉིས། སྤྱོད་པ་དང་སྒོམ་པ། སེམས་དང་ཡེ་ཤེས། ཉམས་དང་གདམས་པ་གཉིས་ཏེ་བརྒྱད་ཚང་ན་རྫོགས་རིམ་གཙོ་ཆེ་བ་ཤེས་རབ་མའི་རྒྱུད་དང་སྟོན་ནོ། །ཟུང་འཇུག་གཉིས་སུ་མེད་པ་ལ་དེ་གཉིས་ཀའི་བརྗོད་བྱ་ཚང་དགོས་པས་བཅོ་བརྒྱད་དོ། །ཡོངས་སུ་རྫོགས་པ་ཆེན་པོ་ནི། བསྐྱེད་རྫོགས་གཉིས་ལས་རྫོགས་རིམ། དེ་ལའང་སྤྲོས་བཅས་རྩ་རླུང་ཐིག་ལེའི་རྫོགས་རིམ་དང་། སྤྲོས་མེད་འོད་གསལ་ཡེ་ཤེས་ཀྱི་རྫོགས་རིམ་ལས། ཕྱི་མ་ལྟར་ལ་ཟབ་པའི་རྫོགས་རིམ། །ཆེན་པོ་འོད་གསལ་གྱི་རྫོགས་རིམ་སྟེ། འདིའི་ལྡང་ཚད་ལ། འཇུག་པའི་སྒོ་དབང་དང་དམ་ཚིག་གཉིས། ལམ་དང་ལ་བཟླ་གཉིས། འབྲས་བུ་དང་ལྔ་ཚང་བ་ཡིན་ནོ། །དཔེ་ནི་ཐགས་དང་འདྲ་སྟེ། རྒྱུད་སྤུན་མང་པོ་ལ་བརྟེན་ནས་རས་ཡུག་ཏུ་ལོངས་པ་ལྟར། རྗོད་བྱེད་ཐ་དད་པ་ལ་བརྟེན་ནས་དོན་གཅིག་ཏུ་སློང་བའོ། །འཐད་པ་ནི། རང་ལ་གཞི་འབྲས་ཀྱི་རྒྱང་ལྷུན་གྲུབ་ཏུ་གནས་པ་དེ་ལམ་གྱི་རྒྱུད་ཀྱིས་མཚོན་པར་བྱེད་པས་ན་རྒྱུད་དུ་འཐད་པའོ། །དེ་དག་སོ་སོའི་རང་བཞིན་རྒྱས་པར་བཤད་ན་རྗོད་བྱེད་མཐའ་ལས་པར་ཡོད་དེ་མདོར་བསྡུས་པའོ། །གཉིས་པ་མཚོན་བྱེད་ཚིག་གི་རྒྱུད་ཀྱི་རྣམ་གྲངས་སོ་སོར་བཤད་པ་ལ།


JL02_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་སེམས་སྡེའི་རྒྱུད་ལ་བོད་དུ་འགྱུར་བའི་སེམས་མེད་བཅོ་བརྒྱད་དུ་གྲགས་པ་ལས། ལོ་ཙཱ་ཆེན་པོ་བཻ་རོ་ཙ་ནས་བསྒྱུར་བའི་སྔ་འགྱུར་ལྔ་ནི། རིག་པའི་ཁུ་བྱུག། རྩལ་ཆེན་སྤྲུག་པ། ཁྱུང་ཆེན་ལྡིང་བ། རྡོ་ལ་གསེར་ཞུན། མི་ནུབ་པའི་རྒྱལ་མཚན། ནམ་མཁའ་ཆེའོ། །ཡིད་བཞིན་ནོར་བུ། པཎྜི་ཏ་ཆེན་ཆེན་པོའི་མ་ལ། ཀུ་མཱ་ར། གཡུ་སྒྲ་གསུམ་གྱིས་བསྒྱུར་བའི་ཕྱིར་འགྱུར་བཅུ་གསུམ་ནི། རྩེ་མོ་བྱུང་རྒྱལ། ནམ་མཁའི་རྒྱལ་པོ། བདེ་བ་འཕྲུལ་བཀོད། རྫོགས་པ་སྤྱི་ཆིངས། བྱང་ཆུབ་སེམས་ཏིག། བདེ་བ་རབ་འབྱམས། སྲོག་གི་འཁོར་ལོ། །ཐིག་ལེ་དྲུག་པ། རྫོགས་པ་སྤྱི་སྤྱིད། ཀུན་འདུས་རིགས། རྗེ་བཙུན་དམ་པ། སྒོམ་པ་དོན་གྲུབ་རྣམས་སོ། །དེ་དག་གི་སྟེང་དུ་བཻ་རོས་སྔར་བསྒྱུར་བའི་ཀུན་བྱེད་རྒྱལ་པོ་ལྟ་བ་ནམ་མཁའ་ལྟར་མཐའ་དབུས་མེད་པའི་རྒྱུད། རྨད་བྱུང་། བྱང་ཆུབ་སེམས་ཀྱི་མདོ་ལེའུ་བཞི་པ་དང་། རྣམ་པ་བགྲང་བའི་མདོ་ལེའུ་གསུམ་པ། ཕུན་སུམ་ཚོགས་པའི་མདོ་ཕུན་ཚོགས་ལྔ་པ་ལ་སོགས་བྱང་ཆུབ་སེམས་ཀྱི་མདོ་བཅུ་དང་། སོ་སོའི་རང་ཞབས་ཀྱི་འགྲེལ་བ་ཆུང་ངུ་རེ་བཅས་དོན་འགྲེལ་བཅུ། ཡང་འགྲེལ་ལྔ། བཤད་རྒྱུད་སྡེ་བཞི་ལ་སོགས་པ་ཕལ་ཆེར་པཎྜི་ཏ་ཤྲཱི་སིངྷ་དང་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་རྒྱ་འགྱུར་ཤ་སྟག་གོ། ཀུན་མཁྱེན་ཆེན་པོས་སྔར་གྱི་སེམས་མེད་བཅོ་བརྒྱད་ཀྱི་སྟེང་དུ་ཀུན་བྱེད། རྨད་བྱུང་། མདོ་བཅུ་གསུམ་བསྡོམས་པས་སེམས་སྡེ་ཉེར་གཅིག་གོ། ལུང་མང་པོ་བཅོ་བརྒྱད་རྣམས་མིང་གི་རྣམ་གྲངས་ལ་ལ་འདྲ་ཡང་། ལ་ལ་སྔ་ཕྱི་དང་མང་ཉུང་བསྒྱུར་མཁན་མི་འདྲའོ་ཞེས་བཤད་དོ། །འདི་དག་རྙིང་རྒྱུད་ཀྱི་གླེགས་བམ་ཀ་ཁ་ལ་ཕལ་ཆེར་བཞུགས་སོ། །ཀློང་སྡེའི་རྒྱུད། འཁོར་བ་དོང་སྤྲུགས། རིན་ཆེན་གསང་བ། བྱ་རྩོལ་མེད་པ། ནམ་མཁའ་ཀློང་ཡངས་ལ་སོགས་པ་འབུམ་ཕྲག་གཅིག་ཏུ་གསུངས་པ་དང་། དེ་བཞིན་དུ་མན་ངག་རྒྱུད་པདྨ་ཀློང་གསལ། པདྨ་དབང་རྒྱལ། ཡིད་བཞིན་རྟོག་གི་རྒྱུད་ལ་སོགས་པ་ཁྲི་ཕྲག་ལྔ་དང་


JL02_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་གཅིག་ཏུ་བཤད་ཅིང་། བྱེ་བྲག་པའི་སྒོར་ལ་སངས་རྒྱས་མཉམ་སྦྱོར། ཐིག་ལེ་སྐོར་གྱི་སྙིང་པོའི་རྒྱུད་སྟོང་ཕྲག་ལྔ་དང་སུམ་བརྒྱ། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འཕྲོས་ཏེ་བྱུང་བ་རྣམས་དང་། སྒྲ་ཐལ་འགྱུར་ལ་སོགས་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་ཁྲོས་མ་དང་བཅས་བཅོ་བརྒྱད་དུ་གྲགས་པ་ལས། རྫོགས་པ་ཆེན་པོ་ཤླཽ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་ཕྱུང་བ་སྙིང་པོ་ལས་ཀྱང་ཆེས་སྙིང་པོར་གྱུར་བ་ཡིན་པས་ཁྱད་པར་དུ་བྱས་པ་ཕྱི་མ་འདི་དག་གི་ངེས་བརྗོད་ལ། དབྱེ་བ། སྡུད་ཚུལ། གནད་དོན། དགོས་ཆེད། མ་བུ་ངེས་པའི་ཁ་བྱང་བཅས་རྒྱས་པར་གླེང་ན། དང་པོ་དབྱེ་བ་ལ་རྣམ་གྲངས་བཅོ་བརྒྱད་དཔེ་དོན་འགྲེལ་ཆགས་སུ་ངེས་པ་ནི། མུ་ཏིག་ཕྲེང་བ་ལས། རྒྱ་མཚོ་དང་ནི་ཉི་མ་དང་། །སེང་གེ་དང་ནི་རི་རྒྱལ་དང་། །འཁོར་ལོ་དང་ནི་ལྡེ་མིག་དང་། །རལ་གྲི་དང་ནི་གསལ་ཤིང་དང་། །གསེར་ཞུན་དང་ནི་མ་བུ་འབྲལ། །མེ་ལོང་དང་ནི་མུ་ཏིག་རྒྱུས། །སྤྲུལ་མདུད་དང་ནི་ཁྱུང་ཆེན་དང་། །ཆུ་རྒྱུན་དང་ནི་སྤུ་གྲི་དང་། །རྒྱལ་པོ་དང་ནི་བང་མཛོད་དང་། །དེ་དག་རྣམ་པར་ཕྱེ་བས་ནི། །ཚིག་རྒྱུད་གསལ་བར་བྱེད་པའོ། །ཞེས་པས། རྒྱ་མཚོ་ལྟ་བུའི་རྒྱུད་རིག་པ་རང་ཤར། ཉི་མ་ལྟ་བུའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། སེང་གེ་ལྟ་བུའི་རྒྱུད་སེང་གེ་རྩལ་རྫོགས། རི་རྒྱལ་ལྟ་བུའི་རྒྱུད་ཡི་གེ་མེད་པ། །འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། ལྡེ་མིག་ལྟ་བུའི་རྒྱུད་སྒྲ་ཐལ་འགྱུར། རལ་གྲི་ལྟ་བུའི་རྒྱུད་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། གསལ་ཤིང་ལྟ་བུའི་རྒྱུད་སྒྲོན་མེ་འབར་བ། གསེར་ཞུན་ལྟ་བུའི་རྒྱུད་ནོར་བུ་ཕྲ་བཀོད། མ་བུ་འབྲལ་བ་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། མེ་ལོང་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲས་པ། མུ་ཏིག་ལྟར་ལ་རྒྱུས་པ་ལྟ་བུའི་རྒྱུད་མུ་ཏིག་ཕྲེང་བ། སྦྲུལ་མདུད་ལྟ་བུའི་རྒྱུད་རིག་པ་རང་གྲོལ། ཁྱུང་ཆེན་ལྟ་བུའི་རྒྱུད་ཀློང་དྲུག་པ། ཆུ་བོ་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་། སྤུ་གྲི་ལྟ་བུའི་རྒྱུད་ནག་མོ་ཁྲོས་མ་


JL02_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ། བང་མཛོད་ལྟ་བུའི་རྒྱུད་རིན་པོ་ཆེ་སྤུངས་པ་སྟེ་རྣམ་གྲངས་བཅོ་བརྒྱད་ལས་ནག་མོ་ཁྲོས་མ་ནི་བསྟན་པ་བསྲུང་བའི་ཕྱིར་རྒྱུད་ནས་འཕྲོས་པ་ཡིན་ལ། སྒྲ་ཐལ་འགྱུར་ནི་ཀུན་གྱི་འཕྲོ་གཞི་སྟེ། དེའི་ཕྱིར་རྣམ་གྲངས་བཅུ་དྲུག་པོ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཀྱི་ཡན་ལག་ལྟ་བུར་ཤེས་པར་བྱ་སྟེ། དེ་ཉིད་ལས། ཐལ་འགྱུར་ལས་ནི་ངེས་འཕྲོས་ནས། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་སོ། །གཉིས་པ་རྒྱུད་དེ་དག་གི་དོན་ཆིངས་བསྡུས་པ་ནི་སྡེ་ཚན་བཅུ་གཅིག་ལས། དང་པོ་རྒྱུད་ཀྱི་སྙིང་པོ་གསུམ་ནི། རིག་པ་རང་ཤར། རིག་པ་རང་གྲོལ། ཡི་གེ་མེད་པ་སྟེ། འདི་གསུམ་ཤེས་ན་རྗེས་འབངས་ལ་དབང་བསྒྱུར་བ་ལྟར། རྒྱུད་སྤྱིའི་དོན་ལ་དབང་བསྒྱུར་བ་སྟེ་དེ་སྐད་དུ་མུ་ཏིག་ཕྲེང་བ་ལས། རྒྱུད་ཀྱི་སྙིང་པོ་གསུམ་ཤེས་ན། །རྒྱལ་བློན་འབངས་གསུམ་འཛོམ་པ་འདྲ། །ཞེས་སོ། །གཉིས་པ་རྒྱུད་ཀྱི་དྭངས་མ་གསུམ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། ནོར་བུ་ཕྲ་བཀོད་དེ། འདི་གསུམ་ཤེས་ན་རི་རྒྱལ་གྱི་རྩེ་ནས་རི་ཕྲན་ཐམས་ཅད་མཐོང་བ་ལྟར་རྒྱུད་ཐམས་ཅད་ཀྱི་དོན་མཐོང་བ་སྟེ་སྔ་མ་ལས། རྒྱུད་ཀྱི་དངས་མ་གསུམ་ཤེས་ན། །རི་གསུམ་རྩེ་མོར་ཕྱིན་པ་འདྲ། །ཞེས་སོ། །གསུམ་པ་རྒྱུད་ཀྱི་མེ་ཏོག་གསུམ་ནི། མུ་ཏིག་ཕྲེང་བ། བཀྲ་ཤིས་མཛེས་ལྡན། སེང་གེ་རྩལ་རྫོགས་ཏེ། འདི་གསུམ་ཤེས་ན་ནམ་མཁའ་ལ་ཉི་མ་གསུམ་ཤར་བས་འཇིག་རྟེན་གྱི་མུན་པ་བསལ་བ་ལྟར། རྒྱུད་ཐམས་ཅད་ཀྱི་ཚིག་དོན་ལ་རྨོངས་པ་མེད་པར་གསལ་བ་སྟེ། རྒྱུད་ཀྱི་མེ་ཏོག་གསུམ་ཤེ་ན། །མཁའ་ལ་ཉི་མ་གསུམ་ཤར་འདྲ། །ཞེས་སོ། །བཞི་པ་རྒྱུད་ཀུན་གྱི་སྡོམ་ནི་རྫོགས་པ་རང་བྱུང་སྟེ། མཁར་གྱི་རྨང་རྡོ་འགྲམ་ཚུགས་པ་ལྟར་ཐར་བའི་གཞི་ཐེངས་པས་འཕོ་འགྱུར་མེད་པ་སྟེ། རྒྱུད་ཀུན་སྡོམ་གཅིག་ཤེས་པ་ནི། །མཁར་གྱི་འགྲམ་རྡོ་ལེགས་བཙུད་འདྲ། །ཞེས་སོ། །ལྔ་པ་རྒྱུད་ཀྱི་སྣང་བ་གཏིང་རྫོགས་ནི་


JL02_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་སྤྲོད་སྤྲས་པ་སྟེ། མཁར་གྱི་རྩེ་མོར་འབྱོངས་ནས་དགྲ་རྐུན་གྱིས་མི་ཚུགས་པ་ལྟར་འཁོར་བའི་གནས་ལ་མི་འཇིགས་པའི་གདེང་ཐོབ་པ་སྟེ། སྣང་བ་གཏིང་རྫོགས་རྒྱུད་ཤིས་ན། །རྩེ་མོར་འབྱོངས་པའི་མཁར་དང་འདྲ། །ཞེས་སོ། །དྲུག་པ་ཡེ་ཤེས་གཡུལ་བཟློག་གི་རྒྱུད་ནི་ཉི་ཟླ་ཁ་སྦྱོར་ཏེ། བར་དོར་འཁྲུལ་བའི་གཡུལ་ངོ་བཟློག་ནས་ཡེ་ཤེས་ཀྱི་སྐར་ཁུང་བཏོད་པ་སྟེ། ཡེ་ཤེས་གཡུལ་བཟློག་རྒྱུད་ཤེས་ན། །ཕྱོགས་བཞིར་སྐར་ཁུང་བཏོད་པ་འདྲ། །ཞེས་སོ། །བདུན་པ་ཡན་ལག་གི་རྒྱུད་གཉིས་ནི་རིན་པོ་ཆེ་སྤུངས་པ་དང་། སྐུ་གདུང་འབར་བ་སྟེ། རྒྱུད་ཀྱི་མ་ཚང་བ་ཁ་སྐོང་བས་ན་ཡན་ལག་ཏུ་བཞག་ཅིང་མཁར་ལ་བག་མ་བཏགས་པ་ལྟར་ཡེ་ཤེས་རང་སྣང་དུ་རྟོགས་པས་རབ་ཏུ་མཛེས་པའི་དགོས་པ་ཅན་ཏེ། ཡན་ལག་རྒྱུད་ཆེན་གཉིས་ཤེས་ན། །ངོས་བཞིར་བ་གམ་བཏགས་པ་འདྲ། །ཞེས་སོ། །བརྒྱད་པ་རྣལ་འབྱོར་གྲོལ་བའི་རྒྱུད་ནི་སྒྲོན་མེ་འབར་བ་སྟེ། རྒྱལ་པོ་ཕོ་བྲང་གི་རྩེ་ན་བཞུགས་པས་འདོད་དགུ་འགྲུབ་པ་ལྟར་འདི་ཤེས་པས་དོན་འགྲུབ་ཅིང་རྣལ་འབྱོར་གསལ་བ་སྟེ། རྣལ་འབྱོར་གྲོལ་བའི་རྒྱུད་ཤེས་ན། །རྒྱལ་པོ་མཁར་གྱི་རྩེར་བཞག་འདྲ། །ཞེས་སོ། །དགུ་པ་སྙིང་དང་འདྲ་བ་ནི་ཀློང་དྲུག་པ་སྟེ། དགོངས་པ་དྲང་ཐད་དུ་སྟོན་པས་སྙིང་དང་འདྲ་ཞིང་དངོས་འཛིན་གྱི་དམག་མི་འཇུག་པས་སྒོ་བསྡམས་པ་ལྟ་བུ་སྟེ། སྙིང་དང་འདྲ་བའི་རྒྱུད་ཤེས་ན། །དེ་ལ་སྒོ་མོ་དམ་དཀྲིགས་འདྲ། །ཞེས་སོ། །བཅུ་པ་གསང་བ་རང་གཞུང་ནི་ཐལ་འགྱུར་ཏེ། རང་གི་གྲུབ་པའི་མཐའ་གསལ་ཞིང་ཐ་མ་ལྕགས་རིས་བསྐོར་བ་ལྟར་དོགས་པ་ཐམས་ཅད་གཅོད་པའི་ཕྱིར་ཏེ། གསང་བ་རང་གཞུང་རྒྱུད་ཤེས་ན། །ཐ་མ་ལྕགས་རིས་སྐོར་བ་འདྲ། །ཞེས་སོ། །བཅུ་གཅིག་པ་མཚོན་ཆ་ལྟ་བུ་ནི་ནག་མོ་ཁྲོས་མ་སྟེ། སྒོ་སྲུང་ལ་སྟག་མོ་བཞག་ན་གནོད་བྱེད་ཀྱིས་གླགས་མི་རྙེད་པ་ལྟར་འགལ་བྱེད་ཆམ་ལ་འབེབས་ཤིང་བར་གཅོད་ཐམས་ཅད་བསྲུང་


JL02_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། མཚོན་ཆ་ལྟ་བུའི་རྒྱུད་ཤེས་ན། །གོ་ཞུབ་ལྡན་པས་སྒོ་བསྲུངས་འདྲ། །ཞེས་སོ། །གསུམ་པ་གནད་དོན་གོ་རིམ་ངེས་པའི་ཆིངས་ནི་སྡེ་ཚན་བརྒྱད་ལས། དང་པོ་རྩ་བའི་རྒྱུད་གཉིས་ལས་རྫོགས་པ་རང་བྱུང་རྩ་བའི་རྒྱུད་ལེའུ་ཉི་ཤུ་རྩ་ལྔ་པ་ལ་བརྟེན་ནས་ཕྱི་སྤྲོས་བཅས་ཀྱི་དབང་གིས་སྤྲོས་པ་ལ་དགའ་བ་རྣམས་སྨིན་པར་བྱེད། ཡི་གེ་མེད་པའི་རྒྱུད་ལེའུ་དྲུག་པ་ལ་བརྟེན་ནས་སྨིན་པ་དེ་གྲོལ་བར་བྱེད་པའི་མན་ངག་གི་གནད་རྫོགས་པར་བསྟན་པའོ། །དེ་ལྟར་རྩ་རྒྱུད་གཉིས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་དུ་དབྱེར་མེད་རོ་མཉམ་པར་བཤད་པ་ནི་མུ་ཏིག་ཕྲེང་བ་ལས། དེ་ཡང་རྒྱུད་ཀྱི་རིམ་པ་ནི། རྩ་བའི་རྒྱུད་ཆེན་རྣམ་གཉིས་ཀྱིས། །ཆོས་ཀུན་ངོ་བོ་གཅིག་པར་བཤད། །ཅེས་སོ། །གཉིས་པ་བཤད་པའི་རྒྱུད་མ་བུ་གཉིས་ཏེ་རིག་པ་རང་ཤར་ལེའུ་བརྒྱད་ཅུ་རྩ་དྲུག་པ་ལ་བརྟེན་ནས་ལྟ་སྒོམ་སྤྱོད་འབྲས་བཞིའི་བརྗོད་བྱ་ཁྱད་པར་དུ་གསལ་བ་དང་། རིག་པ་རང་གྲོལ་ལེའུ་དགུ་པ་ལ་བརྟེན་ནས་ས་གཅོད་ཀྱི་དམིགས་བསལ་བར་བྱེད་པ་སྟེ། དེ་ལྟར་བཤད་རྒྱུད་མ་བུ་གཉིས་ཀྱི་ལྗོན་ཤིང་གི་ལོ་འདབ་རྒྱས་པ་ལྟར་བཤད་པ་ནི་སྔ་མ་ལས། བཤད་རྒྱུད་མ་བུ་རྣམ་གཉིས་ཀྱིས། །ལོ་འདབ་རྒྱས་པའི་ཚུལ་དུ་བཤད། །ཅེས་སོ། །གསུམ་པ་ཡན་ལག་གི་རྒྱུད་གཉིས་ཏེ་རིན་ཆེན་སྤུངས་པ་ལེའུ་ལྔ་པ་ལ་བརྟེན་ནས་ཡོན་ཏན་རང་རྫོགས་སུ་བསྟན་པ་དང་། སྐུ་གདུང་འབར་བ་ལེའུ་གསུངས་པ་ལ་བརྟེན་ནས་རྟགས་ཚད་ངེས་པར་བསྟན་པ་སྟེ། དེ་ལྟར་ཡན་ལག་གི་རྒྱུད་གཉིས་ཀྱིས་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟར་བཤད་པ་ནི། ཡན་ལག་རྒྱུད་ནི་རྣམ་གཉིས་ཀྱིས། །རྒྱ་མཚོ་གཟའ་སྐར་ཤར་བཞིན་བཤད། །ཅེས་སོ། །བཞི་པ་ལུང་རིག་གསལ་བའི་རྒྱུད་གཉིས་ཏེ་སྒྲ་ཐལ་འགྱུར་ལེའུ་དྲུག་པ་ལ་བརྟེན་ནས་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་བརྟན་པ་དང་། བཀྲ་ཤིས་མཛེས་ལྡན་ལེའུ་བདུན་པ་ལ་བརྟེན་ནས་འཁྲུལ་པའི་བཟློག་ཚུལ་ངོས་ཟུང་བ་སྟེ་གཉིས་པོས་མེ་ཏོག་ཁ་བྱེ་བ་ལྟར་བཤད་པ་སྟེ། ལུང་རིག་གསལ་


JL02_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུད་གཉིས་ཀྱིས། །མེ་ཏོག་ཁ་ཕྱེའི་ཚུལ་དུ་བཤད། །ཅེས་སོ། །ལྔ་པ་མན་ངག་གི་རྒྱུད་བཞི་སྟེ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལེའུ་བརྒྱད་པ་ལ་བརྟེན་ནས་ངོ་སྤྲོད་པ་དང་། དབང་དང་དམ་ཚིག་ལ་སོགས་པ་བསྟན། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལེའུ་བདུན་པ་ལ་བརྟེན་ནས་གོལ་སྒྲིབ་ཤན་ཕྱེད་པར་བསྟན། ངོ་སྤྲོད་སྤྲས་པ་ལེའུ་གསུམ་པས་དཔེ་དོན་རྟགས་གསུམ་གྱི་ངེས་པ་བསྟན། མུ་ཏིག་ཕྲེང་བ་ལེའུ་བརྒྱད་པས་མན་ངག་གི་མཐའ་ཐ་དད་པ་ཁྲིགས་ཆགས་སུ་བསྟན་པ་སྟེ། དེ་ལྟར་མན་ངག་གི་རྒྱུད་ཆེན་བཞིས་འབྲས་བུ་སྨིན་པའི་ཚུལ་དུ་བཤད་པ་ནི། མན་ངག་རྒྱུད་སྡེ་བཞི་ཡིས་ནི། འབྲས་བུ་སྨིན་པའི་ཚུལ་དུ་བཤད། །ཅེས་སོ། །དྲུག་པ་དགོངས་པ་རང་གནས་ཀྱི་རྒྱུད་གསུམ་སྟེ། ཀློང་དྲུག་པ་ལེའུ་དྲུག་པ་ལ་བརྟེན་ནས་རིགས་དྲུག་གི་སྐྱེ་གནས་དག་པར་བསྟན་པ་དང་། སྒྲོན་མ་འབར་བ་ལེའུ་བཞི་པ་ལ་བརྟེན་ནས་སྒྲོན་མ་བཞི་མངོན་པར་བསྟན་པ་དང་། ཉི་ཟླ་ཁ་སྦྱོར་ལེའུ་བཞི་པ་ལ་བརྟེན་ནས་བར་དོ་བཞིའི་ཆོས་ཉིད་ལམ་འཁྱེར་བསྟན་པ་སྟེ། དེ་ལྟར་དགོངས་པ་རང་གནས་ཀྱི་རྒྱུད་གསུམ་གྱིས་མཐོང་བྱེད་མིག་གི་ཚུལ་དུ་བཤད་པ་ནི། དགོངས་པ་རང་གནས་རྒྱུད་གསུམ་གྱིས། །མཐོང་བྱེད་མིག་གི་ཚུལ་དུ་བཤད། །ཅེས་སོ། །བདུན་པ་འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་ཏེ་སེང་གེ་རྩ་ལ་རྫོགས་ལེའུ་བཅུ་གསུམ་པ་ལ་བརྟེན་ནས་ལྟ་བ་ཕྱོགས་ལྷུང་མེད་པར་སྟེན་པ་དང་། ནོར་བུ་ཕྲ་བཀོད་ལེའུ་བཅུ་བཞི་པ་ལ་བརྟེན་ནས་རྣལ་འབྱོར་བའི་ལམ་སྲོལ་དུ་འཇུག་པར་བསྟན་པ་སྟེ་གཉིས་པོས་དྲན་གཞི་སྙིང་གི་ཚུལ་དུ་བཤད་པ་ནི། འཇུག་པ་རང་གྲོལ་རྒྱུད་གཉིས་ཀྱིས། །དྲན་གཞི་སྙིང་གི་ཚུལ་དུ་བཤད། །ཅེས་སོ། །བརྒྱད་པ་མཁས་པ་ཆོ་གའི་རྒྱུད་ནི་དཔལ་ནག་མོ་ཁྲོས་མའི་རྒྱུད་ལེའུ་བརྒྱ་རྩ་བརྒྱད་ལ་བརྟེན་ནས་བསྟན་པ་བསྲུང་བའི་ལས་རྒྱས་པར་བསྟན་པ་ནི་ཁྱི་བཟང་པོ་མེལ་ཚེ་བྱེད་པ་ལྟར་བཤད་དེ། མཁས་པ་ཆོ་གའི་རྒྱུད་ཀྱིས་ནི། །མེལ་ཚེ་བྱེད་པའི་ཁྱི་ལྟར་བཤད། །ཅེས་སོ། །དེ་ལྟར་རྒྱུད་བཅོ་བརྒྱད་པོ་སྡེ་ཚན་བརྒྱད་དུ་བསྡུས་པའི་འཐད་པ་ནི་དགོས་པའི་དབང་གི་ཡིན་ཏེ། དེའང་


JL02_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་རྒྱུད་གཉིས་མེད་ན། རྩ་བ་རུལ་བའི་སྡོང་པོ་ལ་ཡལ་ག་དང་ལོ་འབྲས་འབྱུང་མི་སྲིད་པའོ། །དེའི་ཕྱིར་ཟུག་པ་རྩ་བ་ལྟར་བཤད་པས་རྩ་བ་རིག་པར་འདུ་བ་ལ་དགོངས་སོ། །བཤད་རྒྱུད་མ་བུ་གཉིས་མེད་ན་ལོ་འདབ་མེད་པའི་མེ་ཏོག་འོང་མི་སྲིད་པ་དང་འདྲའོ། །དེའི་ཕྱིར་རྒྱས་པ་ལོ་འདབ་ལྟར་བཤད་པས་ཚིག་དོན་བསྒྲེ་བ་ལ་དགོངས་སོ། །ཡན་ལག་གི་རྒྱུད་གཉིས་མེད་ན་ལག་རྡུམ་བྲག་ལ་འཛེག་པ་དང་འདྲའོ། །དེའི་ཕྱིར་ཡན་ལག་ནི་འདྲིལ་བ་སྡོང་པོ་ལྟར་བཤད་པས་དབྱིངས་རིག་དབྱེར་མེད་ལ་དགོངས་སོ། །འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་མེད་ན་སྙིང་མེད་པའི་རོ་དང་འདྲའོ། །དེའི་ཕྱིར་དྲན་རིག་ལམ་དུ་སློང་པས་སྐྱེས་བུ་སྙིང་སྟོབས་དང་ལྡན་པ་ལྟར་བཤད་པས་སྒྲོན་མ་རང་ངོ་སྤྲད་པ་དགོངས་སོ། །ལུང་རིག་གསལ་བའི་རྒྱུད་གཉིས་མེད་ན་མེ་ཏོག་མེད་པས་འབྲས་བུ་མི་འབྱུང་བ་དང་འདྲའོ། །དེའི་ཕྱིར་གསལ་མེ་ཏོག་ལྟར་བཤད་པས་སྒྲོན་མའི་རང་ངོ་མངོན་སུམ་པར་འཛིན་པ་ལ་དགོངས་སོ། །མན་ངག་གི་རྒྱུད་བཞི་མེད་ན་འབྲས་བུ་མེད་པ་ལ་སོ་ནམ་བྱས་པ་དང་འདྲའོ། །དེའི་ཕྱིར་སྨིན་པ་འབྲས་བུ་ལྟར་བཤད་པས་སྐུ་གསུམ་ལམ་དུ་སློང་བ་ལ་དགོངས་སོ། །དགོངས་པ་རང་གནས་ཀྱི་རྒྱུད་གསུམ་མེད་ན་མིག་མེད་པས་ཁ་དོག་དབྱེ་མི་ཤེས་པ་ལྟ་བུའོ། །དེའི་ཕྱིར་གྲོལ་ལམ་མཐོང་བྱེད་ལྟར་བཤད་པས་འབྲས་བུ་མངོན་སུམ་ལམ་དུ་བྱེད་པ་ལ་དགོངས་སོ། །མཁས་པ་ཆོ་གའི་རྒྱུད་མེད་ན་མེལ་ཚེ་བྱེད་པའི་ཁྱི་མེད་པས་དགྲ་རྐུན་གྱིས་འཇབས་ནས་འོང་བ་དང་འདྲའོ། །དེའི་ཕྱིར་མན་ངག་རྫོགས་པར་བཤད་པས་བསྟན་པ་བསྲུང་བ་ལ་དགོངས་པའོ། །སྡེ་ཚན་བརྒྱད་པོ་དེ་དག་གི་དོན་གྱི་འབྲས་བུ་ནི། རྩ་བ་རིག་པ་ལ་འདུས་ལ། རིག་པའི་ཆོས་ཉིད་སྟོང་གསལ་ངོས་བཟུང་དང་བྲལ་བའོ། །དེས་ན་རྒྱུད་དེ་རང་རིག་ཏུ་བཟུང་བས་རིག་པའི་ཡེ་ཤེས་དང་ངོ་འཕྲད། བཅངས་པས་ཏིང་ངེ་འཛིན་རང་ལ་གནས་པ་ཀླགས་པས་བརྗོད་བྱའི་དོན་ཡིད་ལ་འཆར། བཤད་པས་མཆོག་ཐུན་གྱི་དངོས་གྲུབ་ཐོབ།


JL02_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས་འཁོར་བ་དོང་ནས་སྒྲུགས། ཉན་པས་སྙིང་པོའི་དོན་ལ་རིག་པ་ནི་མུ་ཏིག་ཕྲེང་བ་ལས། དེའི་དོན་རྣམས་རྣམ་དབྱེ་བས། །ངོ་བོ་ཉིད་ཀྱང་མཐོང་བར་འགྱུར། །ཅེས་སོ། །དེ་ལྟར་གཏན་ལ་དབབ་པ་རྣམས་ལས་བློ་དམན་སྤྲོས་པས་འདུལ་བ་རྣམས་ལ་བཅོ་བརྒྱད་པོ་ཚང་བར་བསྟན་ལ། འབྲིང་པོ་རྣམས་ལ་སྡེ་ཚན་བརྒྱད་དུ་བསྡུས་པ་ལྟར་བསྟན་ཞིང་། རབ་སྤྲོས་པ་ཆུང་བ་རྣམས་ལ་ཐབས་ལས་ཕྱེ་བ་གཉིས། རང་བཞིན་ལས་ཕྱེ་བ་གསུམ་སྟེ་ལྔས་ཆོག་ལ། གང་ཞེན་མཚོན་བྱ་ཐབས་ཀྱི་རྒྱུད་རང་རིག་འོད་གསལ་ཆེན་པོ་དང་། མཚོན་བྱེད་ཐབས་ཀྱི་རྒྱུད་ཁྲེགས་ཆོད་ཐོད་རྒལ་གྱི་ལམ་གཉིས། རང་བཞིན་ལས་ཕྱེ་བ་གཞིའི་རྒྱུད་རང་བྱུང་གི་ཡེ་ཤེས། སྙིང་པོའི་རྒྱུད་སྙིང་གའི་འོད་གདངས། བཅུད་ཀྱི་རྒྱུད་སྙིང་པོའི་དོན་སྦྱོར་གསུམ་སྟེ་ལྔའོ། །ཡང་རབ་རྣམས་ལ་གཞི་རིག་པའི་གནས་ལུགས་ཀུན་ཁྱབ་དོན་གྱི་རྒྱུད་དང་། དེ་མཚོན་བྱེད་ཉམས་སུ་ལེན་ཐབས་ཚིག་གི་རྒྱུད་དེ་གཉིས་ཀྱི་སྒོ་ནས་བསྟན་ནོ། །ཤིན་ཏུ་ཡང་རབ་སྤྲོས་པ་དང་བྲལ་བ་རྣམས་ལ་རྒྱུད་བཅུ་བདུན་གྱིས་ཐ་སྙད་ཐམས་ཅད་རང་རིག་འོད་གསལ་བའི་དབྱིངས་གཞིའི་རྒྱུད་གཅིག་པོ་ལ་ཚང་བར་བསྟན་པས་འགྲུབ་སྟེ་ཐལ་འགྱུར་ལས། འདི་ལྟར་ཆོས་ཉིད་བརྗོད་མེད་ལས། །ཐ་དད་ཚིག་གི་གཞི་མར་ཤར། །ཚིག་བརྗོད་རིམ་པ་རྣམ་དག་པས། །ད་ལྟ་བརྗོད་མེད་ངང་ལ་རྫོགས། །ཞེས་སོ། །ཡང་ན་ཨ་ཏི་བཀོད་པ་ལས། །དེ་ཡི་དོན་ཚིག་རྣམས་སྤྲོས་པས། །སྤྲོས་བཅས་རྣམས་ལ་གཞི་སྙིང་དུའོ། །སྤྲོས་མེད་རྣམ་གྲངས་བཅུ་བདུན་ནོ། །ཤིན་ཏུ་སྤྲོས་པ་མེད་ཉིད་ན། །རྡོ་རྗེ་བཀོད་པ་ཉིད་ཡིན་ནོ། །རབ་ཏུ་སྤྲོས་དང་བྲལ་བ་ལ། །འདས་རྗེས་གསུམ་གྱིས་གྲོལ་བ་ཡིན། །ཞེས་པ་ལྟར་སྤྲོས་བཅས་རྣམས་ལ་གཞི་དང་སྙིང་པོའི་རྒྱུད་ཐིག་ལེའི་སྐོར་ཐམས་ཅད་དོ། །འབྲིང་ལ་བཅུ་བདུན་ནོ། །རབ་ལ་རང་བྱུང་ས་བོན་གྱི་རྒྱུད་དོ། །ཡང་རབ་ཐོད་རྒལ་


JL02_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་འདས་རྗེས་གསུམ་གྱིས་གྲོལ་བ་སྟེ་འཇམ་དཔལ་བཤེས་གཉེན་དང་ཤིར་སིངྷ་ལ་སོགས་པ་བཞིན་ནོ། །བཞི་པ་དགོས་ཆེད་ནི་རིག་པ་རང་གྲོལ་ས། དགོས་པའི་དོན་ནི་འདི་ལྟ་སྟེ། །རིག་པ་ཡེ་ཤེས་གཏན་ལ་ཕེབས། །དེ་ཡིས་དགོས་པ་བསྟན་པ་ལ། །རྒྱུད་ལུང་མན་ངག་ཐམས་ཅད་མཐུན། །འདི་ཡིས་ཡང་དག་གྲོལ་བའི་ཕྱིར། །དགོས་ཆེད་གཉིས་སུ་བསྟན་པའོ། །ཞེས་གསུངས་སོ། །དེ་ལྟར་རྣམ་ངེས་བཤད་པའི་རྒྱུད་བཅུ་བདུན་པོ་རྙིང་རྒྱུད་གླེགས་བམ་དོན་གཉིས་ལ་བཞུགས་ཤིང་འདི་དག་སློབ་དཔོན་ཆེན་པོ་བི་མ་ལ་དག་ལོ་ཙཱ་བ་སྐ་ཅོག་རྣམ་གཉིས་ཀྱིས་བསྒྱུར་བ་ཡིན་ལ། གཞན་རྫོགས་པ་ཆེན་པོ་སྤྱིའི་རྒྱུད་དུ་གྲགས་པ་ནམ་མཁའ་ཆེ་ལ་སོགས་པ་སེམས་ཉིད་ཡེ་སངས་རྒྱས་པར་སྟོན་པའི་མཐའ་ཅན་རྒྱུད་སྡེ་ཉི་ཤུ་རྩ་ལྔ་ལ་སོགས་པ་རྣམས་རྒྱུད་འབུམ་གྱི་སྟོད་ཆམ་ངེས་པར་འདི་ནི་གླེགས་བམ་སྔོན་བསྡུས་འཇོམ་ཆེ་བརྒྱུད་འབུམ་དཀར་ཆག་སྔ་གྱུར་བསྟན་པ་མི་ནུས་པའི་རྒྱལ་མཚན་ཞེས་བྱ་བའི་དབང་དུ་བྱས་ནས་ཐོད་འཚོལ་བེད་ཕྱིར་བཀོད་ལ། པདྨ་འོད་གླིང་གི་རྒྱུད་འབུམ་ལ། ཅ་དང་ཆ་གཉིས་ལ་བཞུགས་པའོ། །བཞུགས་པ་ཡིན་ནོ། །ལྔ་པ་མ་བུ་ངེས་པའི་ཁ་བྱང་ནི། དེ་ལྟར་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་ཁྲོས་མ་དང་བཅས་རྣམ་གྲངས་བཅོ་བརྒྱད་པོ་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོས་དགོངས་པ་བརྗོད་དུ་མེད་པའི་ཀློང་ནས་གསུངས་པའི་རྒྱུད་དངོས་ཡིན་ལ། དེ་རྩ་བའམ་མའི་ཚུལ་དུ་བཞག་ལ། རིག་འཛིན་སོ་སོས་མཛད་པའི་བཤད་ཏིག་རྒྱུད་དེ་དག་གི་བུར་བགྲངས་པས་མ་བུ་ངེས་པའི་ཁ་བྱང་དུ་གྲགས་པ་ནི། རིག་པ་རང་ཤར་ལ། བཤད་པའི་ཡང་ཏིག་ལ་སོགས་པའི་བུ་དྲུག། སྙིང་གི་མེ་ལོང་ལ། གཞུང་དོན་འགྲེལ་བ་ལ་སོགས་པའི་བུ་ཡིག་གསུམ། སེང་གེ་རྩལ་རྫོགས་ལ། བཤད་ཏིག་ཆེན་པོ་ལ་སོགས་པའི་བུ་ཡིག་དགུ། ཡི་གེ་མེད་པ་ལ། པདྨ་ཁ་འབྱེད་ལ་སོགས་པའི་བུ་ཡིག་བཞི། བཀྲ་ཤིས་མཛེས་ལྡན་ལ། འཁྲུལ་གསལ་མེ་ལོང་ལ་སོགས་པའི་བུ་ཡིག་བརྒྱད། སྒྲ་ཐལ་འགྱུར་ལ། འབྱུང་


JL02_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་གནད་ཡིག་ལ་སོགས་པའི་བུ་ཡིག་ལྔ། ཐུགས་ཀྱི་མེ་ལོང་ལ། ཐེག་པའི་རུ་ཤན་ལ་སོགས་པའི་བུ་ཡིག་ལྔ། སྒྲོན་མ་འབར་བ་ལ། སྒྲོན་མའི་ཁུངས་གཅོད་ལ་སོགས་པ་བུ་ཡིག་བཞི། ནོར་བུ་ཕྲ་བཀོད་ལ། ཕྲ་བཀོད་བཅུ་པ་ལ་སོགས་པའི་བུ་ཡིག་དྲུག། ཉི་ཟླ་ཁ་སྦྱོར་ལ། འོད་ཀྱི་ཚུལ་བཤད་ལ་སོགས་པའི་བུ་ཡིག་ལྔ། ངོ་སྤྲོད་སྤྲས་པ་ལ། ངོ་སྤྲོད་གསུམ་པ་ལ་སོགས་པའི་བུ་ཡིག་བཅུ་བཞི། མུ་ཏིག་ཕྲེང་བ་ལ། མུ་ཏིག་གསལ་བྱེད་ལ་སོགས་པའི་བུ་ཡིག་གསུམ། རིག་པ་རང་གྲོལ་ལ། ཡི་གེ་སྦྱོར་བ་ལ་སོགས་པའི་བུ་ཡིག་གསུམ། རྫོགས་པ་རང་བྱུང་ལ། དབང་གི་རྩ་བ། དབང་གི་དག་བྱེད། འཁོར་ལོ་དྲུག་པ། དབང་གི་ལས་བྱང་། དབང་གི་ཕྲ་ཏིག། དབང་བཀོད་ཆེན་པོ། སྤྲོས་མེད་གོ་ཆ། དབང་གི་ལྡེ་མིག །དབང་གི་པྲ་ཁྲིད། དོན་བསྡུས་གསལ་བྱེད། གསང་བའི་རྒྱལ་ཡིག་སྟེ་བུ་ཡིག་བཅུ་གཅིག །ཀློང་དྲུག་པ་ལ་ཀློང་ཆེན་དྲུག་པ་ལ་སོགས་པའི་བུ་ཡིག་གསུམ། སྐུ་གདུང་འབར་བ་ལ། པདྨ་ཀློང་ཡངས་ལ་སོགས་ཏེ་བུ་ཡིག་དྲུག །རིན་ཆེན་སྤུངས་པ་ལ། ཤེས་རབ་འཁོར་ལོ་ལ་སོགས་པ་བུ་ཡིག་ལྔ། ནག་མོ་ཁྲོས་མ་ལ། ཐུན་དྲུག་དྲིལ་བ་ལ་སོགས་ཏེ་བུ་ཡིག་བཅུ་གཉིས་རྣམས་ཏེ་ལས་རྒྱུད་པ་བཅུ་བདུན་གྱི་དབང་ལུང་འཆད་ཉན་མ་ནུབ་ཙམ་འདུག་པས། རྫོགས་པ་རང་བྱུང་གི་བུ་ཡིག་རྣམས་དབང་གི་ཆ་ལག་ཚང་མིན་བརྟག་སླ་བའི་ཕྱིར་བཀོད་ལ། གཞན་རྣམས་ནི་ཀུན་མཁྱེན་ཆེན་པོའི་གྲུབ་མཐའ་རིན་པོ་ཆེའི་མཛོད་ལ་ཁ་བྱང་ཤིན་ཏུ་གསལ་བས་མ་བཀོད་དོ། །དེ་ལྟར་ཡང་འདིར་མིང་ཙམ་བཀོད་པས་ཀྱང་དོགས་པ་བསླང་བའི་རྒྱར་སྲིད་དེ། དེང་སང་གི་དུས་བསྟན་པ་འདི་ཉག་ཕྲ་ཞིང་རྫོགས་ཆེན་པར་རློམ་པ་རྣམས་ནི་བེ་བུམ་ལག་མཐིལ་ཙམ་གྱིས་གློ་བ་ཁེངས་ནས་འདི་དག་གི་དགོས་གཞི་ཙམ་ཡང་མེད་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་རིག་པ་རང་སྣང་གི་བློ་ཅན་གྱི་དོན་དུ་རྒྱུད་ཀྱི་མཚོན་དོན་ལ་སོགས་པའི་


JL02_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ངེས་པ་གཏན་ལ་ཕབ་ནས། ད་ནི་དམིགས་པ་ཡུལ་གྱི་བློ་ཅན་གྱི་དོན་དུ་རྒྱུད་ཀྱི་གཞུང་དོན་མན་ངག་ལྟར་ཕྱེ་བ་འོད་གསལ་རྡོ་རྗེ་སྙིང་པོ་བླ་ན་མེད་པའི་ཐེག་པ་བྱེ་བྲག་ཏུ་བཤད་པ་ལ་སྤྱི་དོན་རྣམ་པ་གཉིས། འོག་མ་རྣམས་ལས་ཁྱད་དུ་འཕགས་ཚུལ་དང་། གསང་བ་ཆེན་པོ་དངོས་བཤད་པོའོ། །དང་པོ་ནི། རིམ་པ་འོག་མ་ཐམས་ཅད་ཀྱི་ཡིད་དཔྱོད་ཚིག་གི་ལྟ་བ་ལ་གདེང་བཅས་ཏེ། འབད་རྩོལ་དང་བཅས་བསྒྲུབས་ནའང་རང་བྱུང་གི་ཡེ་ཤེས་ལ་བྱ་རྩོལ་དང་བླང་དོར་གྱི་ཆོས་མེད་པས་རྫས་འགལ་ཏེ། བསྐལ་པའམ་ཚེ་རབས་སམ། ཚེ་གཅིག་གམ། བར་མ་དོར་གྲོལ་དུ་རེ་བའི་བྱང་ཆུབ་དུས་ཅན་དུ་སེམས་པ་ལས་མེད་ལ། ཐིག་ལེ་སྐོར་གསུམ་གྱིས་ཀྱང་རང་བྱུང་གི་ཡེ་ཤེས་ལ་དངོས་སུ་བལྟར་མེད་པས་ནོར་ས་དང་འཛོལ་ས་མེད་པས་ཆོས་ཉིད་ཇི་བཞིན་པ་མི་མཐོང་བ་ནི། མན་ངག་གི་ཡི་གེ་གཡུ་ཡིག་ཅན་ལས། ཨེ་མ་ཧོ། རིགས་ཀྱི་བུ་ཡང་གབ་སྤས་པའི་སྙིང་ཏིག་འདིའི་ཚད་ལ་མ་བརྟེན་པར། ཕྱི་ནང་གསང་གསུམ་གྱི་ངོ་སྤྲོད་ལ་ཡིད་ཆེས་པར་བྱེད་པའི་གང་ཟག་ནི། རྒྱུ་ཁ་བའི་ས་བོན་ལ་འབྲས་བུ་མངར་བ་འདོད་པ་དང་འདྲའོ། །ཞེས་དང་། ཨེ་མ་ཧོ། རིགས་ཀྱི་བུ་གསང་བ་ཡང་སྙིང་ཏིག་གི་དོན་མ་མཐོང་བར་ཕྱི་ནང་གསང་བའི་བར་དོ་བཞི་ལ། ཕུགས་གཏོད་པ་ནི་ནམ་མཁའི་སྤྲིན་ལ་འཇོལ་འཛུགས་པ་དང་འདྲའོ། །ཞེས་སོ། །དེའི་ཕྱིར་སངས་རྒྱས་ཀྱི་དགོངས་པ་ཚིག་ཆོད་ཡེ་གྲོལ་ཆེན་པོ་གོལ་འཕྱུགས་མེད་པར་སྟོན་པའི་ལམ་འདིས་རང་བྱུང་གི་ཡེ་ཤེས་ཚིག་དང་ཡི་གེ་རྟོག་བསམ་འཕྲོ་འདུ་མི་རྟོག་པའི་ཏིང་ངེ་འཛིན་སོགས་བློས་བྱས་ཀྱི་ཆོས་གང་ལའང་མ་ལྟོས་པར། སྤྲོས་བྲལ་གྱི་གནས་ལུགས་ནང་དུ་ཤར་བའི་གདངས་རང་བཞིན་ལྷུན་གྲུབ་ཀྱི་སྣང་ཆ་དབང་པོའི་མངོན་སུམ་དུ་བལྟར་ཡོད་པས། དབང་པོ་རྣོ་རྟུལ་ལ་མ་ལྟོས་པར་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ཞིང་ལ་ཚེ་འདིར་མངོན་སུམ་ལམ་སྣང་གི་ཚུལ་དུ་སྤྱོད་པར་ནུས་པ་ནི་གསང་བ་སྒྲ་རྒྱུད་ལས། དངོས་གྲུབ་མཆོག་རྣམས་མཐར་ཐུག་པ། །འབད་ཅིང་རྩོལ་


JL02_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བས་མ་ཡིན་པར། །གང་དུ་ཕྲད་པས་གྲོལ་བར་ངེས། །དེས་ན་རྫོགས་ཆེན་བྱ་བ་བྲལ། །གཞན་འབད་པ་ལས་བྱུང་བ་ཡིན། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ཞེས་སོ། །དེས་ན་གནས་ལུགས་ཀློང་དུ་གྱུར་བ་ལ་ནི་སྨོས་ཀྱི་མ་འཚལ་ལ། ཟབ་མོ་འདིའི་སྒོ་ནས་དབང་ནོད་པ་དང་། ངོ་སྤྲོད་ཐོབ་པ་དག་ཀྱང་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་པར་དབུགས་འབྱིན་པ། ཅུང་ཟད་ཉམས་སུ་བླངས་པ་གང་ཞིག་གདམས་པའི་རྩལ་མ་རྫོགས་པར་ཚེའི་དུས་བྱས་ཀྱང་བར་དོའི་གྲོལ་ཚད་ས་གཡོ་བ་དང་། གཞའ་ཚོན་གྱི་རྣམ་པ་དང་། རུས་པ་དག་ལས་སྐུ་དང་། ཡིག་འབྲུ་དང་། གདུང་དང་རིང་བསྲེལ་འབྱུང་བ་ཀུན་གྱིས་མཐུན་སྣང་གྲུབ་པའི་ཕྱིར་རོ། །ཁ་ཅིག་རིང་བསྲེལ་ལ་འཐད་པ་བྲལ་བའི་ངེས་པ་སྨྲ་ཞིང་། ཟབ་མོའི་རྒྱུད་ལ་སྐུར་བ་འདེབས་པ་ཡང་ཤིན་ཏུ་མི་རིགས་ཏེ། དེ་ལྟ་ན་ཤཱཀྱ་ཐུབ་པ་ལ་སོགས་པའི་སངས་རྒྱས་རྣམས་ཀྱི་རིང་བསྲེལ་ཡང་མ་ཡིན་པར་འགྱུར་རོ། །ཁ་ཅིག་མདོ་སྡེ་གསེར་འོད་དམ་པ་ནས་བཤད་པ་ལྟར་བྱུང་བའི་སྡིག་ཅན་དམྱལ་བར་ལྷུང་བའི་རིང་བསྲེལ་ལའང་ངོ་མཚར་བྱེད་དེ། དེ་ཡང་མི་ཤེས་རྨོངས་པའི་ཕྱོགས་སུ་ལྷུང་བའི་ཕྱིར་རོ། །འོ་ན་ངེས་པ་ཅན་དེ་གང་ཞེ་ན། འདིར་ཀུན་མཁྱེན་གྱིས། དེའང་སྙིང་ཏིག་སྒོམ་པའི་སྐལ་ལྡན་ལ་བྱུང་ན་དེ་ཡིན་ལ། གཞན་ཀུན་ལ་མ་ངེས་ཏེ། ལ་ལ་མཐོ་རིས་སུ་སྐྱེ། ལ་ལ་ངན་སོང་དུ་སྐྱེ་བ་ལ་སོགས་པ་སྟེ། འགྲོ་བ་ཕལ་པ་དང་། བྱ་དང་ཁྱི་ལ་སོགས་པ་དང་། སྡིག་ཅན་དང་། དགེ་བའི་བཤེས་གཉེན་ཡིད་དཔྱོད་མཁན་རྣམས་ལའང་འབྱུང་བའི་ཕྱིར་རོ། །གདུང་ནི་འབྱུང་བའི་གནོད་པས་མི་འཇིག་པས་ལྕགས་ཀྱི་གཏུན་དུ་ཐོ་བས་བརྡུངས་ཀྱང་མི་འཇིག་ལ། རིང་བསྲེལ་ནི་འཇིག་སྟེ་བསྲེགས་ཐལ་ནའང་འཚིག་པས་རིང་བསྲེལ་མི་འབྱུང་བ་


JL02_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། རིང་བསྲེལ་རེ་བའི་རོ་བསྲེག་དུས་ཧ་ཅང་མ་ཚིག་པ་གལ་ཆེའོ། །ཞེས་དང་། དེ་བཞིན་དུ་རྟགས་ཚད་རིམ་པ་གཞན་ལའང་། འདི་དག་ནི་སྤྱིའི་རྣམ་པར་གཞག་པ་སྟེ། དམིགས་ཀྱིས་བསལ་ན། ངན་པ་རླུང་དང་། སེར་བ་ལ་སོགས་པ་མི་མ་ཡིན་ཁྲོས་པས་བཏང་བའམ། སྐྱེ་བོ་གཞན་སྡིག་པ་ཅན་ཤི་བའི་རྟགས་ཡིན་པ་ཡང་སྲིད་ལ། བཟང་པོ་འཇའ་འོད་དང་གནམ་དངས་པ་ལ་སོགས་པ་སྐྱེས་བུ་དམ་པ་གཞན་དག་ས་འཕར་བ་དང་། ཏིང་འཛིན་ཐོབ་པ་དང་། ཚེ་འཕོས་པ་ལ་སོགས་པའི་ཡིན་ཡང་སྲིད་པས། འདིར་ཁོ་རང་གི་གྲོལ་རྟགས་དེ་འབྱུང་བའི་ནུས་པ་ཅན། གསོན་དུས་སེམས་དང་ཀུན་སྤྱོད་བཟང་བ་ཞིག་ལ་ཤི་དུས་རྟགས་བཟང་པོ་དེ་རིགས་ལ། གསོན་དུས་ངན་པ་ལ་རྟགས་བཟང་ཡང་གཞན་གྱི་རྟགས་ཡིན་ཏེ། འཇིག་རྟེན་ན་འཇའ་དོན་གཉེར་བ་དང་ཕྲད་པ་ཞེས་བྱའི། ཁོའི་རྟགས་ལས་ངན་པ་དེ་འབྱུང་བར་རིག་སྟེ་ཕྱི་ནང་རྟེན་འབྲེལ་གཅིག་ཡིན་པའི་ཕྱིར་རོ། །འདིར་དམིགས་བསལ་མ་ཤེས་ན་སྐྱེས་བུ་དམ་པ་ལ་རྟགས་ངན་པ་དང་འདོམ་པ་སྲིད་པས་སྐུར་བ་འདེབས་སུ་འོང་ལ། སྡིག་ཅན་ལ་རྟགས་བཟང་པོ་འཇའ་དོན་གཉེར་བ་དང་ཐུག་པས་རྗེས་སུ་ཡི་རང་སྐྱེས་ནས་ཁོའི་རྗེས་སུ་སློབ་པ་འབྱུང་སྲིད་པས་དེ་དག་ལྡོག་པའི་ཕྱིར་བཤད་དོ། །ཞེས་སོ། །དེང་སང་གནད་འདི་ཕྱེད་པ་ཤིན་ཏུ་ཉུང་བས་མི་དཔོན་སྡིག་ཏོ་ཅན་ལ་སོགས་འཇིག་རྟེན་ན་དབང་ཐང་ཆེ་ཚད་ཤི་བ་ལ་རིང་བསྲེལ་བྱུང་བའི་ལོ་རྒྱུས་དང་། འབྱུང་དུ་རེ་བ་མང་པོ་འདུག་པ་གནད་འདི་ལྟ་བུའང་ཁོང་དུ་ཆུད་པར་བྱ་སྟེ། གཞན་ཡང་རྔོན་པ་ཤིན་ཏུ་མི་བཟད་པ་རྒན་པོ་དག་གིས་འཆི་ཁར་སྙིང་རུས་ཀྱིས་ལུས་གནད་འདྲངས་པ་དབུགས་ཐལ་བ་དང་རོ་རེངས་ནས་ཕུང་པོ་སྐྱིལ་མོ་ཀྲུང་བཅས་པ་ལ་ངོ་མཚར་བྱེད་པ་ལྟར་གྱི་ལོ་རྒྱུས་མང་དག་སྲིད་དེ། དེའི་ཕྱིར་གང་ཟག་ཐོས་པ་མང་ཞིང་གཟུ་བོར་གནས་པ་ངག་གིས་མཐའ་གཉིས་སུ་མ་ལྷུང་བར་དཔྱད་པར་བྱ་བའོ། །ཞེས་ཞར་ལ་དོགས་པ་


JL02_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་ལོ། །གཉིས་པ་གསང་བ་བླ་ན་མེད་པ་བཤད་པ་ལ་གཉིས། དེའི་རང་བཞིན་སྤྱིར་བསྟན་པ་དང་། ཡང་ཟབ་མན་ངག་གི་ངེས་བྱེད་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ལ་ལྔ་སྟེ། རང་བཞིན་གཞིའི་གནས་ལུགས། །དེ་ལས་སེམས་ཅན་གྱི་འཁྲུལ་ལུགས། །དེའི་ཚེ་འོད་གསལ་གྱི་གནས་ལུགས། །དེ་ལྟར་གནས་པ་ལམ་གྱི་སྒོ་ནས་ཉམས་སུ་བླང་ལུགས། །དེ་ཉིད་མཐར་ཕྱིན་པ་འབྲས་བུའི་རྣམ་གཞག་གོ། དང་པོ་ནི། བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས། རྟོགས་པའི་སངས་རྒྱས་མ་བྱུང་། མ་རྟོགས་པའི་སེམས་ཅན་མ་བྱུང་བའི་སྔ་རོལ་ན། རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལས་མ་གཡོས་ཏེ། རྐྱེན་མེད་པའི་སྣང་བ་གསུམ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་ཡང་རང་རིག་པའི་ཡེ་ཤེས་ཉིད་ཀྱིས་རང་གི་འདུག་ཚུལ་གྱི་གནས་ལུགས་འདི་གསུངས་སོ། །ཀྱེ་སྣང་བ་ཆེན་པོ་ཡངས་པའི་ཀློང་འདི་ནི་མ་གཡོས་པའི་ཆོས་ཀྱི་སྐུ་ཆེན་པོ་ལས། མ་འཁྲུལ་བའི་སངས་རྒྱས་ཆེན་པོར་བཞུགས་སོ། །ངོ་བོའི་སྐུ་མ་འགགས་པར་གནས་ཏེ། ངོ་བོ་མི་འགྱུར། ཐབས་གསལ་བ། མ་གཡོས། མི་གཡོ། མ་བསྐྱོད་པ། སྣང་བ་ཐམས་ཅད་དུས་གཅིག་ལ་རྫོགས་པ། ཡེ་ཤེས་ཐམས་ཅད་སྐད་ཅིག་ལ་རྫོགས་པ། སྐུ་ཐམས་ཅད་སྨིན་པར་གནས་པ། འོད་ཀྱི་སྣང་བ་ཐམས་ཅད་མ་བསྒྲིབས་པར་གསལ་བ། གནས་ལུགས་ཀྱི་སྣང་བ་ལ། སྣང་ཐབས་ཀྱིས་མ་བསྒྲིབས་པ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རྒྱ་མ་ཆད་པར་ཡོངས་སུ་རྫོགས་པ་ཆེན་པོའོ། །ངོ་བོའི་གནས་ལུགས་དེ་ཡང་སྐུ་ལྟར་གནས་ལ། ཁ་མིག་རྣ་བར་དོད་པ་ནི་ཅང་མི་བཞུགས། སྟོང་པ་ལྟར་གནས་པ་ལ། བེམ་སྟོང་ལྟར་ཅང་མི་བཞུགས། འོད་ལྔ་ལྟར་སྣང་བ་ཆེན་པོ་ལ། ཁ་དོག་ཏུ་ཕྱེ་བ་ནི་ཅང་མི་བཞུགས། རྒྱ་མ་ཆད་པར་སྣང་བ་ལ། འབྲེལ་བ་ལྟར་ཅང་མི་བཞུགས། མཐའ་དབུས་མེད་པ་ལྟར་དམིགས་ལ།


JL02_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་དམིགས་པ་ནི་ཅང་མི་བཞུགས། །ཆ་ཡིས་མ་གོས་པ་ལྟར་སྣང་བ་ལ། །རིས་སུ་ཕྱེ་བ་ནི་ཅང་མི་བཞུགས། རྒྱ་མ་འགགས་པ་ལྟར་སྣང་བ་ལས་རིས་མི་འཛིན་པ། སེར་པོ་ལྟར་བ་ལ་ཡོན་ཏན་རྫོགས་པ། དམར་པོ་ལྟར་སྣང་བ་ལ་གོ་མ་འགགས་པ། ལྗང་གུ་ལྟར་སྣང་བ་ལ་ཡོན་ཏན་རྫོགས་པ། སྣ་ལྔ་ཉིད་དུ་གནས་པ་ལ་ཁ་དོག་མི་འཛིན་པ་ཆེན་པོ། ཟླུམ་པ་ལ་དབྱིབས་མེད་པ། མ་འགགས་པ་ལ་རྐྱེན་མེད་པ། ཁྱབ་པ་མེད་པ་ལ་རང་གདངས་ཆེན་པོ། རང་གསལ་བ་ལ་ཕྱི་ནང་དང་བཅས་པ། རྩོལ་བསྒྲུབ་མེད་པ་ལ་བབས་ཀྱིས་གྲུབ་པའོ། །ཐུགས་རྗེའི་སྣང་བ་ནི། སྟོང་པ་ལྟར་སྣང་བ་ལ་གསལ་བ་མ་འགགས་པ། སྤྲོས་པ་མེད་པ་ལ་སྤྲོས་པ་ཆེན་པོ། རང་བཞིན་མ་འགགས་པ་ལ་སྣ་ཚོགས་མ་ངེས་པ་ཆེན་པོ་གསལ་བ་ལ་མུན་པ་མེད་པ། མ་འགགས་པས་མེད་པ་ཆེན་པོ། བབས་ཀྱིས་སྟོང་པ་ལ་ཀུན་ཏུ་འཆར་བ་ཆེན་པོ། མ་འདྲེས་པ་ལ་ཡོངས་སུ་སྣང་བ་ཆེན་པོ། ཀུན་ལ་ཁྱབ་པ་ལ་གཅིག་ཏུ་འདུས་པ་ཆེན་པོ། དག་པ་ལ་འཁྲུལ་བ་མ་འགགས་པ་ཆེན་པོ། རྫོགས་པ་ལ་གཅིག་ཏུ་སྣང་བ་ཆེན་པོ། ཐུགས་རྗེ་གོ་མ་འགགས་པར་བཞུགས་སོ། །ཞེས་བཤད་པ་ལྟར། ཐོག་མ་གཞིའི་གནས་ལུགས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ། དངོས་པོ་དང་ཁ་དོག་ཏུ་མ་གྲུབ། བྱད་དང་དབྱིབས་སུ་མ་ཡིན་པའི་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། ཡེ་གདངས་ཀྱི་རང་འོད་མ་འགགས་པ། རང་བཞིན་གསལ་བ་ལོངས་སྐུའི་ཆ་ལ་སྣང་བ་ཐམས་ཅད་ཀྱི་འཆར་གཞིར་གནས་ཀྱང་། རང་ངོ་ཕྱིར་གསལ་གྱི་མཚན་མ་ལས་འདས་པ། ཐུགས་རྗེ་ཁྱབ་པ་སྤྲུལ་པའི་སྐུ་ལ་ཐ་སྙད་དང་ངོས་བཟུང་བྲལ་ཞིང་འཁོར་འདས་གང་ཡང་མ་ཡིན་པའི་བདག་ཉིད་ཅན་དུ་བཞུགས་པ་སྟེ། མདོ་སྡེ་ལས་ཀྱང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས།


JL02_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ནི་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་སོ། །དེ་ལྟར་ན་གྲོལ་འཁྲུལ་གཉིས་ཀའི་གཞི་མ་ཡིན་པར་དྲི་མ་མཐའ་དག་སྤངས་པའི་དབྱིངས་སམ་ཞེ་ན་མ་ཡིན་ཏེ། གོ་འབྱེད་པའི་ཆ་ནས་དབྱིངས་དང་། ངོ་བོ་དང་། མ་འཁྲུལ་བའི་ཐ་སྙད་བརྡར་བརྟགས་ཏེ། རྒྱུད་སྔ་མ་ལས། དེ་ནི་འཁོར་བ་མིན་ནོ། །མྱ་ངན་ལས་འདས་པ་མ་ཡིན་ནོ། །གཞི་ཡིན་ནོ། །སྣང་བ་མིན་ནོ། །མུན་པ་མིན་ནོ། །ལམ་ཡིན་ནོ། །བསྒྲོད་པ་མེད་དོ། །མི་བསྒྲོད་པ་མ་ཡིན་ནོ། །འབྲས་བུ་མ་ཡིན་ནོ། །སྤངས་པ་མ་ཡིན་ནོ། །ཐོབ་པ་མ་ཡིན་ནོ། །དེ་ནི་རིག་པའི་དབྱིངས་ཆེན་མོ་ཞེས་བྱའོ། །ཞེས་བཤད་ལ། དབྱེ་ན་ངོ་བོ་རང་བཞིན་གཉིས་ཀྱི་སྟོང་ཆ་དང་། སྣང་ཆའི་ལྡོག་ཆས་རྒྱས་པར་ཕྱེ་བའི་རྣམ་གཞག་ཡོད་དེ་འདི་རང་ཙམ་མོ། །གཉིད་པ་སེམས་ཅན་གྱི་འཁྲུལ་ཚུལ་ནི། གཞི་དེའི་ངོ་བོ་མི་འགྱུར་བ་ལས་རང་བཞིན་མ་འགགས་པའི་རྩལ་དུ་ཤར་བ་གཞི་སྣང་ལྷུན་གྲུབ་ཆེན་པོའི་སྣང་བ་ལས་ཀུན་ཏུ་བཟང་པོས་རང་སྣང་དུ་ཤེས་པས། སྐད་ཅིག་ལ་ལུང་མ་བསྟན་གྱི་མ་རིག་པའི་ས་བོན་དྲུངས་ནས་ཕྱུང་སྟེ། གཞི་ཐོག་མ་ཡིན་པས་ཐོག་མའི་གྲོལ་ས་ཆེན་པོ་ཞེས་དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་པའི་ཆོས་དྲུག་གིས་ཁྱད་ཆོས་ཅན་དྲི་མ་མཐའ་དག་སྤངས་པའི་མཐར་ཕྱིན་ལྷུན་གྲུབ་ཀྱི་ས་ལ་གྲོལ་བ་སྟེ། སྒྱུ་འཕྲུལ་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །ཕལ་གྱིས་གྲོལ་ས་འདི་ཤེས་པ་མ་བྱུང་སྟེ་གཞི་ཐོག་ཁོ་ནར་འདོད་པས་དེ་ལྟ་ན་གཞི་དྲི་མ་ཅན་ལྡོག་པའི་གནས་མ་སྤངས། སླར་ཡང་གྲོལ་ཟིན་ལྡོག་པ་ལས་མ་འདས་སོ། །དེས་ན་གདོད་མའི་མགོན་པོ་ཀློང་ཆེན་པའི་མན་ངག་འདི་གཅིག་པུའང་བསམ་གྱིས་


JL02_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་བོ། །དེའང་རང་བྱུང་གི་ཡེ་ཤེས་ལ་དྲི་མ་དང་བཅས་དུས་གཞི། དྲི་མ་སྤྱོད་དུས་ལམ། དྲི་མ་མཐའ་དག་བྲལ་དུས་འབྲས་བུའི་གྲོལ་ས་ཡིན་ཏེ་ཕྱོགས་གཤེད་ན་ཡོད་པར་མི་བལྟའོ། །དེ་ལྟ་བུའི་གཞི་སྣང་གི་རྩལ་དུ་ཤེས་རབ་དེ་ཁམས་གསུམ་སེམས་ཅན་གྱི་རང་སྣང་དུ་མ་ཤེས་པར་རྣམ་རྟོག་རང་ཚན་པར་གྲོལ་བས་འཁྲུལ་བ་སྟེ། བཀྲ་ཤིས་མཛེས་ལྡན་ལས། ཀྱེ་མ་ང་ལ་འཁྲུལ་བ་མེད་ཀྱང་ངའི་རྩོལ་ལས་འཁྲུལ་བ་བྱུང་བ་སྟེ། གཞི་མི་འགྱུར་བ་ལས། རང་བཞིན་མ་འགགས་པར་ཤར་ནས། ཐུགས་རྗེ་མ་ངེས་པ་ལས་མ་རིག་པ་རང་བྱུང་སྟེ། དཔེར་ན་ནམ་མཁའ་ལ་སྤྲིན་ཡང་དག་པར་ཡོད་པ་མ་ཡིན་ཏེ། གློ་བུར་དུ་སྤྲིན་བྱུང་བ་དང་འདྲ་བར། གཞི་ལ་མ་རིག་པ་ཡོད་པ་ཅང་མ་ཡིན་ཏེ། ཐུགས་རྗེ་ལྟར་ཤར་བ་ལས་མ་རིག་པ་བྱུང་སྟེ། གཞི་ལྷུན་གྲུབ་ཀྱི་གནས་ལུགས་ཞེས་བྱ་བ་ཆགས་སོ། །ཞེས་དང་། གསང་བའི་སྙིང་པོ་ལས། ཨེ་མ་ཧོ། བདེ་གཤེགས་སྙིང་པོ་ལས། རང་རང་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །ཞེས་གསུངས་པ་ལྟར་གནས་ལུགས་དེ་ལྟ་བུ་མ་ཤེས་པས་འགྲོ་བ་སོ་སོའི་ཁམས་གསུམ་ལས་དབང་གིས་འཁྲུལ་ཏེ། བདེ་སྡུག་སྣ་ཚོགས་ལ་སྤྱོད་པ་འདི་ལྟ་བུའོ། །གསུམ་པ་ནི། དེ་ལྟར་འགྲོ་བ་དྲུག་གི་རྣམ་པར་འཁྲུལ་དུས། སེམས་ཅན་རྣམས་ལ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་མི་སྣང་བ་ནི་སྐུ་ལ་ལུས་ཀྱིས་བསྒྲིབས། གསུང་ལ་ངག་གིས་བསྒྲིབས། ཐུགས་ལ་ཡིད་ཀྱིས་བསྒྲིབས་པས་ཐ་མལ་དུ་གོལ་བ་ལས། མེད་པ་མ་ཡིན་ཏེ། ལུས་ལ་རྩ་བརྟེན། རྩ་ལ་རླུང་དང་ཁམས་བྱང་ཆུབ་ཀྱི་སེམས་བརྟེན། དེའི་དངས་


JL02_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཁོར་ལོ་བཞིའི་དབུས་ལས། རྟེན་སྙིང་གི་ཆོས་ཀྱི་ཕོ་བྲང་རང་བྱུང་ཡེ་ཤེས་ཀྱི་གཞལ་མེད་ཁང་ན། བརྟེན་པ་དོན་དམ་བྱང་ཆུབ་ཀྱི་སེམས་གནས་ལུགས་འོད་གསལ་བའི་ངོ་བོ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་དང་བཅས་པ་ཡོད་དེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་གནས་སོ། །ཞེས་དང་། ཕྲ་བཀོད་ལས། རང་བྱུང་ཡེ་ཤེས་ཆེན་པོ་ནི། །ཙིཏྟ་རིན་ཆེན་གཞལ་ཡས་ན། །ཞེས་སོ། །དེ་ལ་རྟེན་ལུས་ཀྱི་གྲུབ་ཚུལ་ནི་སྤྱིར་ཁམས་གསུམ་རིགས་དྲུག་གི་སེམས་ཅན་སོ་སོ་ལ་ལུས་ཀྱི་སྣང་ཚུལ་རེ་ཡོད་པ་ལས། སྐབས་འདིར་མི་རྣམས་ཀྱི་དབང་དུ་བྱས་ཏེ། སྐྱེ་གནས་རྣམ་པ་བཞི་ལས་མངལ་ནས་བཙའ་བའི་རིམ་པ་དང་སྦྱར་ནས་འཆད་པ་ནི། དང་པོར་སྐྱེད་བྱེད་པ་མའི་རྒྱུ་ཀུན་རྫོབ་ཀྱི་ཐིག་ལེ་དཀར་དམར་འདྲེས་པ་ལ་རླུང་སེམས་དབྱེར་མེད་དུ་གྱུར་བའི་ཐིག་ལེ་ཤིན་ཏུ་ཕྲ་བ་ཡུངས་འབྲུའི་བཅུ་ཚ་ཙམ་གྱི་མིག་ཆུང་ཤིན་ཏུ་གསལ་བ་གཉིས་ལྟེ་བའི་རྩ་མདུད་ལ་ཆགས་པ་ནས་བཟུང་། མེར་མེར་པོ་ལ་སོགས་པའི་རིམ་པ་བརྒྱད་ཀྱིས་ཟླ་དགུ་ངོ་བཅུར་རྡོ་རྗེའི་ལུས་གྲུབ་ནས་བཙའ་བ་ནི། ཉི་ཟླ་ཁ་སྦྱོར་ལས། ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ། །ལྟར་ལྟར་པོ་དང་གོར་གོར་པོ། །འཕྲང་འགྱུར་ཉིད་དང་ཉ་ལྟ་བུ། །རུས་སྦལ་བཞིན་དང་སྦལ་བ་བཞིན། །དེ་བཞིན་ཞག་ནི་བདུན་ཕྲག་བདུན། །ལྟེ་བ་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ན། །ལུས་རྫོགས་མ་ཡི་མངལ་ནས་ཐོན། །དེ་ལྟར་གཟུགས་ནི་ཐ་དད་དུ། །འཁོར་བ་ཉིད་ནས་འཁོར་བའོ། །ཞེས་པ་ལ་སོགས་པའི་རྣམ་གཞག་ནི་ཐེག་པའི་མཆོག་རཏྣ་ཀོ་ཤའི་རིམ་ཁང་བཅུ་གཉིས་པ་ལ་རྒྱས་པར་


JL02_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་དབབ་པ་ལས་ཤེས་པར་བྱ་ཞིང་། དེ་ལས་གསང་བ་བླ་ན་མེད་པ་འདིར་རང་བྱུང་གི་ཡེ་ཤེས་ཆེན་པོའི་བརྟེན་གཞི་རྩ་དང་ཐིག་ལེའི་གནས་ལུགས་ལ་གཞན་དང་ཁྱད་པར་ཡོད་དེ་སྒྲོན་མ་འབར་བ་ལས། ཐོག་མ་རང་གི་ལུས་བསྐྱེད་པའི། །མ་ཡི་མངལ་དུ་ཞུགས་པའི་ཚེ། །ལུས་ཀུན་གྱི་ནི་དངས་མ་རུ། །ལྟེ་བའི་རྩ་མདུད་ཆེན་པོ་ལས། །དབུས་ཀྱི་འབྲུ་གསུམ་ཉིད་དུ་ཡང་། །ཕ་མའི་རྒྱུ་རྐྱེན་དངས་མ་ལས། །མིག་གི་འབྲས་བུ་ཉིད་དུ་ཆགས། །དེ་ཡང་ཕ་མའི་ཆ་གཉིས་ལས། །དཀར་ནག་འདྲེས་པ་ཉིད་དུའོ། །ཞེས་དང་། སེམས་ཅན་ཀུན་གྱི་ལུས་ཀྱི་དཀྱིལ། །ཙིཏྟ་རིན་ཆེན་གཞལ་ཡས་ལས། །རྩ་ནི་སྟོང་ཕྲག་གྲངས་མང་ཡང་། །ཁྱད་པར་ཆེན་པོ་རྩ་བཞི་ལས། །ཀ་ཏི་ཤེལ་གྱི་རྩ་ཆེན་དང་། །དར་དཀར་སྣལ་མ་ལྟ་བུ་དང་། །ཕྲལ་འདྲིལ་དང་ཤེལ་སྦུ་ག་ཅན། །འདི་བཞིའི་ནང་དུ་ཁྱད་པར་དུ། །གནས་ཤིང་རླུང་གི་རྟ་ལ་ཞོན། །འབྱུང་དང་འཇུག་དང་རང་ཤར་དང་། །སྣང་བ་ཡི་ནི་བདག་ཉིད་དུ། །ཡེ་ནས་སྤྲོས་པ་མེད་པར་ཡང་། །གཞི་ཡི་ཐིག་ལེ་བཟང་པོ་དང་། །ལམ་གྱི་ཐིག་ལེ་དེ་བཞིན་བཟང་། །བཟང་པོ་རྣམས་ཀྱི་རྩེ་མོ་དང་། །བཟང་པོའི་རྒྱན་དང་ལྡན་པར་ཡང་། །རྩ་རྣམས་ཀྱི་ནི་ནང་ན་གནས། །ཞེས་པ་ལས་ངེས་པ་ཅུང་ཟད་དབྱེ་ན། །ལུས་ཀྱི་དབུས་ན་རྩའི་གཙོ་བོ་གསུམ་གནས་པར་འདོད་པ་དེ་སྒལ་ཚིགས་ཀྱི་འདབ་འབྱོར་ན་ཡོད་དེ། རོ་མ། རྐྱང་མ། ཀུན་འདར་མའམ་དབུ་མ་ཞེས་བྱའོ། །དེའང་རོ་ནི་བྱ་བྱེད་ཉུང་བ་སྟེ་ཐིག་ལེའི་འཕྲུལ་ལ་བརྟེན་ནས་ཉམས་སུ་མྱོང་བ། དེ་བརྗོད་དཀའ་བས་ན་མ་ཞེས་བྱའོ། །དེའི་ནང་ནས་ཀུན་རྫོབ་ཀྱི་ཐིག་ལེ་དཀར་པོ་འགྱུ་བར་བྱེད་ལ་ཐབས་ཀྱི་རང་བཞིན་ཅན་རྩའི་ཁ་དོག་དཀར་པོ་སྟེ་འདི་སྐྱེས་པའི་གཡས་དང་བུད་མེད་ཀྱི་གཡོན་ན་ཡོད་དོ། །དེའི་བྱེད་ལས་སྐྱིས་སྐྱེས་པའི་བྱང་སྨེས་སྐྱེད་པར་བྱེད་ལ། བུད་མེད་ཀྱི་བྱང་སེམས་


JL02_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འཐུམས་པས་འདོད་པ་ལ་ཚིམ་པ་མེད་པའོ། །རྐྱང་མ་ནི་འཁྱོག་དང་ཡལ་ག་མེད་པས་རྐྱང་པ་རེངས་བུ་ཞེས་བྱ་སྟེ་མི་འགྱུར་བའོ། །ཀུན་རྫོབ་ཀྱི་འབྱུང་བ་སྨིན་པ་དང་འབྱེད་པར་བྱེད་པ་ལ་སོགས་ཀུན་གྱི་གཞི་ཡིན་པས་མ་ཞེས་བྱའོ། །དེའི་ནང་ནས་དངས་མ་དམར་པོ་འགྱུ་བར་བྱེད་ཅིང་ཤེས་རབ་ཀྱི་རང་བཞིན་ཅན་རྩའི་ཁ་དོག་དམར་པོ་འདི་ཉིད་སྐྱེས་པའི་གཡོན་དང་བུད་མེད་ཀྱི་གཡས་ན་ཡོད་དོ། །དེས་སྐྱེས་པ་ལ་ཁྲག་གི་འཕེན་པའི་སྟོབས་འཛིན་ཅིང་། སྣ་ནས་ཁྲག་ཏུ་འཛག་པའི་ལས་ཀྱིས་ཡེ་ཤེས་ཀྱི་དུས་འཛིན་ལ། བུད་མེད་ལ་རིགས་ཅན་ལྔའི་རྩ་བ་གྱེས་པ་ལས་དུག་ལྔ་རགས་པ་དང་། དེ་ལས་གཡོ་སྒྱུ་མི་འདྲ་བ་སུམ་ཅུ་རྩ་གཉིས་བྱུང་བས་ནད་ཀྱི་བྱེ་བྲག་སུམ་ཅུ་རྩ་གཉིས་ལ་སོགས་པ་བྱུང་ཞིང་། དེའི་སྟོབས་ཀྱིས་གནས་སྐབས་སུ་བུ་སྣོད་ལྷག་པ་དང་། རྩ་སྣ་འགྱུར་བ་ལས་ཁྲག་དངོས་སུ་འབབ་པ་དང་། རིགས་ཅན་ལྔས་གཏུམས་པས་ས་བོན་མི་འཛག་པ་དང་། སྲིན་བུ་མང་བ་ལ་སོགས་བྱུང་ངོ། །རྒྱུད་གཞན་ལས་རྩ་འདི་གཉིས་ཀྱི་གནས་ཚུལ། ཕོ་མོའི་དབྱེ་བ་གོ་ལྡོག་པ་ཡོད་དེ་དགོངས་པ་གཞན་དུ་ཟད་ཅེས་ཀུན་མཁྱེན་པ་བཞེད་དོ། །ཀུན་འདར་མ་ཞེས་བྱ་བ་ནི། འདི་ལ་བརྟེན་ནས་ཐིག་ལེ་དང་། རྩའི་བདེ་བ་དང་། རླུང་གི་བདེ་བ་ཀུན་སྐྱེ་བས་ཀུན་ཞེས་བྱ་ལ། དེ་སྤྱི་ལ་ཁྱབ་པས་འདར་མ་ཞེས་བྱའོ། །འདི་གཉིས་ཀའི་གཡས་གཡོན་སོགས་མཐའ་ལ་མི་གནས་པར་དབུས་དྲང་པོར་གནས་པས་དབུ་མར་བཞག་ཅིང་ཁ་དོག་ནི་སྔོ་སྐྱའོ། །གསང་བ་ཆེན་པོ་འདིའི་སྐབས་སུ་རྩ་འདིའི་དབུས་ན་འོད་གསལ་མཆོག་ཏུ་མི་འགྱུར་བའི་རྩ་ཆེན་ཀ་ཏི་གསེར་གྱི་རྩ་ཞེས་བྱ་བ་གནས་ཤིང་། དབུས་མ་འདི་ནས་རླུང་རྒྱུ་བས་རྟོག་མེད་ཀྱི་ཆ་ཡིན་ནོ། །དེའང་རང་བཞིན་དུ་རྩ་གསུམ་ཀ་ནས་ཕོ་མོ་མ་ནིང་གི་རླུང་གསུམ་རྒྱུ་བར་བཤད་ཀྱང་། །རོ་རྐྱང་གཉིས་རྟོག་མེད་མ་ནིང་གི་རླུང་དུ་ཆ་ཤས་རྒྱུ་བས་དབུས་ནས་རླུང་རྒྱུ་ཞེས་པའི་བརྡའ་ཆད་བཞག་ཅིང་། དེར་བརྟེན་པ་རླུང་དང་གནས་པ་ཐིག་ལེ་གཉིས་ཚུད་དུས། བདེ་གསལ་མི་རྟོག་པའི་ཉམས་


JL02_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་འོད་གསལ་གྱི་སྣང་བ་ཆེན་པོ་གསུམ་འཆར་ལ། དེ་ཡང་དངས་མའི་འོད་རྩ་མཆོག་ཏུ་མི་འགྱུར་བར་འདུས་པའི་ཚེ་བསམ་གྱིས་མི་ཁྱབ་པའི་འོད་གསལ་འཆར་བ་སྟེ། གནད་འདི་གསང་དོན་ཆེན་པོ་ཤིན་ཏུ་རྟོགས་པར་དཀའ་བའི་གནས་ཡིན་ཞེས་ཀུན་མཁྱེན་པས་གསུངས་སོ། །རྩ་དེ་དག་གི་ཆོས་ཉིད་སྤྱིར་བསྟན་པ་ནི། རོ་མས་ཟས་ལེན་པ་དང་དངས་སྙིགས་དང་འཁྲུ་བར་བྱེད་པའི་ཆོས་ཉིད་དོ། །དེའི་སྦུགས་ཡངས་ན་མི་ལྟོ་ཆེ། ཕྲ་ན་ལྟོ་ཆུང་། འཁྱོག་ན་རྟག་ཏུ་སྐྱུགས་ཤིང་ཟས་མི་ལེན། གློ་བུར་གྱི་ནད་སྣ་ཚོགས་པ་མང་ངོ། །རྐྱང་མས་ལུས་ཀྱི་དྲོད་འཕར་། གཤིབ་ཏུ་བྱེད། འདིའི་སྒུག་ཕྲ་ན་ལུས་རང་བཞིན་གྱིས་དྲོད་ཆེ། ཡངས་ན་ཆུང་བས་རྟག་ཏུ་གྲང་། འཁྱོག་པ་དང་འགྱུར་བ་ལ་སོགས་པས་རོ་མ་བཞིན་ནོ། །ཀུན་འདྲ་མས་ལུས་ཀྱི་སྐོམ་མི་སྐོམ་གྱི་ཆོས་ཉིད་སྟོན་པས་འདི་ཉིད་ཕྲ་ན་རྟག་ཏུ་མི་སྐོམ། ཡངས་ན་སྐོམ་དད་ཆེ། འཁྱོག་ན་ངེས་མེད་ཀྱི་ལས་སྣ་ཚོགས་སྟོན། ཕྲལ་དུ་ཕྲིལ་ཕྲིལ་འགྱུར་ན་ལུས་ངག་ལ་རང་དབང་མི་ཐོབ་པའི་ནད་སྣ་ཚོགས་པ་འབྱུང་ངོ། །དེ་ཡང་རོ་མའི་གནད་ལ་མཁས་ན་ཟས་ཀྱི་ཞེན་པ་ཆོད་ཅིང་བསམ་གཏན་གྱིས་འཚོ། །རྐྱང་མ་ལ་མཁས་ན་གོས་ཀྱི་ཞེན་པ་ཆོད་ཅིང་དྲོད་སྐྱེ། དབུ་མས་སྐོམ་གྱི་ཞེན་པ་ཆོད་ཅིང་རྨི་ལམ་རྒྱུན་ཆད། འོད་གསལ་གྱི་དོན་ལ་སྤྱོད་པས་འདི་གསུམ་གྱི་གནད་གལ་ཆེ་ལ། རྩ་དེ་དག་གི་ངོ་བོ་ནི་རོ་མ་བདེ་བ། རྐྱང་མ་སྟོང་པ། ཀུན་འདར་མ་བདེ་སྟོང་གཉིས་སུ་མེད་པའི་ངོ་བོ་གཟུང་འཛིན་བྱ་རྩོལ་ལས་འདས་པའི་ཡེ་ཤེས་སྟོན་པའི་ཆོས་ཉིད་ཅན་ཡིན་པའང་ཤེས་པར་བྱ་ལ། དེ་ལས་འདིའི་ཁྱད་པར་གྱི་ཆོས་ནི་དབུ་མ་དེའི་དབུས་ན་འོད་གསལ་གྱི་རྩ་ནང་ན་གཞི་ལྷུན་གྲུབ་འོད་གསལ་གྱི་ཐིག་ལེ་གནས་པའོ། །འཁོར་ལོ་བཞིའི་རྣམ་གཞག་ནི། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་ལ་རྩ་འདབ་


JL02_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་རྩ་བཞིའོ། །དེ་དག་གིའང་རོ་མའི་ཆ་ལས་གྱེས་པ་ཀུན་ལ་དངས་མ་དཀར་པོ་དང་། རྐྱང་མའི་ཆ་ལས་གྱེས་པ་ཐམས་ཅད་ལ་དངས་མ་དམར་པོ་དང་ཁྲག་འབབ་ཅིང་། དབུ་མ་ལས་གྱེས་པ་ཀུན་ལ་རླུང་རྒྱུ། འོད་གསལ་ལས་གྱེས་པ་འཁོར་ལོ་བཞིའི་དབུས་ན་འོད་རྩ་ཕྲ་མོ་ལ་འོད་ཀྱི་ཐིག་ལེ་དང་ཟེར་གནས་པའོ། །དེ་དག་གི་རང་བཞིན་རྒྱས་པ་ནི་རྩ་གནས་འཁོར་ལོ་ལས་ཤེས་ཤིང་། འགྱུ་བྱེད་རླུང་ནི་བདུན་ཅུ་གཉིས། །ཞེས་པ་ལྟར་ལས་བརྟེན་པ་རླུང་གི་རྟེན་ཡལ་གའི་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་ཐུན་མོང་གི་རྒྱུད་སྡེ་ལས་ཀྱང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་རྣམས་ཀྱི་ནི་རིགས་བཤད་དོ། །ཞེས་དང་། དེའང་འོད་གསལ་གནས་པའི་ཁྱད་པར་ཆེན་པོའི་རྩ་བཞི་ལ། ཀ་ཏི་གསེར་གྱི་རྩ་ཆེན་དབུ་མའི་དབུས་སུ་གནས་པ་དང་། དེ་ལས་སྙིང་གི་དབུས་ན་འབྲེལ་བས་ཀུན་ཏུ་བཟང་པོ་གཞིའི་ཐིག་ལེས་གང་བར་གནས་སོ། །དར་དཀར་གྱི་སྣལ་མ་ལྟ་བུ་ནི་འོད་རྩ་ལས་ཡར་བུ་ག་དགུའི་སྟེང་རོལ་སྤྱི་བོ་ཚངས་པའི་བུ་ག་ལ་བསྟན་པ་སྟེ། ཆོས་ཉིད་སྐྱེ་བ་མེད་པའི་ལམ་དུ་འཇུག་པའི་ཐིག་ལེ་རིག་པ་རྟོག་བྲལ་གྱི་སྐུ་འཆར་ཞིང་རྟེན་ལ་རྣམ་ཤེས་འཕོ་བའི་ལམ་ཡིན་པའི་ཕྱིར་རོ། །ཕྲ་ལ་འདྲིལ་བ་ནི་འཁོར་ལོ་བཞིའི་དབུས་ནས་འོད་གསལ་གྱི་རྟེན་བྱེད་དེ་བཟང་པོ་རྩེ་མོའི་ཐིག་ལེ་འོད་ལྔ་ཟེར་དང་ཐིག་ཕྲན་དུ་གནས་པའོ། །ཤེལ་བུ་ག་ཅན་ནི་སྙིང་ནས་མིག་ཏུ་འབྲེལ་ཏེ་བཟང་པོའི་རྒྱན་དང་ལྡན་པའི་ཐིག་ལེ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་གྲངས་མེད་པ་འཆར་བའི་རྟེན་བྱེད་པའོ། །དེའང་མུ་ཏིག་ཕྲེང་བ་ལས། །འགྲོ་བའི་ལམ་ནི་འཆར་བྱེད་སྒོ། །དེ་ཉིད་གཡས་གཉིས་གཡོན་གཉིས་དབུས། །སྒྲོན་མ་འབར་བའི་ཚུལ་དུ་གནས། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །དག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་ཉིད་དང་ནི། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི། །མཐོང་བྱེད་ཡུལ་ལ་སྣང་


JL02_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཞེས་གསུངས་པ་ལྟར་གྱི་སྒྲོན་མ་རྣམ་པ་བཞིས་གོ་ཕྱེད་ནས་ལྷུན་གྲུབ་ཐོད་རྒལ་གྱི་སྣང་བ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་སོགས་པའི་ཆོས་ཉིད་མངོན་སུམ་པར་སྤྱོད་པ་སྟེ། འདི་དག་གི་རྟེན་དང་བརྟེན་པའི་རྣམ་གཞག་སྒྲ་ཇི་བཞིན་པ་ཡི་གེ་ཉུང་ངུས་མཚོན་པར་མི་ནུས་ཤིང་། མན་ངག་ཏུ་གྲགས་པའི་བེ་བུམ་ཕྲལ་ལ་གནད་ཀྱི་འཁྲུལ་གསང་ཆེན་པོའི་དྲི་མས་མ་གོས་པ་ཉིད་དུ་མཐོང་བས་དེའི་ཕྱིར་འོད་གསལ་གྱི་རྒྱུད་སྡེའི་དགོངས་པ་རང་དབང་དུ་བཀྲལ་བས་རྗོད་བྱེད་མཐའ་ཡས་ཤིང་། བརྗོད་བྱ་གནད་དུ་འདྲིལ་བས་གཞན་ལས་ཁྱད་པར་དུ་འཕགས་པ་མཛོད་བདུན་སྤྱི་དང་། ཁྱད་པར་ཐེག་པའི་མཆོག་རིན་པོ་ཆེའི་རིམ་ཁང་བཅུ་བཞི་པ་ནས་བཟུང་རིམ་པར་དཔྱད་པར་བྱ་བ་ཁོ་ན་སྟེ། ཅིའི་ཕྱིར་ན་སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ནི་རྩ་ཐིག་རླུང་གསུམ་གྱི་གནད་བསྣུན་པ་ཁོ་ན་ཡིན་ལ། དེ་ལའང་རྩོལ་བཅས་སྤྲོས་པ་ཅན་དང་། རྩོལ་མེད་སྤྲོས་པ་བྲལ་བའི་ལུགས་གཉིས་སུ་ཡོད་པའི་སྔ་མ་ནི། རྩ་རླུང་རགས་པ་འབད་རྩོལ་གྱི་ལམ་སྤྱི་དང་། ཁྱད་པར་དུ་དབང་གསུམ་པའི་ཟབ་ལམ་ཀུན་རྫོབ་ཀྱི་ཐིག་ལེ་ལམ་དུ་བྱེད་པས། རིག་མ་བཙལ་བ་དང་། འགུགས་པ་དང་། བརྟེན་པ་དང་། རྩ་བཙལ་བ་དང་། བཟུང་བ་དང་། སྦྱོར་བ་དང་། དངོས་གཞིའི་ཐིག་ལེ་དབབ་པ་དང་། བཟུང་བ་དང་། ལྡོག་པ་དང་། དགྲམ་པ་དང་། རླུང་དང་བསྲེ་བ་དང་། ཆོས་ཉིད་དུ་ལ་བཟླ་བ་དང་། རྗེས་ལ་ཉམས་བརྟག་པ་དང་། ལུས་སེམས་གོ་བཟློག་པའི་ཉམས་བསྟེན་པ་དང་ལ་སོགས་པ་སྟེ། དེའི་མན་ངག་ནི་ལས་རླུང་གི་དུས་ན་ཐིག་ལེ་བཟུང་བ་དང་། ཡེ་ཤེས་ཀྱི་དུས་ན་ཐིག་ལེ་བཟློག་ཅིང་རྩ་གདབ་པ་སྟེ་དགྲམ་པ་ཡིན་ལ། འདིར་ཕྱི་མ་སྤྲོས་པ་མེད་པའི་ལམ་ལ་ཤིན་ཏུ་ཟབ་པ་འོད་གསལ་མངོན་སུམ་གྱི་ཐིག་ལེ་ལམ་དུ་བྱེད་པས། འདུག་སྟངས་དང་། གཟིགས་སྟངས་ཀྱིས་གཅུན་ཏེ། དང་པོའི་དུས་ན་ཐིག་ལེ་སྟོང་པའི་སྒྲོན་མ་ལྟེམ་ལ་བསྒོམས་པས་འོད་གསལ་གྱི་སྣང་


JL02_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིན་མཚན་འདྲེས་པ་ལ་སྤྱོད་པ་ནས་བཟུང་རིམ་པར་རྩལ་རྫོགས་པ་ཡིན་ལ། དེ་ལྟར་རྫོགས་པ་དེ་ནང་རྡོ་རྗེའི་ལུས་ཀྱི་གནས་ལུགས་ཤེས་ནས་ཉམས་སུ་བླངས་པའི་ཡོན་ཏན་ཡིན་པའི་ཕྱིར་རོ། །དེས་ན་འདིར་སྐུ་གསུམ་གྱི་ལམ་སྣང་བ་ལ་འཆར་བའི་གཞི་སྙིང་གའི་དབུས་དངས་མ་རིྭ་དངས་མ་ལ་བརྟེན་པའི་འོད་རྩ་འོད་གསལ་དང་བཅས་པ་བརྟེན་པ་ལས་རྩ་ཕྲན་ཀུན་ཏུ་འོད་ཟེར་འཕྲོ་བ་ལྟར་སྣང་བས། བདེ་གཤེགས་སྙིང་པོས་ཀུན་ལ་ཁྱབ་ཅེས་བཤད་ལ། དེ་ལྟར་ངོ་བོར་རང་བཞིན་ཐུགས་རྗེ་གསུམ་གྱི་རྣམ་རོལ་ཚད་མེད་པར་བཞུག་ཀྱང་། ངོ་བོ་སྟོང་པའི་ཆ་ལ་ཀུན་གཞི་དང་ཚོགས་བརྒྱད་ཀྱིས་བསྒྲིབས། རང་བཞིན་འོད་ལྔར་གསལ་བ་ལ་ཤ་ཁྲག་རྡོས་པའི་ཕུང་པོས་བསྒྲིབས། ཐུགས་རྗེ་འཆར་བྱེད་དུ་གནས་པ་ལ་ལས་དང་བག་ཆགས་ཀྱིས་བསྒྲིབས་པ་སྟེ། དེ་ལྟར་བསྒྲིབས་པ་ལ་སྐྱེས་བུ་བརྩོན་པ་ཅན་གྱིས་སྣང་བ་བཞི་ཚད་དུ་གོམས་ན་ད་ལྟ་བ་ལྟར་ཡོད་ལ། བར་དོར་རང་སྣང་དག་པ་ཇི་ལྟར་ཡོད་པ་བཞིན་རེ་ཞིག་འཆར་རོ། །ད་ལྟའི་དུས་ཁྱུང་སྒོང་རྒྱས་འཐུམས་པ་ལྟར་བཤད་མ་ཐག་པ་རྣམས་ཀྱིས་བསྒྲིབས་པ་ནི། སེང་གེ་རྩལ་རྫོགས་ལས། སེམས་ཅན་ཀུན་གྱི་རང་ལུས་ལ། །ཡེ་ཤེས་དག་པའི་སྣང་བ་གནས། །རྒྱ་ཆེ་སྣང་བར་མ་ནུས་ཏེ། །དཔེར་ན་མངལ་དང་སྒོ་ངའི་རྒྱ། །མངོན་དུ་མི་འབྱུང་བསྒྲིབས་གྱུར་ཀྱང་། །རང་རྩལ་རྫོགས་ནས་འབྱུང་བ་བཞིན། །རྣམ་རྟོག་ལུས་འདི་ངོར་མ་ཐག། རང་སྣང་ཡུལ་དང་ཕྲད་པར་འགྱུར། །ཅེས་སོ། །དེའི་ཕྱིར་འཁོར་བའི་དུས་ན་བདེ་གཤེགས་སྙིང་པོ་དེ་ཉིད་ཐ་མལ་གྱི་ལུས་ཀྱིས་གཏུམས་པས་ལུས་ཅན། ཚོགས་བརྒྱད་སེམས་ཀྱི་དྲྭ་བས་གཏུམས་པས་སེམས་ཅན། ལས་དང་བག་ཆགས་ཀྱི་ཉེ་བར་ལེན་པས་གཏུམས་པས་སྒྲིབ་པ་ཅན། མ་རིག་པའི་རང་བཞིན་གྱིས་བསྒྲིབས་པས་མུན་ཅན་ཞེས་པ་ལ་སོགས་པའི་མིང་གིས་བཏགས་པ་སྟེ། དེ་ལྟ་བུའི་འོད་གསལ་གྱི་གནས་ལུགས་གསང་སྔགས་འོག་མ་མཐའ་དག་ཏུ་གབ་པ་འདིར་མངོན་དུ་ཕྱུང


JL02_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བ་རང་ཤེས་པར་བྱའོ། །བཞི་བ་ལམ་གྱི་སྒོ་ནས་ཉམས་སུ་བླང་ལུགས་ལ་གཉིས། འཇུག་པའི་སྒོ་སྨིན་བྱེད་ཀྱི་དབང་བསྟན་པ་དང་། སྙིང་པོའི་ལམ་གྲོལ་བྱེད་ཀྱི་གནད་བསྟན་པའོ། །དང་པོ་ལ་བཞི་སྟེ། དབང་བསྐུར་བ་ལ་འཇུག་པའི་གཞི། དབང་བསྐུར་བ་དངོས་ཀྱི་ལམ། མཐར་ཕྱིན་པ་འབྲས་བུའི་སྨིན་སོ། །དེ་དག་གི་དམ་ཚིག་ངེས་པའོ། །དང་པོ་ལའང་བཞི། སྐུར་བྱེད་སློབ་དཔོན་མཚན་ཉིད། བསྐུར་བྱ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་ཆོས་ཇི་ལྟར་བསྐུར་བ་དབང་གི་བྱ་བའོ། །དང་པོ་ནི། ཐལ་འགྱུར་ལས། བླ་མ་རྡོ་རྗེ་འཆང་ཆེན་གྱིས། རིམ་པ་རྣམ་པར་བཤད་པར་བྱ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཞིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་བླ་མར་འོས་པའི་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་དང་བྲལ་ལ། ཁྱད་པར་མཚན་ཉིད་དྲུག་ལྡན་ཏེ་འཁོར་བའི་ཆོས་བརྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བ་ཞིག་བྱུང་ན་དེས་ཆོག་ལ། ཐེག་མཆོག་འདི་སྟོན་ཞིང་སྒྲུབ་པའི་བོགས་འབྱིན། ས་ལམ་གྱི་གེགས་བསལ་བ་ལ་འཇིག་རྟེན་ན་རྒྱལ་པོ་ལྟར་ཆེ་བའི་ཁེངས་པས་ང་རྒྱལ་བ་དང་། རིགས་རུས་ཆོ་འབྲང་ལ་སོགས་པ་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་དུ་རློམ་པའི་དམུན་པོ་དང་། ཅུང་ཟད་ཐོས་ཀྱང་ཡང་དག་པའི་དོན་རྣལ་མ་ལ་ཁ་འགྱངས་པས་གསང་སྔགས་ཟབ་མོའི་དོན་ལ་མི་དགོངས་ཤིང་། ཐམས་ཅད་ལ་བརླང་པོར་སྨྲ་བ་ལ་སོགས་ཏེ་ལོག་པའི་བཤེས་གཉེན་གྱི་ངང་ཚུལ། རང་ཉིད་སྨིན་ནས་གཞན་རྒྱུད་འགྲོལ་བའི་ནུས་པ་མེད་བཞིན་དུ། དབང་ལུང་གི་བརྡ་འཕྲིན་སྐྱོལ་བ་ཙམ་ལ་གདམས་པ་ཆེ་ཞིང་། མན་ངག་གི་རྩལ་རྫོགས་པར་རློམ་པ་གང་ཞིག་གིས་སློབ་མའི་རྒྱུད་སྨིན་གྲོལ་དུ


JL02_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་མི་ནུས་པས་སྤང་བར་བྱ་བ་ནི་རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བློན་རྨོངས་ཚིག་ཕྱིར་འཕྲེང་བ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཕྱལ་བར་གྱུར་བ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་སོ། །གཉིས་པ་སློབ་མའི་མཚན་ཉིད་ནི། །འཁོར་བ་ལ་ཡིད་ལྡོག་པ། བླ་མ་དང་ཆོས་ལ་མོས་གུས་ཆེ་བ། དད་པ་བརྟན་ཞིང་གཞན་གྱིས་བསྒྱུར་མི་བཏུབ་པ། གཏོང་ཕོད་དང་བརྩོན་འགྲུས་ཆེ་བ། ཞེན་ཆགས་ཆུང་ཞིང་ངང་རྒྱུད་འཇམ་པ། ཤེས་རབ་ཆེ་ཞིང་ངེས་དོན་ལ་མོས་པ། དམ་ཚིག་དང་སྡོམ་པ་ལ་གནས་པས་བླ་མའི་གསུང་ལ་ཉན་ཞིང་གསང་སྒོ་མི་འཆོལ་བ། མཆེད་གྲོགས་ལ་དུངས་པ། ཐོས་བསམ་ཆེ་ཞིང་རྒྱུད་དུལ་བ། ཁྱད་པར་དུ་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་ཆེ་བ་སྟེ་རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཕྲེང་ངེ་དུང་ངེ་བརྩེ་དུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུང་བ་ཇི་བཞིན་སྤྱོད། །དམ་ཚིག་ཕྱལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱི་སེམས་དུང་ཞིང་། །ཚིག་གཅིག་བསྟན་པའང་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བརྟེན། །གང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ


JL02_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བོར་སྨྲ། །ཕ་རོལ་སེམས་དང་མཐུན་བྱེད་ཅིང་། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་སོ། །དེ་ནས་ལྡོག་པའི་སྣོད་ངན་བཅུད་མི་ཐུབ་པ་ནི་སྤང་བྱ་སྟེ། དེ་ཉིད་ལས། བཀུར་སྟི་ཕུད་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་བ་དང་། །བཀའ་དྲིན་ཁྱད་དུ་གསོང་བ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་མེད་ཕྱལ་བར་གྱུར་བ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་སོ། །གསུམ་པ་ནི། དེ་ལྟར་དཔོན་སློབ་ཀྱི་འབྲེལ་བ་བརྟག་པ་སྔོན་དུ་སོང་ནས་བླ་མས་ཀྱང་སློབ་བུ་ལ་ཐུགས་རྗེ་བྲང་དེ་གཟིགས་ཤིང་། ཐབས་གང་གི་སྒོ་ནས་ཀྱང་ཕན་གདགས་ཤིང་། སློབ་མས་ཀྱང་བླ་མའི་ཡོན་ཏན་ལ་བསམས་ཤིང་བརྩེ་གདུང་དང་མོས་གུས་ཀྱི་སྲོག་མཁར་བཙུགས་ནས་བརྟེན་པའི་ཚུལ་རྒྱས་པ་ཁྲིད་ཡིག་ཐར་བའི་ཐེམ་སྐས་སུའང་བཤད་ཟིན་ལ། དེ་ལས་དབང་དང་གདམས་པ་ཇི་ལྟ་བུ་ཞིག་ཞུ་ཡང་གློ་བུར་དུ་མི་འཇུག་པར། ལོ་ཟླ་མང་པོའི་གོང་ནས་གསེར་ལ་སོགས་པའི་མཎྜལ་ཕུལ་ནས་སྙན་གསན་དབང་ཐུན་འགོ་ཐམས་ཅད་དུ་བླ་མའི་རྣལ་འབྱོར་སྒོམ་ཞིང་ཉིན་མཚན་དུས་དྲུག་ཏུ་གསོལ་བ་གདབ། དེ་ལྟར་བགྱིས་པས་ཅི་འདོད་པའི་དོན་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་འགྲུབ་པ་ནི། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདུ་བ་ཡིས། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ནས་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བ་དབང་གི་བྱ་བ་ལ་ལྔ། བསྐུར་བའི་ཕན་ཡོན། མ་བསྐུར་བའི་ཉེས་དམིགས། གང་དུ་བསྐུར་བའི་གནས། དུས་ནམ་གྱི་ཚེ། དགའ་སྟོན་བྱ་བའི་


JL02_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པའོ། །དང་པོ་ནི། རང་ཤར་ལས། དབང་བསྐུར་བའི་ཡོན་ཏན་ནི་འདི་ལྟ་བུ་སྟེ། བར་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ན་འགྱེད་པར་ནུས་སོ། །དབང་པོ་རབ་ཀྱིས་མཐར་ཕྱིན་པ་གཅིག་ཀྱང་སྡུག་བསྔལ་ཞིང་སྡང་བ་ལ་སོགས་པ་མི་འོང་ངོ། །ཉམས་སུ་ལེན་པའི་དུས་ནའང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ལོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་ནི་འདི་ལྟ་བུ་ཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མས་བྱིན་རླབས་བྱེད་པ་དང་། བྱིན་གྱིས་བརླབས་པས་མི་རྣམས་ཀྱིས་བསྐུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། ཤི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟར་ཡོན་ཏན་ཆེན་པོ་འབྱུང་བ་དང་། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། །གདུགས་ལྟ་བུར་འགྲོ་བ་ཕལ་བ་ཟིལ་གྱིས་ནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་སྒྲོལ་བར་ནུས་པ་དང་། རལ་གྲི་ལྟ་བུར་དོན་བྱེད་ནུས་པ་དང་། རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འགྲོ་བ་ཐུགས་རྗེས་འཛིན་པར་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་པའོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །མི་བྱ་བ་ཐམས་ཅད་མི་བྱེད་པའོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །དེ་ནི་བྱ་བ་གང་ཅི་བྱེད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་པ་དང་འདྲེ་བར་འགྱུར་རོ། །དེ་དག་ལ་


JL02_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཏེ་ཡོན་ཏན་བརྒྱད་ཐོབ་པར་འགྱུར་རོ། །ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་ཉེས་དམིགས་ནི། དཔལ་གསང་བ་སྙིང་པོ་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོལ་བ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་དང་། དམ་པ་དང་པོའི་རྒྱུད་ལས། །དབང་བསྐུར་མེད་པར་རྒྱུད་འཆད་དང་། །ཟབ་མོའི་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ནའང་། །དམྱལ་བར་འགྱུར་གྱི་གྲོལ་བ་མེད། །ཅེས་དང་། རང་ཤར་ལས། དབང་མ་ཐོབ་ན་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེ་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ། །ཞེས་བཤད་དོ། །གསུམ་པ་དབང་བསྐུར་བའི་གནས་ནི། སྤྱིའི་གནས་དང་། བྱེ་བྲག་གི་གནས་གཉིས་ལས། དང་པོ་སྤྱིའི་གནས་ནི། དབེན་ཞིང་ཉམས་དགའ་ལ་བཀྲ་ཤིས་པའི་གནས། ས་དཔྱད་བཟང་ལ་ནགས་ཚལ་དང་མེ་ཏོག་གིས་གང་བ་སྟེ་རྫོགས་པ་རང་བྱུང་ལས། ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་རྡལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །རྒྱབ་ནི་བྲག་ལ་གཏད་པ་དང་། ལོགས་ལ་ཤིང་ཏོག་སྣ་ཚོགས་འབར། །མདུན་ན་ན་དང་ཆུ་གཙང་འབབ། །ཡང་ན་ཆེ་ཟན་ལྟ་བུའི་གནས། །རི་རྒྱུད་རྣམས་ཀྱང་ཡོངས་མ་ཆད། །ཞེས་སོ། །བྱེ་བྲག་པ་ལས། །སྤྲོས་བཅས་བུམ་དབང་གི་གནས་སློབ་མའི་ལུས་ཁམས་དང་མཐུན་བ་སྟེ། ས་ཡིན་ན་ལྷོ་


JL02_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གདངས་ལ་བྱང་སྐྱོབ་པ། ཆུ་ཡིན་ན་ཤར་གདངས་ལ་ནུབ་སྐྱོབ་པ། མེ་ཡིན་ན་ནུབ་གདངས་ལ་ཤར་སྐྱོབ་པ་དང་། རླུང་ཡིན་ན་བྱང་གདངས་ལ་ལྷོ་སྐྱོབ་པའོ། །དེའང་འབྱུང་རྩིས་སུ་རླུང་འདྲེན་པ་མེད་པས་ལྕགས་དང་ཤིང་གཉིས་ལ་དོད་བརྩི་བའང་ཤེས་པར་བྱའོ། །སྤྲོས་མེད་གསང་བའི་དབང་གི་གནས་ནི་ནགས་འཐུག་པོའི་དབུས་ན་རི་སུལ་སློབ་མའི་འབྱུང་བ་དང་མཐུན་པའི་དབྱིབས་དང་མཚན་མ་ལྟོ་སྦྱར་ཏེ་བྱ་བའོ། །ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་གནས་ལ་ལུང་གསུམ་འདུས་པའི་རིའི་ཟོམ་གྱི་རྩེ་ནི་མཆོག་ཏུ་ཤེས་སོ། །རབ་ཏུ་སྤྲོས་མེད་ཚེག་དབང་རིན་པོ་ཆེའི་གནས་ནི་རབ་ཏུ་དབེན་པའམ། དགོན་པ་སྟེ་གྲོང་ལས་གཞུ་འདོམ་ལྔ་བརྒྱས་འཕགས་པ་རྒྱང་གྲགས་གཅིག་གི་སར་བྱའོ། །དེ་དག་བཞི་ཀའི་གནས་ལ་ཐུན་མོང་དུ་ཤིས་པ་ནི་རྫོགས་པ་རང་བྱུང་ལས། དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་བ་ཡི་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཕྲད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོངས་སུ། །རྣལ་འབྱོར་དབང་གི་དོན་ལ་འཇུག། ཅེས་པས། སྒྱུ་མ་ལྟ་བུའི་བློ་དང་མི་ལྡན་པའི་སྐྱེ་བོ་ཕལ་དག་འཇིགས་པ་གཅན་གཟན་མ་རུངས་པ་དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་། ཅེ་སྤྱང་ལ་སོགས་པ་དང་། །མཁའ་འགྲོ་མ་ཤིན་ཏུ་མི་བསུན་པ་ཡོད་པའི་གནས་དུར་ཁྲོད་ཆེན་པོ་དག་ནི་ཁྱད་པར་དུ་ཤིས་པ་ཡིན་ནོ། །བཞི་པ་ནམ་ཞིག་བསྐུར་བའི་དུས་ཚོད་ལ་སྤྱི་དང་བྱེ་བྲག་པ་གཉིས་ལས། །དང་པོ་ནི། །དཔྱིད་ཐར་བའི་ས་བོན་འདེབས་པ་དང་། །སྟོན་བྱང་ཆུབ་ཀྱི་འབྲས་བུ་སྨིན་པར་མཚོན་པའི་སྐབས་དང་། །ལོ་ནི་དབང་ཆེན་སྤྲེའུ། ཡར་ངོའི་ཚེས་བརྒྱད་བཟང་ལ། །གཟའ་སྐར་ནི་རྒྱལ་ཕུར་འཛོམ་པ་མཆོག་ཡིན་ལ། །གཞན་དུ་ནི་འཕྲོད་སྦྱོར་བཟང་པོ་བརྩི་བའིསྐབས་ཏེ། དེའང་བླ་མས་གནང་ནས་རྟེན་འབྲེལ་བཟང་པོ་ཚོགས་པ་ནི་དམིགས་བསལ་གྱི་དུས་ཡིན་པའང་ཤེས་པར་བྱའོ། །གཉིས་པ་རང་རང་གི་དུས་དམིགས་བསལ་པྲ་བརྟག་དང་བཅས་པ་ནི།


JL02_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ལ་འཇུག་པའི་དུས་གནད་བསྟན་པ་ལས། །སྤྲོས་བཅས་ངག་གི་དབང་བསྐུར་ནི། །བྱི་བ་འབྲུག་དང་རྟ་དང་ཕག། ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ། །རྣལ་འབྱོར་ལུས་ཀྱི་བྱེ་བྲག་གི། །སོ་སོའི་འབྱུང་བའི་ལོ་ལ་སྦྱར། །དབང་བསྐུར་ཆོ་ག་ཤེས་པར་འགྱུར། །འདི་དུས་སློབ་མ་དམ་ཚིག་ཅན། །འབྱུང་བའི་ལུས་རྣམས་མཐུན་པ་ནི། །གྲངས་ལ་ཚད་དུ་གཟུང་དུ་མེད། །བརྒྱའམ་ལྔ་བཅུ་ལ་སོགས་པའི། །འབྱུང་ལས་མཐུན་ན་འགལ་བ་མེད། །གལ་ཏེ་ཆོ་ག་ལ་ཞུགས་ཚེ། །མར་མེ་མདངས་དང་མི་ལྡན་ན། །དམ་ཚིག་བསྐང་བའི་ཆོ་ག་བྱ། །སྨེ་བ་མེད་ན་དངོས་གྲུབ་ནི། །ཡང་ནས་ཡང་དུ་བླང་བར་བྱ། །དོན་མེད་ཤི་ན་བར་ཆད་འབྱུང་། །དབང་རྫོགས་ཛབ་ལ་དྲག་ཏུ་འབད། །དེ་ཚེ་འདུས་པའི་མཆེད་ལྕམ་སུ། །ལུས་ལ་ནད་ཉིད་བྱུང་བ་ན། །ཕྱག་དང་བསྐོར་བ་དག་བྱའོ། །ངག་ལ་ཀླ་གཅོར་སུ་ལ་འབྱུང་། །བསམས་ཏེ་ཡི་གེ་བརྒྱ་པ་འདོན། །སེམས་ནི་ལོག་གམ་དྲན་ཉམས་ན། །བསྐྱེད་དང་རྫོགས་པའི་རིམ་ལ་འཇུག། གལ་ཏེ་བྱང་བའི་རྟགས་བྱུང་ན། །གདོད་ཀྱིས་དབང་བསྐུར་ཆོ་ག་འབད། །གལ་ཏེ་སྒྲུབ་པའི་རྫས་འཕེལ་ན། །དངོས་གྲུབ་རབ་མཆོག་ཐོབ་པས་ན། །མཉམ་པའི་དོན་ལ་མོས་པར་བྱ། །དབང་བསྐུར་དག་ལ་ཞུགས་གྱུར་ནས། །རྟག་ཏུ་མཚན་མ་བཟང་མཐོང་ན། །ཐུན་མོང་དངོས་གྲུབ་དེ་ཡིས་འགྲུབ། །ཉམས་དང་ཤེས་རབ་ལྡན་ན་ཡང་། །འདིས་ཀྱང་དགའ་བདེ་ཉིད་ལ་སྤྱོད། །བླ་མ་ཉིད་ལ་མཆོག་ཏུ་ཡང་། །མོས་པ་བཟང་པོ་སུས་སྐྱེས་པ། །འདིས་ཀྱང་ཕྱག་རྒྱ་མཆོག་ལ་སྦྱོར། །བདག་ཉིད་ལུས་ངག་བདེ་མཐོང་ན། །འདི་ནི་སངས་རྒྱས་ཞིང་བདག་གོ །སྤྲོས་བཅས་དབང་གི་དུས་དང་ཡང་། །མཚན་མ་དག་ནི་ལེགས་བཤད་དོ། །ཞེས་དང་། །ད་ནི་སྤྲོས་པ་མེད་


JL02_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །དུས་དང་མཚན་ཉིད་ཉེར་བསྟན་ཀྱང་། །འདི་ལ་ལོ་ཡི་བྱེ་བྲག་མེད། །གང་ལ་ཡང་ནི་ཤིས་པའོ། །འདི་དུས་དབྱར་དང་དགུན་ལ་བཟང་། །ཚེས་གྲངས་ཡར་གྱི་ངོ་ལའོ། །བསྐུར་དུས་ཐོ་རངས་སྒྲས་ངེས་པའོ། །འདི་ལ་དད་ལྡན་ལྔ་དང་དྲུག། བདུན་ལས་མང་ན་དོན་མི་འགྲུབ། །དེ་ལྟར་དད་དང་ལྡན་པའི་བུ། །སེམས་ཀྱིས་ལས་སུ་དགེ་ལྡན་ལ། །ངག་གིས་བླ་མའི་བསྟོད་ལྡན་པ། །དེ་ལྟ་བུ་ལ་དབང་བསྐུར་ཚེ། །ལུས་ནི་བདེ་བ་མ་ཡིན་ན། །ལུས་སྡིག་ཕྱི་ནང་བཤགས་པ་བྱ། །དེ་བཞིན་ངག་དང་སེམས་ལ་ཡང་། །སྡིག་པ་བཤགས་པའི་ལས་བརྩམ་མོ། །སྤྲོས་པ་མེད་པའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པའོ། །༈། །ད་ནི་ཤིན་ཏུ་སྤྲོས་པ་མེད། །མཆོག་ཏུ་གསང་བའི་དབང་བསྐུར་གྱི། །དུས་དང་མཚན་མ་བཤད་པར་བྱ། །དེ་ཡང་ལོ་ཡི་བྱེ་བྲག་མིན། །རང་ཐང་ཉིད་དུ་བྱས་པས་འགྲུབ། །ཕྱི་དུས་ས་བོན་འཇུག་པའི་དུས། །བྱང་ཆུབ་ས་བོན་བརྟན་པའི་ཕྱིར། །འདི་ཡི་དུས་སུ་དབང་བསྐུར་ན། །རང་བྱུང་ས་བོན་འཕེལ་བར་བཤད། །འབྲུ་དང་འབྲས་བུར་སྡུད་དུས་སུ། །ཤིན་ཏུ་སྤྲོས་མེད་དབང་བསྐུར་ན། །ཡེ་ཤེས་འབྲས་བུ་རྫོགས་པའི་ཕྱིར། །སྐུ་གསུམ་ས་ལ་ངེས་པར་འགྲོ། །ནང་དུས་ཡར་དེའི་འཕེལ་དུས་ལས། །ཚེས་གྲངས་མར་འགྲིབ་སྤངས་པ་ཡིས། །ཉམས་མྱོང་བརྟན་པར་བྱ་བའི་ཕྱིར། །ཉམས་དང་བྱིན་རླབས་གོང་དུ་འཕེལ། །བསྐུར་དུས་ཉི་མ་རྩེ་ཤར་ལ། །རང་བྱུང་ཡེ་ཤེས་ཤར་དོན་དུའོ། །ཡང་ན་མར་གྱི་ཟད་མཚམས་སུ། །རྟོག་པ་ཟད་པའི་དོན་དུ་བྱའོ། །སྐལ་ལྡན་གཅིག་གམ་ཡང་ན་གཉིས། །གསུམ་ལས་མང་ན་དོན་མི་འགྲུབ། །དེ་དུས་སོ་སོའི་ཕྱོགས་བཟུང་སྟེ། །ལུས་ཀྱི་དུས་ན་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་ཁ་ཆར་དང་། །རླུང་ལ་སོགས་པའི་སྒྲ་དག་དང་། །ཡུལ་ཉེས་དགྲ་དང་ཆོམ་རྐུན་དང་། །མི་སྡུག་པ་ཡི་གཟུགས་བྱུང་ན། །ལུས་ཀྱི་སྡིག་པ་ཆེ་བས་ན། །ཕྱི་ནས་དབང་


JL02_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བྱས་ནས་ནི། །བླ་མའི་གདམས་པ་མ་བསྟན་པར། །བདེ་བར་གཤེགས་པའི་སྐུ་གཟུགས་སམ། །རང་གི་བླ་མའི་གཟིམ་ཁང་ལ། །བསྐོར་བ་འབུམ་ཕྲག་དྲུག་དག་གམ། །ཕྱག་ཀྱང་འབུམ་ཕྲག་གཅིག་ཏུ་བྱ། །དེ་དུས་མཚན་མའི་ཁྱད་པར་ནི། །ཐོག་མ་ཡོད་ལ་ཐ་མ་བར། །ངེས་པའི་མཚན་མའི་གཟུགས་དག་ནས། །ལུས་ཀྱི་སྤྱོད་པ་འབྱོངས་པས་ན། །ཕྱི་ནས་འབད་པ་བྱ་མི་དགོས། །གལ་ཏེ་ཐ་མ་དག་བྱུང་ན། །ལུས་ཀྱི་ཡོངས་སུ་ཚར་མ་ཆོད། །ཕྱི་ནས་བསྐྱར་ལ་སྤྱོད་པ་བརྩམ། །བསྐྱར་ཡང་སྡིག་པ་མ་དག་ན། །ལྷའི་སྐུ་ནི་སྟོང་ཕྲག་བསྒོམ། །དེ་ནས་བླ་མའི་མན་ངག་གི། །རིམ་པ་དག་ལ་བསླབ་པར་བྱ། །ངག་གི་དུས་ནའང་དེ་བཞིན་དུ། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཐོག་མཐའ་མེད་ལ་བར་བྱུང་ན། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག། འབད་དང་བཅས་ཏེ་བཟླས་པར་བྱ། །གལ་ཏེ་ཐ་མར་བྱུང་བ་ན། །གསང་སྔགས་རྒྱུད་ནི་རང་ལོའི་གྲངས། །བརྒྱ་དང་རྩ་བརྒྱད་བརྗོད་པར་བྱའོ། །ཐོག་མཐའ་བར་མེད་དུས་རྣམས་སུ། །རྒྱུད་ཀློག་པ་དང་སྔགས་བཟླས་དང་། །བླ་མ་ཡི་དམ་ལྷ་དག་གི། །བསྟོད་ཚིག་སྣ་ཚོགས་བརྗོད་པ་དང་། །ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ། །སོ་སོ་རྐྱང་པར་བརྗོད་པ་དང་། །ཧཱུཾ་དང་ཕཊ་དང་ཨོཾ་དང་ནི། །སྒྲིལ་མ་སྣ་ཚོགས་བརྗོད་པ་ལ། །ཟླ་བ་བདུན་དུ་འབད་པར་བྱ། །དེ་ནས་གདམས་པའི་གནས་བྱའོ། །ཡི་དམ་ལྷ་ཡི་ཏིང་ངེ་འཛིན། །ཉི་མ་གསུམ་དུ་བསྒོམ་པར་བྱ། །གལ་ཏེ་བར་དུ་བྱུང་བ་ན། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ཉི་མ་བདུན་དུ་འབད་པར་བྱའོ། །ཐ་མར་བྱུང་ན་ཡི་གེ་ཡི། །འཕྲོ་འདུ་དག་ནི་བསྒོམ་པ་ལ། །ཉི་མ་བཅུ་ཡི་བར་དུ་འབད། །ཐོག་མ་བར་མཐའ་ཀུན་བྱུང་ན། །རྫོགས་པའི་རིམ་པ་བསྒོམ་པའམ། །ངག་ལས་བྱུང་བའི་བསམ་གཏན་པ། །ཟླ་བ་དྲུག་ཏུ་འབད་པར་བྱའོ། །གལ་ཏེ་ལུས་ངག་སེམས་ཀྱི་ཡང་། །སྤྱོད་པ་སོ་སོའི་དུས་རྣམས་སུ། །ནམ་མཁའ་སྔོ་སངས་སྤྲིན་དང་བྲལ། །རླུང་དང་སིར་བུའི་སྒྲ་མེད་པ། །འཇམ་ཞིང་འཇམ་པ་དག་བྱུང་ན། སྡིག་པ་དག་ནི་སྦྱར་མི་དགོས།


JL02_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཐོག་མ་ཡོད་པ་ལ། །སོ་སོའི་ཐ་མར་དག་ན་ཡང་། །འདིས་ནི་སྡིག་པ་འབྱོངས་པས་ན། །བཤགས་པའི་ཆོ་ག་བྱ་མི་དགོས། །དེ་བཞིན་ལུས་ངག་སེམས་དག་གིས། །སོ་སོའི་ངོས་བཟུང་མཁས་པས་བརྟག། དེས་ནི་ཤིན་ཏུ་སྤྲོས་པ་མེད། །དབང་བསྐུར་བ་ཡི་དུས་དང་ཡང་། །མཚན་མ་བརྟག་པ་བཤད་པའོ། །རེ་ཞིག་དབང་ཐེབ་མཚན་མ་ནི། །རིག་པའི་མེ་ཏོག་གཏོར་དུས་སུ། །ལུས་ནི་གཡོ་དང་དྲག་ཏུ་འཕར། །ལུས་ལ་བྱུང་ན་ལུས་ཀྱིས་ཐོབ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །འབྱིན་ཞིང་ཆོས་རྣམས་སྨྲ་བ་དང་། །ངོ་མཚར་ཚིག་རྣམས་བརྗོད་པ་ནི། །དེ་བཞིན་དུ་ཡང་ངག་གིས་ཐོབ། །སེམས་ལ་ཏིང་འཛིན་འབབ་པ་དང་། །ཡེངས་ཤིང་དྲན་པ་ཉམས་པ་ན། །སེམས་ཀྱིས་དབང་བསྐུར་ཐོབ་པའོ། །གལ་ཏེ་ལུས་ཀྱིས་ཐོབ་ན་ནི། །སྤྲུལ་པའི་སྐུ་ཉིད་འདི་ཡིས་ཐོབ། །དེ་བཞིན་དག་ལ་ལོངས་སྐུའོ། །སེམས་ནི་ཆོས་སྐུའི་ཞིང་དུ་འགྲོ། །ཤིན་ཏུ་སྤྲོས་མེད་དུས་མཚན་བཤད། །ཅེས་སོ། །༈། །རབ་ཏུ་སྤྲོས་པ་མེད་པ་ཡི། །དུས་དང་མཚན་མ་ངེས་བསྟན་བྱ། །ཕྱི་དུས་འབྲས་བུ་སྨིན་པའམ། །འབྲུ་རྣམས་བསྡུ་བའི་དུས་ལ་གཏད། །རང་སྣང་འབྲས་བུར་གྲོལ་ཕྱིར་རོ། །ནང་དུས་ཡར་ངོའི་ཚེས་གཅིག་གམ། །ཡང་ན་ཟད་པའི་མཚམས་ལ་གཏད། །ཐིག་ལེ་ཉག་གཅིག་རྟོགས་ནས་ནི། །ལས་དང་བག་ཆགས་ཟད་ཕྱིར་རོ། །སྐལ་ལྡན་གཅིག་ལས་མང་ན་ཡང་། །རྣལ་འབྱོར་བ་ཡི་དོན་མི་འགྲུབ། །དད་ལྡན་ཡིད་དུ་འོང་བའི་བུ། །སྐལ་པ་ཡོད་པ་གཅིག་ལ་བསྐུར། །གཉིས་ཀ་རྫོགས་པའི་སངས་རྒྱས་ལ། །གདོན་མི་ཟ་བར་འགྱུར་བ་ངེས། །བསྐུར་དུས་ཉི་མ་རྩེ་ཤར་ལ། །སོ་སོའི་ཚིག་གིས་ངེས་གསལ་བས། །རང་བཞིན་དག་པའི་གཞི་མཐོང་བའོ། །འདི་ལ་མཚན་མ་ཅི་བྱུང་ཡང་། །སྡིག་པ་སྦྱང་བའི་ཆོ་ག་མེད། །གོང་དུ་དཀར་སྦྱང་བའི་ཕྱིར། །གལ་ཏེ་སྤྲིན་མེད་གནམ་དངས་ན། །ཆོས་ཀྱི་སྐུ་ཡི་ཞིང་ལ་སྤྱོད། །སྣ་ཚོགས་འོད་ཀྱི་དངས་ཤར་ན།


JL02_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ལོངས་སྐུའི་ཞིང་དུའོ། །སྣ་ཚོགས་སྒྲ་རྣམས་གྲགས་པ་ན། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ། །གལ་ཏེ་སྐལ་དང་ལྡན་པ་ཞིག། འདི་དུས་ལུས་གནད་མཁས་པ་དང་། །དེ་ལས་གཡོ་བ་མེད་པས་ན། །ལོ་བདུན་གྱིས་ནི་ཟད་སར་ཕྱིན། །ངག་གི་བརྗོད་པ་སྟོང་གྱུར་ན། །འདིས་ནི་ཟླ་བ་ཉེར་གཅིག་ན། །ཆོས་ཉིད་ཟད་པའི་ས་ལ་ཕྱིན། །སེམས་ལ་མཁས་ཤིང་རླུང་སྟོངས་ན། །ཟླ་བ་བདུན་ན་སྐལ་ལྡན་འདི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །གལ་ཏེ་བློ་རྩལ་རབ་རྣམས་ལ། །དང་པོ་སྤྲོས་བཅས་བརྩམས་ནས་ནི། །བར་མ་ཆད་པར་རིམ་གྱིས་ཡང་། །དབང་དག་རྫོགས་པར་བྱེད་པའི་ལུགས། །མཆོག་ཏུ་གྱུར་བ་རྣམས་ལ་ཏེ། །འདི་ནི་རབ་ཏུ་དཀོན་པས་ན། །ཞག་དང་ཟླ་བ་ལོ་ཡི་བར། །རང་གི་ཉམས་དང་སྦྱར་ནས་ནི། །དབང་བཞི་དག་ནི་རྫོགས་པར་བསྐུར། །གལ་ཏེ་དབང་བཞི་མ་རྫོགས་ན། །ཤིན་ཏུ་སྤྲོས་པ་མེད་པའི་དབང་། །ཟབ་མོའི་ཆ་ཤས་རྟོགས་ཡུལ་ཉིད། །འདི་ནི་བསྐུར་བས་དབང་ཐོབ་བོ། །སློབ་མའི་མཚན་ཉིད་རབ་བརྟགས་ལ། །གཉིས་དང་གསུམ་ལ་སོགས་པ་ནི། །སློབ་མའི་འབྱོར་བའི་ཚོད་དང་སྦྱར། །ཐ་མ་རང་ཉིད་ཉམས་མྱོང་གིས། །ཁྱད་པར་དུས་ན་མཆོག་དེ་བཤད། །བུ་ལ་ནུས་པ་འཇུག་དོན་དུའོ། །ཞེས་པ་སྟེ། དེ་དག་གི་དུས་གནས་དང་པྲ་བརྟག་པ། །སྒོ་གསུམ་གྱི་སྒྲིབ་པ་སྦྱོང་བ་སོགས་ལ་གནད་གསང་ཁྱད་པར་ཅན་ཡོད་ཅིང་། ཐུགས་རྗེའི་འཇུག་པ་ཡུལ་ལ་བསྒྱུར་བའི་ཚེ་རྩ་བ་གསུམ་གྱིས་བྱིན་གྱིས་བརླབས་པའི་མཐུ་ལས། རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་ཆའི་གཟུགས་བརྙན་ངེས་པར་འཆར་བ་ཡིན་པས་རྡོ་རྗེ་སློབ་དཔོན་གྱི་ས་ལ་བཞུགས་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་གནད་གལ་པོ་ཆེ་ཡིན་ནོ། །ལྔ་པ་དགའ་སྟོན་ནི། ཤིན་ཏུའང་གཅེས་པ་ཡིན་ཏེ་དབང་རྣམ་པར་ཕྱེ་བའི་ཕྲ་ཏིག་ལས། དེས་ན་དབང་བསྐུར་ཆོ་ག་ལ། སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོ་རབ་བྱས་ནས། །རྣལ་འབྱོར་པ་ཡི་དོན་


JL02_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འགྲུབ། །ཅེས་སོ། །ཇི་ལྟར་བྱ་བ་ནི་དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་བསྐུར་སྨིན་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པ་ཕུལ་བ་ཡིས། །སངས་རྒྱས་འབྲས་བུ་བདེ་བླག་ཏུ། །འཁོར་བ་དག་ལས་དབུགས་ཕྱུང་ནས། །ངེས་པར་ཐོབ་པར་ཐེ་ཚོམ་མེད། །ཅེས་དང་། བཀོད་པ་ཆེན་པོ་ལས། བླ་མ་ཉིད་ལ་དབང་ཐོབ་ནས། །ཟས་ནི་རྣམ་པ་སྣ་ཚོགས་དང་། །བཅོས་བུའི་རས་དང་མེན་དྲི་དང་། །ཤིང་ཐོག་ཁུར་བ་བཏུང་བ་དང་། །ཇི་ལྟར་འབྱོར་བ་སྣ་ཚོགས་པས། །ཁྱད་པར་བླ་མ་སྤུན་སྲིང་དང་། །བླ་མའི་ཉེ་གནས་ཉེ་འཁོར་དང་། །དགེ་སློང་ཁྲིམས་ལ་གནས་པ་དང་། །ཆོས་སྨྲ་ཡོན་ཏན་ལྡན་པའི་མི། །གཞན་ཡང་སྙིང་རྗེའི་ཡུལ་རྣམས་ལ། །དབང་རྫོགས་བཟའ་བཏུང་སུས་བྱིན་པ། །འདིས་ནི་བསྐལ་པ་བྱེ་བའི་བར། །ཟད་ཅིང་སྟོངས་པ་མ་ཡིན་ནོ། །རང་འདོད་འབྲས་བུ་ཁྱད་པར་དུ། །ཇི་ལྟར་བསམ་པ་འགྲུབ་པ་དང་། །སངས་རྒྱས་འབུམ་ཕྲག་གྲངས་མེད་ལ། །ཡོན་ཕུལ་བས་ནི་འདི་དོན་ཆེ། །དེ་བས་དབང་བསྐུར་སྟོན་མོ་མཆོག། ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ནད་ཞི་སྡུག་བསྔལ་བྲལ་བ་དང་། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་དང་། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་ཐོབ། །ཅེས་སོ། །དེའང་དུས་གཞན་དུ་བླ་མ་ལ་སོགས་པར་ཚོགས་དཔག་མེད་བསགས་པ་བས་དབང་གི་དུས་འདིར་བསགས་པ་འབུམ་འགྱུར་གྱིས་འཕེལ་ཆེ་བར་བསྟན་ཅིང་། དེ་བཞིན་དུ་བླ་མའི་ཡུམ་ལ་སོགས་ཏེ་དབང་བྲལ་དུ་འཁོད་པའི་བུད་མེད་དང་། སྐྱེས་པ་གཅིག་ལ་བྱིན་པ་དང་། གཞན་དུ་མ་མོ་མཁའ་འགྲོ་བྱེ་བ་ལ་ཚོགས་མཆོད་བྱས་པའི་བསོད་ནམས་གཉིས་འདི་ཡི་དུས་ན་ཆེས་ལྷག་སྟེ། དུས་དེའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཐུགས་རྗེ་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པ་དང་། གསང་བ་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བདག་ཐར་བ་ཆེན་པོའི་གྲོང་དུ་འཇུག་པའི་བགྱི་བ་ལ་ཞུགས་པའི་དུས་ཡིན་པས་ཀྱང་ལྷག་ལ།


JL02_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་བུད་མེད་དང་སྐྱེས་པ་རྣམས་ལའང་། དཔའ་བོ་དང་དཔའ་མོ་རྣམས་རྟེན་བཅས་ཏེ་དབང་གི་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་པ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་དབང་གི་ཕྲ་ཏིག་ལས། དགའ་སྟོན་ཆེན་པོའི་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་བསམ་ཡས་སུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང་། །བསོད་ནམས་འདི་ཡི་ཆར་མི་ཕོད། །གལ་ཏེ་བླ་མའི་བ་སྤུའི་ཁུང་། །ཙན་དན་གྱིས་ནི་རེག་སྤྱོད་ན། །འདི་ལ་བསོད་ནམས་ཕ་མཐའ་ཡས། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་གསུམ་དག་གམ། །ཡང་ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ན། །བརྒྱ་ཕྲག་གྲངས་མེད་བྱས་པ་བས། །འདི་ལ་གཅིག་བྱས་བསོད་ནམས་ནི། །བློ་ཡིས་དཔག་པར་ནུས་མ་ཡིན། །འབྲས་ཆེན་བཟའ་བཏུང་སྟོན་མོ་ཡིས། །རྣལ་འབྱོར་བ་རྣམས་མགུ་བྱས་ནི། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ལས་ནི་གྲོལ་བར་འགྱུར། །གལ་ཏེ་རྡོ་རྗེའི་སྲིང་མོའམ། །འོན་ཏེ་བླ་མའི་སློབ་མ་ནི། །རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །ཚོགས་ཀྱི་སྟོན་མོས་མགུ་བྱས་ན། །མ་མོ་བརྒྱད་དམ་ཕག་མོ་ལ། །ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་དགུ། །དུས་མ་ཡིན་པར་བྱས་པ་བས། །འདི་དུས་རྣལ་འབྱོར་མ་གཅིག་པ། །བཟའ་བའམ་ཡང་ན་བཏུང་བའམ། །གལ་ཏེ་སྐོམ་ཀྱང་ཉུང་བྱིན་ན། །བསོད་ནམས་འདི་ནི་མཉམ་པ་ཡིན། །དེས་ན་མ་མོའི་གྲོང་ཁྱེར་དུ། །ཕྱིན་ཏེ་རྣལ་འབྱོར་མ་མཉེས་བྱ། །རྣལ་འབྱོར་ཕ་དང་མ་གཉིས་ནི། །མཉམ་ཞིང་འདྲེས་པ་མཆོད་བྱས་ན། །འདི་ལ་དངོས་གྲུབ་འདི་ལྟ་བུ། །ཡ་མཚན་མཆོག་དང་ལྡན་པ་འབྱུང་། །འཇིག་རྟེན་འདི་ལ་འདོད་དོན་དང་། །ཕྱི་མ་ཡེ་ཤེས་དབྱིངས་སྤྱོད་ཕྱིར། །མཁའ་སྤྱོད་དག་གི་དངོས་གྲུབ་ནི། །སྣ་ཚོགས་བདག་པོ་སུས་བྱས་པ། །འཁོར་དང་བཅས་ཏེ་ནམ་མཁའ་ལ།


JL02_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དག་ཏུ་ནུས་པ་ཡིན། །ཞེས་སོ། །དེའི་ཕྱིར་འདུ་བ་ཁྱད་པར་ཅན་གྱི་དུས་འདིར་ཚོགས་བསགས་པས་དངོས་གྲུབ་ཁྱད་པར་ཅན་ཐོབ་པར་བཤད་པས་ཚོགས་རླབས་པོ་ཆེ་བསགས་པ་ལ་འབད་པར་བྱའོ། །གཉིས་པ་དབང་བསྐུར་བ་དངོས་ཀྱི་ལམ་ལ་གཉིས་ལས། དཀྱིལ་འཁོར་གྱི་རྣམ་དབྱེ་དང་། ཇི་ལྟར་དབང་བསྐུར་བའི་རིམ་པའོ། །དང་པོ་ལ། ངོ་བོ། ངེས་ཚིག། སྒྲ་དོན་གསུམ་ལས། ངོ་བོ་ནི་གཙོ་བོ་རང་བྱུང་གི་ཡེ་ཤེས་ལ་ལམ་འབྲས་བུ་དང་བཅས་པའི་འཁོར་དུ་ངེས་པའོ།། །།ངེས་ཚིག་ནི། མཎྜལ་ཏེ་དཀྱིལ་འཁོར་གཙོ་བོ་ལ་དཀྱིལ་འཁོར་རོལ་པས་མཛེས་པར་བསྐོར་བས་ན་དཀྱིལ་འཁོར་ཞེས་བྱའོ། །དབྱེ་ན། གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར་ཡེ་ཤེས་འོད་གསལ་གྱི་འཁོར་ལོ། ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར་བྲིས་པའི་རྡུལ་ཚོན་དང་། ཐིག་ལེ་དང་། ཚོམ་བུའི་དཀྱིལ་འཁོར་ཏེ་བརྡལ་བརྟེན་པ་རྣམས་དང་། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ནི་བརྡའི་དཀྱིལ་འཁོར་དུ་བཞུགས་ནས། དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་བཅས་ཞི་ཁྲོའི་བསྐྱེད་བཟླས་དང་། སྤྲོས་མེད་རྫོགས་རིམ་ཆོས་ཉིད་མངོན་སུམ་དོན་གྱི་དཀྱིལ་འཁོར་ལ་བལྟས་པས་སྣང་བ་བཞི་པོ་ཚད་དུ་ཕྱིན་ཏེ། གཞོན་ནུ་བུམ་སྐུའི་དཀྱིལ་འཁོར་མངོན་དུ་བསྒྲུབ་པ་སྟེ། རང་ཤར་ལས། དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། །གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་བསྟན། །ཞེས་སོ། །གཉིས་པ་ཇི་ལྟར་བསྐུར་བ་དབང་གི་རང་བཞིན་ནི། དེའང་གདོད་ནས་འགྲོ་བའི་ཁམས་ལ་རྡོ་རྗེ་བཞིའི་རང་བཞིན་ཡེ་ཁྱབ་ཏུ་གནས་པ་ནི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་བུ་དབང་བསྐུར་ཡང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་སོ། །དེ་བླ་མའི་གདམས་ངག་བརྡ་ཐབས་རྟེན་འབྲེལ་གྱི་ཚོགས་སད་པར།


JL02_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་ན་གྲོལ་བར་མི་འགྱུར་ལ། དེའི་ཕྱིར་དང་པོ་སྨིན་བྱེད་ཀྱི་དབང་བཞི་བསྐུར་བ་ནི་ལམ་གྱི་གཞི་ཡང་དག་པ་ཡིན་པས་དེའི་ངེས་པ་ནི་ཐལ་འགྱུར་ལས། དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང་། །གསང་བ་ཡོངས་སུ་རྫོགས་པ་ཡིས། །སྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། །དེ་ལ་དང་པོ་སྤྲོས་བཅས་ལའང་སྤྲོས་བཅས་ཆེན་པོ་དོན་ཚན་སུམ་ཅུ་རྩ་དྲུག་གི་རྣམ་པར་གཞག་པ་དང་། སྤྲོས་བཅས་འབྲིང་དེ་ལས་ཅུང་ཟད་བསྡུས་པ་མཚན་བཅས་རྒྱུ་མཚོན་དང་། མཚན་མེད་ཡེ་ཤེས་ཀྱི་དབང་གཉིས་ཀྱིས་རྩིས་མགོ་བསྡུས་པའི་རྣམ་པར་གཞག་པ་དང་སྤྲོས་བཅས་བསྡུས་པའི་དོན་སྤྲོས་ཏེ། རིག་པའི་ཡེ་ཤེས་ལྔ་མཚོན་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། བདག་དང་སློབ་མ་ཞུགས་ནས། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རྫོགས་པ་ཆེན་པོ་བརྡ་བཞིས་བསྐུར་ནས་དབང་གི་དགའ་སྟོན་དུ་བྱེད་པའི་བར་ཏེ། འདི་དག་གི་དབྱེ་བ་རྒྱས་པ་ནི་ཐེག་པའི་མཆོག་གི་རིམ་ཁང་དྲུག་པ་ལས་ཆེས་གསལ་ཞིང་། སྤྲོས་བཅས་གོང་མ་ཆེ་འབྲིང་གཉིས་ནི་ལག་ལེན་དུ་འདེབས་པའི་རྒྱུན་བར་སྐབས་ནས་ཆད་པར་གྲགས་ཀྱང་། དོན་སྤྲོས་སམ་སྤྲོས་བཅས་བསྡུས་པ་ནི་ད་ལྟ་ལག་ལེན་དུ་འདེབས་པ་བི་མ་ལས་ལྕེ་བཙུན་ལ་དངོས་སུ་བསྐུར་བས་ད་ལྟའི་བར་དུ་ནུབ་པ་མེད་པ་ནི། ཀུན་མཁྱེན་ཆེན་པོས། འདི་ནི་བི་མ་ལས་ལྕེ་བཙུན་ལ་དངོས་སུ་བསྐུར་བའི་རིམ་པ་སྟེ། དེང་སང་ཡང་ཕྱག་ལེན་དུ་མཛད་དོ། །གཞན་གཉིས་གུ་རུ་ཇོ་པེར་ནས་ཆད་པ་ཡིན་ཞེས་ཀྱང་གྲགས་ལ། དེའི་གོང་ཙམ་ནས་བརྡ་ཙམ་ལས་ཕྱག་ལེན་དུ་མེད་དོ་ཞེས་ཀྱང་གྲགས་ཏེ། གཏེར་ནས་བྱོན་པ་ཕྱག་བཞེས་


JL02_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདེབས་དཀའ་བས་མ་བཏབ་པར་མངོན་ལ། དོན་སྤྲོས་ཀྱིས་ཆོག་པ་དང་། ལག་ལེན་དུ་འདེབས་ནའང་དབང་གི་རྩ་བ་ཡོད་པས་དགའ་བ་མེད་ལ། བཏབ་ཀྱང་འགལ་བ་མེད་དོ་ཞེས་བླ་མའི་གསུང་ངོ། །ཞེས་ཞལ་གྱིས་འཕངས་ལ། དོན་དུ་དབང་གི་སྤྲོས་པ་མཐའ་ཡས་པ་འདི་དག་རྩ་བའི་དབང་བཞི་པོའི་རྒྱབ་བརྟེན་རྣམས་ཡལ་ག་ལྟ་བུ་ཡིན་ཕྱིར་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་བདག་པོའི་ས་ལ་ངེས་པར་བཞུགས་པའི་སྐྱེས་བུ་དམ་པ་དགོངས་སྤྱོད་ཀྱི་ནུས་པ་ཚད་དུ་ཕྱིན་པ་ཞིག་གིས་ནི་རྩ་དབང་ཐོབ་པ་གཞིར་བཞག་ནས་ལེ་ལག་ཕྲན་བུ་ལ་སྤྲོ་བསྡུ་བྱར་ཡོད་དེ་སྤྲོས་བཅས་འབྲིང་པོའི་མཚན་མེད་ཡེ་ཤེས་ཀྱི་དབང་གི་སྐབས་སུ་རང་ཤར་ལས། །རྟོགས་པའི་ཡེ་ཤེས་དབང་མཆོག་ནི། །ཅིར་སྣང་རིག་པར་ཤེས་པའོ། །རིག་པ་དགག་སྒྲུབ་མེད་པ་ཡིས། །དབང་རྣམས་དུས་གཅིག་རྫོགས་པའོ། །དབང་རྣམས་གྲོལ་བྱེད་གདམས་ངག་གོ། །དམིགས་མེད་དཀྱིལ་འཁོར་ཆེན་པོ་ཡི། །དབབ་ནི་རང་ལ་ཡོད་པའོ། །དེ་ཡང་དོན་ལ་བཀྲོལ་ཏེ་གསུངས། །གཅིག་བཀྲོལ་གཉིས་བཀྲོལ་ཐམས་ཅད་བཀྲོལ། །གྲོལ་བ་རང་བྱུང་གཞན་ལས་མེད། །རང་བྱུང་དབང་ཆེན་དེ་བཞིན་ནོ། །དོན་གྱི་དབང་མཆོག་དཀྱིལ་འཁོར་ལ། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །དོན་དབང་ཡེ་ཤེས་མཚོན་པ་ལ། །གཅིག་མེད་གཉིས་མེད་ཐམས་ཅད་མེད། །རྡོ་རྗེའི་དོན་རྟོགས་དབང་ཆེན་ལས། །གཅིག་བྱུང་གཉིས་བྱུང་ཐམས་ཅད་བྱུང་། །སྟོང་བ་ཡེ་ཤེས་དབང་ཆེན་ལས། །གཅིག་སྐྱེ་གཉིས་སྐྱེ་ཐམས་ཅད་སྐྱེ། །རྟོགས་ན་དབང་མཆོག་དེ་ལྟར་བསྐུར། །ཞེས་དབང་ཐམས་ཅད་ཀྱི་རྩ་བ་རང་བྱུང་གི་ཡེ་ཤེས་མངོན་དུ་གྱུར་བ་ཁོ་ན་ཡིན་ལ། དེ་ཉིད་ཡིན་ཚུལ་ཇི་བཞིན་པ་མངོན་དུ་གྱུར་བ་ལ་དབང་ཐོབ་པའི་མཚན་ཉིད་དུ་ཁོ་བོ་ཅག་འདོད་དེ། །དེ་སྐད་དུ་ཀློང་ཆེན་པོས་ཀྱང་དེ་དག་གི་དོན་མངོན་པར་རྟོགས་པ་ལག་ལེན་ལ་བསྐུར་ན། བླ་མ་གྲུབ་པ་ཐོབ་པ་རྣམས་ཀྱིས་སིལ་བུ་དུམ་བུ་གང་རུང་རེས་ཀྱང་སློབ་མ་ལ་དབང་


JL02_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་ཐེབ་པས་ཇི་སྐད་གསུངས་པ་དེ་འགྲུབ་ལ། གྲུབ་པ་མ་ཐོབ་པ་རྣམས་ཀྱིས་དེ་ཐམས་ཅད་དྲིལ་ནས་བཀུར་བས་དོན་འགྲུབ་པའི་ཕྱིར་དེའི་རྣམ་པར་གཞག་པ་ལ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་ཕྱི་མཐའི་དུས་འདིར་ཞྭ་དཔེ་ལྷྭམ་ལ་བཀབ་སྟེ། ཆོས་ལ་དབང་ཟ་བའི་གང་ཟག་མང་བས་དེ་ལྟ་བུ་ནི་རྡོ་རྗེའི་དམྱལ་བ་བསྒྲུབ་པའི་ལས་ཡིན་པའི་ཕྱིར་སླང་བར་བྱ་ལ། ཚུལ་འདི་ནི་གདོད་མའི་མགོན་པོ་དང་ཞལ་མི་གཉིས་པ་ཀུན་མཁྱེན་ངག་གི་དབང་པོ་ལྟ་བུའི་སྤྱོད་ཡུལ་དུ་ངེས་པས། མཆོག་གི་སྤྲུལ་པའི་སྐུ་འདིའི་དགོངས་གཏེར་མན་ངག་གི་བསྟན་བཅོས་རྣམས་སུ་རྒྱལ་བའི་གསུང་རབ་སྤྱི་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་དབང་ལུང་མན་ངག་གི་གནད་དོན་ཐམས་ཅད་ཆུ་བརྒྱ་ཟམ་འོག་ལྟ་བུར་འདུས་པའི་འཕྲུལ་གསང་ཆེན་པོ་ཡོད་པའི་ཕྱིར། སྙིང་ཏིག་གི་བསྟན་པའི་སྲོག་ཤིང་འདི་ཁོ་ནར་ཡོད་པས་བསྟན་པ་འདི་འཛིན་པ་རྣམས་ཀྱིས་འདི་དག་གི་དབང་ལུང་མན་ངག་གི་རྒྱུན་ལ་གཅེས་སྤྲས་སུ་མཛད་པས་དོན་གྱིས་ཟིན་ཉམས་པ་མེད་དོ། །འདིར་རྩ་བའི་དབང་རྣམ་པ་བཞིའི་མདོ་དོན་ནི། དང་པོར་ཕྱི་སྤྲོས་བཅས་བུམ་པའི་དབང་གིས་ལུས་ཀྱི་སྒྲིབ་པ་སྦྱོང་། སྐུའི་ནུས་པ་འཇུག། བསྐྱེད་རིམ་སྒོམ་པ་ལ་དབང་། དེ་ནས་ནང་སྤྲོས་མེད་གསང་བའི་དབང་གིས་ངག་གི་སྒྲིབ་པ་སྦྱོང་། གསུང་གི་ནུས་པ་འཇུག །རྫོགས་རིམ་གཏུམ་མོ་ཙཎྜ་ལཱི་དང་ཡི་གེ་འཁོར་ལོ་སྔགས་བཟླ་བ་ལ་དབང་། ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་ཀྱི་སྒྲིབ་པ་སྦྱོང་། ཐུགས་ཀྱི་ནུས་པ་འཇུག། བདེ་ཆེན་ཟུང་འཇུག་སྒོམ་པ་དང་ཀ་དག་ཆོས་ཉིད་ཀྱི་ཡེ་ཤེས་རྟོགས་པ་ལ་དབང་། རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེས་སྒྲིབ་པ་ཐམས་ཅད་བ་ཤེས་བྱ་ལ་རྨོངས་པའི་རང་བཞིན་སྦྱོང་། རང་བྱུང་འོད་གསལ་གྱི་ནུས་པ་འཇུག། མངོན་སུམ་ལྷུན་གྲུབ་ཀྱི་དོན་ཉམས་སུ་ལེན་པ་ལ་དབང་བ་སྟེ། དེ་དག་ལ་ནང་གསེས་ཀྱི་དབྱེ་བ་ནི་དཔག་ཏུ་མེད་པར་ཡོད་ལ་རྣམ་པ་བཞིར་ངེས་པའི་འཐད་པ་ནི། སྐལ་བ་དང་ལྡན་པའི་གང་ཟག་གཅིག་ལམ་འདིར་འཇུག་པ་ལ།


JL02_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་ཕྱི་སྤྲོས་བཅས་ཀྱི་དབང་གིས་སྤྲོས་པས་བཅད་ན་སྣང་ཤེས་ཚོགས་པའི་སྤྲོས་པ་མི་ཆོད། ནང་སྤྲོས་པ་མེད་པས་གནད་དུ་མ་བསྡུས་ན། སེམས་ལམ་དུ་མི་ཚུད། གསང་བ་ཤིན་ཏུ་སྤྲོས་པ་མེད་པས་མཐའ་མ་བཅད་ན་སྒྲོན་མ་ལམ་དུ་མི་ལང་། བླ་ན་མེད་པ་རབ་ཏུ་སྤྲོས་པ་མེད་པས་ངོ་མ་སྤྲད་ན་མཐོང་ཕྱེད་ཀྱི་ལམ་མི་གསལ། དེ་བཞིན་དུ་ཕྱིར་རླུང་སེམས་གཉིས་དང་། ཕ་མའི་རྒྱུ་རྐྱེན་གཉིས་ཏེ་བཞི་དག་པའི་ཐབས་དང་། ནང་དུ་འཁོར་ལོ་རྣམ་པ་བཞིའི་རྩའི་ཁྱད་པར་བཞི་ལ་འཇུག་པའི་ཐབས་དང་། གསང་བར་སྒྲོན་མ་བཞི། སྣང་བ་བཞི་སྟོན་པའི་ཐབས་དང་། བླ་ན་མེད་པར་རྟགས་བཞི་ངེས་པ་ལས། ཚད་བཞིའི་ངེས་པའི་འབྲས་བུ་སྐུ་བཞིར་འབྱུང་བས་ཀྱང་བཞིར་ངེས་པའོ། །གསུམ་པ་དབང་བསྐུར་མཐར་ཕྱིན་པའི་འབྲས་བུའི་ངེས་པ་ལ་གཉིས། གནས་སྐབས་དང་། མཐར་ཐུག་གོ། དང་པོ་ལ་མཚན་ཉིད་ཐེག་པ་དང་བསྟུན་ནས་ལམ་གྱི་ཆོད་ཚུལ་སྤྱིར་བསྟན་པ་དང་། རྡོ་རྗེའི་ཐེག་པ་དང་བསྟུན་ནས་རིག་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྤྲོས་བཅས་ཀྱིས་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་ཏེ་ཚོགས་ལམ་བཅུ་གཉིས་ཐོབ་པའི་རྟེན་དང་། སྤྲོས་མེད་ཀྱིས་དྲོད་རྩེ་བཟོད་ཆོས་ལ་སོགས་ཏེ་དབང་པོ་ལྔ་དང་སྟོབས་ལྔའི་རང་བཞིན་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་དྲན་དང་ཆོས་རབ་རྣམ་འབྱེད་ལ་སོགས་ཏེ་བྱང་ཆུབ་ཡན་ལག་བདུན་གྱི་རང་བཞིན་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་ཡང་དག་པའི་ལྟ་བ་ལ་སོགས་ཏེ། འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་སྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ། །འདི་དག་གི་དབྱེ་བ་ཁོ་བོའི་མན་ངག་པདྨ་དཀར་པོ་ལའང་བྲིས་སོ། །གཉིས་པ་ནི། དབང་རྣམ་པ་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིག་འཛིན་གྱིས་བཞི་སྟེ། དེ་ཡང་སེམས་ལྷའི་སྐུར་སྨིན་ཡང་ལུས་མ་སྨིན་པ་རྣམ་པར་སྨིན་པའི་རིག་འཛིན་དང་། ཚེ་འདི་ཉིད་ལ་གྲོལ་བས་སྐྱེ་འཆི་ལ་རང་དབང་ཅན་ཚེ་དབང་གི་རིག་འཛིན


JL02_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལུས་སེམས་ལྷར་སྨིན་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པ་ལྷུན་གྲུབ་རིག་འཛིན་ཏེ་བཞི་ལས། དབང་དུ་བསྒྱུར་བ་དང་། མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་པ་ལ། ཆ་ཤས་ཀྱི་དབྱེ་བས་བཞི་བཞིར་ཕྱེ་ན། དང་པོ་རྣམ་སྨིན་ནམ་རྣལ་འབྱོར་གྱི་ས་ལའང་། རྣལ་འབྱོར་དང་། བྱ་བའི་རྣལ་འབྱོར་དང་། སྤྱོད་པའི་རྣལ་འབྱོར་དང་། བསྒྱུར་བའི་རྣལ་འབྱོར་དང་བཞི། ཚེ་དབང་ངམ་རྣལ་འབྱོར་ཆེན་པོ་ལ། ཤིན་ཏུ་རྣལ་འབྱོར་གྱི་ས་དང་། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང་། སྤྲོས་པའི་རྣལ་འབྱོར་གྱི་ས་དང་། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ། །ཕྱག་རྒྱ་ཆེན་པོའམ་འབྱེད་པའི་རྣལ་འབྱོར་གྱི་ས་ལ། བརྡའི་ས་དང་། དོན་གྱི་ས་དང་། བརྡ་དོན་དབྱེར་མེད་ཀྱི་ས་དང་། མ་འདྲེས་པའི་ས་སྟེ་བཞི་ལ། ལྷུན་གྲུབ་བམ་རྟོགས་པའི་རྣལ་འབྱོར་གྱི་ས་ལ་རྫུ་འཕྲུལ་འཕྲུལ་བའི་ས་དང་། ཁྱད་པར་རྟོགས་པའི་ས་དང་། མངོན་པར་འབྱུང་བའི་ས་དང་། དཔའ་བོ་རིགས་འབྱེད་ཀྱི་ས་སྟེ་བཞི། སྤྱིར་བསྡོམས་པས་བཅུ་དྲུག་གོ། དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་འབྱུང་བས་རིག་འཛིན་གྱི་སར་བཞག་པའི་ངེས་འབྱེད་ནི། ས་དང་པོ་ལ་རང་གི་ལུས་བརྒྱ་སྟོང་དུ་སྤྲུལ་པ་དང་། དེ་དག་ལ་ཡན་ལག་བརྒྱ་སྟོང་དུ་སྤྲུལ་པ་དང་། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་པ་དང་། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་པ་དང་། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས་དེ་ལས་སྤྲུལ་པ་འགྱེད་པ་དང་ལྔ། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་པ་དང་དྲུག། སྐྱེ་བ་སྣ་ཚོགས་པར་སྤྲུལ་པ་དང་བདུན་ནི་དབང་དུ་གྱུར་བའི་ས་རྟོགས་པ་ལས་བྱུང་ངོ། །ས་གཉིས་པ་ལ་རང་གིས་ཁོག་པ་ཁ་ཕྱེ་ནས་གློ་སྙིང་རྣམས་གཞན་ལ་སྟོན་པར་ནུས་པ་དང་། ལུས་ཀྱི་སྟོད་ནས་མེ་འབར་བ་ལ་སྨད་ནས་ཆུ་འགྲུབ་པར་ནུས་པ་དང་། ཡན་ལག་བཅད་


JL02_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱོགས་བཞིར་གཏོར་ནུས་པ་དང་། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་བར་ནུས་པ་དང་། ལུས་ཀྱི་སྟོབས་ཀྱིས་རི་བོ་འཕེན་པར་ནུས་པ་དང་། ཕྱིའི་རྒྱ་མཚོ་ཆེན་པོ་ནམ་མཁའ་ལ་སྦར་བར་ནུས་པ་དང་། གཟའ་སྐར་རྣམས་ཐང་ལ་འདྲུལ་བར་ནུས་པ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་ངོ། །ས་གསུམ་པ་ལ་རླུང་ཞགས་པར་འཆིང་ནུས་པ་དང་། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་བ་དང་། འཇིག་རྟེན་སྐྱོང་བའི་ལྷའི་དབང་ཕྱུག་རྣམས་སྒྲོལ་བར་ནུས་པ་དང་། མཁའ་འགྲོ་མའི་ཡིད་འཕྲོག་པར་ནུས་པ་དང་། འགྲོ་བ་བརྒྱ་སྒྲོལ་ཞིང་བསྒྲལ་བ་རྣམས་གསོ་བར་ནུས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོ་བར་ནུས་པ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་བསྐྱེད་པ་ལས་བྱུང་ངོ། །ས་བཞིས་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་ནུས་པ་དང་། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར། ས་ཆུར། རླུང་མེར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་བསྒོམས་པ་ལས་བྱུང་ངོ། །ས་ལྔ་པས་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་ངོ། །ས་དྲུག་པས་མེ་བདུན་ལ་དབང་བསྒྱུར་བ་ནི་སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་ངོ། །ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་ངོ། །ཡང་ཆུ་བདུན་ལ་དབང་བ་ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ། །ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་ངོ། །ས་དགུ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་བའོ། །ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་བ་ནི་ལྷ་བསྒོམས་པ་ལས་བྱུང་བའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་


JL02_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་བརྩམས་པ་ལས་བྱུང་ངོ། །ས་བཅུ་གཉིས་པས་དགེ་སློང་བསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་ནི་དམ་ཚིག་དང་སྡོམ་པ་ལ་གནས་པ་ལས་བྱུང་ངོ། །ས་བཅུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། །བཅུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་ངོ། །བཅོ་ལྔ་པས་ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་བསྒོམས་པ་ལས་བྱུང་ངོ། །བཅུ་དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ལས་བྱུང་བའོ། །དེ་ལྟ་བུའི་རྫུ་འཕྲུལ་བརྒྱ་ཐམ་པའི་ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱི་ཕྲིན་ལས་ཀྱང་དེ་ཙམ་དུ་ཡོད་དོ། །གཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ཀྱི་དབང་གིས་ལུས་ཀྱི་ཡོན་ཏན་ཚེ་རིང་བ་དང་། ནད་མེད་པ་དང་། འགྲོ་བ་བྱམས་པ་དང་། བསོད་ནམས་ལྡན་པ་དང་། རྫུ་འཕྲུལ་འགྲུབ་པ་དང་། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པའོ། །སྤྲོས་མེད་ཀྱི་ས་ངག་གི་ཡོན་ཏན་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བཀའ་བསྟན་བཅོས་ལ་དབང་བ་དང་། གཞན་གྱི་རྣ་བར་སྙན་པ་དང་། བསྒོ་བ་བཞིན་ཉན་པ་དང་། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་དག་པས། ཏིང་ངེ་འཛིན་དང་། རིག་པ་དང་། གང་བསམ་ཆོས་ཉིད་དུ་འཆར་བ་དང་། དུས་བཞི་མཉམ་པ་ཉིད་དུ་རྟོགས་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་རུང་བ་དང་། མངོན་པར་ཤེས་པ་དང་། ཚེ་དཔག་ཏུ་མེད་པར་བྱིན་གྱིས་བརླབ་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་བཅས་ཀྱིས་ཆོས་ཉིད་མངོན་སུམ། སྤྲོས་མེད་ཀྱིས་ཉམས་གོང་འཕེལ། ཤིན་ཏུ་སྤྲོས་


JL02_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པ་སྟེ། དེ་དག་རེ་རེ་བཞིན་གྱི་སྣང་བའི་ཡོན་ཏན་རེ་དང་། ནང་ཉམས་ཏིང་ངེ་འཛིན་རེ་དང་། གསང་བ་ལྟ་དགོངས་ཁྱད་པར་ཅེན་རེ་དང་། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས་ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །ཞེས་ཀུན་མཁྱེན་ཆེན་པོ་བཞེད་དོ། །ངེས་ནི་གནས་སྐབས་ཀྱི་ཡོན་ཏན་མདོར་བསྡུས་ནས་བཤད་ཟིན་ཏོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་འཆང་གིས་སྟེ། སྤངས་པ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་མཐར་ཕྱིན་པ་ཡིན་པས་སྒྲིབ་པ་མཐའ་དག་ལས་གྲོལ་བའོ། །དེའི་ཡོན་ཏན་ནི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་ཅན་ཏེ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དུ་ངེས་ནའང་རེ་ཞིག་འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་མ་ལུས་པའི་བདག་ཉིད་ཅན་དུ་བསྡུ་ན་རྒྱུད་བླ་མའི་འགྲེལ་བ་ལས། དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་རྣམ་པ་གཅིག་ཏུ་མངོན་པར་བསྡུས་ཏེ་དྲུག་ཅུ་རྩ་བཞིར་འགྱུར་རོ། །ཞེས་པ་ལས། སྟོབས་བཅུ་ནི་རྒྱུད་བླ་མར། གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་སྨིན་དང་ནི་དབང་པོ་དང་། །ཁམས་རྣམས་དང་ནི་མོས་པ་དང་། །ཀུན་འགྲོའི་ལམ་དང་བསམ་གཏན་ཚོགས། །ཉོན་མོངས་དྲི་མ་མེད་པ་དང་། །གནས་ནི་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཞི་བ་དག། མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། །ཞེས་གནས་དང་གནས་མ་ཡིན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་དང་། མོས་པ་སྣ་ཚོགས་པ་དང་། ཁམས་དུ་མ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་དང་། ལམ་ཐམས་ཅད་དང་ཀུན་ནས་ཉོན་མོངས་པ་དང་། ས་རྣམ་པར་བྱང་བ་དང་། སྔོན་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་དང་སྐྱེ


JL02_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཟག་པ་ཟད་པ་དང་། མཁྱེན་པའི་སྟོབས་བཅུའོ། །དེ་བཞིན་དུ་མི་འཇིགས་པ་བཞི་ནི་དེ་ཉིད་ལས། ཆོས་ཀུན་རྫོགས་པར་བྱང་ཆུབ་དང་། །གེགས་ནི་འགོག་པར་བྱེད་པ་དང་། །ལམ་སྟོན་པ་དང་འགོག་སྟོན་ལ། །མི་འཇིག་པ་ནི་རྣམ་པ་བཞི། །ཞེས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་ལ་མི་འཇིགས་པ། ཟག་པ་ཐམས་ཅད་བདེ་བར་མཁྱེན་པ་ལ་མི་འཇིགས་པ། བར་དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པའི་ལུས་བསྟན་ལ་མ་འཇིགས་པ། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ངེས་པར་འབྱུང་བའི་ལམ་ལ་མི་འཇིགས་པ་སྟེ་རྣམ་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། དེ་ཉིད་ལས། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང་། །དུས་ལ་ཡེ་ཤེས་བསྒྲིབ་པ་མེད། །དེ་ལྟར་བཅོ་བརྒྱད་འདི་དག་གཞན། །སྟོན་པའི་མ་འདྲེས་ཡོན་ཏན་ཡིན། །ཞེས་པ་ལྟར། དེ་བཞིན་གཤེགས་པ་ལ་འཁྲུལ་བ་མེད་པ། ཅ་ཅོ་མེད་པ། སྙེལ་བ་མེད་པ། མཉམ་པར་མ་གཞག་པ་མེད་པ། ཐ་དད་པའི་འདུ་ཤེས་མེད་པ། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ། འདུན་པ་ཉམས་པ་མེད་པ། བརྩོན་འགྲུས་ཉམས་པ་མེད་པ། དྲན་པ་ཉམས་པ་མེད་པ། ཏིང་ངེ་འཛིན་ཉམས་པ་མེད་པ། ཤེས་རབ་ཉམས་པ་མེད་པ། རྣམ་པར་གྲོལ་བ་ཉམས་པ་མེད་པ། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། ངག་གི་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། འདས་པའི་དུས་ལམ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ། ད་ལྟའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་སྟེ་བཅོ་བརྒྱད་དོ། །སྐྱེས་བུ་ཆེན་པོའི་མཚན་སོ་གཉིས་ནི། མངོན་རྟོགས་


JL02_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ལས། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། ཕྱག་དང་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་མདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡང་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ནྱ་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག། པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ཏཱ་ལྟར་ཆུ་ཞེང་གབ། །གཙུག་ཏོར་འབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཐགས་བཟང་ཚད་མཉམ་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་སོ། །དེ་དག་ནི་སྤྱིར་བསྟན་པ་སྟེ། དབྱེ་ན་སྔགས་ཀྱི་ཁྱད་པར་སྐུ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རང་བཞིན་དང་ཞིང་ཁམས། མངོན་པར་ཤེས་པ་མཐའ་ཡས་པ་ལ་དབང་བསྒྱུར་བའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཡོད་དེ་སྤྲོས་པས་ཆོག་གོ །བཞི་པ་དབང་དེའི་སྲོག་ཏུ་གྱུར་བ་དམ་ཚིག་གི་ངེས་པ་མདོར་བསྟན་པ་ནི། དེ་ཡང་རྩ་བའི་དམ་ཚིག་སྐུ་གསུང་ཐུགས་གསུམ་ལ། ཡན་ལག་ཉི་ཤུ་རྩ་ལྔ་སྟེ། ཤེས་པར་བྱ་བ་ལྔ། མི་སྤང་བ་ལྔ། དང་དུ་བླང་བ་ལྔ། སྤྱད་པར་བྱ་བ་ལྔ། བསྒྲུབ་པར་བྱ་བ་ལྔ་སྟེ་ཉི་ཤུ་རྩ་ལྔའོ། །བྱེ་བྲག་གིས་དབྱེ་ན་རང་ཤར་ལས། འབུམ་སྡེར་གསུངས་པའི་དམ་ཚིག་རྣམས། མདོར་བསྟན་ལེགས་པར་ཡིད་ལ་བཟུང་། །དེ་ཡང་མདོར་བསྟན་འདི་ལྟ་སྟེ། །རྟོགས་བྱེད་ལྟ་བའི་དམ་ཚིག་དང་། །སྤྱོད་པ་རྒྱུན་གྱི་དམ་ཚིག་དང་། །བསྒྲུབ་པ་སྤྱི་ཡི་དམ་ཚིག་ནི། །ཐུན་མོང་སྤྱིད་ཡི་དམ་ཚིག་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །ཡན་ལག་གྲངས་ཀྱི་དམ་ཚིག


JL02_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གལ་མདོ་ངེས་པའི་དམ་ཚིག་རྣམས། མདོ་དང་རྒྱས་པ་ཆེན་པོའོ། །ཞེས་བསམ་གྱིས་མི་ཁྱབ་པར་བཤད་པ་ནས་འདིར་བླ་ན་མེད་པའི་དམ་ཚིག་རྣམ་པ་གསུམ་གྱིས་འགག་བསྡམ་པའི་བར་ཡི་གེ་མེད་པ་ལས། དེ་དུས་བསྲུངས་མཚམས་ལས་འདས་པའི། མེད་དང་གཅིག་པུ་ཕྱལ་བ་ཡིས། །དེ་ཡི་གྲོགས་སུ་དེ་འགྱུར་རོ། །ཞེས་རང་ངོ་ཀ་དག་ལ་ལྟོས་ནས་ཁྲེགས་ཆོད་ཀྱི་དམ་ཚིག་ཆེན་པོར་འཁོར་འདས་སྣང་སྲིད་ཐམས་ཅད་བདེ་སྡུག་སྤང་བླང་ལས་འདས་པར་ལ་ཟློས་པས། དམ་ཚིག་ལ་བསྲུང་བྱ་སྲུང་བྱེད་ཀྱིས་ཕྱོགས་འཛིན་འཇུར་བོས་མ་བཅིངས་པས་ཕྱལ་བ་རང་བཞིན་ལྷུན་གྲུབ་ལ་ལྟོས་ནས་ཐོད་རྒལ་གྱི་དམ་ཚིག་ཏུ། སངས་རྒྱས་རང་ཆས་སུ་གནས་པས་རྐྱེན་སྣང་དང་བྱུང་ཚོར་གྱི་རྣམ་རྟོག་སྣང་རིག་ཅི་ཤར་གྱི་ངོ་བོ་གཉིས་སུ་མ་ཡིན་པར་རང་གྲོལ་གཏད་མེད་དུ་ཤེས་པས་གཅིག་པུ། དེ་དག་ཀྱང་ངོ་བོ་དང་རང་བཞིན་གྱི་འཛིན་སྟངས་གཉིས་མེད་ཡེ་ཤེས་ཀྱི་རོལ་བ་སྤང་བླང་དགག་བསྒྲུབ་ལས་འདས་པར་ཡེ་ནས་བྱང་ཆུབ་པས་མེད་པ་སྟེ། ཡེ་བཞག་ཆོས་ཉིད་ཀྱི་ངོ་བོ་སངས་རྒྱས་ནས་འཁོར་འདས་རིས་མེད་དུ་སངས་པའི་བར་དུ་བསླབ་པར་བྱ་བ་སྟེ། ཕྱི་མ་བླ་ན་མེད་པའི་དམ་ཚིག་ནི་བསླབ་བྱ་མཐར་ཐུག་ནས་ལྟ་བ་འཁོར་འདས་ལྷུན་རྫོགས་ཆེན་པོར་གནས་པ་ལ་དམ་ཚིག་བསྲུང་ཉམས་ལས་འདས་པའི་ཐ་སྙད་བརྡར་བརྟགས་ལ་དམ་ཚིག་གི་མིང་དུ་བརྗོད་པ་དཔེར་ན་བསླབ་བྱ་མཐར་ཐུག་ནས་ཀྱང་ཇི་བཞིན་པའི་འབྲས་བུ་ལ་མི་སློབ་པའི་ལམ་དུ་བཞག་པ་ལྟ་བུ་སྟེ། ཚུལ་དེའི་རིགས་པས་དམ་ཚིག་དེའི་ཡིན་ལུགས་ཤེས་པ་ཙམ་གྱིས་བསྲུང་མཚམས་ལས་འདས་པའི་སར་ཕྱིན་པ་མ་ཡིན་པས་དེ་ལྟ་བུའི་ཡིན་ཚུལ་ཇི་བཞིན་པ་མངོན་དུ་མ་གྱུར་བར་རྩ་བ་དང་། ཡན་ལག་གི་དམ་ཚིག་ཐམས་ཅད་སྐུ་གསུང་ཐུགས་སུ་བསྡུས་ནས་ལམ་སོ་སོར་ཇི་སྐད་བསྟན་པ་བཞིན་བསྲུང་དགོས་ལ། མ་བསྲུངས་ན་མནར་མེད་པའི་དམྱལ་བ་ལ་སོགས་པར་ལྟུང་བའི་ཕྱིར་ཏེ་རང་ཤར་ལས། ཉམས་ན་གཉིས་ཀ་འཚིག་པར་འགྱུར། །སྐུ་ཡི་དམ་ཚིག་ཉམས་གྱུར་ན། །རྡོ་རྗེ་དམྱལ་བ་


JL02_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་འཚེད། །འོ་དོད་འབོད་པའི་གནས་སུ་སྐྱེ། །དཔོན་གྱིས་ཉམས་ན་སྦྱང་ཐབས་མེད། །གཉིས་ཀ་ངུ་འབོད་ཆེན་པོར་སྐྱེ། །སློབ་མས་ཉམས་ན་སྦྱང་ཐབས་ཡོད། །གསུང་གི་དམ་ཚིག་ཉམས་གྱུར་ན། །སྣང་བ་འགགས་པར་འགྱུར་བ་དང་། །མུན་རྡུལ་ཆེན་པོའི་གནས་སུ་སྐྱེ། །དེ་ནས་ཐོན་པར་གྱུར་ནས་ཀྱང་། །ལྐུགས་པ་དག་ཏུ་སྐྱེ་བར་འགྱུར། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །ཡིད་འཁྲུག་ཆེན་པོའི་གནས་སུ་སྐྱེ། །རྟག་ཏུ་རྩོད་པ་རྒྱུན་མི་འཆད། །འཐབ་དང་སྡུག་བསྔལ་ཆེན་པོ་དང་། །ཡང་ན་དྲན་པ་མེད་པར་འགྱུར། །ཡང་ན་དྲན་པ་རེངས་པར་འགྱུར། །སྨྱོ་འབོག་ནད་ཀྱིས་ཐེབས་པར་འགྱུར། །ཐ་མ་ངུ་འབོད་གནས་སུ་སྐྱེ། །ཞེས་སོ། །ལེགས་པར་བསྲུངས་ན་ཕན་ཡོན་དཔག་ཏུ་མེད་དེ་གསང་སྙིང་ལས། རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་འཇུག། འཇིག་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་སོ། །དེའི་ཕྱིར་རྡོ་རྗེའི་ཐེག་པའི་ལམ་ནི་ཁེ་ཉེན་ཤིན་ཏུ་ཆེ་སྟེ་གདོད་མའི་མགོན་པོས། ང་ཡི་ཆོས་ལ་སྤྱོད་པ་རྣམས། །ཚུལ་བཞིན་ཉམས་བླངས་སངས་རྒྱས་ཐོབ། །ཚུལ་མིན་སྤྱད་ན་དམྱལ་བར་སྐྱེ། །སེམས་ཅན་ཕལ་བར་སྐྱེ་མི་སྲིད། །དེ་ཕྱིར་ཁེ་ཉེན་ཤིན་ཏུ་ཆེ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་གྲོལ་བྱེད་ཀྱི་ལམ་ལ་འཇུག་པའི་རྣམ་པར་གཞག་པ་ནི། དེ་ཡང་ཐུན་མོང་གི་ལམ་ཐམས་ཅད་དུ་བསྐྱེད་རྫོགས་སྒོམ་པར་གསུངས་པ་མཐའ་དག་ཡིད་དཔྱོད་ཀྱི་རང་བཞིན་ལས་མི་འདའ་བའི་ཕྱིར་སྐབས་འདིར་དོར་བར་བྱ་སྟེ། རང་ཤར་ལས། མཚན་མ་ཚིག་གི་རྣལ་འབྱོར་ནི། །ཚིག་ལ་ཞེན་ཅིང་ཚིག་ལ་སྤྱོད། །མི་ཤེས་ཚིག་ལ་ལྟོས་བྱུང་ན། །དེ་ཉིད་གྲོལ་བར་ངས་མ་བཤད། །རྟགས་པ་ལྟོས་པའི་རྣལ་འབྱོར་ནི། །རང་ཉིད་རྟགས་ལ་ལྟོས་གྱུར་ནས། །སྤྱོད་པས་གཞན་ལ་བརྔན་སེམས་བྱེད། །རང་གི་


JL02_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ཉིད་ཀྱིས་བཅིངས། །དེ་ཡང་གྲོལ་བར་ངས་མ་བཤད། །རྗེས་སུ་འཇིག་པའི་རྣལ་འབྱོར་ནི། །གང་དག་མོས་པའི་ས་ལ་གནས། །མོས་པའི་སྤྱོད་པ་བྱེད་པ་སྟེ། །དང་པོའི་ས་ལ་རེ་བས་འཇིག། དེ་ཉིད་གྲོལ་བར་ངས་མ་བཤད། །ངང་ཉིད་ངེས་པའི་རྣལ་འབྱོར་ནི། །རྣམ་པར་མི་རྟོག་ཚིག་ཚུགས་སྒོམ། །མི་རྟོག་པ་ཡི་དང་ཉིད་ཅན། །དེ་ཡང་གྲོལ་བར་ངས་མ་བཤད། །སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །འཇུག་པ་ལས་ཀྱི་རྣལ་འབྱོར་ནི། །དོན་ཉིད་བྱ་བར་འགྲུབ་བར་འདོད། །བྱ་བ་ཆེན་པོས་བཅིངས་པ་རྣམས། །དང་པོ་སེམས་བསྐྱེད་བྱ་བ་བྱེད། །དེ་ནས་བཟུང་ནས་བྱ་བ་རྣམས། །ཐམས་ཅད་བྱེད་ཅིང་བསྒྲུབ་པའོ། །དེ་ཡང་གྲོལ་བར་ངས་མ་བཤད། །བྱ་བ་རྒྱུ་ཡི་རྣལ་འབྱོར་ནི། །རྒྱུ་ཉིད་ལམ་དུ་སློང་བ་སྟེ། །རྒྱུ་ལ་རེ་ཞིང་རྒྱུ་ལ་ལྟོས། །རྒྱུ་ཉིད་མངོན་པར་སྟོན་པ་སྟེ། །དེ་ཡང་གྲོལ་བར་ངས་མ་བཤད། །བྱེད་པ་རྐྱེན་གྱི་རྣལ་འབྱོར་ནི། །སྤྱོད་པས་ཡང་དག་གདོན་འཚོལ་བ། །རིགས་མི་མཐུན་པའི་ཕྱོགས་འཛིན་པ། །དེ་ཡང་གྲོལ་བར་ངས་མ་བཤད། །མཐར་ཕྱིན་འབྲས་བུའི་རྣལ་འབྱོར་ནི། །རྟོགས་པ་ལམ་དུ་འཁྱེར་བ་སྟེ། །ས་དང་ལམ་ལ་མི་གནས་པར། །རང་གི་དེ་ཉིད་མཐོང་ནས་ནི། །ཡང་དག་གྲོལ་བ་ཆེན་པོར་འདོད། །ཡང་དག་གདོན་གྱི་རྣལ་འབྱོར་ནི། །རང་གི་རྟོགས་པ་རྙེད་ནས་ཀྱང་། །བར་དོའི་སྣང་བ་དག་པ་ལ། །རང་གི་ཡང་དག་ཉིད་མཐོང་ན། །དེ་ནས་མཐར་ཕྱིན་གྲོལ་བར་འདོད། །མཐར་ཕྱིན་གྲོལ་བའི་རྣལ་འབྱོར་ནི། །ངེས་པ་རྙེད་པའི་ས་ཉིད་ལ། །རང་གི་དེ་ཉིད་རྙེད་མཐོང་ནས། །ཡང་དག་ས་ལ་འདབ་པར་འདོད། །བྱས་པ་རྫོགས་པའི་རྣལ་འབྱོར་ནི། །ཀ་དག་སངས་རྒྱས་ཆེན་པོ་ཡིན། །དེ་ལས་གཤེགས་སུ་མེད་པར་གསུངས། །རྣལ་འབྱོར་ཆེན་པོ་དེ་བཞིན་ལས། །ས་ལ་སྤྱད་དུ་མེད་པར་གསུངས། །ལམ་ལ་བགྲོད་དུ་མེདཔར་གསུངས། །ཞེས་སྔ


JL02_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྒྱད་ཀྱིས་བྱ་རྩོལ་དང་བཅས་པས་མི་གྲོལ་ལ། ཕྱི་མ་བཞིས་ལམ་ལ་འབད་རྩོལ་གྱི་སྤྲོས་པ་དོར་ནས་ཡེ་བཞག་རང་གྲོལ་གྱི་རྣལ་འབྱོར་ཆེན་པོར་གྲོལ་བར་འདོད་པའི་ཕྱིར་རོ། །ཁ་ཅིག་ཁམས་ཀྱི་དྲི་མ་བླང་དོར་གྱིས་སྦྱང་དུ་མེད་ན་དེ་ལྟའི་ལམ་གྱིས་ཅིས་གྲོལ་ཞེ་ན། རིག་པའི་གཤིས་ལུགས་གདོད་ནས་བླང་དོར་དང་བྲལ་ཞིང་ཡེ་གྲོལ་ལམ། ཅེར་གྲོལ། རང་གྲོལ། གཞག་གྲོལ། ཡོངས་གྲོལ་གྱི་ཆོས་ཉིད་ལས་མི་འདའ་བའི་ཕྱིར་ན། དེ་གློ་བུར་གྱི་དྲི་མས་སྤགས་པ་བླ་མའི་མན་ངག་གིས་བསལ་ཤིང་ཆོས་ཉིད་ཇི་བཞིན་པར་ངོ་སྤྲད་པ་ཙམ་ནས་གོམས་སུ་འཇུག་པ་ཙམ་ལས་གཞན་བཅོས་ལྷད་ཀྱིས་མི་གྲོལ་བའི་ཁར་ནོར་འཁྲུལ་གོལ་ཤོར་ལས་མ་འདས་པའི་ཕྱིར་ཏེ། དཔེར་ན་རྟ་བབས་ནས་བོང་བུ་ལ་ཞོན་པ་བཞིན་ནོ། །བློ་ཆུང་བ་གང་ཞིག་གསང་བ་བླ་ན་མེད་པའི་ཤེག་པར་འདིའི་དགོངས་པ་ལ་སྐྲག་པར་གྱུར་ན་གྲུབ་པའི་དབང་ཕྱུག་ཆེན་པོ་སར་ཧ་བས་ཀྱང་། རྩ་ཆོད་པའི་སེམས་ཉིད་ནམ་མཁའ་འདྲ། །བསྒོམ་དུ་མེད་པས་ཡིད་ལ་མི་བྱ་སྟེ། ཐ་མལ་ཤེས་པ་རང་ལུགས་གཉུག་མ་ལ། །བཅོས་མའི་དམིགས་པ་དག་གིས་མི་བསླད་དེ། རང་བཞིན་དག་པའི་སེམས་ལ་བཅོས་མི་དགོས། །མ་བཟུང་མ་བཏང་རང་གཉིད་དུ་ཞོག། གལ་ཏེ་མ་རྟོགས་བློ་ལ་བསྒོམ་རྒྱུ་མེད། །རྟོགས་པ་ཅན་ལ་བསྒོམ་བྱ་སྒོམ་བྱེད་མེད། །ཇི་ལྟར་ནམ་མཁས་ནམ་མཁའ་དམིགས་སུ་མེད། །དེ་ལྟར་སྟོང་པས་སྟོང་པ་བསྒོམ་དུ་མེད། །གཉིས་མེད་ཤེས་པ་ཆུ་དང་འོ་མ་དང་། །སྣ་ཚོགས་རོ་གཅིག་བདེ་ཆེན་རྒྱུན་ཆད་མེད། །ཅེས་རིག་པ་གདོད་ནས་སྤྲོས་པ་དང་བྲལ་བར་བསྟན་ཅིང་། དེ་ལ་བསྐྱེད་རྫོགས་བཟླས་སྒོམ་ལ་སོགས་པའི་དམིགས་པས་བཟོ་འཆོས་པ་ཡིད་དཔྱོད་ལས་མི་འདའ་ཞིང་ནོངས་པར་འགྱུར་བ་ནི་དེ་ཉིད་ཀྱིས། ཁ་ཅིག་དབང་བསྐུར་བ་ཡིས་ཡོངས་སུ་གདུངས་པར་བྱེད། ཁ་ཅིག་ཧཱུཾ་ཕཊ་ཟེར་ཞིང་ཕྲེང་བ་ཡོངས་སུ་བགྲངས། །ཁ་ཅིག་གཤང་གཅི་ཁྲག་དང་ཁུ་བ་ཤ་རྣམས་ཟ། །ཁ་ཅིག


JL02_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་དང་རླུང་གི་རྣལ་འབྱོར་སྒོམ་སྟེ་འཁྲུལ། །ཞེས་སོ། །དེའི་ཕྱིར་ཀ་དག་བསམ་ངོ་དང་བྲལ་ཞིང་བློས་བྱས་ཡིད་བྱེད་ལས་འདས་པའི་ཆོས་ཉིད་རྒྱུན་ཆད་མེད་པ་གཞིར་བཞག་ནས། ཐུན་མོང་མ་ཡིན་པའི་ལམ་འདིའི་ཁྱད་ཆོས་གནས་ལུགས་དེ་ཉིད་ཡིད་དཔྱོད་དུ་མི་གོལ་བ་མངོན་སུམ་འོད་གསལ་གྱི་ཡེ་ཤེས་ལ་ལྟ་བར་བྱེད་པའོ། །དེའང་ལམ་དུ་སྒོ་གསུམ་གྱི་དྲི་མ་དང་རྡོས་བཅས་ཀྱི་ཕུང་པོ་དང་། འགྱུ་བའི་རྟོགས་པ་དང་། རགས་པའི་རླུང་སེམས་རྣམ་དག་དགོས་པས་སྣང་བ་བཞིའི་རིམ་པ་བསྟན་ཅིང་། དེ་དག་རང་དག་ལ་སོང་དུས་འོག་མའི་ས་ལམ་ཞར་ལ་རྫོགས་པའི་རྟགས་ཤར་ཏེ། གོང་མ་རྫོགས་པས་འོག་མ་ཞར་གྱུར་དུ་རྫོགས་པ་ལ་དགོངས་ནས་རྫོགས་པ་ཆེན་པོ་ས་གཅིག་པ་ལ་སྦྱང་བགྲོད་མི་དགོས་པ་ཡིན་ནོ། །ས་གཅིག་ནི་རིག་པ་ལྷུན་གྱིས་གྲུབ་པའི་ས་སྟེ་ཀུན་བྱེད་ལས། མ་བསྒྱུར་མ་སྦྱངས་རིག་པ་ལྷུན་རྫོགས་ས། །ཞེས་པ་བཞིན་ནོ། །དེའང་གང་ཟག་གཅིག་གི་ལམ་གྱི་འཇུག་པ་ལ་མཚོན་ན་དབང་རྣམས་རྫོགས་པའི་རྗེས་ཐོག་ཏུ། ཐུན་མོང་གི་སྔོན་འགྲོས་ཐེག་པ་འོག་མའི་ལམ་ལ་ཡིད་ཆེས་པར་བྱས་ཤིང་གོང་དུ་འཇུག་པའི་རྐང་སྟེགས་སུ་གྱུར་བ་ལས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣལ་དབབ་དང་བཅས་པ་རྫོགས་ནས་དངོས་གཞི་སེམས་དང་མ་འདྲེས་པའི་རིག་པ་དྲི་མེད་ཅེར་ཡན་ཆེན་པོར་ངོ་སྤྲོད་པ་ཡིན་ནོ། །དེ་ལ་སེམས་དང་རིག་པའི་ཁྱད་པར་ནི། རང་ཤར་ལས། སེམས་དང་རིག་པའི་དཔེ་ནི་ཆུ་དང་ལྦུ་བའི་ཚུལ། ཞེས་པ་རིག་པ་ཆུ་དངས་པ་ལྟ་བུ་སྙིང་གི་དབུས་སུ་གནས་པ་ལ་དེའི་རྩ་ལ་གདངས་སེམས་ཀྱི་མཚན་ཉིད་ཆུའི་ལྦུ་བ་ལྟ་བུ་དེ་རྩ་སྦུབས་སུ་སོང་བ་རླུང་གི་བྱེད་པས་བསྐྱེད་དེ་སྣ་ཚོགས་སུ་འཆར་བའི་ཕྱིར་རོ། །འོ་ན་ཆུ་དང་ཆུ་བུར་གཉིས་རྫས་འགལ་བ་མ་ཡིན་པས་དབྱེ་ཡང་མི་ཕྱེད་པའི་རང་བཞིན་ཅན་ནོ། ཞེ་ན་མ་ཡིན་ཏེ། སེམས་ནི་རིག་བ་ཡོད་མེད་ཀྱི་རྗེས་སུ་བྱེད་ལ། རིག་པ་ནི་སེམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད


JL02_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་སེམས་ལ་རིག་པས་ཕར་ཁྱབ་ཀྱང་། རིག་པ་ལ་སེམས་ཀྱིས་ཚུར་མ་ཁྱབ་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཀྱི་དབང་དུ་རིག་པ་མ་གྱུར་ན། རིག་པའི་དབང་དུ་སེམས་གྱུར་བ་ཡིན་ཏེ། དཔེར་ན་ཆུ་མིག་ཡོན་དབའ་རླབས་འབྱུང་མི་སྲིད་པ་བཞིན། རིག་པ་མིག་ཡོ་ན་སེམས་རྟོག་གཡོ་མི་སྲིད་པའི་ཕྱིར་རོ། །གནད་འདི་མ་གོ་བར་སེམས་ལ་སངས་རྒྱས་འདོད་པའི་རྫོགས་ཆེན་པ་རྣམས་ཤིན་ཏུའང་རྨོངས་པ་སྟེ། དེས་དོན་བསྡུས་པའི་རྒྱུད་ལས། ངེས་དོན་མ་མཐོང་གླེན་པ་ཀུན། །སེམས་ལས་མ་གཏོགས་ཆོས་མེད་ཟེར། །དེ་ཕྱིར་རྨོངས་པ་བློ་རེ་ནོར། །གླེན་སྒོམ་མུན་པ་སྒོམ་པས་ཕུང་། །གང་དྲན་སེམས་ཀྱི་ཆོས་འདི་ལོབ། །ཅེས་སོ། །མ་རིག་རྨོངས་པའི་གང་ཟག་ཀུན། །ཆོས་སྐུ་རང་ཡང་སེམས་ཡིན་ཟེར། །དེ་ཕྱིར་ཚིག་ལས་དོན་མ་གོ། མིང་ལས་ངེས་དོན་ཤེས་པ་དཀོན། །དེ་ཕྱིར་སེམས་ཀྱི་བྱང་མི་ཆུབ། །སེམས་ལས་སངས་རྒྱས་འདོད་པ་ནི། །མོ་གཤམ་བུ་དང་གཉེན་བྱེད་འདྲ། །ཞེས་སོ། །དེའི་ཕྱིར་ཁམས་གསུམ་པའི་སེམས་དང་སེམས་བྱུང་ལྔ་བཅུ་རྩ་གཅིག་པོ་ཐམས་ཅད་སྒོ་བཏགས་ཁོ་ན་ཡིན་ཏེ་བདེན་གཉིས་ལས་ཀྱང་། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་སོ། །དེའི་ཕྱིར་མ་རིག་པ་སེམས་དང་། རིག་པ་ཡེ་ཤེས་ཀྱི་མཚན་ནོར་ན་མྱ་ངན་ལས་འདས་པའི་གོ་འཕང་ལ་ཐག་རིང་བ་ཉིད་དེ། དབུ་མ་ལ་སོགས་ཏེ་སེམས་ལམ་དུ་བྱས་ནས་སངས་རྒྱས་འདོད་པའི་གཞུང་ཆེན་པོ་རྣམས་སུ་འང་། རང་སྟོང་གཞན་སྟོང་གི་མཚན་ཉིད་ལ། ཕྱི་སྟོང་པ་དང་། ནང་སྟོང་པ་དང་། མི་ཟེར་བར་ཕྱི་སྟོང་པ་ཉིད་དང་། ནང་སྟོང་པ་ཉིད་དང་ཞེས་ཉིད་ཡོད་མེད་ཀྱིས་ཁྱད་བཞག་པ་བཞིན་དུ། སེམས་དང་སེམས་ཉིད་གཉིས་སུ་ཕྱེ་ནས་སེམས་ཚོགས་བརྒྱད་དམ། བདུན་ནམ། དྲུག་གི་རང་བཞིན་སྤང་བྱར་བསྡུས་ནས། སེམས་ཉིད་རང་བཞིན་གྱི་རྣམ་པར་དག་པ་བླང་


JL02_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བྱར་རྟོགས་ནས་ལམ་སྒོམ་པའི་ཕྱིར་རོ། །འོ་ན་འདི་གཉིས་མཚུངས་སམ་ཞེ་ན། ཁྱད་པར་ཆེ་སྟེ་ཀློང་དྲུག་པ་ལས། ཀྱེ་སེམས་དཔའ་ཆེན་པོ། རིག་པ་དང་རིག་པ་ལས་བྱུང་བའི་སེམས་ཉིད་ནི་དྲི་མ་དང་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པ་སྟེ། མདོར་ན་མྱ་ངན་ལས་འདས་པའི་རྒྱུ་དང་འབྲས་བུ་ཐམས་ཅད་དང་། རིག་པ་རང་མཐོང་བའི་སྐྱེས་བུ་རྣམས་ཀྱིས་སྤྱོད་ཡུལ་ལོ། །རང་གི་མཚན་ཉིད་འཛིན་པའི་སེམས་ནི་འདི་ལྟར་བཏགས་པར་སྣང་བ་ཐམས་ཅད་དང་། །ཡོད་པར་སྣང་བ་དང་། མེད་པར་སྣང་བ་ཐམས་ཅད་དང་། སྣང་བ་དང་། གྲགས་པ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པར་སྣང་བ་ཐམས་ཅད་དང་། འཛིན་པ་དང་རྟོག་པ་དང་། ཉོན་མོངས་པ་རྣམས་ཏེ་བསམ་པའི་ཡུལ་དུ་སྣང་བ་ཐམས་ཅད་ཡིན་ནོ། །མདོར་ན་འཁོར་བའི་ཆོས་ཐམས་ཅད་རང་གི་མཚན་ཉིད་འཛིན་པ་བའི་སེམས་ཏེ། འགྲོ་བ་རིགས་དྲུག་གི་རང་ཀ་མའི་སྣང་བ་ཐམས་ཅད་དོ། །ཞེས་གསུངས་པས་སེམས་སྤང་བྱའི་རང་བཞིན་ཙམ་དུ་མཚུངས་ནའང་། རིག་པ་དང་རིག་པ་ལས་བྱུང་བའི་སེམས་ཉིད་དང་། རང་གི་མཚན་ཉིད་འཛིན་པའི་སེམས་ལ་ཆོས་ཉིད་ཐ་དད་དུ་སྣང་བའི་སྒོ་ནས་ཁྱད་པར་ཡོད་ཅིང་། བྱེ་བྲག་ཏུ་འདིར་སེམས་མ་འདྲེས་ལ་རིག་པ་མངོན་སུམ་གྱི་གནད་ཀྱིས་ཆོས་འཕགས་པ་ཡིན་ནོ། །དེ་ལྟར་ངོ་སྤྲོད་པའི་རྗེས་ཐོག་ཏུ་མངོན་སུམ་འོད་གསལ་གྱི་ལམ་བསྟན་ཅིང་ཉམས་སུ་ལེན་ཚུལ་གྱི་ལེ་ལག་དང་བཅས་པ་རྫོགས་པར་བཤད་ནས། སྐལ་ལྡན་དེ་དག་ཀྱང་དུར་ཁྲོད་དང་མཚོ་གླིང་། ལུང་སྟོངས་ལ་སོགས་པའི་གནས་རབ་ཏུ་དབེན་པར་མན་ངག་སྙིང་ཐིག་གི་དོན་ལ་དཔྱད་པ་ལས། སྣང་བ་བཞི་རིམ་གྱིས་ཤར་བའམ། ཅིག་ཅར་དུ་རྫོགས་པའང་སྲིད་མཐའ་ཙམ་དུ་བཤད་ཀྱི། སྔ་མ་ལྟར་ལས་རབ་ལོ་གསུམ། འབྲིང་ལྔ། ཐ་མ་བདུན་ན་རྡོས་བཅས་སུ་སྣང་བ་འོད་གསལ་དུ་བྲལ་ནས་རང་སྣང་དོན་གྱི་འོག་མིན་དུ་འཚང་རྒྱ་བ་སྟེ།


JL02_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་འདི་ཕལ་གྱིས་ངོས་ཟིན་པ་མེད་པས་གྲུབ་མཐའ་རིན་པོ་ཆེར། དེའང་ཁམས་གསུམ་ལས་འདས་པའི། གནས་སྟུག་པོ་བཀོད་པ་ནས་སངས་རྒྱས་སོ། །དེ་ཕྱགས་གང་ན་ཡོད་ཅེ་ན། རྨི་ལམ་ཉིད་གང་དུ་སོང་བདེར་འོང་གི་འདི་ཁོ་ནར་ཡོད་དོ་ཞེས་མ་འཆད་པ་ལྟར། གང་དུ་སྒྲིབ་པ་མཐའ་དག་དང་བྲལ་ནས་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་འདྲེས་པ་དེ་ན་ཡོད་དེ། ཞེས་གསུངས་ལ་དེའང་ཆོས་ཉིད་ནང་གསལ་གཞོན་ནུ་བུམ་པའི་སྐུ་པ་སྐུ་དང་ཞིང་ཁམས་ཀྱིས་རིས་སུ་ཆད་པ་མེད་ལ། ཆོས་ཅན་ཕྱིར་གསལ་ལྷུན་གྲུབ་ཐུགས་རྗེའི་སྣང་ཆ་ལ་དེ་སྐད་ཅེས་བཏགས་པའང་ཤེས་པར་བྱ་སྟེ། རྒྱུད་ལས། ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་། །མཚན་དང་དཔེ་བྱད་ལྡན་པར་ཡོད། །སྟོན་པ་འོད་ནི་འགྱུར་བ་ནི། །སྟོང་གསལ་འོད་ཀྱི་ཕུང་པོར་བཞུགས། །ཐུགས་ཀྱི་མཁྱེན་པ་མ་འགགས་གསལ། །ཞེས་སོ། །དེའང་སྐབས་འདིར་མངོན་སུམ་འོད་གསལ་ལ་བལྟ་བའི་རིག་པ་སྐད་ཅིག་མ་དེ་ཉིད་ལ་འཁོར་བའི་སེམས་གསུམ་ཀུན་གཞིའི་ལྡོག་ཚུལ། ཡེ་ཤེས་ཀྱི་ངོ་བོ་དགོངས་པའི་ཚང་ཚུལ། འོག་མའི་སྙིང་པོ་གོང་མར་འདུས་ཚུལ་དང་གསུམ་དུ་བརྩི་བ་ནི་ཀུན་མཁྱེན་ཆེན་པོའི་བཞེད་པ་སྟེ། དང་པོ་ལ་ཐེག་པ་སྤྱི་དང་མདོ་མཐུན་པར་རང་སྡེའི་རྒྱུད་ཀྱི་ལུང་གིས་རྒྱབ་སྐྱོར་ནས་བཤད་པ་དང་། སྒྲུབ་རྒྱུད་ཀྱི་དཔེས་བརྡ་ཚིག་ལྟར་བཤད་པའོ། །སྔ་མ་ནི། དཀོན་མཆོག་བརྩེགས་པ་ལས། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནད་ཀྱང་མི་འདོར་ལ། འདི་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཞེས་གསུངས་པ་ལྟར། འཇིག་རྟེན་ལས་འདས་པ་ཡང་དག་པའི་ཏིང་ངེ་འཛིན་གྱི་ལམ་སྣ་ངེས་གཅིག་ལ་ཁམས་གསུམ་པའི་དང་སེམས་བྱུང་ཀུན་གཞིའི་བ་ཆགས་དང་བཅས་ལྡོག་ཚུལ་ནི། རྟེན་ཀུན་གཞིའི་རྣམ་པར་ཤེས་པའི་སེམས་དང་།


JL02_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཡིད་ཡིད་ཤེས་དང་། སྒོ་ལྔའི་རྣམ་ཤེས་རྣམས་མེད་པའི་ཏིང་ངེ་འཛིན་ལ་མངོན་སུམ་དུ་ལྟ་བས། ནང་ཀུན་རྟོག་འཕྲོར་དུ་དག་སྟེ་འདོད་པའི་སེམས་ལོག །གཞན་ལྟར་གསལ་བའི་ངང་ལ་གསལ་བ་འཇོག་པའི་དེར་འཛིན་གྱི་གཉེན་པོ་མེད་པས་གཟུགས་ཀྱི་སེམས་ལོག །དྲན་བསམ་རྩེ་གཅིག་ལ་གནས་པའི་རྟོག་མེད་ལ་ཆོས་ཉིད་ངང་དུ་ཞན་པའི་བློ་མེད་པས་གཟུགས་མེད་ཀྱི་སེམས་ལོག་པས་ཁམས་གསུམ་པའི་སེམས་ཉེ་བར་ཞི་བའོ། །དེའང་ཀུན་གཞི་རྟོག་མེད་གསལ་དངས་མ་བྱེད་པའི་ལུང་མ་བསྟན་མིན་ལ། འདིར་གསལ་དངས་བྱེད་ཅིང་རིག་པའི་ཕྱིར་ཀུན་གཞི་ལོག། ཀུན་གཞི་རྣམ་ཤེས་གསལ་བ་ཙམ་རིས་སུ་མ་ཆད་པར་གནས་པའི་ཆ་དེ་རང་རིག་པའི་ངོ་བོར་མ་ཤེས་པ་ལས། འདིར་རང་བྱུང་གི་ཡེ་ཤེས་སུ་མ་ཆོད་པས་དངས་གསལ་སྤྲོས་པ་དང་བྲལ་བས་ལོག། སྒོ་ལྔའི་རྣམ་ཤེས་ཡུལ་གྱི་རྗེས་སུ་འབྲང་བ་ལས། འདིར་འོད་གསལ་གྱི་སྣང་བས་ཡུལ་ལ་ཐ་མལ་དུ་འཛིན་པའི་གཟུགས་འཛིན་མིག་གི་རྣམ་ཤེས་ལོག། དེ་བཞིན་དུ་སྒྲ་ལ་སོགས་པ་གཞན་ལ་བརྟེན་ནས་དུག་ལྔར་ཤར་ཞིང་རྗེས་སུ་འཕྲོ་ནའང་མི་འཛིན་པའི་གནད་ཀྱིས་རྟོག་པ་དང་དཔྱོད་པ་ལ་སོགས་ཆགས་སྡང་གང་ཡང་མེད་པས་ལྡོག་ཚུལ་ནི། ཀུན་གསལ་ལས། རང་བྱུང་ཡེ་ཤེས་རང་ཡོད་ཀྱང་། །རྒྱལ་བུ་དམངས་སུ་ཁྱབ་པ་བཞིན། །རང་ངོ་རང་གིས་མ་ཤེས་པས། །གདམས་ངག་མེད་དེ་རྟོག་པ་ཤར། །ལྟ་བ་གདེང་དུ་མ་འགྱུར་བས། །དུག་ལྔ་ཡུལ་ལྔར་ཤར་བའི་ཚེ། །དེ་ལ་འཛིན་ཤེས་མ་བཞུགས་པས། །སྒོ་ལྔ་དག་ལ་བརྟེན་ནས་བྱུང་། །ཞེ་སྡང་གཟུང་ཡུལ་དགྲར་སྣང་ཚེ། །འཛིན་པ་ཡིད་ཀྱི་རྣམ་རྟོག་ནི། །མིག་གི་ཡུལ་དུ་གཟུགས་སྣང་དང་། །ཞེ་སྡང་སེམས་ནི་སྐྱེ་འགྱུར་ཏེ། །རྣ་བར་ཚིག་རྩུབ་བྱུང་བ་དང་། །ཡིད་འཛིན་ཞེ་སྡང་ལྷང་གས་སྐྱེ། །རང་སྣང་འཛིན་མེད་མེ་ལྡན་བདུན། །རང་དགར་བཟུང་ན་བདུད་ཀྱི་ལས། །ཁམས་གསུམ་འཁོར་བའི་གནས་སུ་འཁྱམས། །དེ་བཞིན་ཉོན་མོངས་གཞན་ལ་ཡང་། །གཟུང་འཛིན་ ། །། །། ། ། །། །། །། །། །། །། །། །། །། །། ། །། །། །། །། །། །། །། །། ། ། ། ། །


JL02_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི་ལོག་པར་སྦྱང་། །བདུད་ལས་བཟློག་ཅིང་ཉོན་མོངས་སྒྲོལ། །སྒྲ་ཉིད་ཡིན་པའི་རྩལ་སྣང་ལ། །རང་གི་ངོ་བོ་སྟོང་པ་ཡང་། །སྟོང་པ་འཛིན་པ་མ་གྲུབ་པས། །ཞེ་སྡང་འཛིན་པ་རང་སར་གྲོལ། །ཡུལ་ཉིད་ཚུལ་ལ་མངོན་ཤར་ན། །དེ་ལ་ཤེས་པ་ཕར་འཇུག་པས། །རང་སྣང་འཛིན་མེད་རང་སར་གྲོལ། །ཡུལ་སེམས་དུས་མཉམ་ཕྲད་གྱུར་ན། །རང་གསལ་ཡུལ་གསལ་འཛིན་མེད་གྲོལ། །ཆོས་སྐུ་རང་གསལ་ཆེན་པོ་ལ། །དུས་གསུམ་འཕོ་འགྱུར་མེད་པའོ། །ཞེས་སོ། །དེ་ལྟར་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཁམས་གསུམ་པའི་སེམས་ལས་རྣམ་པར་གྲོལ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཉིད་ལས་གཞན་མ་ཡིན་ཏེ་སྔ་མ་ལས། ཉམས་བླངས་གོམས་ན་རྟོགས་པ་ལ། །དུས་བཞིར་འགྱུར་བ་མེད་པ་ནི། །རང་རིག་ཆོས་སྐུ་རང་གསལ་ཏེ། །དཔེར་ན་ཉི་མའི་སྙིང་པོ་དེ། །གསལ་དང་མི་འབྲལ་འགྲོགས་ནས་ཡོད། །རིག་པ་ཆོས་སྐུ་དེ་ཡིན་པས། །དུས་བཞིར་འགྱུར་མེད་གདངས་ཀྱིས་བཟུང་། །ཞེས་སོ། །གསང་སྔགས་འོག་མ་རྣམས་སུ་རོ་རྐྱང་གི་རླུང་སེམས་དབུ་མར་ཚུད་ནས་རྩ་རླུང་ཐིག་ལེ་རོ་གཅིག་ཏུ་འདྲེས་པ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་བར་འདོད་ཅིང་། རོ་རྐྱང་གི་རྒྱུ་བ་དབུ་མར་ཞུགས་པས་རྩ་མདུད་རེ་གྲོལ་སྟོབས་ཀྱིས་ཡོན་ཏན་རེ་འཆར་བར་འདོད་པའང་། འགྲོ་དྲུག་གི་རྩ་འདབ་དང་སྲོག་པ་རྩ་ལ་སོགས་པར་རླུང་ཞུགས་པས། འཁྲུལ་སྣང་དུ་མ་འཆར་བ་ལ་སོགས་པའི་གེགས་མང་ཞིང་། རྩ་རླུང་གི་ཡོན་ཏན་ལ་བརྟེན་ནས་ནམ་མཁའ་ལ་འཕུར་བ་ལ་སོགས་ཏེ་ཐུན་མོང་གི་གྲུབ་རྟགས་ཐོན་པ་བྱུང་ཡང་ཀུན་གཞི་ཚོགས་བརྒྱད་ལས་ལྡོག་པའི་ཡེ་ཤེས་ཀྱི་དགོངས་པ་ཚད་དུ་མ་ཕྱིན་གྲངས་ཅན་པའི་གྲུབ་མཐའ་དང་ཁྱད་པར་མེད་པས་མཐར་ཐུག་གི་གྲོལ་བ་མི་འགྲུབ་པའི་ཕྱིར་རོ། །དེ་ལྟ་ནའང་དེང་སང་སོ་སོའི་སྐྱེ་བོ་རྣམས་ཀྱིས་གནད་འདི་མ་རྟོགས་པས་ཐུན་མོང་གི་གྲུབ་རྟགས་ཁོ་ན་ལ་ངོ་མཚར་དུ་འཛིན་ཏེ་ཤིན་


JL02_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཏུའང་ཉོན་མོངས་སོ། །བླ་ན་མེད་པའི་ལན་འདིར་རླུང་རྣམས་དང་འཇོག་པས་དབུ་མར་འཇུག་ཏུ་མེད་ལ། འབད་རྩོལ་གྱི་ཆོས་ཉིད་ལས་འདས་པའི་ཡེ་ཤེས་ཀྱི་རླུང་གིས་རྩ་འདབ་སོ་སོའི་རླུང་མཐའ་དག་ལ་དབང་བསྒྱུར་ཏེ་རང་དག་ལ་སོང་དུས། འོད་རྩའི་ཡེ་ཤེས་ཀྱི་རླུང་རང་ས་ན་རང་གསལ་བ་ལས་དག་པ་ཡེ་ཤེས་ཀྱི་སྣང་བ་སྐུ་འོད་ཞིང་ཁམས་ལ་སོགས་པ་འཆར་ཞིང་འཁྲུལ་སྣང་འཆར་བའི་ཡུལ་མེད་དོ། །ཁྱད་པར་དབུ་མའི་འོད་རྩ་འཕེལ་བས་རྩ་མདུད་ཐམས་ཅད་རིམ་གྱིས་འོད་དུ་སོང་བ་ལས་སའི་ཡོན་ཏན་རྣམས་རང་སྨད་དུ་འཆར་ཞིང་གྲོལ་བ་ཞེས་འདོད་དོ། །རྩ་མདུད་དང་པོ་གཉིས་འོད་དུ་གྲོལ་བ་ལས། ཕྱིར་སྣང་འོད་ཀྱི་ནང་དུ་སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་ཕྲག་བཅུ་གཉིས་འཆར་བ་དང་། །དེ་དག་ཏུ་འོད་ཟེར་འགྱེད་པ་དང་། རང་སྣང་དུ་འདུས་པས་བགྲོད་པ་དང་། ལུས་མགུལ་ན་མགུལ་བས་ཞིང་ཁམས་བརྒྱ་གཡོ་བ་དང་། གསལ་བ་དང་། ནང་དུ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ཅིང་ལྡང་བ་ལ་སོགས་པར་འབྱུང་བས་ན་ཐེག་པ་འོག་མ་མཐའ་དག་གིས་ལས་ཆེས་ཁྱད་པར་དུ་འཕགས་པའོ། །གཉིས་པ་ནི། བླ་ན་མེད་པའི་ཐེག་པ་འདི་ལ་གྲགས་པ་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་དཀའ་བ། ལུས་ཀྱང་བསྒྱུར་བ་དང་བསླད་དུ་མེད་པས་བྱིན་རླབས་ཀྱི་ཚན་ཁ་མཆོག་ཏུ་ཆེ་ཞིང་། རྟོགས་ན་དོན་རླབས་པོ་ཆེ་དང་ལྡན་པའི་གསང་བ་ཆེན་པོ་བརྡའི་སྒོ་ནས་སྒྲུང་རྒྱུད་ཀྱིས་མཚོན་པར་བཤད་པ་ནི། རང་ཤར་ལས། སྔོན་ཡུལ་རིན་པོ་ཆེ་སྤུངས་པ་ཞེས་བྱ་བ་ལ། །རྒན་མོ་ཞིག་ལ་ནོར་བུ་རིན་པོ་ཆེ་ཞིག་ཡོད་པས། རྐུན་མོ་མི་ལྔས་ཁྱེར་ནས་རྒན་མོ་སྡུག་བསྔལ་གྱིས་ཟིན་ཟེར་བ་དེ་ཡ་ཆ། དེ་ནས་རྐུན་མོ་རྗེས་བཅད་པས། །ཡུལ་ཚེར་མ་ཅན་དུ་སོང་ནས། རྐུན་མོ་མི་ལྔས་བརྐུས་པས་རྒན་མོ་བརྒྱལ་ཟེར་བ་དེ་ཡ་ཆ། དེ་ནས་རྐུན་མོས་ཡུལ་ཚེར་མ་ཅན་ནས་རྗེས་ཆོད་པས། རྒན་མོ་བརྒྱལ་སངས་ཟེར་བ་དེ་ཡ་ཆ། དེ་ནས་རྒན་མོ་དེའི་བུ་ལྷ་དཀར་པོ་ཞེས་བྱ་བ་དེས་འདི་སྐད་ཅེས་ཟེར་ཏོ། །ངའི་ནོར་བུ་མ་


JL02_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བརླག་གམ་བྱས་པས། མི་ལྔ་པོ་ན་རེ། ནོར་བུ་མ་བརླག་གིས་ཁྱོད་རང་གི་རྒན་མོ་སོད་ཅིག། མ་རྒན་མོ་མ་གསད་ན་ནོར་བུ་མི་སྟེར་རོ་བྱས་པས། ཁོས་ཁོ་རང་གི་མ་བསད་ནས་ཤ་ཟོས། ཁྲག་འཐུངས། རུས་པ་མུར། དངོས་པོ་མེད་པར་བྱས་པས། ནོར་བུ་རྐུན་མོས་བྱིན་ཟེར་བ་དེ་ཡ་ཆ། ཞེས་པའི་བརྡ་དོན་ནི། ཡུལ་རིན་པོ་ཆེ་སྤུངས་པ་ཙིཏྟའོ། །རྒན་མོ་མ་རིག་པ། །ནོར་བུ་རིག་པ། །ཀུན་མོ་ལྔ་དུག་ལྔ། མྱ་ངན་གྱིས་ཟིན་པ་རིག་པ་ཆགས་སྡང་གི་དབང་དུ་སོང་བསམ་པ་སྡུག་རང་ལ་མྱོང་བ། རྗེས་བཅད་པས་ཡུལ་ཚེར་མ་ཅན་ནས་རྩད་ཆོད་དེ་རྒན་མོ་བརྒྱལ་བ་ནི། ཤེས་རབ་ཀྱི་རིག་པ་དང་དེའི་ལྷན་སྐྱེས་མ་རིག་པ་དུག་ལྔ་དང་བཅས་པའི་འཁྲུལ་བ་བརྟགས་ཤིང་རྩད་བཅད་པ་ལས། ད་ལྟ་འཁོར་བ་ན་འཁོར་དུས་ངོས་ཟིན་པས་མ་རིག་པ་དུག་ལྔའི་བག་ལ་ཞར་འདུག་པ་ཙམ་མོ། །དེ་ལྟར་འཁྲུལ་པའི་རྩ་བ་ཆོད་དུས་རིག་པ་རང་ངོ་ཤེས་པ་ལས། མ་རིག་པ་རང་སངས་ལ་སོང་བ་ནི་རྗེས་ཆེད་ནས་བརྒྱལ་སངས་པའོ། །བུ་ལྷ་ནི་རང་ངོ་ཤེས་པའི་ཡེ་ཤེས་སྐྱེད་པ་སྟེ། ནོར་བུ་མ་བརླག་གམ་དྲིས་པས། ལན་དུ་རྒན་མོ་སོད་དེ་ནས་སྟེར་ཟེར་བ་ལྟར་བྱིན་པ་ནི། རིག་པ་དེ་རང་ཉིད་འཁོར་བར་སོང་དུས་རང་ངོ་ངན་དུ་སོང་ངམ་བལྟས་པས་སྤུ་ཙམ་ཡང་མ་སོང་བར་སྔ་མའི་ཤེས་པ་གྲྭ་མ་ཉམས་ཟུར་མ་ཆག་པར་མཐོང་ལ། དེ་ལྟ་ནའང་ལྷན་སྐྱེས་རང་ངོ་མ་རིག་པའི་ཆ་འདི་མ་སྤངས་ན། དེ་ཙམ་གྱིས་མི་ཕན་པར་ད་དུང་འཁོར་བ་ལས་ཅུང་ཟད་ཙམ་ཡང་མི་འཕག་ཅིང་། དུག་ལྔ་རང་ལས་འཆར་བར་རྟོགས་ཏེ། ཁ་ནང་དུ་རང་ངོ་ལ་བལྟས་པས་རང་ངོ་རང་གིས་རིག་དུས་ལྷན་སྐྱེས་ཀྱི་མ་རིག་པ་སངས་ཏེ། ཀུན་རྟོག་རང་སར་གྲོལ་བས་ཤ་ཟོས། ཆགས་འཛིན་དག་པས་ཁྲག་འཐུངས། མི་ཤེས་པ་གནས་སུ་དག་པས་རུས་པ་མུར། ཉོན་མོངས་པ་ཐམས་ཅད་མ་སྤངས་གནས་སུ་དག་པས་དངོས་མེད་དུ་སོང་ནས། ནང་རིག་པའི་ཆོས་ཉིད་ལ་བལྟས་པས། རང་རིག་དུས་ཀྱི་


JL02_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་འཆར་བའི་དུག་ལྔ་ལྷན་སྐྱེས་མ་རིག་པ་དང་བཅས་པ་དག་ནས་རང་བྱུང་ཡེ་ཤེས་ཀྱི་ནོར་བུ་རང་ལས་རྙེད་པའི་དུས་སོ། །གཉིས་པ་ཡེ་ཤེས་ཀྱི་ངོ་བོ་ལ་དགོངས་པའི་ཚང་ཚུལ་ནི། བཞུགས་སྟངས་དང་གཟིག་སྟངས་ལ་སོགས་པའི་གནད་ཀྱིས་མཐོང་བའི་རིག་པ་མངོན་སུམ་པར་ལྟ་བའི་སྐད་ཅིག་མ་ལ། དངས་གསལ་སྤྲོ་བསྡུ་དང་བྲལ་བའི་ཡེ་ཤེས་ནང་དུ་ཤར་བ་ནི་ཁྲེགས་ཆོད་ཀ་དག་གི་ཆོས་སྐུ་རང་ཐོག་ཏུ་ཕེབས་པ་ཡིན་ལ། ཕྱིར་སྣང་ཡུལ་གྱི་འཆར་སྒོ་འོད་གསལ་ཐོད་རྒལ་དུ་ཤར་བ་ནི་ལྷུན་གྲུབ་གཟུགས་སྐུའི་ལམ་ཁྱེར་བསྐྱེད་རིམ་ཐབས་སུ་ཤར་བའི་གནད་ལས། ནང་གསལ་སྐྱེ་མེད་སྤྲོས་ཀུན་ཞི་བའི་རྫོགས་རིམ་མུ་མཐའ་དང་བྲལ་བའི་ཤེས་རབ་མངོན་དུ་གྱུར་ཏེ། ཐབས་དང་ཤེས་རབ། བསྐྱེད་པ་དང་རྫོགས་པ། ཆོས་སྐུ་དང་གཟུགས་སྐུ། སྣང་བ་དང་སྟོང་པ།བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཁྲེགས་ཆོད་དང་ཐོད་རྒལ་སྒོམ་པའི་སྐད་ཅིག་ལ་རྫོགས་ཤིང་སྐུ་ལྔ་ཡེ་ཤེས་དང་བཅས་པའང་ལྷུན་གྱིས་གྲུབ་པ་ནི། རྩེ་གཅིག་སྤྲོས་དང་བྲལ་བ་ཆོས་སྐུ། རང་གསལ་འཛིན་པ་དག་པ་ལོངས་སྐུ། སྣ་ཚོགས་ཡུལ་ལ་ཤར་བ་སྤྲུལ་སྐུ། ཚོགས་བརྒྱད་རྣམ་ཤེས་ལོག་པས་མངོན་པར་བྱང་ཆུབ་ཀྱི་སྐུ། དབྱིངས་ལ་འཕོ་འགྱུར་མེད་པས་མི་འགྱུར་རྡོ་རྗེའི་སྐུ་དང་། ཡེ་ཤེས་ལྔ་ལ། སྨྲ་བསམ་སྤྲོས་པ་དང་བྲལ་བས་ཆོས་དབྱིངས། གསལ་འགྲིབ་འགག་པ་མེད་པས་མེ་ལོང་། རོ་མཉམ་དང་ལ་གནས་པས་མཉམ་ཉིད། སྣང་བ་འོད་ལྔར་གསལ་བས་སོར་རྟོག། གཟུང་འཛིན་གཉིས་ཆོས་སྤང་པས་བྱ་གྲུབ་སྟེ་ཡེ་ཤེས་ལྔའི་བདག་ཉིད་དོ། །གསུམ་པ་འོག་མའི་སྙིང་པོ་གོང་མར་འདུས་ཚུལ་ནི། འོད་གསལ་གྱི་རིག་པ་སྐད་ཅིག་ལ་གནས་པའི་ཚེ། གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པའི་ཤེས་པ་སོ་སོ་བ་བཀྲག་མེད་དུ་བུན་ལོང་དེ་ཞིག་པས་ཉན་རང་བྱང་སེམས་གསུམ་གྱི་ལྟ་བའི་དགོངས་


JL02_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་འདུས་སོ། །ལུས་ངག་ཡིད་གསུམ་ཉོན་མོངས་པའི་དྲི་མ་ལས་འདས་པའི་གཙང་སྦྲར་སྤྱོད་པ་ཕྱི་རྒྱུད་ཀྱི་སྡེ་གསུམ་གྱི་ཡེ་ཤེས་ཀྱང་གསལ་སྟོང་མཉམ་གནས་ཆེན་པོར་འདུག་པས་འདིར་འདུས་སོ། །སྣང་རིག་གཉིས་མེད་གསུམ་གྱི་གནས་ལུགས་ཟུང་འཇུག་ཏིང་ངེ་འཛིན་ཆེན་པོའི་གྲལ་དུ་ཚུད་པ་གསང་སྔགས་ནང་པ་གསུམ་གྱི་དགོངས་པ་ཡང་ཁས་ལེན་མཐའ་དག་དང་བྲལ་བའི་ངང་ཀློང་བླ་ན་མེད་པ་འདིར་འདུས་སོ། །དེ་བཞིན་དུ་ཏིང་ངེ་འཛིན་དང་། གཟུངས། སོ་སོ་ཡང་དག་རིག་པ་བཞི་ལ་སོགས་མདོར་ན་ས་དང་ལམ་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་རིག་པའི་ཡེ་ཤེས་དྲི་མ་མེད་པའི་ངང་ལ་གནས་པས་ཡེ་ནས་ལྷུན་གྱིས་གྲུབ་པའི་ཚུལ་དུ་འདུས་ཤིང་སྐྱོན་གྱི་རྣམ་པ་ཐམས་ཅད་དང་བྲལ་བས་མ་འདྲེས་ཡོངས་སུ་རྫོགས་པ་ཐེག་པའི་རྒྱལ་པོ་ཞེས་བྱ་སྟེ་ཀུན་གྱི་རྩེ་མོར་ཕྱིན་པའོ། །དོན་ལྔ་པ་མཐར་ཕྱིན་པ་འབྲས་བུ་བླ་ན་མེད་པའི་གྲུབ་ལུགས་ནི། སྣང་བ་བཞིའི་ལམ་དུ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་མ་ཚང་བ་མེད་པར་བྱང་ཆུབ་ནས་ཆོས་དབྱིངས་གཞོན་ནུ་བུམ་པའི་སྐུ་སྤངས་རྟོགས་ཀྱི་ཡོན་ཏན་མཐའ་དག་མཐར་ཕྱིན་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཀ་དག་རིན་པོ་ཆེ་གསང་བའི་སྦུབས་ནི་མཐར་ཐུག་གི་གྲོལ་ས་སྟེ། རང་ཤར་ལས། སངས་རྒྱས་ཀུན་གྱི་བསྐྱེལ་ས་ནི། །ཀ་དག་ཆེན་པོའི་དཀྱིལ་འཁོར་རོ། །ཞེས་སོ། །ཕལ་ཆེར་གྱིས་གྲོལ་ས་འདི་ཐོག་མའི་གཞི་ཐོག་ཏུ་འདོད་པ་ཡོད་དེ། དེ་ལྟ་ན་གཞི་དེ་འཁྲུལ་བ་འབྱུང་རུང་གི་ཆ་ནས་བཞག་པའི་ཕྱིར་དངུལ་འཁྲུལ་བའི་སྐྱོན་ཡོད་པས་ནོར་ས་རྔམ་པོ་ཆེ་ཡིན་ཏེ། ཀུན་མཁྱེན་ཆེན་པོས་མཐར་ཐུག་གི་གྲོལ་ས་ཀ་དག་དང་། ངེས་མེད་གཞིའི་ལྷུན་གྲུབ་གཉིས་རིག་པའི་ཡོན་ཏན་ངོ་བོའང་བཞིན་ཐུགས་རྗེ་ལ་སོགས་པ་འདྲ་ཡང་། དྲི་མ་དག་མ་དག་དང་འཁྲུལ་གཞི་བྱེད་མི་བྱེད་ཀྱིས་ཁྱད་ཡོད་དོ། །རང་གི་སྡེ་བས་


JL02_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་འདི་ཤེས་པ་ལ་ཆེ་བས། འབྲས་བུ་གཞི་ཐོག་ཏུ་གྲོལ་ཟེར་ནས་རྩིང་པོར་མ་སྨྲ་ཞིག། ཅེས་གསུངས་སོ། །འོ་ན་མུ་ཏིག་ཕྲེང་བ་ལས། །གྲོལ་ས་ཉིད་ནི་ཐོག་མའོ། །ཞེས་པས་བསྟན་པ་མ་ཡིན་ནམ་སྙམ་ན། དེ་ནི་ཐོག་མའི་ཀ་དག་ལ་རིག་པར་ངོ་ཤེས་ནས་དག་པ་གཉིས་ལྡན་གྱི་སར་བྱང་ཆུབ་པས། ཕྱིན་ཆད་རྒྱུར་ལྡོག་པའི་འཁྲུལ་གཞི་ཟད་པས་གྲོལ་སའམ་འབྲས་བུ་ཞེས་བྱ་བར་མིང་འགྱུར་བ་ཡིན་ནོ། །གོང་དུ་གཞིའི་སྐབས་སུ་བཤད་པ་ལྟར་ཁྱད་པར་དྲི་མ་ཡོད་མེད་ཀྱིས་ཕྱེ་བ་ཤེས་པར་བྱ་བ་གནད་དམ་པའོ། །འདིའི་ཚུལ་འོག་གི་དྲི་ལན་ཉི་ཤུ་རྩ་བརྒྱད་པར་ཡང་འགོད་ཅིང་། མཁྱེན་བརྩེའི་མེ་ལོང་གི་གཞི་ལམ་འབྲས་བུའི་བཤད་པའི་སྐབས་ཀྱང་བསྟན་ཟིན་པས་འདིར་དེ་ཙམ་མོ། །དོན་གཉིས་པ་ཡང་ཟབ་མན་ངག་གི་ངེས་འབྱེད་ལ་གཉིས། རྒྱ་འགྱུར་གྱི་མན་ངག་དངོས་བསྟན་དང་། དགོངས་འགྲེལ་མན་ངག་གི་བསྟན་བཅོས་བླ་ན་མེད་པའི་རང་བཞིན་ནོ། །དང་པོ་ལ་གཉིས། ཟབ་པ་དང་རྒྱ་ཆེ་བའོ། །དང་པོ་ནི། །འོད་གསལ་གྱི་རྒྱུད་སྡེ་རྣམས་ལས་དངས་བཅུད་ལྟ་བུར་ཕྱུང་བ་སྙིང་ཏིག་གི་སྐོར་ལ་ཟབ་པ་པུ་སྟ་ཀ་བཞི་ཡོད་པ་འདི་ལྟ་སྟེ། གསེར་ཡིག་ཅན། གཡུ་ཡིག་ཅན། དུང་ཡིག་ཅན་དང་གསུམ། དེའི་སྟེང་དུ་ཟངས་ཡིག་ཅན་དང་ཕྲ་ཡིག་ཅན་བསྡོམས་པས་གཅིག་སྟེ་བཞི་པོ་རྒྱལ་བློན་སྔ་དར་གྱི་དུས་སུ་རྗེ་འབངས་སུ་ལའང་མ་གནང་བར་མཆིམས་ཕུར་གཏེར་དུ་བལྟམས་པའི་རིམ་པ་ལ། གསེར་ཡིག་ཅན་ལ། བསྟན་པའི་བུ་གཅིག། མཆོད་པའི་དུས་གནད་ངེས་པ། འདས་རྗེས་བྱ་བ་དང་མ་བུ་དགུའོ། །ཟངས་ཡིག་ཅན་ལ་སྤྲོས་བཅས་དུམ་བུ་བཅུ་དྲུག། དེའི་རྒྱབ་ཡིག་གསང་བ། གནད་ཡིག་དང་མ་བུ་བཅོ་བརྒྱད་དོ། །དུང་ཡིག་ཅན་ལ་སྒྲོན་མ་སྣང་བྱེད། དེའི་རྒྱབ་ཡིག །གནད་ཡིག་དང་མ་བུ་གསུམ་མོ། །ཕྲ་ཡིག་ཅན་ནི་ཟངས་ཡིག་ཅན་གྱི་ཁོངས་སུ་གཏོགས་པའི་བུ་རྣམས་ཏེ། རླུང་གི་པྲ་ཁྲིད། ཆགས་པའི་པྲ་ཁྲིད། ཡང་གབ་སྦས་པའི་དུམ་བུ། ཆེད་ཀྱི་ཡི་གེ


JL02_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱི་ཡི་གེ་དང་ལྔའོ། །གཡུ་ཡིག་ཅན་ལ། སྐབས་དོན་བཅུ་གཉིས་པ། གཅེས་པའི་སྙིང་པོ། དཔེའི་སྒྲོན་མེ། འཆི་བ་བརྟག་པ། འཆི་བ་བསླུ་བ། ལྟ་བའི་སྙིང་པོ། རིན་ཆེན་པྲ་ཁྲིད་དང་མ་བུ་བཅོ་བརྒྱད་དོ། །དེ་དག་རྣམས་གཏེར་ནས་བྱོན་པའོ། །རྒྱུད་དང་མན་ངག་གཞན་རྣམས་རྗེ་བློན་གཉིས་ལས་གཞན་སུ་ལའང་མ་གནང་ཞེས་པ་ནི་མི་རིགས་པ་སྟེ་ཀུན་མཁྱེན་གྱིས། རྒྱུད་དང་མན་ངག་གཞན་རྣམས་རྗེ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང་། སྲས་མུ་ནི་བཙན་པོ་གཉིས། འབངས་ཉང་ཏིང་ངེ་འཛིན་བཟང་པོ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་གསུམ་སྟེ་ལྔའོ། །འདི་དག་གིས་བསྒྱུར་ཏེ་ཞྭ་ལྷ་ཁང་དུ་གཏར་ལ་གདམས་ནས། ཉམས་སུ་བླངས་པས་ཉང་གིས་ལྷག་མེད་འགྲུབ། གཞན་གཉིས་པོས་རང་བཞིན་སྤྲུལ་པ་གྲུབ་པ་ཡིན་ནོ། །རྒྱུས་ལ་མི་མཁས་པ་དག་རྗེ་བློན་གཉིས་ལས་སུ་ལའང་མ་གནང་ཞེས་པའི་ཚིག་གིས་རྒྱལ་པོ་དང་ཉང་གཉིས་ལས་མེད། འདོད་པ་ནི་ཤིན་ཏུ་མི་རིགས་ཏེ། རྒྱུད་ལུང་ཕལ་ཆེར་སྐ་ཅོག་གིས་བསྒྱུར་ཞིང་། བཅུད་དུ་མ་འཕྲུལ་དུ་མ་མུ་ནེ་བཙན་པོས་ཟངས་ཡག་བྲག་ལ་སྦས་པའི་ཕྱིར་སྙིང་ཏིག་མ་ཐོབ་ན་དེ་དག་ག་ལ་འོང་། ཡི་གེ་ཕལ་གྱི་མཇུག་ན་འདི་ལྟར་བཀོད་པ་ཅེ་རེ་ལོང་དུ་སོང་བ་ཡིན་མོད། ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་རྒྱ་ཆེ་བ་ལ་མན་ངག་བརྒྱ་དང་བཅུ་དགུར་གྲགས་པ་སྟེ། མན་ངག་དུམ་དུ་མཁྲིགས། པོ་ཏི་སྨུག་ཆུང་། འཁྲུལ་གཞི་གསལ་བའི་མེ་ལོང་། འབྱུང་བཞི་གནད་ཀྱི་ཡི་གེ། སྣང་བྱེད་སྒྲོན་མ། འོད་གསལ་ལྡེ་མིག། ཤེས་བྱ་བུམ་སྐོར། གསང་བའི་ཐེམ་བྱང་། སྒྲ་བརྟག་འཁོར་ལོ། སྐུ་གསུམ་ལག་ཁྲིད། བབས་ལུགས་ལུས་སྐོར། འཁྲུལ་བའི་སྡེབ་ཡིག། གསང་ཐིག་ཆེན་པོ། གསེར་བྱང་བཀོལ་བ། ལམ་ཁྲིད་ཆེན་པོ། ཡེ་ཤེས་ལག་ཁྲིད། དཀའ་འགྲེལ་ཆེན་མོ། །གསང་བའི་མེ་ལོང་། བསམ་གཏན་རང་གནས། གསང་བ་ཉིང་ཁོལ། སྣང་བ་བསྡུས་པ། གནས་པ་བྱུང་ཁུངས། ཁྲེགས་ཆོད་བདུན་པ།


JL02_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་རྒལ་དགུ་པ། ཀློང་ཆེན་དྲུག་པ། སྤྱོད་ལམ་བསྡུས་པ། ལྟ་བའི་གསེར་བཀོད། པདྨ་ཀློང་ཡངས། ལྷའི་ཕྱག་སོར། གསེར་གྱི་ཨུཏྤལ། དྲན་པ་རྒྱུན་གཅོད། རགས་པ་ལམ་སློང་། གསལ་བའི་སྒྲོན་མ། སེང་གེ་རྩལ་སྤྲུགས། ཨ་ཏི་རྣལ་འབྱོར། དགོངས་དོན་བཞི་པ། རྡོ་རྗེའི་ལམ་བསྟན། ལྷག་པའི་འཁོར་ལོ། ཁྱུང་ཆེན་མཁའ་སྡིང་། ལྟ་བའི་དམིགས་བསལ། བླ་མའི་རིམ་པ། དྲང་བའི་ཚིག་རྒྱུན། འཁྲུལ་གཞི་རྩད་གཅོད། སེམས་ཀྱི་དམིགས་དྲུག། སྒོམ་པའི་འཁོར་ལོ། །དབང་གི་ལྡེ་མིག། དབང་གི་ལས་བྱ། སྤྲོས་མེད་དབང་ཆོག། དབང་གི་རྩ་བ། དབང་གི་རིགས་འབྱེད། དབང་གི་ཕྲ་ཏིག། འཁོར་ལོ་དྲུག་པ། དམ་ཚིག་རབ་འབྱེད། དབང་བཀོད་ཆེན་མོ། དབང་སྦྱོར་པྲ་ཁྲིད། རིག་པའི་མེ་ཏོག། སེམས་ལུང་ཆེན་པོ། མན་ངག་རྩ་བ། ལུང་ཏིག་བཅོ་བརྒྱད། རིམ་པ་དྲུག་པ། སེམས་ལུང་སྒོམ་ཁྲིད། ཡང་གསང་དྲིལ་བ། སྦས་པ་ཉི་མ། ཕྲ་བཀོད་བཅུ་པ། ལུང་ཏིག་བསྡུས་པ། བདུད་རྩི་ཡང་ཞུན། ལུང་གསུམ་འདུས་པ། མན་ངག་རྒྱལ་པོ་གཡུ་ཡིག་ཅན། དུང་ཡིག་ཅན། ཟངས་ཡིག་ཅན། ཕྲ་ཡིག་ཅན། གསེར་ཡིག་ཅན། སྙིང་ཟེར་ཆེན་པོ། སྙིང་ཟེར་ཆུང་བ། བསམ་གཏན་ཉལ་བའི་འཁོར་ལོ། འཕྲུལ་ཡིག་ཆེན་པོ། འཕྲིལ་ཡིག་ཆུང་བ། མཁའ་འགྲོའི་མཛོད། འཕོ་བ་ཆེན་པོ། རྩ་གནས་འཁོར་ལོ། རིག་པའི་ས་འབྱེད། ཡེ་ཤེས་སྦུབས་འཇུག། ལོ་རྒྱུས་ཆེན་པོ། གསང་བའི་ཞལ་ཆེམས། ཐེག་པའི་རུ་ཤན། གསང་བའི་སྒྲ་ཡིག། སྒྲ་བཞི་མཚམས་སྦྱོར། བསྟན་པའི་གོ་ཆ། འགྱུར་མེད་ཐིག་ལེ། དངོས་པོ་ཁ་བསྒྱུར། འབྲས་བུ་མངོན་བྱེད། ཐི་བྱ་ཚང་འཇུག། གསལ་བའི་རིན་ཆེན། ལྷུན་གྲུབ་ཡེ་ཤེས། ཤེས་རབ་འཁོར་ལོ། །སྨྲ་བའི་མཚོན་ཆ། ཡེ་ཤེས་ལྔ་སྐོར། འོད་ཀྱི་ཚུལ་བཤད། འབྱུང་བའི་གནད་འབྱེད། སྒྲོན་མ་ཁུངས་གཅོད། ཕྱག་རྒྱ་འདུས་པ། བཀོད་པ་ལྔ་པ། རྒྱ་མཚོ་ཨར་གཏད།


JL02_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གི་སྡོམ་བྱང་། ངོ་སྤྲོད་གསུམ་པ། བབས་ལུགས་བཅུ་གཅིག །རྩ་ཐིག་ཆེན་པོ། རིག་པའི་གནས་ས། མིག་གི་བསམ་གཏན་ཏེ་བརྒྱ་དང་དྲུག །པདྨ་ཁ་འབྱེད་ལ་སོགས་པ་རྒྱུད་ཀྱི་དོན་གསལ་བའི་མན་ངག་ཏུ་མི་ཐེབ་གསུམ་དང་། བསྡོམས་པས་བརྒྱ་དང་བཅུ་དགུར་བཞུགས་སོ། །དེའང་རྒྱུད་ཀྱི་བུར་བགྲངས་ཀྱང་རྒྱུད་བཅུ་བདུན་བཀའ་སྲུང་དང་བཅོ་བརྒྱད་ལས་མེད་དེ། འོད་ཀྱི་ཡང་ཞུན་བཅུ་བདུན་བཤད། ཅེས་པའི་སྟེང་དུ་ཁྲོ་མ་བསྣན་པའོ། །དེའང་ཀུན་མཁྱེན་གྱིས། བུར་བགྲངས་པ་དེ་དག་མན་ངག་གི་རྣམ་གྲངས་ཏེ་རྒྱུད་ཀྱི་མན་ངག་གསང་བ་ཡིན་ནོ། །ཁ་ཅིག་ཕྱིས་བི་མ་ལས་ཁ་བསྐངས་པར་འདོད་པ་ནི། རྟོག་དཔྱོད་རྩིངས་པ་ཡིན་ནོ། །འདི་དག་གིས་ནི་བསམ་གྱིས་མི་ཁྱབ་སྟེ་མཚན་ཙམ་བཀོད་པ་ལས། སོ་སོའི་དུམ་བུའི་གྲངས་ནི་མན་ངག་མ་བུ་ངེས་པའི་ཁ་བྱང་ཉིད་དུ་བལྟ་བ་བྱའོ། །དེ་ལྟ་བུའི་ཟབ་པ་དང་རྒྱ་ཆེ་བའི་མན་ངག་གི་ཡི་གེ་རྣམས་ཀྱི་དོན་ཚིག་ཉུང་ལ་གནད་འདུས་པར་བསྟན་པ་ནི་ཁོ་བོས་བསྡེབས་པའི་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྡེ་ལྔ་བཅུ་རྩ་གཅིག་པར་ཤིན་ཏུ་གསལ་བར་བྱས་ཏེ་ཕྱི་རབས་ཀྱི་སྐལ་པ་དང་ལྡན་པའི་དོན་དུ་སྨོན་ལམ་གྱིས་གཏད་རྒྱ་དང་བཅས་པ་ཡིད་བཞིན་བསམ་འཕེལ་དུ་བྱས་པའོ། །ཞེས་གསུངས་པ་ལྟར་རྒྱ་ཆེན་རྒྱུད་སྡེའི་སྙིང་པོ་དང་། རྒྱུད་དེ་དག་གི་བུ་ཡང་ཟབ་མན་ངག་གི་ངེས་འབྱེད་བཤད་པ་ཐམས་ཅད་ཀྱང་གོང་དུ་མ་བུ་ངེས་པའི་བྱང་དུ་བསྟན་པ་དང་། ཕྱི་མ་མན་ངག་བརྒྱ་དང་བཅུ་དགུ་གཉིས་ཕན་ཚུན་ལྟོ་སྦྱར་ནས་གྲངས་དང་དུམ་བུའི་རྣམ་འབྱེད་ཞིབ་ཏུ་བྱར་ཡོད་པ་ཉིད་དུ་རྟོགས་ཏེ། པདྨ་ཁ་འབྱེད་ལ་སོགས་པ་གོང་མའི་སྡེ་ཚན་དུ་སྣང་བའི་ཕྱིར་རོ། །ཁྱད་པར་དུ་དེ་དག་གི་དོན་ཡང་ཏིག་ཡིད་བཞིན་ནོར་བུ་ལ་བསྡུས་པའི་ཚུལ་དངོས་སུ་ཞལ་གྱིས་འཕངས་པ་ལྟར་གདོད་མའི་མགོན་པོ་མིའི་རྫུལ་ཞུགས་པ་འདིའི་དགོངས་གཏེར་མན་ངག་གི་རིམ་པ་ཐམས་ཅད་བསྟན་བཅོས་ལྟར་སྣང་ཡང་། དོན་ལ་རྒྱ་ཆེན་རྒྱུད་དང་། ཡང་


JL02_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མན་ངག་ཐམས་ཅད་ཀྱི་སྙིང་ཕྱུང་བ་ལྟ་བུའི་ཨུ་པ་དེ་ཤ་ཉིད་དུ་ངེས་པས་རྒྱུད་དང་ཁྱད་པར་མེད་ལ། ཀུན་ཏུ་བཟང་པོ་གཉིས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་པས་འདིར་རྒྱ་འགྱུར་གྱི་རྗེས་སུ་དེའི་ངེས་བརྗོད་གླེངས་ནས་རྣམ་གྲངས་བསྡུ་བའི་སྦོལ་གཏོད་པ་ལ་ཡིད་ཕྱོགས་པ་འདིའང་དཔལ་མགོན་བླ་མ་དེས་ཁོ་བོ་ལ་ཞལ་ལན་གསུམ་དུ་གཟིགས་ཤིང་བྱིན་གྱིས་བརླབས་པའི་ཕྲིན་ལས་ཡིན་པར་བལྟའོ། །གཉིས་པ་ནི། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། དབྱིངས་ཕྱུག་ཡེ་ཤེས་ཀྱི་ཌཱཀྐི་མཁར་ཆེན་བཟའ་མཚོ་རྒྱལ་ལ་སོགས་པའི་རིག་འཛིན་མཁའ་འགྲོ་རྒྱ་མཚོས། འོག་མིན་དཔལ་གྱི་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་དང་དབྱེར་མི་བྱེད་པའི་གནས་སུ་སྐུ་དངོས་སུ་བསྟན་ནས། དེས་གསང་རྫོགས་པ་ཆེན་པོ་སྤྱི་དང་བྱེ་བྲག་ཏུ་སྙིང་ཏིག་བླ་ན་མེད་པའི་བསྟན་པའི་བདག་པོར་དབང་བསྐུར་བའི་རིག་འཛིན་ཆེན་པོ། པཎ་ཆེན་བི་མ་ལ་དང་གཉིས་སུ་མ་ཡིན་པ་དེས་པ་དོན་གྱིས་འབྲེལ་ཚད་དོན་དང་ལྡན་པས་གདུལ་བྱ་མང་པོ་རྣམ་བྱང་ལ་བཀྲི་བའི་བདག་ཉིད་ཆེན་པོ་སངས་རྒྱས་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའམ། ཀློང་གསལ་དྲི་མེད། རྡོ་རྗེ་སེམས་དཔའ། རྡོ་རྗེ་གཟི་བརྗིད། བློ་གྲོས་མཆོག་ལྡན། ཚུལ་ཁྲིམས་བློ་གྲོས། པདྨ་ལས་གྲོལ། སྣ་ཚོགས་རང་གྲོལ། དྲི་མེད་འོད་ཟེར། ཀློང་ཆེན་རབ་འབྱམས། དཔལ་ལྡན་བསམ་ཡས་པ་ལ་སོགས་པ་མཚན་གྱི་རྣམ་གྲངས་དུ་མའི་བདག་ཉིད་ཅན་དེས། བདེ་བར་གཤེགས་པའི་གསུང་རབ་སྡེ་སྣོད་གསུམ། རྒྱུད་སྡེ་བཞིའམ་དྲུག་ལ་སོགས་ཏེ་མདོར་ན་ཆོས་ཀྱི་ཕུང་པོའི་རྣམ་གྲངས་ཀྱིས་བསྡུས་པ་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ངང་དུ་རྫོགས་པའི་ཚུལ་དུ་དཔལ་གྱི་མགུར་ལས་རྡོ་རྗེའི་ཚིག་རྐང་དུ་བཀྲལ་ཏེ་གསུངས་པའི་དགོངས་གཏེར་མན་ངག་གི་བསྟན་བཅོམ་ལ་ཟབ་པ་དང་རྒྱ་ཆེ་བ་གཉིས་ལས། དང་པོ་ནི། གངས་ནི་ཐོད་དཀར་དུ་པཎ་ཆེན་བི་མ་ལས་ཞལ་གཟིགས་ནས། ངའི་སྙིང་ཏིག་འདི་དོན་འདུས་གོ་ཟླའི་ཉིད་ཁུ་ཞིག་རྩོམ། ཆོས་འདི་ཁྱོད་ལ་སྟོན་པའི་བླ་མ་མ་རཱ་ཛའི་སྐྱེ་བ་ད་ལྟའི་སློབ་མ་གཞོན་ནུ་སངས་རྒྱས་འདི་ལ་སྟོན།


JL02_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཀྱང་སྣ་ལ་ཨ་ཡིག་གིས་མཚན་པའི་ཀུ་མའི་མིང་ཅན་བདུན་འབྱུང་བས་ཆོས་འདི་འཛིན་སྤེལ་བྱེད་པར་ལུང་བསྟན་པས་མཁའ་འགྲོ་ཡང་ཏིག་བརྩམས་པར་གྲགས་ཀྱང་། རྣམ་པར་དཔྱད་ན་བི་མ་ལའི་སྙིང་ཐིག་གི་དོན་བསྡུས་པ་ཡང་ཟབ་བླ་མའི་སྙིང་ཐིག་གི་སྐོར་ཏེ། དེ་ལ་ཟབ་པ་བོད་བཞི་དང་། མན་ངག་བརྒྱ་བཅུ་དགུ་ལ་སོགས་པའི་ལམ་གྱི་གནད་མཐའ་ཡས་པ་གཅིག་ཏུ་བསྡུས་པ་ཡང་ཏིག་ཡིད་བཞིན་ནོར་བུ་ཆོས་སྡེ་ལྔ་བཅུ་རྩ་གཅིག་པའི་བདག་ཉིད་ཅན། དེ་ནས་ཤིན་ཏུ་ཟབ་པའི་གནད་བསྡུས་པ་ཟབ་མོ་ཡང་ཏིག་ཆོས་སྡེ་སུམ་ཅུ་རྩ་ལྔ་པ་རྣམས་ནི་ཐིག་ལེ་མཆོག་གསང་རྫོགས་པ་ཆེན་པོའི་ཆོས་སྡེ་ལས་བྱིན་རླབས་བླ་མའི་སྙིང་ཏིག་ལག་ཁྲིད་ཀྱི་སྐོར་དང་། སྐྱེ་བ་སྔོན་མ་ལས་འབྲེལ་རྩལ་གྱི་དུས་རྒྱུད་སྡེའི་བཅུད་ཕུར་མཁའ་འགྲོའི་སྙིང་ཏིག་གཏེར་ནས་ཕྱུང་སྟེ་རྗོད་བྱེད་ཀྱི་ཚིག་ཙམ་ལ་དབང་བ། སྐུ་ཚེ་འདིར་ལུང་བསྟན་གྱི་བདེན་པའི་རྔ་བོ་ཆེ་བསྒྲགས་པ་ལྟར་མངོན་སུམ་འོད་གསལ་གྱི་ལམ་ནས་ལོངས་སྐུའི་ཞིང་ཁམས་ཉུལ་བའི་ཚེ། ཤིང་མོ་ཡོས་ལོར་མཆིམས་ཕུའི་རི་མོ་ཅན་དུ་ཨོ་རྒྱན་ཡབ་ཡུམ་ཞལ་གཟིགས་ཤིང་དགོངས་གཏེར་བརྡ་བརྒྱུད་དུ་བབས་ནས་བརྗོད་བྱའི་དོན་ལ་རང་དབང་བསྒྱུར་ཞིང་། སྨོན་ལམ་ལུང་བསྟན་དང་འབྲེལ་བ་མཁའ་འགྲོའི་ཡང་ཏིག་དུ་གྲགས་པ་ལ། ཟབ་ཅིང་རྒྱ་ཆེ་བ་ཤོག་སྐྱ། ཡང་ཟབ་རྣམས་ཤོག་འདྲ། ཤིན་ཏུ་ཡང་ཟབ་རྣམས་ཤོག་སེར་ཏེ་སྐོར་ཚོ་གསུམ་དུ་བསྡུས་པ་ཟབ་པ་ལས་ཀྱང་ཆེས་ཟབ་པ་ལྔ་བཅུ་རྩ་ལྔ་པར་གཏན་ལ་ཕབ་པའི་ཆོས་ཀྱི་རྣམ་གྲངས་དང་། གནད་ཐོར་བུ་པའི་མན་ངག་ལ། གསེར་གྱི་སྒྲོམ་བུ། སངས་རྒྱས་མཉམ་སྦྱོར། ཁྱུང་ཆེན་གཤོག་རྫོགས། ཡིད་བཞིན་ནོར་བུ། བདུད་རྩིའི་བུམ་པ། ཡང་གསང་སྙིང་ཏིག། ཐིག་ལེ་གསང་སྐོར་གྱི་མན་ངག་རྣམས་སོ། །གཉིས་པ་རྒྱ་ཆེ་བ་དགོངས་འགྲེལ་བསྟན་བཅོས་ཀྱི་སྐོར་ལ། ཚོགས་གཉིས་ཀྱི་ལམ་ལ་གོམ་པའི་འདེགས་འཛེག་བསྒྱུར་ནས། དོན་གཉིས་ལྷུན་གྲུབ་འོད་གསལ་རྡོ་རྗེ་སྙིང་པོའི་ཁང་མཛེས་སུ་བགྲོད་པར་འདོད་པའི་སྐྱེས་བུ་སྐལ་པ་དང་ལྡན


JL02_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཞིག། འཁོར་བའི་རང་བཞིན་རྣམ་རྟོག་སྣ་ཚོགས་ཀྱི་སྤྲོས་པས་དུབ་ཅིང་དལ་བའི་མཐའ་ལ་གནས་པ་འོད་གསལ་རྡོ་རྗེ་སྙིང་པོ་ཆོས་སྐུ་འདུས་མ་བྱས་པའི་ཁང་མཛེས་སུ་ངལ་བསོ་བར་བྱེད་པའི་བརྗོད་དོན་ལས་བསྙད་དེ། རྗོད་བྱེད་ཀྱི་མིང་རྩ་བའི་གཞུང་ངལ་བསོ་སྐོར་གསུམ་དུ་གྲགས་པའི་དགོངས་གཏེར་བསྟན་བཅོས་ལ། རྒྱས་འགྲེལ་ཤིང་རྟ་རྣམ་གསུམ། བསྡུས་དོན་ཕྲེང་བ་རྣམ་གསུམ། དོན་ཁྲིད་རྣམ་གསུམ་སྟེ་ཡན་ལག་དགུ་ལས། དགེ་བ་རྣམ་གསུམ། དོན་ཚིག་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ་ལ་སོགས་ཏེ་སྟོན་པ་དྲང་སྲོང་ཆེན་པོ་ཉིད་ཀྱི་གསུང་རབ་དང་གཉིས་སུ་མེད་པའི་ཁྱད་ཆོས་ཅན། མདོ་སྔགས་ཀྱི་ཆོས་འཁོར་ཐམས་ཅད་བསྟན་པ་ཡོངས་རྫོགས་ཀྱི་ཚུལ་དུ་བཤད་པ་སེམས་ཉིད་ངལ་བསོ་རྩ་བ་ལེའུ་བཅུ་གསུམ་པ། དེའི་བསྡུས་དོན་བྱད་དང་མེ་ལོང་ཐུག་བ་ལྟར་ཕྱི་ནང་གི་གནས་ཐམས་ཅད་སྐད་ཅིག་ལ་རྟོགས་པར་བྱེད་པའི་ལྡེ་མིག་ཀུནྡའི་ཕྲེང་བ། ཚིག་དོན་འབྱམས་ཀླས་སྟོན་པའི་རྒྱས་འགྲེལ་ཤིང་རྟ་ཆེན་མོ། བསྡུས་དོན་པདྨ་དཀར་པོ། དགེ་བ་གསུམ་གྱི་དོན་ཁྲིད་བྱང་ཆུབ་ལམ་བཟང་དང་བཅས་པའོ། །མདོ་ཏིང་ངེ་འཛིན་རྒྱལ་པོ་ལྟར་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ཀྱིས་སྟོན་པས་བདེན་ཞེན་གྱི་འཆིང་བ་གཅོད་པ་སྒྱུ་མངལ་བསོ་རྩ་བ་ལེའུ་འམ་རིམ་པར་བྱེ་བ་བརྒྱད་པ། དེའི་བསྡུས་དོན་ཡུལ་ལ་མིག་ཤེས་འཇུག་པ་ལྟ་བུ་མནྡཱ་ར་བའི་ཕྲེང་བ། བློ་གྲོས་ཀྱི་སྣང་བ་ནམ་མཁའ་ལ་ཉི་མ་ཤར་བ་ལྟར་གསལ་བར་བྱེད་པའི་རྒྱས་འགྲེལ་ཤིང་རྟ་བཟང་པོ། འོད་གསལ་གྱི་དོན་གསལ་པོར་སྟོན་པའི་དོན་ཁྲིད་ཡིད་བཞིན་ནོར་བུ་བཅས་དང་། གཉུག་མ་རང་གནས་ཀྱི་བསམ་གཏན་ཡེ་ཤེས་འོད་གསལ་གྱི་ལམ་དུ་གོམས་པར་བྱེད་པའི་མྱུར་ལམ་ཟབ་མོ་བསམ་གཏན་ངལ་བསོ་རྩ་བ་རྡོ་རྗེའི་གནས་གསུམ་པ། དེའི་བསྡུས་དོནཚིག་ཉུང་དོན་གྱི་སྙིང་པོ་པུཎྜ་རི་གའི་ཕྲེང་བ། ཟབ་མོའི་གནས་ལུགས་རྒྱ་མཚོ་གསལ་བར་བྱེད་པའི་རྒྱས་འགྲེལ་ཤིང་རྟ་རྣམ་དག། འོད་གསལ་སྒོམ་པའི་དོན་ཁྲིད་སྙིང་པོ་བཅུད་བསྡུས་རྣམས་དང་། ངལ་བསོ་སྐོར་གསུམ་གའི་ཆོས་འབྱུང


JL02_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་གསལ་བ་ཞེས་སྤྱི་དོན་ལེགས་བཤད་རྒྱ་མཚོ། དཀར་ཆག་པདྨ་སྟོང་ལྡན་ཏེ། དེ་ལྟར་ཆོས་སྡེ་ཆེ་ཆུང་བཅོ་ལྔའམ། ཟླ་བ་ཉ་བའི་གྲངས་ཀྱིས་ངལ་བསོ་སྐོར་གསུམ་གྱི་རྩ་བ་དང་ཡན་ལག་རྣམས་ཚང་བ་ཡིན་ནོ། །རིམ་དགུའི་ཐེག་པ་སྤྱིའི་རྗོད་བྱེད་ཀྱི་གོ་ཕྱེ་བས་བརྗོད་བྱའི་སྙིང་པོ་རང་བཞིན་རྫོགས་པ་ཆེན་པོའི་ལམ་གོལ་འཕྱུགས་མེད་པར་སྟོན་པའི་མན་ངག་གི་བསྟན་བཅོས་མཛོད་ཆེན་བདུན་གྲགས་པ་ལས། ཐོག་མར་སྟོན་པ་བྱོན་ཚུལ་རགས་རིམ་གྱིས་ཁོག་དབུབ། ལོག་པར་ལྟ་བ་ཕྱི་རོལ་པའི་གྲུབ་མཐའི་མཚང་ནས་བརྒལ་ཏེ་དགག་གཞིར་བཞག། སྟོན་མཆོག་བླ་ན་མེད་པ་དེའི་བསྟན་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཐེག་པའི་བྱེ་བྲག་འཕགས་ཆོས་དུ་མའི་སྒོ་ནས་བསྒྲུབས་ཏེ་དཔྱད་བཟོད་པར་འགྲེལ་བ་གྲུབ་མཐའ་རིན་པོ་ཆེའི་མཛོད་རིམ་ཁང་བརྒྱད་པ། གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་རྩ་བ་མར་བཞག་པ་ལ། རིག་འཛིན་སོ་སོས་མཛད་པའི་བཤད་ཏིག་རྒྱུད་ཀྱི་བུར་གྲངས་པ་མ་བུ་ངེས་པའི་ཁ་བྱང་དུ་གསལ་བ་དང་། མན་ངག་བརྒྱ་བཅུ་དགུའི་དོན་འགྲེལ་རྒྱ་ཆེར་བཤད་པ་ཐེག་མཆོག་མཛོད་ལེའུ་འམ་སྐབས་ཉི་ཤུ་རྩ་ལྔ་པའི་བདག་ཉིད་ཅན། མདོ་རྒྱུད་བསྟན་བཅོས་མན་ངག་ཀུན་གྱི་སྙིང་ཁྲག་ཕྱུང་ནས་ཤེས་རབ་གསུམ་གྱི་སྣང་བྱེད་གསར་བས། སྟོད་ཆར་ཐུན་མོང་གི་གཞུང་རྒྱ་ཆེར་བསྟན་པའི་ཤུགས་ཀྱིས་དྲངས་ནས། ཐེག་པ་མཆོག་གི་བཞིན་རས་ལྷག་གིས་སྟོན་པ་ཉི་ཟླ་རིན་པོ་ཆེའི་འོད་ཀྱི་སྣང་བ་ཡིད་བཞིན་རིན་པོ་ཆེའི་མཛོད་རྩ་བས་རྒ་ཉེར་གཉིས་པ། དེའི་དགོངས་འགྲེལ་ཆེན་པོ་པདྨ་དཀར་པོ། ཁྲིད་ཡིག་ཟབ་དོན་རྡོ་རྗེའི་སྙིང་པོ་སྟེ་ལེའུ་ཚན་གསུམ། རྫོགས་པ་ཆེན་པོའི་སྦྱོར་བ་སྔོན་འགྲོ། དངོས་གཞི་ལམ་རིམ། ཐོབ་བྱ་འབྲས་བུ་དང་བཅས་པ་མདོ་རྒྱུད་ཀུན་གྱི་བཅུད་འདྲིལ་བ་ཡོན་ཏན་རིན་པོ་ཆེའི་གཏེར་མཛོད། རྗོད་བྱེད་དྲུག་ཚན་དུ་མའི་བདག་ཉིད་ཅན་གྱི་སྒོ་ནས་ཞལ་གདམས་ཀྱི་ཚུལ་དུ་མན་ངག་རིན་པོ་ཆེའི་མཛོད། ཀློང་སྡེའི་དགོངས་པ་ཤས་ཆེ་ཡང་དོན་ལ་བརྗོད་བྱ་དང་རྗོད་བྱེད་གཉིས་


JL02_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་སྒོ་ནས་སེམས་ཀློང་མན་ངག་གི་སྡེ་གསུམ་ཀ་ལྟར་བཀྲོལ་བའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དོན་ཟབ་ཅིང་ཚིག་བརླིང་བའི་ཚུལ་གྱིས་བཞིན་དང་མེ་ལོང་ཐུག་པ་ལྟར་གནད་དོན་ཅར་ཕོག་ཏུ་སྟོན་པ་ཆོས་དབྱིངས་རིན་པོ་ཆེའི་མཛོད་རྩ་བ་འདབ་མ་བཅུ་གསུམ་པ། དེའི་འགྲེལ་བཤད་རྟོགས་པའི་སྣང་བ། ཆོས་དབྱིངས་གསལ་བ། ཐེག་པའི་རྒྱལ་པོ། ལུང་གི་གཏེར་མཛོད་ཅེས་མཚན་གྱི་རྣམ་གྲངས་ཐ་དད་པའི་སྒྲས་སྙན་པ། ཡོ་ག་འོག་མ་གཉིས་མན་ཆད་ཀྱི་དམ་ཚིག་གི་རྣམ་དབྱེ་བྱ་རྩོལ་བླང་དོར་གྱི་གཟེབ་ཏུ་ཆུད་པ་མཐའ་དག། རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཀྱི་ངང་དུ་བགལ་ཞབས་མེད་པ། དེ་ཡང་ཡོད་མེད་བླང་དོར་གྱི་ཆོས་ལས་འདས་པའི་དགོངས་པས་ཟིལ་གྱིས་ནོན་ཅིང་རྟོག་དཔྱོད་ཀྱི་མཐའ་ལམ་ལྷུང་བས་ཕྱལ་བ། བསྲུང་བྱའི་དམ་ཚིག། སྲུང་བྱེད་ཀྱི་གང་ཟག། བསྲུང་ཚུལ་གྱི་རྣམ་ངེས་མ་ལུས་པ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་སུ་འདུས་པས་གཅིག་པུ། གཅིག་པུའི་བརྡར་བརྟགས་ཀྱང་ད་ལྟའི་རིག་པ་བློ་འདས་ཁ་ཡན་ཆེན་པོར་འུབ་ཀྱིས་ཆུད་པས་ལྷུན་གྲུབ་སྟེ། བཞི་པོའི་རྣམ་གྲངས་རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་སྡེའི་རང་སྐད་མ་ཉམས་པས་བརྗོད་དོན་ཐ་དད་དུ་གནད་འགག་བཀྲོལ་ཞིང་ཡིན་ལུགས་གནད་ཐོག་ཏུ་ཕབ་ནས་འགག་བསྡམས། རང་གྲོལ་བས་མདོ་ལས་འདས་པའི་ཆིངས་སུ་བཅིངས། འབད་རྩོལ་རྒྱུ་འབྲས་ལ་མ་ལྟོས་པར་ལ་བཟླ་བ་སྟེ། རྡོ་རྗེའི་གནས་ཆེན་པོ་བཅུ་དྲུག་གིས་གསལ་བར་སྟོན་པ་གནས་ལུགས་རིན་པོ་ཆེའི་མཛོད་ལེའུ་འམ་མཛོད་ཁང་ལྔ་པའི་བདག་ཉིད་ཅན་འགྲེལ་ཊཱི་ཀ་དང་བཅས་པ། དེ་དག་ཀུན་གྱི་ནང་ནས་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་རྒྱ་ཆེར་འགྲེལ་ལྟ་བུ་ཐེག་མཆོག་མཛོད་བརྗོད་བྱ་རྒྱ་ཆེ་ཞིང་གོ །སློངས་ཆེ་བས་རིམ་པའི་ཁང་པ་དྲུག་པ་མན་ཆད་ཀྱིས་གནད་དོན་མ་ལུས་པ་ཟབ་བཅུད་ལྟར་བསྡུས་ནས། གཞིའི་གནས་ལུགས་ལ་ཞུགས་པ་ལམ་དུ་གོམས་པས་འབྲས་བུའི་མངོན་གྱུར་གྱི་བར་ལམ་འཁྱེར་མང་ངག་གི་ཚུལ་དུ་བཤད་བ་ཚིག་དོན་རིན་པོ་ཆེ་འམ།


JL02_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་མཛོད་དུ་གྲགས་པ་རྡོ་རྗེའི་གནས་བཅུ་གཅིག་པ་སྟེ། དེ་དག་གིས་མཛོད་བདུན་གྱི་སྐོར་ཚོའི་ཆོས་ཀྱི་རྣམ་གྲངས་ཚང་ལ། གཞན་ཡང་སེམས་སྡེ་སྤྱིའི་དོན་བཤད་ཀུན་བྱེད་རྒྱལ་པོའི་དོན་འགྲེལ་ཉི་མའི་འོད་ཟེར། ཁྲིད་ཡིག་ནམ་མཁའ་ཀློང་གསལ། མན་ངག་གི་དོན་འབྲེལ་རང་གྲོལ་སྐོར་གསུམ་ཞེས། རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ། འགྲེལ་བ་འོད་ཀྱི་འཁོར་ལོ། ཁྲིད་ཡིག་ཆོས་སྐུ་རང་ཤར། རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ། འགྲེལ་བ་འོད་ཀྱི་སྙེ་མ། ཁྲིད་ཡིག་ཆོས་སྐུ་རང་བབས། རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ། འགྲེལ་བ་འོད་ཀྱི་དྲ་བ། ཁྲིད་ཡིག་ཆོས་སྐུ་ལྷུན་གྲུབ་རྣམས་དང་། ཀློང་སྡེ་སྤྱིའི་དོན་བཤད་ལ། ཀློང་གསུམ་སྤྱིའི་དོན་ཆིངས། ནམ་མཁའ་རབ་འབྱམས་འགྲེལ་བ་ཡངས་དོག་མེད་པའི་རྒྱ་གྲོལ། ཁྲིད་ཡིག་ཁྱབ་གདལ་ཀློང་ཡངས་རྣམས་དང་། མན་ངག་སྡེའི་སྤྱི་དོན། སྐུ་དང་ཡེ་ཤེས་རྒྱས་པ་ལྷུན་གྲུབ་སྙིང་པོ། འགྲེལ་བ་མི་ནུབ་རྒྱལ་མཚན། མཚོན་དཔེ་སྐུ་གསུམ་ལག་ཁྲིད། མན་ངག་དོན་འགྲེལ་ཀུན་འདུས་རིག་པའི་གལ་མདོ། ཀུན་གསལ་སྙིང་གི་དོན་འགྲེལ། བར་དོ་འོད་ཀྱི་སྙེ་མས་མཚོན་ཏེ། དེ་དག་རྣམས་ནི་རང་བཞིན་རྫོགས་པ་ཆེན་པོའི་ཕྱོགས་སུ་གཏོགས་པའི་མན་ངག་གི་རིམ་པ་ཡིན་ལ། ཁྱད་པར་སྙིང་ཐིག་གསང་བའི་སྐོར་གྱི་མན་ངག་རྣམས་ལ་སྨིན་གྲོལ་ལམ་གྱི་སྲོག་མ་ལུས་པ་བཞུགས་ཤིང་། མན་ངག་ཉམས་སུ་ལེན་པའི་ལམ་གྱི་མདོ་དོན་ཡིན་ལ། ཟབ་མོའི་མཛོད་ཆེན་བདུན་ལ་སོགས་པས་གྲུབ་པའི་མཐའ་རྣམ་པར་དབྱེ་ཞིང་ལམ་གྱི་གེགས་བསལ་བའི་རྒྱབ་བརྟེན་རྨད་དུ་བྱུང་བ་ཡིན་པས་རང་བཞིན་རྫོགས་པ་ཆེན་པོའི་བསྟན་པའི་རྩ་ལག་ཆེན་པོར་བསྐལ་བའི་བར་དུ་ནུབ་པ་མེད་པའི་བདག་པོའི་རྐྱེན་བསྟན་པ་འདི་འཛིན་པ་རྣམས་ཀྱིས་གཅེས་སྤྲས་ཀྱིས་བསྐྱང་དགོངས་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོ་དེས་ཐེག་པའི་མཆོག་ལ་བསྔགས་པར། འཛམ་བུའི་གླིང་ན་ཕྱིར་བས་མིའི་བསྒྲུབ་རྟེན། ཐེག་མཆོག་འདི་དང་མཚུངས་པ་གཞན་ཡོད་མིན། །དེ་ཕྱིར་དཔག་མེད་


JL02_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་མཛོད་འདི་ནི། །རྡོ་རྗེ་སྙིང་པོའི་བསྟན་པའི་སྲོག་ཤིང་ཡིན། །དཔལ་མགོན་བླ་མ་ཤིན་ཏུ་མཉེས་བྱས་བརྒྱུད་པའི་བྱིན་རླབས་སྤྲིན་ཕུང་ལྡན། །དབང་གི་ཆུ་བོ་རྒྱ་མཚོས་རྒྱུད་བརླན་བཤད་པའི་སྒྲོན་མེ་མ་ནུབ་ལ། ཟབ་ཅིང་རྒྱ་ཆེའི་མན་ངག་དང་ལྡན་སྙན་བརྒྱུད་སྙིང་པོ་བདག་ལ་བབས། །དེ་ཕྱིར་སྙིང་ཏིག་བཀའ་གསང་རྒྱ་ཆེའི་བསྟན་པ་དེ་གསང་ཁོ་བོས་འཛིན། རྒྱལ་བའི་འཛིན་བརྒྱུད་པ་མཉམས་ལ། སྙིང་པོའི་ལག་ལེན་མ་ནོར་མངོན་སུམ་པ། །ཇི་བཞིན་རྟོགས་པས་དེ་བཞིན་སྨྲ་བྱེད་པས། །རྒྱལ་བ་རྒྱ་མཚོ་དམ་ཅན་དགྱེས་སོ་ཀྱེ། །ཟབ་དོན་བདུད་རྩིའི་ཆུ་རྒྱུན་སྒྲེངས་པ་དང་། །མཉམ་དུ་ཉོན་མོངས་གདུང་བཞི་བྱེད་པས། །འཁོར་བའི་མེ་ཚོགས་འཕངས་པའི་འགྲོ་བ་ཀུན། །ཞི་བདེ་བསིལ་བའི་ལམ་ལ་འདྲེན་པ་ལགས། །འདི་ལ་ལྷ་དང་ལྷ་མིན་མི་རྣམས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀུན། །དགྱེས་པའི་སྤྱན་འབྱེད་བཟང་པོ་མཛད་པའི་རིགས། །ཞེས་པ་ལ་དོན་དཔག་ཏུ་མེད་པ་ཡོད་དོ། །དྲི་ལན་རིན་པོ་ཆེའི་བསྟན་བཅོས་མན་ངག་ལུང་གི་གཏེར་མཛོད་ཅེས་བྱ་བ་ལས། །རང་བཞིན་རྫོགས་པ་ཆེན་པོ་སྤྱི་དང་བྱེ་བྲག་གི་གྲུབ་པའི་མཐའ་རྣམ་པར་དབྱེ་བའི་སྐབས་ཏེ། སརྒ་བཞི་བའོ། །


previousརང་བཞིན་རྫོགས་པ་ཆེན་པོ་སྤྱི་དང་བྱེ་བྲག་གི་གྲུབ་པའི་མཐའ་རྣམ་པར་དབྱེ་བའི་སྐབས་ཏེ་སརྒ་བཞི་བ།next