Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


  expand section
  collapse section
   
   
   
   
   
   
བརྒལ་ལན་བྱེ་བྲག་ཏུ་བཤད་པའི་སྐབས་ཏེ་སརྒ་ལྔ་པ།
   


 
previousབརྒལ་ལན་བྱེ་བྲག་ཏུ་བཤད་པའི་སྐབས་ཏེ་སརྒ་ལྔ་པ།next

བརྒལ་ལན་བྱེ་བྲག་ཏུ་བཤད་པའི་སྐབས་ཏེ་སརྒ་ལྔ་པ།


JL02_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མདོ་སྔགས་ཀྱི་བསྟན་པའི་རྣམ་གཞག་སྤྱིར་གླེངས་ནས། ད་ནི་དོན་གཉིས་པ་ལ་བརྒལ་བའི་ལན་བྱེ་བྲག་ཏུ་བཤད་པ་ནི། སྤྱིར་བརྒལ་བརྟག་གི་རིགས་པས་ཆོས་ཀྱི་མཚན་ཉིད་ལ་བསྙད་པ་འདིས་མཁས་བླུན་གྱི་བྱེ་བྲག་ཕྱེད་ཅིང་བརྒལ་བྱའི་ཆོས་སམ་གང་ཟག་གི་རྒྱུད་ཇི་བཞིན་མངོན་དུ་དཔོགས་པ་ཐ་སྙད་དུ་སྨྲ་བ་རྣམས་ཀྱི་ཁྱད་པར་གྱི་ཆོས་སུ་འདུག་ནའང་། གསང་སྔགས་ཀྱི་ལམ་ལ་འདི་ལྟ་བུའི་ཚིག་ཚོན་པོ་ས་སྲང་མདོ་ཐམས་ཅད་དུ་ཁྱབ་ན་གསང་བ་སྒྲོག་པའི་ཉེས་དམིགས་ཆེ་ཞིང་བྱིན་རླབས་ཉམས་པར་འགྱུར་བས་དོན་གྱིས་མི་རིགས་པ་ཉིད་དུ་མཐོང་སྟེ། སྙིང་པོ་རྒྱན་ལས། འདུ་འཛིའི་ནང་དུ་གསང་བ་ཡི། །ཆོས་དང་མ་རྫོགས་སེམས་ཅན་དང་། །རྡོ་རྗེའི་ཚིག་ལ་རྩོད་པ་དག། སྔགས་པ་དམ་ཚིག་ཉམས་བྱེད་ལས། །འབད་དེ་ཀུན་


JL02_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མི་བྱའོ། །ཞེས་དང་། ཁྱད་པར་རྩོད་པའི་དུས་སུ་འདི་དག་ལ་བརྟེན་ནས་ཉོན་མོངས་པ་འཕེལ་ཞིང་། བསམ་གཏན་གྱི་ཚེར་མར་འགྱུར་བ་ལ་སོགས་པའི་ཉེས་པའི་ཕུང་པོ་མི་བཟད་པར་གྱུར་བ་མ་ཐོང་བས་གཞན་རྒྱུད་ལ། །གམ་པ་དང་། ཅོ་འདྲིའི་ལན་བྱ་བར་མ་ཁོམ་པས་ལྐུགས་པའི་ངང་ཚུལ་དུ་འདུག་པ་ལ་དགའ་ནའང་། འདིར་དེ་བཞིན་གཤེགས་པས་འཕགས་པ་སྤྱན་རས་གཟིགས་དང་ཤཱ་རིའི་བུ་བྱིན་གྱིས་བརླབས་ཏེ། ཤེས་རབ་སྙིང་པོའི་མན་ངག་འདྲི་བ་དང་ལན་ལྡོན་པའི་ཚུལ་དུ་བྱུང་བ་ལྟར། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་བདག་ཅག་ལ་བྱིན་རླབས་ཀྱི་རྣམ་པར་འཁྲུལ་བར་བལྟས་ཏེ་གཞུང་དོན་སྔོན་དུ་བཀོད་ནས་ནེམ་ནུར་གྱི་ཆོས་ཉིད་ལ་མཚང་རྒོལ་བས་མཐའ་གཅོད་གེགས་སེལ་གྱི་ཚུལ་དུ་ཞར་བྱུང་ལྟ་བུར་གླེང་བའི་བྱ་བ་འཇུག་པར་དམ་བཅའོ། །དེ་ལ་དྲི་བའི་ཐོག་མ་རུ། །ཇི་ལྟར་སྣོད་བཅུད་འཇིག་རྟེན་འདི། །དོན་དམ་འམ་ནི་ཀུན་རྫོབ་ཉིད། །དོན་དམ་ཡིན་ན་འགྱུར་བ་ཅན། །ཀུན་རྫོབ་ཡིན་ན་དང་པོ་དྲང་། །ཀུན་རྫོབ་བསྐྱེད་གཞི་གང་ལས་བྱུང་། །དེ་ལ་མཚན་ཉིད་མེད་ཅེ་ན། །མཚན་ཉིད་མེད་དང་ཀུན་རྫོབ་འགལ། །ཞེས་གསུངས་དེ་ཡི་ལན་བརྗོད་པ། །བརྟན་གཡོའི་རང་བཞིན་འཇིག་རྟེན་བསམ། །རྗོད་བྱེད་ཚིག་གི་རྣམ་འགྱུར་ལ། །ཀུན་རྫོབ་དང་ནི་དོན་དམ་གཉིས། །གང་དུ་བཏགས་ཀྱང་འགལ་བ་མེད། །དང་པོ་ལྟར་ན་འདི་ལྟར་རོ། །རྟོག་པས་བཏགས་པའི་སྣང་ངོ་ལ། །ཆགས་འཇིག་གནས་སྟོངས་རྣམ་པ་བཞིའི། །འཕྲུལ་བའི་རང་གཟུགས་རྒྱུན་མི་འཆད། །བསྐྱེད་བཞི་སངས་རྒྱས་སྨོན་ལམ་དང་། །སེམས་ཅན་རྣམས་ཀྱི་ལས་ཉིད་ལས། །ཞིང་ཁམས་གྲུབ་ཚུལ་གཉིས་སུ་ཡོད། །སྒྲོན་བསྐལ་དང་ནི་མུན་བསྐལ་ལོ། །ཕྱི་མ་ལྟར་ན་གཟོད་མ་ནས། །གཞི་རྩ་བྲལ་བའི་རང་ངོ་ལ། །སྐྱེ་ཞིང་མཆེད་པའི་མིང་མེད་པས། །སྣོད་བཅུད་རང་རང་ངོ་བོས་སྟོང་། །དེ་ལ་འགྱུར་བའི་དངོས་པོ་མེད། །འགལ་གྲུབ་བརྗོད་པའི་མཁན་པོ་སུ། །དེ་བཞིན་


JL02_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་གཉིས་པ་ལ། །སངས་རྒྱས་ཐོག་མཐའ་ཡོད་དམ་མེད། །ཡོད་ན་མེད་ཅེས་བཀའ་ལས་གསུངས། །མེད་ན་དཔག་མེད་འབྱོན་པ་ཅི། །ཞེས་གསུངས་དེ་ཡི་ལན་བརྗོད་པ། །འཇམ་དཔལ་སྒྱུ་འཕྲུལ་དྲུ་བ་ལས། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་པས་ཐོག་མཐའ་མེད་པར་བསྟན། །ཐོག་མཐའ་མེད་པར་བཤད་པ་དེ། །བསམ་གྱིས་མི་ཁྱབ་སྤྱོད་ཡུལ་ལས། །འབྱོན་པར་བཀག་པའི་དམ་བཅའ་མིན། །ཡབ་སྲས་མཇལ་བའི་མདོ་ལས་ཀྱང་། །དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱེད། །སངས་རྒྱས་མང་པོ་སྟོན་པར་མཛོད། །ཅེས་གསུངས་རྣམ་པར་དཔྱོད་པའི་བློས། །དྲི་བ་འདི་ལ་ལན་གདབ་ན། །རྩོད་པའི་གཞི་རུ་འགྱུར་ན་ཡང་། །རེ་ཞིག་འདིར་ནི་བཏང་སྙོམས་བཞག། །དེ་བཞིན་དྲི་བ་གསུམ་པ་ལ། །འགྲོ་བ་ཀུན་གྱི་སེམས་ཉིད་འདི། །གཅིག་གམ་འོན་ཏེ་ཐ་དད་ཉིད། །གཅིག་ན་རིགས་དྲུག་སོ་སོ་ཡི། །སྣང་ཚུལ་བག་ཆགས་རིགས་མི་མཐུན། །མི་གཅིག་སྐྱེ་བ་གནས་འཕོས་ཀྱང་། །ལྷ་ལའང་དམྱལ་སེམས་ཡོད་པར་འགྱུར། །ཅེས་གསུངས་དེ་ལ་ལན་གདབ་པ། །འགྲོ་བ་སེམས་ཅན་མཐའ་དག་གི། །ཀུན་གཞིའི་ངོ་བོ་གཉིས་མིན་ཏེ། །འཕེན་པའི་རླུང་གིས་རྟ་བྱས་ཏེ། །ལུང་མ་བསྟན་དུ་གཡོས་པའི་སེམས། །བག་ལ་ཉལ་གྱི་རང་བཞིན་ལ། །ལས་དང་བག་ཆགས་ཐ་དད་ཆགས། །དེ་ཡིས་རིགས་དྲུག་སོ་སོར་གྲུབ། །དཔེར་ན་ནམ་མཁའ་སྟོང་པའི་ངང་། །ཁང་མཛེས་བུམ་པ་ལ་སོགས་ཀྱི། །ནང་གི་སྟོང་ཆ་གཅིག་མོད་ཀྱང་། །གུང་དུ་བཅས་པའི་རྟེན་འབྲེལ་གྱིས། །ཐ་དད་ཉིད་དུ་གྱུར་དང་མཚུངས། །དེ་ཕྱིར་ངོ་བོ་རང་བཞིན་གྱི། །རྣམ་དབྱེ་ཕྱེད་པ་གནད་དུ་ཟབ།


JL02_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་བཞི་པ་འདི་སྐད་དོ། །སེམས་ཅན་གསར་སྐྱེས་ཡོད་དམ་མེད། །ཡོད་ན་འཁོར་བ་མཐའ་ཅན་འགལ། །མེད་ན་གང་ཟག་དཔག་མེད་པ། །གྲོལ་ཙམ་སེམས་ཅན་ཉུང་གྲོལ་རིགས། །དེ་ཡི་ལན་དུ་འདི་བརྗོད་དོ། །ཇི་སྲིད་ནམ་མཁས་གང་ཁྱབ་པ། །སེམས་ཅན་རྣམས་ཀྱི་ཁམས་ཀྱིས་ཁྱབ། །དེ་སྲིད་རྒྱལ་བའི་ཐུགས་རྗེས་ཁྱབ། །འགྲོ་བས་ཁྱབ་པའི་ཡུལ་ཀུན་ཏུ། །ལས་དང་ཉོན་མོངས་སྡུག་བསྔལ་གྱིས། །རྣམ་པར་ཁྱབ་པ་འཁོར་བའི་ཆོས། །དེ་ཕྱིར་འདི་འདྲའི་དགག་བསྒྲུབ་ནི། །བྱ་ལོང་ནམ་མཁའི་མཐའ་ཚོལ་འདྲ། །རྒྱུད་རྒྱལ་གསང་བའི་སྙིང་པོ་ལས། །ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་རང་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིང་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པའོ། །བཅིང་མེད་རྣམ་པར་གྲོལ་མེད་པ། །ཞེས་གསུངས་དེ་ཕྱིར་རིག་པའི་དབྱིངས། །མཚུངས་ལྡན་ལྷན་སྐྱེས་མ་རིག་པས། །བསྒྲིབ་དང་སྒྲིབ་བྱེད་དག་པ་ལ། །རང་ངོར་འཁྲུལ་གྲོལ་ཐ་སྙད་བཏགས། །སྤྱི་ཚན་འཁོར་བ་ཐོག་མཐའི་ཚད། །རྒྱལ་བའི་ལྗགས་ཀྱིས་ཀྱང་བརྗོད་དཀའ། །སྔོན་ཚེ་ཐུབ་པའི་དབང་པོ་ལ། །འཁོར་བའི་ཐོག་མཐའ་ཞུས་པ་ན། །ཅང་མི་གསུང་བས་ལན་བཏབ་བོ། །འོན་ཀྱང་དགེ་སྡིག་ལས་འབྲས་ཀྱིས། །ཕན་གནོད་མེད་པ་མ་ཡིན་ཏེ། །ཚོགས་གཉིས་བསགས་པའི་ནུས་མཐུ་ལས། །ལས་དང་ཉོན་མོངས་ཉེར་ཟད་ཅིང་། །སྟོང་ཉིད་ཀློང་དུ་གྱུར་བའི་ཚེ། །རང་ངོར་འཁོར་བ་གཏན་སྟོངས་ཡིན། །དེ་ཕྱིར་འདི་འདྲ་ཤེས་འདོད་ན། །མང་པོ་འདི་འདྲ་མི་སྨྲ་བར། །དུས་གསུམ་རྟོག་པ་ཁ་ཡན་ཏུ། །གློད་དེ་འོད་གསལ་ངང་ལ་ཞོག། འཁོར་བའི་ཐོག་མཐའ་འཇིག་པ་ལ། །ཐེ་ཚོམ་མེད་པ་ཁོ་བོས་རྟོགས། །ཞེས་སོ། །དེ་ནས་དྲི་བ་ལྔ་པ་རུ། །ཀུན་གཞི་ཡེ་ཤེས་གཅིག་མི་གཅིག །གཅིག་


JL02_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ན་སངས་རྒྱས་སེམས་ཅན་འགྱུར། །དང་པོ་ཀུན་གཞིའི་རྒྱུ་ཡོད་ཕྱིར། །མི་གཅིག་འཁོར་འདས་ཀུན་གྱི་གཞིར། །བཤད་པ་དེ་ཉིད་འགལ་བར་འགྱུར། །ཅེས་བརྒལ་དེ་ལན་སྤྱི་དང་ནི། །བྱེ་བྲག་གཉིས་སུ་གདབ་པ་ལ། །ཐུན་མོང་ཁ་ཅིག་འདི་སྐད་དུ། །ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །མྱ་ངན་འདས་པའི་གཞི་མའང་ཡིན། །ཞེས་པའི་རྗོད་བྱེད་ལ་འཁྲུལ་ནས། །ཀུན་གཞི་ཆོས་སྐུར་འདོད་ན་ཡང་། །མདོ་སྡེ་སྟུག་པོ་བཀོད་པ་ལས། །ཟླ་བའི་དཀྱིལ་འཁོར་རྣམ་དག་པ། །རྟག་ཏུ་དྲི་མེད་ཡོངས་གང་ཡང་། །ཆོས་ཀྱི་དབང་གིས་འཇིག་རྟེན་ན། །ཟླ་བ་སྐྱེ་འབྲིར་རྣམ་པར་རྟོག། དེ་བཞིན་དོན་གྱི་ཀུན་གཞི་ཡང་། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པས་བསྟན་པར་མཛད། །དེ་ཉིད་མི་ཤེས་བྱིས་པ་རྣམས། །བག་ཆགས་དབང་གིས་ཀུན་གཞི་ཡང་། །བདེ་དང་སྡུག་བསྔལ་སྣ་ཚོགས་དང་། །ལས་ཞེས་ཀུན་ནས་ཉོན་མོངས་མཐོང་། །རང་བཞིན་དག་ཅིང་དྲི་མ་མེད། །ཡོན་ཏན་ཡིད་བཞིན་ནོར་བུ་འདྲ། །འཕོ་བ་མེད་ཅིང་འགྱུར་བ་མེད། །དེ་ལྟར་ཡོངས་ཤེས་རྣམ་པར་གྲོལ། །ཅེས་གསུངས་དེ་ཕྱིར་འཆིང་གྲོལ་གྱི། །རྣམ་པས་ཀུན་གཞི་གནས་འགྱུར་བ། །ཡེ་ཤེས་ཉིད་དུ་བཤད་པའི་ཕྱིར། །ཀུན་གཞི་ཆོས་སྐུར་འདོད་པ་ནི། །ལམ་དང་བྲལ་བའི་རྨོངས་པ་ཡིན། །ཐུན་མོང་མ་ཡིན་རྒྱུད་སྡེའི་སྙིང་། །རང་བཞིན་རྫོགས་པ་ཆེན་པོ་ནས། །ལན་གྱི་རིམ་པ་འདི་ལྟར་གདབ། །རིག་པ་རང་ཤར་རྒྱུད་སྡེ་ལས། །ལ་ལ་ཀུན་གཞི་ཆོས་སྐུར་འདོད། །དེ་ལ་ལན་གདབ་བསྟན་པའི་ཕྱིར། །ཀུན་གཞིའི་མཚན་ཉིད་འདི་ལྟར་ཡིན། །དེ་ནས་དེ་ཡི་ལན་སྨྲས་པ། །ཐམས་ཅད་རྫོགས་ཕྱིར་ཀུན་གཞི་ཡིན། །དེ་ནས་དྲིས་པའི་ཚིག་གིས་ལྡོག། སངས་རྒྱས་འགྱུར་བ་ཡོད་པར་རིགས། །ཀུན་གཞི་སྣ་ཚོགས་འཆང་བའི་ཕྱིར། །དེ་ལས་ཐམས་ཅད་རྫོགས་པའི་ཕྱིར། །སངས་རྒྱས་ཉིད་དུ་སེམས་ཅན་རིགས། །


JL02_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཕྱིར་ཐམས་ཅད་རྫོགས་པའི་ཕྱིར། །ཡང་ན་རེས་འཇོག་ཅན་དུ་འགྱུར། །ཅེས་སོགས་བརྒལ་ལན་ཚུལ་གྱིས་མཐར། །ཀུན་གཞི་རྣམ་རྟོག་འཛིན་པ་ལ། །སྣ་ཚོགས་འཁྲུལ་བའི་ཤེས་པས་བསླད། །ཀུན་གཞི་མ་རིག་དངོས་པོ་ཡིན། །ཞེས་པས་མ་རིག་ཀུན་གཞི་དང་། །རིག་པ་ཡེ་ཤེས་སྙིང་པོ་ཅན། །ཐ་དད་ནང་ནས་རྫས་འགལ་དང་། །ལན་ཅིག་མིན་པར་བསྟན་ནས་ཀྱང་། །རྒྱ་མཚོ་དང་ནི་གྲུ་བ་ཡི། །དཔེར་བརྗོད་ཉིད་ཀྱིས་གསུངས་པའི་དོན། །འགྲེལ་ཚུལ་རྣམས་གྲངས་མང་ན་ཡང་། །གྲུབ་མཐའ་རྒྱ་མཚོའི་མཐར་སོན་ཞིང་། །ལུང་དང་རིག་པའི་སྙིང་པོ་ཅན། །ཀུན་བཟང་དགོངས་པའི་རྒྱལ་སྲིད་ལ། །མངའ་དབང་བསྒྱུར་བའི་ཐམས་ཅད་མཁྱེན། །སྲིད་ན་འགྲན་གྱིས་ཟླ་བྲལ་བ། །ཀློང་ཆེན་རབ་འབྱམས་འདི་ལྟར་བཞེད། །ཆོས་སྐུ་གདོད་ནས་དག་པ་ལ། །དྲི་མ་ཡོད་དུ་མ་མྱོང་བས། །དབྱིངས་ཀྱི་རང་བཞིན་རྒྱ་མཚོ་མཚུངས། །དེ་རུ་བཙན་ས་ཟིན་གྱུར་ན། །དག་པ་ཉིས་ལྡན་སངས་རྒྱས་ཡིན། །ཀུན་གཞིའི་ཁམས་ནི་རྒྱ་མཚོའི་སྟེང་། །ཚོང་པ་གྲུ་ནང་ཞུགས་པ་ལྟར། །ཐོག་མའི་དབྱིངས་ལས་འཁྲུལ་བའི་དུས། །མ་རིག་བག་ཆགས་རྟེན་གཞི་རུ། །གནས་པ་གྲུ་བོ་དེ་ལས་ནི། །སེམས་དང་སེམས་བྱུང་ལས་བག་ཆགས། །འཁྲུལ་བ་མི་ཡིས་གང་བ་འདྲ། །དེ་དག་རྣམ་གྲངས་ཐ་དད་ཀྱང་། །ཤེས་པ་གཅིག་གི་སྔོག་ཆ་ལས། །གཞན་དུ་མ་ཡིན་འདི་ལྟ་སྟེ། །རིག་པ་དྲི་མེད་ཆོས་སྐུ་ཡི། །ངོ་བོ་དུས་དང་རྣམ་པ་ཀུན། །མཐར་ཐུག་གྲོལ་བའི་གཞིར་ཡོད་ལ། །གཉིད་དུ་མ་སོང་གནས་སྐབས་འདྲ། །ཀུན་གཞིའི་གནས་ལུགས་གཉིད་ལྟ་བུ། །མེད་བཞིན་སྣང་བའི་འཁྲུལ་སྣང་ཆོས། །རྨི་ལམ་སྣ་ཚོགས་འཆར་བའི་རྟེན། །ཡིན་པ་བཞིན་དུ་བཞེད་པ་ཡིན། །དབྱེ་ན་གདོད་མའི་ཀུན་གཞི་དང་། །སྦྱོར་བ་དོན་གྱི་ཀུན་གཞི་དང་། །བག་ཆགས་ལུས་ཀྱི་ཀུན་གཞི་དང་། །བག་ཆགས་སྣ་ཚོགས་ཀུན་


JL02_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་སྟེ། །རྣམ་པ་བཞི་རུ་བཤད་མོད་ཀྱི། །དེ་ཡི་རང་བཞིན་ཤེས་འདོད་ན། །རྫོགས་པ་ཆེན་པོའི་རྒྱུད་སྤྱི་དང་། །རིག་འཛིན་རྣམས་ཀྱི་བཤད་ཏིག་དང་། །ཀུན་གྱི་དོན་འགྲེལ་ཐེག་པའི་མཆོག། རཏྣ་ཀོ་ཤའི་རིམ་པའི་ཁང་། །བཅུ་བཞི་པ་ལས་རྟོགས་པར་བྱ། །དེ་བཞིན་དྲི་བ་དྲུག་པ་ལ། །རྟོགས་དང་མ་རྟོག་ཡིན་ཞེ་ན། །རྟོགས་ཀྱང་མ་རིག་ས་བོན་ཡོད། །ས་བོན་ངོ་བོ་མི་འགྱུར་ཕྱིར། །ཞེས་འདུག་དེ་ཡི་ལན་བརྗོད་པ། །མང་པོ་མང་པོ་མི་སྨྲ་སྟེ། །ཕལ་ཆེར་གོང་གི་རིགས་པས་ཤེས། །འོན་ཀྱང་མཚུངས་པའི་དཔེ་བརྗོད་ན། །ས་བོན་ངོ་བོ་མི་འགྱུར་བས། །རྣམ་པ་འགྱུར་བར་མི་སྲིད་ན། །སོལ་བར་ཤིང་གི་མིང་ཐོགས་ལ། །ཁང་མཛེས་དག་གི་ཀ་བར་ཚུགས། །ལྕགས་རྡོར་རལ་གྲིའི་མིང་ཐོགས་ལ། །ལྗོན་ཤིང་ཆེན་པོའི་རྩ་བ་ཆོད། །རྫི་བོར་བླ་མའི་མིང་ཐོགས་ལ། །ཐོས་བསམ་སྒོམ་པའི་སྟོབས་རྩལ་ཕྱུང་། །དེ་སོགས་རིགས་པ་དཔག་མེད་པ། །བསྒྲེ་རུ་ཡོད་ཀྱང་ཤ་ཐང་ངོ།། །།དྲི་བ་བདུན་པར་འདི་སྐད་དུ། །རྣམ་རྟོག་ཆོས་སྐུ་གཅིག་གམ་ཐ་དད། །གཅིག་ན་རྣམ་རྟོག་གློ་བུར་ཏེ། །སངས་རྒྱས་དུས་ན་རྟོག་བྲལ་ཉིད། །མི་གཅིག་འཁོར་འདས་རྒྱུ་མི་གཅིག། ཅེས་གསུངས་དེ་ཡི་ལན་བརྗོད་པ། །རྣམ་རྟོག་ཆོས་སྐུ་མ་ཡིན་པས། །རྣམ་རྟོག་ཉིད་དུ་མིང་གིས་གྲུབ། །རྣམ་རྟོག་ཆོས་སྐུ་དངོས་ཡིན་ན། །ཐ་དད་ཉིད་དུ་སུ་ཡིས་གདགས། །འོན་ཀྱང་སེམས་ཅན་བློ་མང་བ། །དེ་སྲིད་གྲུབ་མཐའ་ཆོས་མང་བས། །རྣམ་རྟོག་ཆོས་སྐུར་འདོད་པ་ཡི། །སྡེ་ཚན་འདུག་སྟེ་ཅང་མི་སྨྲ། །རང་ལུགས་རྫོགས་པ་ཆེན་པོ་ལ། །ཐ་མལ་རྣམ་རྟོག་གཟུང་འཛིན་ཅན། །ཆོས་ཀྱི་སྐུ་རུ་མི་འདོད་དེ། །ཅི་ཕྱིར་ཀུན་བྱེད་རྒྱལ་པོ་ལས། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་ཡིན། །ཞེས་གསུངས་དེ་ཕྱིར་ཆོས་ཀྱི་དབྱིངས། །མཐའ་བྲལ་མེ་ལོང་ལྟ་བུའི་རོགས། །


JL02_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་ཡུལ་གྱི་གཟུགས་བརྙན་ཅན། །རྣམ་གྲོལ་ཐབས་ཀྱིས་མ་ཟིན་ན། །སྲིད་པར་འཇུག་པའི་རྒྱུ་ལས་ཅི། །འོན་ཀྱང་ཀུན་བརྟགས་མ་རིག་པའི། །ཉེ་བར་ལེན་པས་མཚམས་སྦྱར་ཏེ། །ཡུལ་དང་ཡུལ་ཅན་ཕྱེ་བ་ལས། །གཞན་ནས་བྱུང་བ་མ་ཡིན་པས། །རྩལ་ལམ་རོལ་པ་ཉིད་དུ་འདོད། །དེ་སྐད་དུ་ནི་ཀུན་གསལ་ལས། །རང་རིག་རང་གསལ་མཉམ་གཞག་དུས། །དེ་ལས་ཡོངས་པ་རྗེས་ཐོབ་དུས། །དུག་ལྔ་ལངས་པ་རྣམ་རྟོག་དུས། །དེ་གསུམ་ཆོས་སྐུར་མི་འབྲལ་བ། །སྤྱོད་པའི་ལ་ཟློས་ཡིན་པར་བཤད། །ཅེས་གསུངས་དེ་ཕྱིར་རྣམ་རྟོག་གི། །རང་བཞིན་ཤེས་དང་མ་ཤེས་དང་། །འཛིན་པ་དག་དང་མ་དག་གིས། །བྱེ་བྲག་ཕྱེད་པར་མ་གྱུར་ན། །བོང་བ་གསེར་དུ་འཁྲུལ་བ་ལྟར། །རྣམ་རྟོག་ཆོས་སྐུར་རེ་བས་བསླུ། །ཇི་ལྟར་བུ་རམ་ཉིད་ཀྱི་རོ། །མྱོང་བས་ཤེས་ཀྱི་བལྟས་པས་མིན། །དེ་ཕྱིར་འདི་འདྲའི་བརྗོད་དོན་ནི། །བརྗོད་བྱ་བའི་བཞིན་མ་མཐོང་བས། །རྟོག་པས་བཏགས་པའི་གྲུབ་པའི་མཐའ། །ཇི་ཙམ་འདུག་པ་མཁྱེན་ལགས་སམ། །ཚུལ་འདིས་ལམ་གྱི་གནས་སྐབས་སུ། །སྒོམ་ཆེན་མང་པོ་བསླུས་མཐོང་ནས། །རང་གི་རྒྱུད་ལ་མྱོང་བའི་ཚུལ། །ཚད་མའི་ལུང་གིས་རྒྱབ་སྐྱོར་ནས། །ཞིབ་མོར་བརྗོད་པའི་གཏན་ཚིག་ནི། །དཔལ་གྱི་མཆིམས་ཕུའི་ནགས་སུ་བཀོད། །མིང་ལ་ཀུན་མཁྱེན་ཞལ་ལུང་གྲགས། །དོན་ལ་རྟོགས་པའི་འདྲ་འབག་ཡིན། །དེ་ལྟ་མོད་ཀྱི་དེང་གི་དུས། །རྒྱལ་བསྟན་ནུབ་རིའི་ཕག་ཏུ་ཡིབས། །བསྟན་པ་སྡེ་དང་སྟོབས་ལ་རེ། །བསྟན་སྙིང་ཁེ་དང་གྲགས་པར་རློམ། །དྲང་ངེས་ལྡེམ་དགོངས་མི་ཤེས་པར། །གཡོ་དང་སྒྱུ་ཡིས་འགྲོ་བ་འདུལ། །གསང་བཅུའི་དམ་ཚིག་ཁྲོམ་ལ་གྱེར། །ཐོས་བསམ་སྒོམ་པའི་བྱ་བ་དང་། །ལུང་དང་རྟོགས་པའི་ཡོན་ཏན་ལས། །ལྷ་མཐོང་འདྲེ་མཐོང་སྨྲས་ན་དགའ། །དུས་ངན་འདི་འདྲ་ཤར་བའི་ཚེ། །མཉམ་པར་གཞག་ན་མི་འཐད་དམ། །


JL02_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པར་གོང་གི་བརྗོད་འཕྲོས་སུ། །དེ་ཡང་རྟོགས་མ་རྟོགས་ཡིན་ན། །རྣམ་རྟོག་འཁྲུལ་པ་དག་པའི་ཚེ། །ཆོས་སྐུ་ཉིད་ཀྱང་མེད་དག་པས། །གཟུགས་སྐུ་ཉིད་ཀྱིས་འགྲོ་དོན་མེད། །ཅེས་དྲི་ལན་དུ་འདི་སྐད་དོ། །རྣམ་རྟོག་འཁྲུལ་པ་དག་པའི་ཚེ། །ཆོས་སྐུ་ཉིད་ཀྱང་མེད་སྨྲ་ན། །ཡེ་ཤེས་འཆར་གཞིའང་འགག་པའི་ཕྱིར། །དེ་འདྲའི་ཆོས་སྐུ་ཉམས་རེ་མཚར། །འཇིག་ཚོགས་སུམ་བརྒྱ་དྲུག་ཅུ་སྟེ། །ཕྱིན་ཅི་ལོག་གི་ཐེག་པ་ལ། །རྟག་ཆད་གཉིས་སུ་གྲགས་པ་ཡི། །རྒྱང་འཕེན་པ་དང་ཁྱད་པར་ཅི། །དེ་དག་ད་ལྟའི་མཐོང་ཆོས་ཀྱི། །བདེ་དང་སྡུག་བསྔལ་ཙམ་མ་གཏོགས། །སྔ་ཕྱིའི་ཚད་དང་ལས་འབྲས་ཆོས། །ཐར་བ་གྲོལ་བ་ལ་སོགས་པ། །གང་ཡང་མེད་པའི་ཕྱང་ཆད་ཡིན། །དེ་ཕྱིར་ཤེས་བྱའི་ཡེ་ཤེས་གཉིས། །སངས་རྒྱས་པ་ཡི་ཁྱད་ཆོས་ཡིན། །རྫོགས་ཆེན་རྒྱུད་ལས་འདི་སྐད་དུ། །ཤེས་བྱའི་ཡེ་ཤེས་གཉིས་མེད་ན། །བེམ་པོ་རྣམས་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱང་ཆད་དུ། །འདི་ཉིད་འགྱུར་བ་ཁོ་ནའོ། །ཞེས་གསུངས་དེ་ཕྱིར་རྟོག་པ་དང་། །བྲལ་ཡང་རང་བཞིན་འོད་གསལ་བའི། །ཆ་ལས་གཟུགས་སྐུའི་འགྲོ་དོན་འབྱུང་། །ཅི་ཕྱིར་ངོ་བོ་ཀ་དག་དབྱིངས། །ཡོད་མེད་མཐའ་ལས་རྣམ་གྲོལ་ཀྱང་། །དེ་ཡི་རང་བཞིན་ལྷུན་གྲུབ་ཆ། །ཡེ་ཤེས་ཆེན་པོར་རྟག་བཞུགས་པས། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །འགྲོ་དོན་ཕྲིན་ལས་རྒྱུན་མི་འཆད། །དེ་ཚུལ་ཤེལ་དང་ཉི་འོད་ཀྱི། །དཔེ་ཡིས་ཤིན་ཏུ་གོ་སླ་བར། །མཛོད་ཆེན་བདུན་ནས་ལན་མང་དུ། །གསུངས་པ་ཉིད་ལ་བལྟ་བར་བྱོས། །དྲི་བ་དགུ་བར་འདི་སྐད་དོ། །སྐུ་གསུམ་ངོ་བོ་གཅིག་མི་གཅིག། གཅིག་ན་ཆོས་སྐུ་ལོངས་སྐུ་གཉིས། །འགྲོ་བ་ཀུན་གྱིས་མཐོང་བར་རིགས། །མི་གཅིག་སངས་རྒྱས་བཟང་ངན་འགྱུར། །ཅེས་དྲི་ལན་ནི་འདི་ལྟར་རོ། །སྐུ་གསུམ་ངོ་བོ་ཐ་དད་ན། །


JL02_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དང་ལམ་དང་འབྲས་བུའི་ཆོས། །ཇི་སྙེད་བསྟན་པའང་དོན་ཡོད་མིན། །དེ་ཕྱིར་མུ་ཏིག་ཕྲེང་བ་ལས། །སྐུ་གསུམ་སངས་རྒྱས་ཉག་གཅིག་པོ། །ཡེ་ཤེས་མཚན་ཉིད་ལྔ་ལྡན་ཉིད། །འདུག་ཚུལ་ཤེས་བྱའི་བབས་ཀྱིས་གྲུབ། །ཅེས་གསུངས་དེ་ཡི་རང་བཞིན་ནི། །ནང་གསལ་འཆར་གཞི་ཆོས་ཀྱི་སྐུ། །ཕྱིར་གསལ་གདུལ་བྱའི་སྣང་ངོ་རུ། །ལོངས་སྤྲུལ་འཆར་བས་དོན་མཛད་པ། །བྱང་དང་དེ་ཡི་གཟུགས་བརྙན་བཞིན། །གདུལ་བྱ་འདུལ་ཕྱིར་སྣང་བའི་ཕྱིར། །མི་སློབ་ལམ་གྱི་སྣང་བར་འདོད། །ཀུན་ཀྱང་རྣམ་བྱང་ཆེན་པོའི་ཆོས། །རིག་པའི་རོལ་པར་རོ་གཅིག་ཀྱང་། །སྣང་ཚུལ་ངོ་བོ་ཐ་དད་པ། །གདུལ་བྱ་ཀུན་གྱི་མིག་ཤེས་ལ། །སྣང་བའི་ཡུལ་དུ་མ་གྱུར་ཏོ། །ཚུལ་འདི་ཤིན་ཏུ་གནད་ཆེ་བས། །དྲི་གཞིར་འགོད་པའང་ངོ་མཚར་གནས། །རང་བཞིན་རྒྱས་པར་ཤེས་འདོད་ན། །ཐེག་མཆོག་རཏྣ་ཀོ་ཤ་ཡི། །རིམ་ཁང་ཐ་མར་རྟོགས་པར་བྱ།། །།དེ་ནས་དྲི་བ་བཅུ་པ་རུ། །རྒྱལ་བ་དགོངས་པའི་བརྒྱུད་པ་ལ། །ཚིག་དང་ཡི་གེ་ཡོད་དམ་མེད། །མེད་ན་རྒྱུད་རྣམས་གང་ནས་བྱུང་། །ཡོད་ན་དགོངས་པའི་བརྒྱུད་དང་འགལ། །ཞེས་དྲི་ལན་དུ་འདི་ལྟར་རོ། །སྤྱིར་ནི་ཆོས་རྣམས་ཐམས་ཅད་ཀུན། །དགོངས་པའི་བརྒྱུད་ལས་ཡོངས་མི་འདའ། །སྟོན་མཆོག་རྫོགས་པའི་སངས་རྒྱས་ཀྱིས། །རིགས་ཅན་གསུམ་གྱི་རྣམ་རྟོག་ལ། །དགོངས་ནས་ཐེག་པ་གསུམ་བསྟན་ཡང་། །དོན་ལ་ཚིག་གཅིག་གསུང་བ་མེད། །མདོ་སྡེ་ཡོན་ཏན་བཀོད་པ་ལས། །ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་བདལ་སྣང་། །ཞེས་སོ་དེ་ཡི་ངོ་བོ་ནི། །གང་གི་དགོངས་པའི་ཐུགས་རྗེའི་འོད། །ཉན་པ་པོ་ཡི་རྣམ་རིག་ལ། །བྲག་ཅ་བཞིན་དུ་གསལ་བ་ཡིན། །དེ་ཡི་རྒྱུ་མཚན་རྒྱུད་བླ་མར། །ཇི་ལྟར་སྒྲ་བརྙན་གྱིས་ནི་འདྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་


JL02_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །ཕྱི་དང་ནང་ནའང་གནས་མ་ཡིན། །ཞེས་སོ་དེ་ཕྱིར་སངས་རྒྱས་ཀྱི། །དགོངས་པས་བསྟན་པའི་ཆོས་ཡིན་ཀྱང་། །གདུལ་བྱའི་བློ་ལ་ཚིག་ཏུ་སྣང་། །དེ་ཡང་གཅིག་ཏུ་མ་ངེས་ཏེ། །བསམ་གྱིས་མི་ཁྱབ་རང་བཞིན་ཅན། །དེ་ཕྱིར་གསང་སྔགས་སྔ་འགྱུར་གྱི། །དགོངས་བརྡའི་བརྒྱུད་ལ་ཡིད་གཉིས་བློས། །ཅ་ཅོ་སྒྲོལ་བའི་རྟོག་ཅན་རྣམས། །ད་དུང་ཆོས་ཀྱི་མི་བསྒྲུབ་ལ། །ངན་འགྲོའི་ལམ་ལས་མི་ལྡོག་གམ། །བྱེ་བྲག་རྒྱུད་ཀྱི་བྱུང་ཚུལ་ནི། །ཆོས་སྐུས་རང་གི་ངོ་བོས་གསུངས། །མཚོན་བྱ་དོན་གྱི་རྒྱུད་ཅེས་བྱ། །དེ་ལ་ཚིག་དང་ཡི་གེ་མེད། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །ཐབས་ཀྱི་རྒྱུད་དང་རང་བཞིན་རྒྱུད། །དོན་ལ་གཉིས་སུ་མ་ཡིན་ཏེ། །རྒྱུད་རྒྱལ་མུ་ཏིག་ཕྲེང་བ་ལས། །གཞི་གཅིག་ངོ་བོའི་ཁྱད་པར་ལས། །ཐབས་དང་རང་བཞིན་རྒྱུད་ཅེས་ནི། །བཏགས་པ་ཙམ་དུ་དེ་སྣང་ཡང་། །ངོ་བོ་གཞི་གཅིག་རང་བཞིན་སྟོང་། །ཐ་དད་མ་ཡིན་འགྱུར་བ་མེད། །དཔེར་ན་སྐྱེས་བུ་གང་ཞིག་ལ། །མིང་ནི་མང་པོ་ཡོད་གྱུར་ན། །གང་ནས་བོས་ཀྱང་དེ་ལྟར་སྣང་། །འགྱུར་མེད་དོན་ཀྱང་དེ་བཞིན་ནོ། །ཞེས་གསུངས་དེ་ནི་འགྲོ་ཀུན་ལ། །ཁྱབ་པའི་རང་རིག་བྱང་ཆུབ་སེམས། །རྟག་པར་གནས་པས་རྒྱུད་དུ་བསྟན། །ལོངས་སྐུས་གསལ་དག་ཕྱེད་པར་གསུངས། །དེ་ཡང་ལྡགས་ལས་མ་ཡིན་ཏེ། །ཡེ་ཤེས་རང་སྣང་ཉིད་དུ་བསྟན། །སྤྲུལ་སྐུས་ཚིག་བསྡབས་ལེགས་པར་གསུངས། །མཚོན་བྱེད་ཚིག་གི་རྒྱུད་དུ་འདུས། །རྣམ་གྲངས་བརྗོད་ན་ཐལ་འགྱུར་ལས། །འོད་ཀྱི་ཡང་ཞུན་བཅུ་བདུན་བཤད། །རང་ཤར་བ་དང་རང་གྲོལ་དང་། །རང་བྱུང་ཉིད་དང་རྩལ་རྫོགས་དང་། །མཛེས་ལྡན་དག་དང་ཕྲ་བཀོད་དང་། །མུ་ཏིག་ཕྲེང་དང་ཡི་གེ་མེད། །སྙིང་དང་ཐུགས་ཀྱི་མེ་


JL02_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་དང་། །ཉི་ཟླ་ཁ་སྦྱོར་ངོ་སྤྲོད་སྤྲས། །སྐུ་གདུང་འབར་དང་རིན་ཆེན་སྤུངས། །སྒྲོན་མ་འབར་དང་ཀློང་ཆེན་གྲུབ། །དེ་ལྟར་བུ་དྲུག་རིམ་པ་རྣམས། །ཐལ་འགྱུར་ལས་ནི་ངེས་འཕྲོས་ནས། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་སོ་དེ་ལྟར་སྐུ་གསུམ་གྱི། །སྟོན་པ་ངོ་བོ་གཅིག་པའི་ཀློང་། །རང་བཞིན་སོ་སོས་གསུངས་པ་ལྟར། །སྣང་བས་དགོངས་བརྡ་སྙན་གསུམ་གྱི། །བརྗོད་བྱའི་ཐ་སྙད་ཤར་བ་ཡིན། །རིན་ཆེན་སྤུངས་པའི་རྒྱུད་ལས་ཀྱང་། །འཛིན་པ་རང་དག་ཆོས་སྐུ་ཡིས། །སྤྲོས་མེད་རང་དག་གཞལ་ཡས་སུ། །ཉིད་དང་དབྱེར་མེད་སྣང་འཁོར་ལ། །མཚན་མ་མེད་པའི་གསུང་གིས་ནི། །སྤྲོས་པ་མེད་པའི་ཆོས་རྣམས་ནི། །མི་གནས་རང་ཟད་ཐུགས་ལས་བྱུང་། །མ་གསུངས་གསུང་བ་མེད་པར་ནི། །མཉམ་པ་ཆེན་པོའི་ངང་དུ་བསྟན། །རང་གསལ་དག་པའི་ལོངས་སྐུ་ཡིས། །འོད་ལྔ་རྣམ་དག་གཞལ་ཡས་ནས། །སྤྲོས་མེད་བདེ་ཆེན་གསུང་གིས་ནི། །སྐུ་ལྔ་རིགས་ཀྱི་འཁོར་རྣམས་ལ། །དངོས་མེད་དག་པའི་ཆོས་རྣམས་ནི། །ཡེ་ཤེས་ལྔ་འདུས་ཐུགས་ནས་ཕྱུང་། །རྣམ་དག་འོད་ཟེར་ལྗགས་བཀྲམ་ནས། །རང་བྱུང་ཡི་གེ་དྲུག་ཏུ་ཡང་། །མ་གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཡང་། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་གསལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །དེ་ལྟར་སྐུ་གསུམ་རབ་བཤད་པས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམ། །དེ་བཞིན་འགྲོ་རྣམས་རེ་བ་བསྐངས། །ཞེས་གསུངས་དེ་ཕྱིར་གནས་རིགས་གསུམ།


JL02_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་སྟོན་པ་ཕུན་སུམ་ཚོགས། །ལྔ་ལྡན་ངེས་པས་བསྟན་པ་ལས། །དོན་རྒྱུད་སྐྱེས་བུའི་སྙིང་ལ་བབས། །ཚིག་བརྒྱུད་མིང་དང་ཡི་གེར་གྲུབ། །གལ་ཏེ་དགོངས་པས་བརྒྱུད་ཕྱིན་ཆད། །ཐོག་མ་དེ་ནས་ད་ལྟའི་བར། །ཚིག་དང་ཡི་གེར་མི་བརྟེན་པའི། །རིགས་ཆད་ཉིད་དུ་སྨྲ་བ་ན། །སྐྱེ་མེད་སེམས་ལས་འགག་མེད་རླུང་། །དེ་ལས་འགྲོ་འོང་བརྗོད་པའི་སྒྲ། །སྒྲ་ལས་མིང་ཚིག་འགྲུབ་པ་ཡིས། །རྟེན་འབྲེལ་དེ་ཡང་འགགས་འགྱུར། །ཧ་ཅང་ཐལ་བ་མ་ཡིན་ནམ། །འོན་ཀྱང་དེང་སང་སྙིགས་མའི་དུས། །འདི་འདྲའི་རྣམ་དབྱེ་མ་འདོད་པར། །སྔོན་བྱུང་རྒྱུད་ཀྱི་གླེང་གཞི་རུ། །སྟོན་འཁོར་དགོངས་པ་མཉམ་པ་ཡིས། །དགོངས་བརྡས་བརྒྱུད་པའི་སྣང་ཚུལ་ལ། །བསྙད་ནས་ཚིག་བརྒྱུད་བསྟན་པ་བསྣུབས། །གླེགས་བམ་མགོ་བོར་བཞག་བྱས་ཏེ། །ཐོབ་ཤོག་གྱུར་ཤོག་བརྗོད་པ་ལ། །དབང་ལུང་ཐོབ་པའི་གོ་བཅད་ནས། །ཐོབ་ཡིག་གླེགས་བམ་བསགས་པ་མཐོང་། །ཅི་ཕྱིར་ནམ་འཕང་གཅོད་པ་ལ། །བྱ་རྒྱལ་ཁྱུང་གི་གཤོག་རྩལ་དགོས། །རྩལ་མེད་གཡང་ལ་མཆོངས་པ་དེ། །རིན་ཆེན་སྲོག་གི་གཟུ་བར་འགྱུར། །དེ་ཕྱིར་གདོད་མའི་མགོན་པོ་དང་། །དགོངས་པ་མཉམ་པར་མ་གྱུར་བར། །དེ་འདྲའི་ལད་མོ་སུ་ཞིག་བྱེད། །ཆོས་ལ་དབང་ཟ་ཚོད་ཡོད་ཀྱི། །ལས་འདི་དམྱལ་བའི་རྒྱུར་མཐོང་ནས། །སྤྱི་མཐུན་ཉིད་དུ་དེ་སྐད་སྨྲས། །དེ་ནས་དྲི་བ་བཅུ་གཅིག་པར། །རིག་འཛིན་བརྡ་ཡི་བརྒྱུད་པ་ལ། །དབང་དང་དམ་ཚིག་ཡོད་དམ་མེད། །ཡོད་ན་བརྡ་ཡི་བརྒྱུད་དང་འགལ། །མེད་ན་དགོངས་པའི་བརྒྱུད་དང་མཚུངས། །དེ་ཡི་ལན་དུ་འདི་སྐད་སྨྲ། །རིག་འཛིན་བརྡ་ཡི་བརྒྱུད་པ་ལ། །དད་དང་དམ་ཚིག་མེད་གྱུར་ན། །བརྡ་ལ་བརྒྱུད་པ་སུ་ཞིག་བགྲང་། །དབང་ལ་ཀུན་རྫོབ་དོན་དམ་གཉིས། །དམ་ཚིག་ཉིད་ཀྱང་དེ་བཞིན་ནོ། །སྣ་ཚོགས་རྫས་དང་མཚན་མ་ལ། །བརྟེན་ནས་


JL02_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་གས་བསྒྲུབ་པ་དེ། །ཀུན་རྫོབ་མཚན་མའི་དབང་ཡིན་ཏེ། །དོན་ལ་རྡོ་རྗེ་སློབ་དཔོན་ལ། །བརྒྱུད་པའི་བྱིན་རླབས་མི་ལྡན་ན། །བསྐུར་ཀྱང་མི་ཐོབ་དམྱལ་བའི་རྒྱུ། །དེ་ཕྱིར་བརྒྱུད་པའི་བྱིན་རླབས་ནི། །རྫས་ལ་མ་ཡིན་བསྐུར་བ་པོའི། །ཡེ་ཤེས་ཉིད་ལས་གཞན་དུ་མིན། །དེ་ཡིས་རྟེན་ཅིང་འབྲེལ་འབྱུང་ལས། །འགྲོ་བའི་ཁམས་ལ་རྡོ་རྗེ་བཞིས། །ཁྱབ་ཀྱང་མ་རིག་རྐྱེན་གྱིས་བསྒྲིབས། །དེ་ཉིད་བརྡ་ཐབས་རྟེན་འབྲེལ་གྱི། །ཆོ་གས་མངོན་དུ་སད་པ་ལ། །བརྟེན་ནས་གཞི་གནས་ཡེ་ཤེས་ཀྱི། །ཡོན་ཏན་མངོན་དུ་གྱུར་བ་ན། །སངས་རྒྱས་ཞེས་བྱའི་ཐ་སྙད་བཏགས། །དེ་ཕྱིར་དཀྱིལ་འཁོར་བདག་པོ་ཡི། །དགོངས་སྤྱོད་བརྟུལ་ཞུགས་ནུས་པ་དང་། །སློབ་མའི་དབང་པོའི་བྱེ་བྲག་གིས། །དགོངས་པ་བརྡ་དང་ཆོ་ག་གསུམ། །གང་ལ་བརྟེན་ནས་དབང་བསྐུར་ཀྱང་། །ལམ་ལྔ་ས་བཅུའི་ཡོན་ཏན་ཀུན། །སྐྱེ་བའི་རྟེན་དུ་མཚུངས་པའི་ཕྱིར། །ཕྱག་རྒྱའི་བརྡ་དང་རྣམ་འགྱུར་བརྡ། །ལ་སོགས་བརྡ་ཐབས་དུ་མ་ཡིས། །བསྐུར་བས་དབང་དོན་ཡེ་ཤེས་ནི། །སློབ་མའི་རྒྱུད་ལ་བཞག་པ་ལ། །དབང་བསྐུར་ཐོབ་པ་ཞེས་སུ་གྲགས། །དེ་ལྟར་དབང་བསྐུར་ཡོད་ཕྱིན་ཆད། །དམ་ཚིག་དེ་ཡི་རྗེས་འབྲང་ཡིན། །ཡོད་མེད་རྩོད་པ་བྱ་མ་དགོས། །འོན་ཏེ་ཨ་བྷི་ཥིཉྩའི་སྒྲས། །བརྟགས་ཚད་མཚན་མའི་རྫས་ཉིད་ལ། །མ་བརྟེན་མི་འབྱུང་མི་སྲིད་ན། །དོན་དབང་སེམས་ལ་ཞུགས་པ་ཡིས། །བསྐུར་ཐོབ་འདུན་པས་བསྒྱུར་བའི་གནད། །ཕྱོགས་ཙམ་མ་གོ་མ་རིག་པར། །བེམ་པོའི་རྫས་ལ་བྱིན་རླབས་ཀྱི། །བརྒྱུད་པ་ཡོད་དུ་རློམ་པ་འཁྲུལ། །རིག་པ་བདུན་པའི་ཏནྟྲ་ལས། །བརྡ་དང་བརྡ་མཚོན་གོ་བ་ནི། །དབང་གི་ནང་ནས་དབང་བཀའོ། །ཞེས་དང་ཟབ་མོའི་གཏེར་ལུང་ལས། །གང་ལ་བྱིན་རླབས་ཞུགས་པ་དེ། །དབང་གི་དམ་པ་མཆོག་ཏུ་དབང་། །ཞེས་སོ་འོན་ཀྱང་དགོངས་བརྡ་ཡི། །དབང་འདི་ཀུན་གྱི་སྤྱོད་ཡུལ་མིན། །སྤྲུལ་པའི་གང་ཟག་མཁྱེན་གཉིས་ཀྱི། །དགོངས་པ་ཚད་དུ་ཕྱིན་དེའི།


JL02_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ལ་དག་པའི་སྣང་ཆ་སོགས། །དམིགས་བསལ་འགའ་ལ་དེ་སྐད་གྲགས། །དེ་ཡང་ཀུན་ལ་མ་ཡིན་ཏེ། །ཅི་ཕྱིར་རྒྱུད་ལས་འདི་སྐད་དུ། །གསང་སྔགས་རང་ཉིད་ལེན་པ་ནི། །ལུས་ཅན་དམྱལ་བ་འབའ་ཞིག་རྒྱུ། །གསུངས་ཀྱང་དེ་ལ་སུ་ཡིད་གཏོད། །མི་དང་དུད་འགྲོ་ག་གེ་མོའི། །རུས་དང་སྐྱེ་བའི་སྟོང་སྒྲ་ལ། །སངས་རྒྱས་དངོས་དང་པདྨའི་ཚ་བ། །ལ་སོགས་བཟང་པོར་ཁུངས་ཕྱུང་ནས། །བརྒྱུད་པ་ལྡན་པའི་ཆོས་སྤོང་ཞིང་། །བརྡ་དབང་སོགས་ཀྱི་མིང་སྙན་བོད། །བརྒྱུད་འཕྲོའི་རྒྱུན་ཀྱང་གཅོད་པར་བྱེད། །ཚུལ་འདི་རང་བྱུང་པདྨ་དང་། །དེ་ཡི་གདུང་འཛིན་སྔོན་རབས་ཀྱི། །གཏེར་སྟོན་རྣམས་ལའང་མ་གྲགས་ཏེ། །མཆོག་སྤྲུལ་མངའ་རིས་པཎ་ཆེན་གྱིས། །དྲི་ལན་གསང་བའི་གཏེར་མཛོད་དུ། །འགྲོ་མགོན་མངའ་བདག་ཉང་རལ་དང་། །གུ་རུ་ཆོས་ཀྱི་དབང་ཕྱུག་དང་། །རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན། །དེ་བཞིན་རྡོ་རྗེ་གླིང་པ་དང་། །ཨུ་རྒྱན་གླིང་པ་ལ་སོགས་པས། །གཏེར་སྟོན་ཚད་ལྡན་མང་པོ་ཡིས། །དང་པོ་སྒྱུ་འཕྲུལ་ཡང་ཕུར་དང་། །མ་གཤིན་བདུད་རྩི་པདྨ་དང་། །འདུས་པ་མདོ་དང་སེམས་སྡེ་དང་། །མན་ངག་སྡེ་ཡི་སྐོར་ཞུས་ནས། །དེ་ནས་རང་གི་གཏེར་ཆོས་ཀྱི། །བྱིན་གྱིས་བརླབས་པའི་སྙན་བརྒྱུད་སྤེལ། །གཅིག་ནས་གཅིག་བརྒྱུད་དྲོད་མ་ཡལ། །སངས་རྒྱས་གདུང་འཛིན་དེ་དག་ཡིན། །ཞེས་དང་སླར་ཡང་འདི་སྐད་དུ། །དུས་གསུམ་མཁྱེན་པའི་ཨོ་རྒྱན་གྱིས། །མ་འོངས་དུས་མཐའི་སེམས་ཅན་ལ། །ཕན་པར་དགོངས་ནས་ཟབ་མོའི་གཏེར། །རྣམ་གྲངས་བྱེ་བ་ས་ཡ་སྦས། །དེ་ཉིད་འདོན་པའི་དུས་བབ་ཚེ། །ཆོས་ལ་དབང་བའི་གཏེར་སྟོན་དང་། །ལས་ལ་དབང་བའི་གཏེར་སྟོན་སོགས། །འབྱུང་བར་གསུངས་ཤིང་དེ་དུས་སུ། །གཏེར་དུ་མ་སྦས་མ་ཉམས་པའི། །བཀའ་བརྒྱུད་ཆུ་བོའི་གཞུང་བཟུང་ནས། །གཏེར་བརྒྱུད་བྱིན་རླབས་དམ་རྫས་དང་། །དཔེ་བརྒྱུད་བསྟན་


JL02_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱབ་བརྟེན་དུ། །འབྱུང་བ་དང་ཕྲད་མ་ནོར་བ། །ཡིན་གྱི་དེ་ལས་ལོག་པ་ཡིས། །བཀའ་རྒྱུད་ཆུ་བོའི་རྒྱུན་ཆོད་ནས། །དཔེ་བརྒྱུད་གཏེར་གྱི་ཤོག་དྲིལ་ཙམ། །འདོན་པར་དབང་བའི་ལས་པ་ཡིས། །དབང་བསྐུར་རྒྱུད་བཤད་མན་ངག་བསྟན། །ཨུ་རྒྱན་དངོས་དང་ཞལ་མཇལ་ཞེས། །མི་ཆོས་བླ་མའི་རྫུན་ལ་བརྟེན། །གྲུབ་པའི་རྟགས་མེད་ཁ་ལྟས་བསླུས། །ཞེ་སྡང་མེ་འབར་དུག་མཚོ་ཁོལ། །འདོད་ཆགས་ཆུ་ཁོལ་སྲུང་སྡོམ་ཤོར། །འདོད་པའི་དབང་བྱས་དམ་ཆོས་འཚོང་། །གསང་བ་སྒྲོག་ཅིང་དམ་བཅའ་སྟོན། །ལ་སོགས་རྒྱ་ཆེར་གསུངས་མོད་ཀྱིས། །ཨ་ཧོ་འདི་འདྲའི་རིག་འཛིན་ནི། །མིང་ཙམ་མ་ཡིན་ངེས་པའི་དོན། །སྔ་འགྱུར་བསྟན་པའི་སྲོག་ཤིང་དུ། །རྩོད་པ་བྲལ་ཞིང་དོན་གྱིས་གྲུབ། །དེ་ཕྱིར་བསྟན་པ་འཛིན་པ་རྣམས། །རང་གཅིག་ས་ཞེ་འདོད་མཆེ་བར། །ཚུལ་འདི་བསམ་པའང་ཤིན་ཏུ་རིགས། །དེ་ནས་དྲི་བ་བཅུ་གཉིས་པར། །གང་ཟག་སྙན་དུ་བརྒྱུད་པ་ལ། །བརྡ་དོན་རྟགས་གསུམ་ཡོད་དམ་མེད། །མེད་ན་དབང་བསྐུར་བྱིན་རླབས་མེད། །ཡོད་ན་བརྡ་བརྒྱུད་དང་ཡང་མཚུངས། །ཞེས་དྲི་ལན་ནི་འདི་སྐད་དོ། །སྤྱིར་གྱིས་བརྡ་དོན་རྟགས་གསུམ་ལ། །བསྐྱེད་རིམ་བརྡ་དོན་རྟགས་གསུམ་དང་། །རྫོགས་རིམ་བརྡ་དོན་རྟགས་གསུམ་སོགས། །འཇུག་པའི་སྒོ་ནི་མཐའ་ཡས་ཏེ། །སྐབས་འདིར་དབང་བསྐུར་ལ་མཚོན་ན། །ཁམས་དྲུག་ལྡན་པའི་མི་ལུས་ཀྱི། །གནས་པ་རྩ་དང་གཡོ་བ་རླུང་། །བཀོད་པ་བྱང་ཆུབ་སེམས་མཆོག་སོགས། །གདོད་ནས་དབང་གི་རྟེན་གཞི་རུ། །གནས་པ་དེ་ཉིད་རྟགས་ཡིན་ཏེ། །ཚུལ་དེ་མངོན་དུ་བྱ་བའི་ཕྱིར། །མཚན་མ་རྫས་ཀྱི་དཀྱིལ་འཁོར་ལ། །བརྟེན་པ་བརྡ་ཡི་དབང་དུ་འདོད། །དེ་ཡི་ངོ་བོ་སྣང་སྟོང་་་་་་་་་་་་དང་། །གསལ་སྟོང་བདེ་སྟོང་གཉིས་མེད་དུ། །རྟོགས་པ་རིག་སྟོང་དོན་གྱི་དབང་། །དེ་གསུམ་རྣམ་པ་ཐ་དད་ཀྱང་། །དོན་ལ་གཉིས་སུ་མ་ཡིན་ཏེ། །སེམས་འདི་གཅིག་པུས་བཏགས་པར་ཟད། །གལ་ཏེ་གང་ཟག་སྙན་


JL02_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ལ། །བརྡ་དོན་རྟགས་གསུམ་ཡོད་གྱུར་ན། །བརྡ་ཡི་བརྒྱུད་དང་མཚུངས་སོ་ཞེས། །དམ་བཅའ་འཇོག་པ་ཧ་ཅང་ཐལ། །དེ་ལྟ་མོད་ཀྱི་འཕགས་པས་ཀྱང་། །སོ་སོ་ཡང་དག་རིག་པ་བཞིའི། །ཡོན་ཏན་མངོན་དུ་མ་གྱུར་བར། །ཆོས་ཀུན་དེ་ཉིད་ཤེས་མིན་པས། །རྩོད་པ་བྲལ་བའི་རིག་འཛིན་ལ། །སྐུར་བ་གདབ་པར་འདིར་མི་བྱེད། །ཅི་ཕྱིར་གང་ཡང་མི་ཤེས་པའི། །རྨོངས་པ་ནོར་གྱི་ཡ་ལད་ཅན། །སངས་རྒྱས་དངོས་སུ་ཁུངས་འབྱིན་པ། །ཇི་ཙམ་འདུག་པ་གཟིགས་པའི་ཕྱིར། །སངས་རྒྱས་བསྟན་པའི་སྙིང་པོ་ནི། །ལུང་དང་རྟོགས་པ་ཁོ་ན་ཡིན། །སྡེ་དང་གྱང་ལ་མི་ཟེར་མོད། །དེ་ཚུལ་ཐོས་བསམ་སྒོམ་པ་ལ། །གལ་ཆུང་འདི་འདྲ་བྱེད་པའི་དུས་། །རིག་འཛིན་རཏ་ངོ་ཚར་ཅན་དུ་བདག་གིར་བྱས། །དེ་ནས་དྲི་བ་བཅུ་གསུམ་པར། །དོན་ལ་སངས་རྒྱས་ཡོད་དམ་མེད། །ཡོད་ན་སྟོང་པ་སྐྱེ་མེད་དང་། །སྤྲོས་མེད་སྨྲ་བསམ་བརྗོད་མེད་པས། །མེད་པར་མདོ་རྒྱུད་ཀུན་ལས་གསུངས། །མེད་ན་གཟུགས་སྐུ་རྣམ་གཉིས་དང་། །འགྲོ་དོན་མཛད་ཕྲིན་འབྱུང་མི་འགྱུར། །ཅེས་དྲི་ལན་དུ་འདི་སྐད་དོ། །སྔ་རབས་ཁ་ཅིག་འདི་སྐད་ཟེར། །སྐུ་དང་ཡེ་ཤེས་དངོས་སུ་བཞུགས། །དེ་མེད་འབྲས་བུའི་ཆོས་སྐུ་དང་། །ཡེ་ཤེས་མི་ཐོབ་ཉམས་པར་ཐལ། །ལ་སོགས་གཏན་ཚིག་འགོད་ན་ཡང་། །དངོས་པོར་སྨྲ་བའི་ཕྱོགས་ཅན་ཏེ། །ཅི་ཕྱིར་ཆོས་སྐུ་མཚན་མ་ཅན། །ཁོ་ནར་འགྱུར་ཕྱིར་རིགས་མ་ཡིན། །ཟབ་མོའི་རྒྱུད་ཀྱི་དགོངས་པ་ནི། །སྐུ་གསུམ་འོད་གསལ་སྟོང་པ་ཉིད། །རྟག་པ་མ་ཡིན་དངོས་པོར་མེད། །ཆད་པ་མ་ཡིན་འོད་གསལ་སྐུ། །ཐ་དད་མ་ཡིན་ཕྱི་ནང་མེད། །ཅེས་གསུངས་དེ་བཞིན་མདོ་ལས་ཀྱང་། །གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲ་ཤེས་པ། །ལོག་པའི་ལམ་ལ་ཞུགས་པ་དེ། །སྐྱེ་བོ་དེས་ནི་ང་མི་མཐོང་།


JL02_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་སོ་དེ་ཕྱིར་རྫོགས་པ་ཆེ། །རང་གི་ལུགས་སུ་འདི་སྐད་སྨྲ། །ཀ་དག་ཆོས་སྐུའི་རང་ངོ་ལ། །ཡོད་མེད་མཐའ་ཡས་འདས་པ་ཡིན། །རང་བཞིན་ཤེལ་གོང་དྲི་མེད་འདྲ། །དེ་ཡི་དབྱིངས་ལ་ཡེ་ཤེས་དང་། །གཟུགས་སྐུའི་འཆར་གཞི་གྲུབ་པའི་ཚུལ། །ཤེལ་གྱི་ནང་འོད་མངོན་སུམ་པར། །མཐོང་བའི་ཆོས་སུ་མེད་ན་ཡང་། །རྐྱེན་དང་ཕྲད་ཚེ་འཆར་གཞི་རུ། །གནས་པ་བཞིན་དུ་ཚུལ་འདི་ཡང་། །ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །ཡེ་ཤེས་རྩལ་ལས་གཟུགས་སྐུ་དང་། །ཕྲིན་ལས་གདུལ་བྱའི་ཁམས་ལ་སྣང་། །དེ་སྐད་དུ་ནི་རང་ཤར་ལས། །ཨེ་མ་ཧོ་སྣང་བ་ཆེན་པོ་གསལ་བ་ཆེ། །དག་པའི་ནམ་མཁའ་མཐའ་དང་བྲལ། །སྤྲོས་བྲལ་ཆོས་ཉིད་འགྱུར་བ་མེད། །མཐའ་དང་དབུས་མེད་ཕྱོགས་ཆ་བྲལ། །རང་སྣང་ཆོས་དབྱིངས་རྣམ་དག་ཞིང་། །དང་པོ་སངས་རྒྱས་རྒྱུ་མེད་པ། །ཐ་མ་རྐྱེན་གྱིས་བསྐྱེད་དུ་མེད། །སྟོང་པ་ཡེ་ཤེས་སྙིང་པོ་ཅན། །མཐའ་ལ་མི་གནས་རྡོ་རྗེའི་སྐུ། །སྤྲོས་པ་བྲལ་བའི་ཆོས་ཉིད་ལ། །ངོ་བོ་རང་བཞིན་ཐུགས་རྗེའི་བདག། ཡེ་ཤེས་སྐུ་གསུམ་འོད་དུ་གསལ། །མཁའ་ལ་ཉི་ཤར་མུན་པ་སེལ། །ཡེ་ཤེས་ལྔ་ཡི་མཚན་ཉིད་གསལ། །སངས་རྒྱས་སྤྲུལ་པ་རབ་འབྱམས་འབྱུང་། །ཞེས་པས་གསལ་བར་བསྟན་ཕྱིར་རོ།། །།དེ་ནས་དྲི་བ་བཅུ་བཞི་པར། །ཡང་དག་རྫོགས་པའི་སངས་རྒྱས་ལ། །འགྲོ་ལ་སྙིང་རྗེ་ཡོད་དམ་མེད། །ཡོད་ན་གཉིས་འཛིན་སེམས་ཡོད་ཅིང་། །མེད་ན་ཐུགས་རྗེ་རྒྱུན་ཆད་འགྱུར། །ཅེས་དྲི་ལན་དུ་འདི་སྐད་དོ། །སྙིང་རྗེའི་ངོ་བོ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་དོན་དམ་དང་། །ཀུན་རྫོབ་གཉིས་སུ་གསུངས་པ་ཡིན། །ཡང་དག་རྫོགས་པའི་སངས་རྒྱས་དེའི། །མཉམ་གཞག་ཆོས་སྐུའི་ངོ་བོ་ལ། །རྣམ་རྟོག་ཅེས་བྱའི་སྒྲ་


JL02_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཇུག །རྟོག་པ་བྲལ་བའི་མཉམ་གཞག་དེ། །ངེས་པ་དོན་གྱི་བྱང་ཆུབ་སེམས། །སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཡིན། །དེ་ལ་སྙིང་རྗེ་བསྒོམ་ཡུལ་དང་། །བསྒོམ་བྱ་གདོད་ནས་མ་གྲུབ་ན། །སངས་རྒྱས་སེམས་ཅན་སུ་ཡིས་ཕྱེ། །རྗེས་ཐོབ་སྒྱུ་མ་ལྟ་བུ་ལ། སྒྱུ་མ་ལྟ་བུའི་སྙིང་རྗེ་ཡིས། །སྒྱུ་མ་ལྟ་བུའི་སྨེས་ཅན་འདུལ། །དེ་ལ་གཉིས་འཛིན་རགས་པ་མེད། །གནད་དོན་འདི་འདྲ་མ་གོ་བར། །དེང་སང་བྱང་ཆུབ་སེམས་སྒོམ་ཞེས། །དངོས་སྣང་མེད་པའི་ཆོས་ཉིད་ལ། །བདག་པས་གཞན་གཅེས་མི་བསམ་པའི། །།བདག་འཛིན་ཅན་གྱི་རྣམ་རྟོག་སྒོམ། །དེས་ནི་རང་རྒྱུད་མ་དག་པས། །ཐུགས་རྗེ་ཡུལ་ལ་ཅི་ཕྱིར་འཇུག །དེ་ཕྱིར་རྩ་རྒྱུད་ཐལ་འགྱུར་ལས། རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །ཞེས་པས་ཐུགས་རྗེ་རྒྱུན་ཆད་པའི། །གནས་སྐབས་སྲིད་པ་མ་ཡིན་ནོ། །དེ་ནས་དྲི་བ་བཅོ་ལྔ་པར། དོན་ལ་ལྟ་བ་ཡོད་དམ་མེད། །ཡོད་ན་མཚན་མ་བཟུང་བར་ངེས། །མེད་ན་ལམ་མེད་འབྲས་བུ་མེད། །ཅེས་དྲི་ལན་དུ་འདི་སྐད་དོ། །རྗོད་བྱེད་མིང་གི་རྣམ་གྲངས་ལ། །མཐའ་བཞི་མཐའ་བརྒྱད་སྤྲོས་བྲལ་དང་། །འོད་གསལ་རྣམ་ཀུན་མཆོག་ལྡན་དང་ །རང་སྟོང་གཞན་དུ་སྟོང་ཟུང་འཇུག་དང་། །བློ་འདས་གཉུག་མ་ལ་སོགས་པ། །ལྟ་བའི་རྣམ་གྲངས་མཐའ་ཡས་ཀྱང་། །རང་བཞིན་རྫོགས་པ་ཆེན་པོ་ནས། །རིམ་བརྒྱད་བློ་ཡིས་འདོད་པ་སྟེ། །ཡིད་དཔྱོད་འཛིན་པ་ཉིད་དུ་འདོད། །ནང་གི་ཆོས་ཉིད་ལ་བལྟས་པས། །ངོ་བོ་རང་བཞིན་སྒྱུ་མར་མཐོང་། །གསང་བ་རང་རིག་ལ་བལྟས་


JL02_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལུ་གུ་རྒྱུད་དུ་འབྲེལ་ཆགས་མཐོང་། །ཁོ་ན་ཉིད་ནི་དབྱིངས་རིག་གོ། ཞེས་སོགས་རབ་ཏུ་དབྱེ་བ་ལྟར། །ཆོས་ཅན་ལྟ་དང་ཆོས་ཉིད་ལྟ། །དབྱིངས་རིག་གདོད་ནས་དག་པ་སོགས། །ས་མཚམས་མང་དུ་ཕྱེ་མོད་ཀྱང་། །རང་ངོ་ལྟ་བའི་ངོ་བོ་ལ། །མཚན་མ་ཅན་དུ་མ་གྲུབ་པས། །བལྟས་པས་མཐོང་བ་སུ་ཡང་མེད། །མེད་ཅེས་སྨྲ་བ་དེ་བས་བླུན། །དེ་ཕྱིར་ཡོད་དང་མེད་པ་ཡི། །ཕྱོགས་འཛིན་ཞིག་པའི་རིག་པ་ལ། །བླ་དགས་ཙམ་དུ་ལྟ་བར་བཏགས། །དོན་ལ་སྣང་སྲིད་ཡེ་གྲོལ་ཏེ། །རྫོགས་པ་ཆེན་པོ་ཐལ་འགྱུར་ལས། །ལྟ་བའི་རང་བཞིན་སྣོད་བཅུད་ལ། །མ་ཁྱབ་མེད་པས་གང་ཡང་གྲོལ། །གྲོལ་བའི་ཆོས་ལ་རྣམ་སྨིན་བྲལ། །ཅིར་སྣང་རང་གི་ཆོས་ཉིད་ལས། །བཅོས་མའི་ཆོས་ཉིད་ལོགས་ན་མེད། །ཅེས་སོ་འོན་ཀྱང་ལྟ་བ་ལ། །ཡོད་དང་མེད་པའི་མཐའ་བཀག་ཅིང་། །འཐད་པ་བསྒྲུབ་པའི་གཞུང་ལུགས་དང་། །ཁྱད་པར་ཀྲྀ་ཀྲིའི་རྨི་ལྟས་ཀྱི། །ལུང་བསྟན་དུས་ལ་བབས་པའི་མཐུས། །དེང་སང་གངས་རིའི་ཁྲོད་འདི་རུ། །བདག་བསྟོད་གཞན་སྨོད་གྲུབ་པའི་མཐའ། །མང་ཞིང་ཤིན་ཏུ་རྒྱ་ཆེ་ཡང་། །ཕལ་གྱིས་རྟོག་པས་བརྟགས་པའི་མཐའ། །ཡོད་མེད་དབུ་མར་བཞག་པ་ཡིས། །དེར་འཛིན་གཉེན་པོས་བསླད་པ་ལ། །ལྟ་བའི་མཆོག་ཏུ་རློམ་བྱེད་ཅིང་། །ཟབ་མོའི་རྒྱུད་སྡེར་གཤེ་ན་ཡང་། །འགོང་པོས་བསླད་པའི་ཆད་ལྟ་ཡིན། །རྒྱ་གར་འཕགས་པའི་ཡུལ་མཆོག་ཏུ། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་། །རྡོ་རྗེ་འཆང་དངོས་ས་ཧ་ར། །རིག་འཛིན་བརྒྱད་དང་པདྨ་འབྱུང་། །ལ་སོགས་པཎ་གྲུབ་ཇི་སྙེད་དང་། །བོད་དུ་མར་མི་སྒམ་སོགས་དང་། །ཏིང་འཛིན་བཟང་པོ་ལྕེ་བཙུན་ཆེ། །ཆོས་སྐུ་ཀློང་ཆེན་རབ་འབྱམས་སོགས། །དེ་དག་བརྒྱུད་འཛིན་དབང་ཁྲིད་ཀྱི། །བཤད་སྲོལ་ཐོས་ཙམ་མ་ཡིན་པར། །དབེན་པར་མོས་གུས་ལམ་ལོངས་ཀྱིས། །སྒྲུབ་པའི་ཕོ་


JL02_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་བཟང་པོ་ཡིས། །དོན་བརྒྱུད་རྟོགས་པའི་ཡེ་ཤེས་ཀྱི། །བྱིན་རླབས་སྙིང་ལ་ཞུགས་ངེས་པའི། །སྦས་པའི་རྣལ་འབྱོར་འགའ་ཙམ་གྱི། །རྒྱུད་ལ་ཞུགས་ཀྱི་གཞན་དུ་མིན། །དེ་ཕྱིར་བདག་ཅག་སྒོམ་ཆེན་པ། །སྐྱབས་གནས་རང་གི་སེམས་ལ་འཆོལ། །འདུ་འབྲལ་མེད་པའི་སྐྱབས་ཡུལ་ཡིན། །ལྟ་བ་ཡོད་མེད་མཐོ་དམན་སོགས། །རྩོད་ལ་གཞུང་ལུགས་མཁྱེན་རྣམས་མཁས། །དེ་ཕྱིར་ཡོད་མེད་དགག་བསྒྲུབ་ཀྱིས། །ཚིག་འདི་ཤེས་པར་གྱུར་ན་ཡང་། །དོན་ལ་བརྗོད་དུ་མི་འདུག་པས། །མ་བཅོས་རྫོགས་པ་ཆེན་པོའི་ངང་། །མཉམ་པར་འཇོག་པ་ཨེ་མ་ཧོ། །དེ་ནས་དྲི་བ་བཅུ་དྲུག་པར། །དོན་ལ་སྒོམ་པ་ཡོད་དམ་མེད། །ཡོད་ན་གང་སྒོམ་ཅི་ཞིག་སྒོམ། །རྟོག་མེད་རྗེན་པར་སྒོམ་ཞེ་ན། །དེ་ཉིད་སྒོམ་འདོད་རྟོག་པ་རང་། །མ་བཅོས་རང་ངོ་ལྟ་ཞེ་ན། བལྟས་པས་ཅི་མཐོང་སེམས་འཛིན་ཉིད། །ཅེས་བརྒལ་ལན་དུ་འདི་བརྗོད་དོ། །སྤྱིར་གྱིས་ཐུན་མོང་ཐེག་པ་ལ། ལྷ་དང་མི་ཡི་སྨེས་འཛིན་དང་། །བྱང་ཆུབ་སེམས་དཔའི་བསམ་གཏན་དང་། །ཞི་གནས་ལ་ནི་འཇོག་ཚུལ་དགུ། །ལྷག་མཐོང་གི་ནི་དཔྱད་ཚུལ་གསུམ། །ལ་སོགས་རྣམ་གྲངས་ཐ་དད་དང་། །དེ་བཞིན་གསང་སྔགས་བསྐྱེད་རྫོགས་ལ། །གཡོ་ཐོབ་གོམས་བརྟན་སྒོམ་རིམ་སོགས། །གདུལ་བར་བྱ་བའི་བློ་རིགས་ལ། དགོངས་ཕྱིར་སྒོམ་པ་ཡོད་མེད་ཀྱི། །མཐའ་བཀག་མཐུན་འཇུག་གྲུབ་པའི་མཐའ། །གཅིག་ཏུ་སྨྲ་བར་རིགས་མིན་ཅིང་། །ཁྱད་པཐངརྫོགས་པ་ཆེན་པོ་ལ། །མ་བསྒོམས་གྲོལ་བའི་ཀ་དག་དང་། །བསྒོམས་ནས་གྲོལ་བའི་ཐོད་རྒལ་ཞེས། །རྣམ་གྲངས་གཉིས་སུ་བསྟན་མོད་ཀྱི། །གཉིས་ཀའི་དགོངས་པ་ཁྱད་དུ་འཕགས། །འབྱམས་ཡིག་འདི་ཡི་ལན་ཙམ་དུ། །གསང་བ་སྒྲོགས་པ་འདིར་མི་བྱེད། །དོན་ལ་བསྒོམ་བྱ་ཡོད་དམ་མེད། །གང་ཟང་རང་གི་བློ་ནུས་གཙོ། །ཅི་ཕྱིར་དང་པོའི་ལམ་ཞུགས་


JL02_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། མོས་པས་དཔྱོད་པའི་གང་ཟག་ལ། །དམིགས་བཅས་སྒོམ་རྒྱུ་མ་མཆིས་ཀྱང་། །མངོན་སུམ་རིག་པ་སྐྱོང་སྒོམ་མཐུས། །རྗེས་སུ་དཔག་པའི་དྲན་འཛིན་གྱི། །སྒོམ་པའི་ཐ་སྙད་ཙམ་མེད་ན། །ཐ་མལ་ཉིད་དང་ཅི་ཡི་ཁྱད། །བསྒོམ་པའི་མིང་དེ་སུ་ཡིས་གདགས། །གནས་ལུགས་ཡིད་དཔྱོད་ཙམ་མིན་པར། །ཇི་བཞིན་མངོན་དུ་གྱུར་བ་ལས། །མ་ཡེངས་དྲན་པ་ཟད་པ་ཡིས། །དགོངས་པ་མཁའ་ལྟར་དག་པ་ལ། །སྒོམ་དང་མི་བསྒོམ་གཉིས་ཀ་ཡི། །འདུ་ཤེས་ཡོད་པ་མི་སྲིད་པས། །ཀུན་བཟང་དགོངས་པའི་རྒྱལ་སྲིད་ལ། །མངའ་དབང་འབྱོར་བའི་ཐ་སྙད་བཏགས། །དེ་སྐད་དུ་ནི་ཀུན་གསལ་ལས། །བསྒོམ་དུ་ཡོད་ན་འོག་མར་འགྱུར། །མེད་ན་རྟོག་མེད་སངས་རྒྱས་འགྱུར། །ཡང་ན་སོ་སོ་སྐྱེ་བོར་འགྱུར། །རང་བྱུང་ཡེ་ཤེས་རང་གནས་པའི། །ངོ་འཕྲོད་རང་ངོ་ཤེས་ཙམ་ན། །རང་གིས་རང་ཉིད་གསལ་བ་ལ། །བློ་ཡིས་བསྡུ་ཞིང་བསྒོམ་རྒྱུ་མེད། །དབང་པོ་འབྲིང་ལ་དྲན་པ་ཙམ། །ཆོས་སྐུ་གསལ་ན་དྲན་པ་སྟོང་། །མ་བསྒོམས་རྒྱུན་དུ་འབྲལ་བ་མེད། །བསྒོམ་དང་མ་བསྒོམས་དོན་ལ་མེད། །སྒོམ་པའི་ཐེ་ཚོམ་དེ་ཡིས་ཆོད། །ཅེས་གསུངས་གནད་ཀྱི་མན་ངག་འདི། །ཀུན་གྱིས་མྱོང་ཞིང་རྟོགས་པ་དང་། །ལྟ་ཅི་གོ་བའང་ཆེར་མེད་པས། །ཡི་གེ་འདི་ལ་གཙིགས་སུ་གྱིས། །དེ་ནས་དྲི་བ་བཅུ་བདུན་པར། །བདེ་གཤེགས་སྙིང་པོ་འགྲོ་ཀུན་ལ། །ཁྱབ་ན་སྐུ་དང་ཡེ་ཤེས་ཚོགས། །སེམས་ཅན་དུས་ན་རྫོགས་པར་རིགས། །ཡོན་ཏན་མཛད་ཕྲིན་དེ་བཞིན་འོས། །རྟོགས་དང་མ་རྟོགས་ཡིན་ཞེ་ན། །རྟོགས་པས་སྙིང་པོ་ཆེར་མ་སོང་། །དུས་གསུམ་ཀུན་ཏུ་འཕེལ་འགྲིབ་མེད། །ཅེས་དྲི་ལན་དུ་འདི་སྐད་བསྒྲགས། །སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་གསུངས་དེ་ཕྱིར་སེམས་ཅན་ལ། །སྐུ་དང་ཡེ་ཤེས་རྫོགས་མི་རིགས། །ཅི་ཕྱིར་རྫོགས་སྨིན་སྦྱངས་གསུམ་གྱིས། །འབྲས་བུ་མངོན་དུ་མ་བྱས་ཕྱིར། །བུམ་པའི་ནང་གི་མར་


JL02_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྟར། །ནང་གསལ་འཆར་བའི་གཞིར་ཡོད་ཀྱང་། །ཕྱིར་གསལ་མངོན་དུ་གྱུར་བ་མེད། །དེ་ཡང་མ་རིག་ལས་ཉོན་དང་། །ཤེས་བྱའི་སྒྲིབ་པས་ཕྱི་ཤུན་གྱི། །ཚུལ་དུ་གཏུམས་ཚུལ་རྒྱུད་བླ་མར། །དཔེ་དགུས་ཤིན་ཏུ་གསལ་བར་བསྟན། །དཔེར་ན་བུད་མེད་ངན་མ་ཡི། །མངལ་ན་གནས་པའི་མི་བདག་དེ། །ལུས་ཀྱི་ནུས་པ་རྫོགས་པ་དང་། །ལས་དབང་དུས་ལ་བབ་པའི་ཚེ། །ཀུན་གྱི་རྗེ་བོར་གྱུར་ན་ཡང་། །དེ་ཚེ་རྒྱལ་པོར་སུ་ཡིས་བརྗོད། །དེ་ཕྱིར་རིག་པའི་གཤིས་ལུགས་ལ། །འཁོར་འདས་གཉིས་ཀའི་སྒོ་ཡོང་ཕྱིར། །མ་རིག་ལས་དང་ཉོན་མོངས་དུས། །འགྲོ་དྲུག་སོ་སོའི་ཁམས་སུ་སྣང་། །རིག་ཅིང་ཚོགས་གཉིས་རྫོགས་པའི་ཚེ། །སངས་རྒྱས་ཉིད་ལས་གཞན་མ་ཡིན། །གལ་ཏེ་རྟོགས་དང་མ་རྟོགས་ལའང་། །འཕེལ་འགྲིབ་མེད་ཅེས་སྨྲ་བ་ན། །ལྕགས་སམ་གཙུབ་ཤིང་དག་ལས་མེ། །འབྱུང་ཕྱིར་རྒྱུ་ཉིད་མེའོ་ཞེས། །ཁྱེད་ཀྱིས་སྨྲ་བར་འགྱུར་བའི་ཕྱིར། །ཁ་དོར་དམར་དང་རེག་བྱ་ཚ། །རང་བཞིན་བསྲེག་པའི་ནུས་པ་ཀུན། །རྫས་གཉིས་དག་ལ་རྫོགས་པ་ཡིས། །གཏན་ཚིག་གསར་དུ་བསྒྲུབ་དགོས་སོ།། །།དེ་ནས་དྲི་བ་བཅོ་བརྒྱད་པར། །ཡེ་ཐོག་དང་པོའི་སངས་རྒྱས་དང་། །ཐོག་མར་བྱོན་པ་ཡོད་དམ་མེད། །མེད་ན་ཐོག་མའི་སངས་རྒྱས་འགལ། །ཡོད་ན་དེ་ལ་རྒྱུ་འབྲས་དང་། །ཚོགས་ལ་འབྲས་བུ་སྟོན་བྱེད་ཅིང་། །དང་པོ་སེམས་བསྐྱེད་བྱེད་པ་གང་། །དེ་ཐད་ངེས་པ་མེད་ཅེ་ན། །སེམས་མ་བསྐྱེད་ཅིང་འབྲས་བུ་མེད། །ཚོགས་གཉིས་ལམ་ལ་མ་བརྟེན་པར། །དེ་འདྲའི་སངས་རྒྱས་ཅི་ལྟ་བུ། །ཞེས་དྲི་ལན་དུ་འདི་སྐད་དོ། །ཡེ་ཐོག་དང་པོའི་སངས་རྒྱས་ནི། །གདོད་མའི་མགོན་ལས་གཞན་དུ་མིན། །དེ་ཉིད་ལམ་ལ་མ་བརྟེན་པར། །མངོན་པར་རྫོགས་ཚུལ་འོག་ཏུ་སྨྲ། །འདིར་ནི་རྫས་སྤྱིའི་དྲི་བའི་དོན། །གདོད་མའི་གཞི་ལས་གཞི་སྣང་དུ། །ཤར་བའི་རྩལ་ལས་སེམས་ཅན་ཁམས། །འཁྲུལ་རྒྱུ་མེད་བཞིན་རྨི་ལམ་ལྟར། །འཁྲུལ་བ་རྣམས་ནི་གདུལ་ཕྱིར


JL02_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །རིགས་ལྔའི་རྒྱལ་བ་གངས་ཆེན་མཚོ། །དེའི་ཕྱག་རྒྱའི་ཁོང་སེང་ལས། །པདྨ་འཁྲུངས་པའི་སྟེང་གི་ཆའི། །ཞིང་ཁམས་ཉི་ཤུ་རྩ་ལྔ་དང་། །སྤོས་ཆུའི་རྒྱུན་གྱི་དབྱིངས་ཀུན་ཏུ། །ཞིང་ཁམས་རྒྱ་མཚོ་ཁྱབ་པར་མཛད། །དེ་ཡང་ཐོག་མ་འདི་ཙམ་དང་། །མཐར་གྱི་མཛད་པ་འདིའོ་ཞེས། །བློ་ཡིས་དཔག་པའི་ཡུལ་མ་ཡིན། །མི་གཡོ་ལྷུན་གྲུབ་ཆེན་པོའི་ཞིང་། །དེ་ཚེ་སྐུ་གསུམ་སྣང་བ་ལ། །ཞིང་ཁམས་རྣམ་པ་གསུམ་དུ་བཀོད། །བསམ་གྱིས་མི་ཁྱབ་ཆོས་སྐུའི་དུས། །འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་། །རང་སྣང་ལོངས་སྤྱོད་རྫོགས་པའི་དུས། །ཚངས་པ་རྔ་སྒྲའི་ཞིང་དུ་གྲགས། །སྤྲུལ་སྐུའི་དུས་ན་ཚངས་ཆེན་གྱི། །བསྐལ་པའམ་ནི་ཞིང་ཁམས་སོ། །འདི་ཡི་གོ་ན་ཀུན་ཏུ་བཟང་། །ཉིད་ཀྱིས་སྤྲུལ་པའི་སངས་རྒྱས་དང་། །དེ་ཡིས་བྱིན་བརླབས་སྟོན་མཆོག་སོགས། །སེམས་ཅན་ཁམས་ནི་ཚད་མེད་ལ། །འདུལ་བྱེད་གདུལ་བྱའི་ཚུལ་དུ་སྣང་། །མདོར་ན་ཞིང་ཁམས་རྒྱ་མཚོ་རུ། །སངས་རྒྱས་སྤྲུལ་པས་དོན་མཛད་པ། །ཐམས་ཅད་སྟོན་པ་ཀུན་བཟང་གིས། །སྤྲུལ་པས་དངོས་སུ་དོན་མཛད་ཅིང་། །ལ་ལར་རྒྱུད་གཞན་གྱིས་བསྡུས་པའི། །སངས་རྒྱས་དག་གིས་སེམས་ཅན་དོན། །མཛད་པ་ལྟ་བུར་སྣང་སྲིད་ཀྱང་། །དེ་ཀུན་ཀུན་ཏུ་བཟང་པོ་ཡིས། །ལམ་བསྟན་སེམས་ནི་བསྐྱེད་བཅུག་པ། །ཁོ་ནའི་མཐུ་ལས་བྱུང་བའི་ཕྱིར། །མངའ་དབང་རྫོགས་པའི་ཀུན་བཟང་གིས། །བརྒྱུད་ནས་སེམས་ཅན་དོན་མཛད་ཅེས། །ཀུན་མཁྱེན་དྲི་མེད་འོད་ཟེར་བཞེད། །དེ་ལས་ཞིང་འདོར་རྡོར་འཆང་གིས། །ཞི་བ་བརྙེས་པའི་ཚུལ་བརྗོད་ན། །ཁ་ཅིག་ཐོག་མའི་དགོན་པོ་ལས། །རྒྱུད་ཐ་དད་པའི་འཆིང་བ་ཅན། །སོ་སོའི་སྐྱེ་བོ་སེམས་བསྐྱེད་པར། །འདོད་པ་འདིར་ནི་རིགས་མ་ཡིན། །ཅི་ཕྱིར་སྒྱུ་འཕྲུལ་རྡོ་རྗེ་ལས། །འདི་ནི་སྟོན་པ་རྡོ་རྗེ་འཆང་། །སངས་རྒྱས་ཀུན་ལས་སྔར་སངས་རྒྱས། །ཞེས་གསུངས་ལུང་གིས་གནོད་ཕྱིར་རོ། །དེ་ནས་ཞིང་འདིའི་སེམས་ཅན་གྱི། །དོན་དུ་ཐོག་མའི་


JL02_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཡིས། །རྣམ་པར་འཕྲུལ་བའི་སོ་སྐྱེ་དེས། །སེམས་བསྐྱེད་ཞི་བ་བརྙེས་ཚུལ་བསྟན། །དེ་ཡང་བསྐལ་པ་བཟང་པོ་འདིར། །ལྟོས་ནས་བསྐལ་པ་དཔག་མེད་སྔོན། །ཞིང་ཁམས་རང་བཞིན་རྣམ་བཀོད་དུ། །སངས་རྒྱས་མེ་ཏོག་མཛེས་པ་ལ། །གསེར་གྱི་རྡོ་རྗེ་གཅིག་ཕུལ་ནས། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། །དེ་ནས་སྐྱེ་བ་གསུམ་གྱི་བར། །ཚོགས་གཉིས་ལམ་ལ་ངེས་སྦྱངས་མཐར། །ཕུང་པོ་རྣམ་བཀོད་རི་བོའི་སྤོར། །མངོན་པར་རྫོགས་པར་སངས་རྒྱས་ཏེ། །བསྐལ་ཆེན་གཅིག་ཏུ་ཆོས་ཀྱི་སྐུའི། །དགོངས་པ་ཉིད་ལ་གཡོ་མེད་བཞུགས། །དེ་ལས་སླར་ཡང་གདུལ་བྱའི་ངོར། །ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུར་བཞེངས། །དེ་ཡི་རྩལ་ལས་ནི་རྨ་ཀཱའི། །ཞིང་ཁམས་བཀོད་དེ་སྒྲོན་བསྐལ་འདིར། །ཐུན་མོང་སངས་རྒྱས་སྟོང་རྩ་དང་། །ཐུན་མིང་རྫོགས་པ་ཆེན་པོ་ཡི། །གྲགས་ཆེན་སྟོན་པ་བཅུ་གཉིས་དང་། །རིགས་དྲུག་འདུལ་ལ་ཐུབ་པ་དྲུག། ལ་སོགས་མདོ་རྒྱུད་རྒྱ་མཚོ་ཡི། །ཆོས་ཀྱི་རྣམ་གྲངས་ཇི་སྙེད་པའི། །སྟོན་པ་ཉིད་དུ་བསྟན་པའི་ཚད། །བློ་ཡིས་དཔག་པའི་ཡུལ་མ་ཡིན། །དེ་ལྟ་ན་ཡང་ཤཱཀ་ཐུབ་སོགས། །མཆོག་གི་སྤྲུལ་སྐུ་ཐ་སྙད་ལ། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །སོགས་ཀྱི་རྗོད་བྱེད་ལ་ཞེན་ནས། །ཡིད་སྲུབས་མངའ་ཡིས་སྙིང་ཕུག་པ། །འབྲི་གུང་དཔལ་འཛིན་ལ་སོགས་ཀྱིས། །མི་ལས་གཞན་པའི་འགྲོ་བ་ཡི། །ཐུབ་པ་ལྔ་པོས་མཛད་པ་བཅུ། །གང་དུ་བསྟན་ཞེས་ཟེར་བ་ནི། མ་གོ་རང་མཐོང་ཨུ་ཚུགས་ཀྱིས། །དམྱལ་བ་བསྒྲུབ་པའི་ཅ་ཅོ་སྟེ། །ཅི་ཕྱིར་སངས་རྒྱས་ཐམས་ཅད་ནི། །མཛད་པ་མཐུན་པར་མ་ངེས་ཏེ། །བསྐལ་པ་བཟང་པོའི་མདོ་སྡེར་ལྟོས། །དཔེར་ན་མ་ཕམ་མ་གོན་པོ་ཡིས། །དཀའ་སྤྱད་མཛད་པ་མི་སྟོན་པར། །ཁྱིམ་ནས་མངོན་པར་འབྱུང་མ་ཐག །རྣམ་གྲོལ་ཉིད་དུ་འཚང་རྒྱ་བ། །དེ་ཡང་སངས་རྒྱས་མ་ཡིན་ནམ། །དེ་ཕྱིར་སངས་རྒྱས་ཐབས་མཁས་ཤིང་། ཐུགས་རྗེའི་མངའ་བདག


JL02_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པས། །གང་ལ་གང་འདུལ་མཛད་པ་དང་། །ཕྲིན་ལས་རྒྱ་མཚོ་ལྟ་བུའི་ཚུལ། །ཁོང་དུ་ཆུད་ནས་སྨྲ་བ་ནི། །མཁས་པའི་ལུགས་སུ་ཤེས་པར་བྱ།། །།དེ་བཞིན་དྲི་བ་བཅུ་དགུ་པར། །རྒྱལ་བ་ཀུན་ཏུ་བཟང་པོ་དེས། །ཚོགས་གཉིས་ལམ་ལ་བརྟེན་མ་བརྟེན། །བརྟེན་ན་ཚོགས་གཉིས་ཏིལ་འབྲུ་ཙམ། །མ་བསགས་གྲོལ་ཅེས་བཀའ་ལས་གསུངས། །མ་བརྟེན་ཚོགས་གཉིས་ལམ་མེད་པའི། །དེ་འདྲའི་སངས་རྒྱས་གྲོལ་ཐོབ་གང་། །རང་ངོ་རིག་པ་ཡིན་ཞེ་ན། །དེ་ཡི་རྐྱེན་ཡང་ཚོགས་གཉིས་མཐུ། །ཞེས་དྲི་ལན་དུ་འདི་སྐད་བརྗོད། །གདོད་མའི་མགོན་པོ་ཀུན་བཟང་གིས། །གཞི་ལས་འཕགས་པའི་རིག་པ་དེས། །གཞི་སྣང་མཐོང་བའི་སྐད་ཅིག་ལ། །རང་སྣང་ཡིན་པར་ཚུར་རིག་པས། །འཁྲུལ་བའི་སྣང་བ་ཁུངས་སྟོར་ཏེ། །མཐར་ཕྱིན་ལྷུན་གྲུབ་ས་ལ་གྲོལ། །དེ་ཡང་ཕལ་ཆེར་འདི་སྐད་དུ། །བཞི་ཐོག་ཉིད་དུ་གྲོལ་ཟེར་བ། །གནད་ལ་རྨོངས་པའི་རང་བཞིན་ཏེ། །ཅི་ཕྱིར་གཞི་ལས་གཞི་ཐོག་ཏུ། །གྲོལ་ན་རྫས་གཅིག་ཉིད་ཡིན་པས། །གྲོལ་དང་གྲོལ་བྱེད་གཉིས་སུ་མེད། །གཞི་ནི་འཁྲུལ་པ་འབྱུང་རུང་གི། །ཆ་ནས་གཞག་ཕྱིར་སླད་ཡང་ནི། །དེ་ཉིད་ལྡོག་པར་འགྱུར་ཏ་རེ། །དགོངས་པ་བཀའ་བགྲོས་རྒྱུད་རྒྱལ་ནས། །དེ་ཚེ་ཀུན་བཟང་ཆོས་དྲུག་གིས། །གཞི་ཤེས་མ་རིག་དྲུག་བཅོམ་ནས། །ཉུག་ཙམ་ལས་ནི་ཡིད་ཙམ་སྟོངས། །རིག་ཙམ་བྱུང་བས་རིག་འགྲིབས་བརླབ། །སལ་གྱིས་སོང་བས་མུན་ཁོང་སངས། །ཝལ་གྱིས་བྱུང་བས་འཐིབ་པ་མེད། །སྒྲོ་སྐུར་བྲལ་བས་མ་རིག་དག། འགྱུར་བ་མེད་པས་ནམ་མཁའ་འདྲ། །ཞེས་གསུངས་དེ་ཕྱིར་ཀློང་ཆེན་པས། །ཆོས་དྲུག་དབྱེ་བ་འདི་ལྟར་ཕྱེ། །གཞི་ལས་འཕགས་དང་རང་ངོར་སྣང་། །བྱེ་བྲག་ཕྱེད་དང་ཕྱེད་ཐོག་གྲོལ། །གཞན་ལས་མ་བྱུང་རང་སར་གནས། །དེ་དག་རྣམས་ཀྱང་རྒྱུ་ལས་ནི། །མ་བྱུང་བ་ཡི་འབྲས་བུ་དང་། །སེམས་ལས་མ་བྱུང་ཡེ་སངས་རྒྱས། །ལུང་ལས་མ་བྱུང་རང་བྱུང་གི། །མན་ངག་ཉིད་ལ་བརྟེན་སངས་རྒྱས། །དེ་ཕྱིར་ཚོགས་མ་བསགས་པ་ཡི། །སངས་རྒྱས་


JL02_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་གྲགས་ན་ཡང་། །དཔྱད་ན་རང་ངོ་ཤེས་པ་དེ། །ཟག་མེད་རང་བྱུང་ལྷུན་གྲུབ་ཀྱི། །དགེ་བ་རྒྱ་མཚོ་ལྟ་བུ་ཡིན། །ཚོགས་ཆེན་ཡེ་ནས་རྫོགས་པ་དང་། །ལུང་མ་བསྟན་གྱི་མ་རིག་པ། །སངས་པས་སྒྲིབ་པ་ཡེ་དག་ཅེས། །ཐུན་མོང་མ་ཡིན་དགོངས་པར་བཞེད། །འོན་ཏེ་རང་ངོ་རིག་པ་ཡང་། །ཚོགས་གཉིས་ཁོ་ནའི་མཐུ་ཡིན་པ། །ལམ་ལ་ཞུགས་པའི་གང་ཟག་ལ། །བསྟན་པའི་རིག་པ་གདོད་མ་ཡི། །སངས་རྒྱས་ཉིད་ལ་བསྒྲེ་བ་ན། །འཁོར་བ་མྱང་འདས་ལྟེ་ཆད་དེ། །སྒྲ་ཚིག་རྒྱུད་ལའང་རྨོངས་འགྱུར་བས། །ཚོགས་གཉིས་ཞེས་བྱ་སུ་ཡིས་བཤད། །དེ་འདྲ་ལམ་གྱི་སྟོན་པ་སུ། །དེས་ན་དྲང་ངེས་ལྡེམ་དགོངས་དང་། །ཇི་བཞིན་པ་དང་སྒྲ་ཇི་བཞིན། །མ་ཡིན་མཐའ་དྲུག་ཚུལ་བཞི་ཡིས། །མདོ་རྒྱུད་གསུང་རབ་རྒྱ་མཚོའི་མཐའ། །དཔྱོད་པའི་གནས་ལ་རྨོངས་གྱུར་ན། །ཐོས་བསམ་ལྟ་བ་དུག་ཅན་དང་། །རྟོག་གེའི་རིག་པས་ཚུལ་འདི་དག། དཔོགས་པའི་གནས་སྐབས་མི་སྲིད་དོ། །དེ་བཞིན་དྲི་བ་ཉི་ཤུ་བར། །ཆོས་སྐུ་ངོ་བོར་བཞུགས་མ་བཞུགས། །བཞུགས་ན་དམིགས་མེད་སྤྲོས་བྲལ་འགལ། །མ་བཞུགས་ལོངས་སྤྲུལ་འཆར་གཞི་གང་། །ཞེས་དྲི་ལན་དུ་འདི་སྐད་བརྗོད། །ཆོས་སྐུའི་ངོ་བོ་སྟོང་པ་ཉིད། །སྟོང་ཉིད་སྨྲ་བསམ་བརྗོད་མེད་ལ། །དམིགས་མེད་སྤྲོས་བྲལ་དུ་འགལ། །ཆོས་སྐུའི་རང་བཞིན་འོད་གསལ་དང་། །འོད་གསལ་རྣམ་ཀུན་མཆོག་ལྡན་ལ། །ལོངས་སྤྲུལ་འཆར་གཞི་འགག་པ་མེད། །ཆོས་སྐུའི་ཐུགས་རྗེ་ཀུན་ལ་ཁྱབ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལ། མེད་ཅེས་ཆད་པར་སུ་ཞིག་སྨྲ། །དེ་ཕྱིར་ངོ་བོ་གཅིག་ཉིད་ལ། །ལྡོག་པ་གསུམ་གྱི་ཆོས་ཚང་བ། །དྷརྨ་ཀཱ་ཡའི་ཁྱད་ཆོས་ཡིན། །སྔོན་དུ་དྲི་བ་བཅུ་གསུམ་པར། །རྒྱས་པར་དྲིས་ཤིང་བཤད་པའི་ཕྱིར། །ཡང་ཡང་སྨྲས་ནས་ཅི


JL02_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བྱ། །དེ་ནས་དྲི་བ་ཉེར་གཅིག་པར། །ལོངས་སྐུ་དམིགས་སུ་ཡོད་དམ་མེད། །ཡོད་ན་དག་པའི་འོད་གསལ་འགལ། །མེད་ན་ངེས་པ་ལྔ་ལྡན་ཞིང་། །ཡོད་ཅེས་བཤད་པ་ཅི་ལྟ་བུ། །ཞེས་དྲི་ལན་དུ་འདི་སྐད་བརྗོད། །ལོངས་སྐུའི་ངོ་བོ་རང་གསལ་ཆེ། །བཞུགས་ཚུལ་རང་བཞིན་མི་གཡོའི་སྐུ། །མཚན་དཔེར་གསལ་ལ་ངེས་ཚིག་ནི། །ལོངས་སྐུའི་སྣང་བ་ལ་སྤྱོད་པ། །དེ་ཡང་མཁྱེན་པ་མ་འགགས་ཤིང་། །རང་གསལ་བཀོད་པ་ཆེན་པོའོ། །དབྱེ་ན་རྣམ་པ་བཞི་ཡིན་ཏེ། །དང་པོའི་འབྱུང་ཆེན་ངོ་བོའི་སྐུ། །ཆོས་ཀྱི་སྐུ་ཡི་འཆར་གཞི་ལས། །རང་ཤར་ཡེ་ཤེས་ལྔ་ལྡན་གྱི། །སྐུ་རུ་རྫོགས་པ་འབྱུང་བ་ལྔར། །ཁྱབ་པའི་བདག་ཉིད་ཅན་ཡིན་ནོ། །གཉིས་པ་གནས་པ་ཁྱབ་ཚུལ་སྐུ། །འཁོར་བ་མྱང་འདས་ཐམས་ཅད་ལ། །འོད་དང་འོད་ཁྱིམ་གྱིས་ཁྱབ་པའི། །ཆ་ཉིད་མངོན་དུ་གྱུར་བ་སྟེ། །རྫོགས་ཆེན་རིག་པ་རང་ཤར་ནས། །ཀུན་ལ་འོད་ཀྱི་སྙིང་པོར་གནས། །རྟོག་མེད་རྣམ་དག་ཆོས་ཀྱི་དབྱིངས། །འགྲན་ཟླ་མེད་པའི་ཉག་གཅིག་པོ། །དཀྱིལ་དང་འཁོར་དང་ཕོ་བྲང་དང་། །རིག་དང་སྟོང་དང་གསལ་བའོ། །ཞེས་སོ་གསུམ་པ་གཞི་དབྱིངས་ལས། །འཕགས་པའི་སྣང་བ་ལམ་གྱི་སྐུ། །གཞི་སྣང་ཆོས་ཉིད་ལོངས་སྤྱོད་རྫོགས། །བར་དོའི་སེམས་ཅན་ལ་སྣང་བ། །དེ་ཉིད་གདུལ་བྱའི་ལམ་གྱི་ཕྱིར། །ཆོས་སྐུའི་ནང་དབྱིངས་ལས་ཤར་ཏེ། །འོད་དང་ཁ་དོག་དཀྱིལ་འཁོར་དང་། །ཚོམ་བུ་སྐུ་དང་ཡེ་ཤེས་དང་། །ཡབ་ཡུམ་སྐུ་མདོག་ཕྱག་འཚལ་སོགས། །འདུས་མ་བྱས་པའི་སྐུ་རུ་ཤར། །བཞི་པ་གདུལ་བྱར་སྣང་ཚུལ་སྐུ། །ལོངས་སྐུས་འདུལ་བའི་གདུལ་བྱ་ལ། །རིགས་དང་དཀྱིལ་འཁོར་ཐ་དད་པ། །རྣམ་པར་འཕྲུལ་ལས་གོ་ཕྱེ་ནས། །ལོངས་སྐུའི་ཆོས་སྐུ་གང་ཆེན་མཚོ། །ལོངས་སྐུའི་ལོངས་སྐུ་རིགས་གཙོ་ལྔ། །ལོངས་སྐུའི་སྤྲུལ་སྐུ་རིགས་ལྔ་ཡི། །སངས་རྒྱས་ཉིད་དང་སོ་སོའི་འཁོར། །སྐུ་གསུང་


JL02_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཡོན་ཕྲིན་ལས་ལྔའི། །བདག་ཉིད་ཅན་དུ་ལྷུན་གྲུབ་སྟེ། །འདི་སྐད་དུ་ནི་ཐལ་འགྱུར་ལས། །ལོངས་སྐུ་ལའང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ལྔ་ཡིན་ནོ། །སྐུ་ནི་སྣང་ལ་རང་བཞིན་མེད། །གསལ་དང་གསལ་བྱེད་རིག་པས་ཁྱབ། །གསུང་ནི་རང་བྱུང་རང་སྣང་དང་། །སྤྲོ་བསྡུའི་རྣམ་པའི་འཁོར་ལོའོ། །ཐུགས་ནི་རྒྱུན་མེད་གཟིགས་པ་དང་། །མཁྱེན་པའི་རྩལ་དང་དགོངས་པའོ། །ཡོན་ཏན་མཚན་དཔེ་རྫོགས་པ་ལ། །དགོངས་གསལ་མངོན་ཤེས་རྫོགས་པའོ། །ཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས། །ཕྱི་ནང་གསང་བ་རྣམ་འཕྲོས་ཏེ། །སོ་སོའི་རིགས་ཀྱི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རང་བྱུང་ལྡགས་ལས་རྣམ་སྤྲོས་ཏེ། །འཁོར་ལ་རང་གི་ངོ་བོས་སྟོང་། །ཞེས་སོ་དེ་ཕྱིར་སར་གནས་ཀྱི། །བྱང་ཆུབ་སེམས་དཔའི་་སྣང་ངོ་རུ། །ངེས་པ་ལྔ་དང་ལྡན་པའི་ཞིང་། །ནམ་མཁའ་ལས་ནི་སྤྲིན་བཞིན་དུ། །བྱང་དང་ཁ་དོག་གིས་མཚན་པར། །ཡོད་ཅེས་བཤད་པ་ལམ་སྣང་སྟེ། །དཔེར་ན་གཉིད་དུ་སོང་བ་ཡི། །རྨི་ལམ་དམིགས་སུ་ཡོད་དམ་མེད། །ཡོད་ན་རྨི་ལམ་རྟག་པའི་ཆོས། །མེད་ན་རང་བཞིན་མེད་བཞིན་དུ། །སྣང་ཚུལ་སྣ་ཚོགས་འཆར་དེ་གང་། །དེ་ཕྱིར་དག་དང་མ་དག་དང་། །ཤིན་ཏུ་དག་པའི་སྣང་བ་ལ། །སྐུ་གསུམ་ཉིད་དུ་ཤར་བ་སྟེ། །གསང་བ་ས་བོན་རྒྱུད་ལས་ཀྱང་། །ངོ་བོ་ཉིད་ཀྱི་སྣང་བ་ལ། །ངོ་བོ་ཉིད་ཀྱི་སྐུ་ཤར་བ། །དཔེར་ན་རང་དང་གཟུགས་བརྙན་བཞིན། །སྐུ་གསུམ་འོད་གསལ་སྟོང་པ་ཉིད། །རྟག་པ་མ་ཡིན་དངོས་པོར་མེད། །ཆད་པ་མ་ཡིན་འོད་གསལ་སྐུ། །ཐ་དད་མ་ཡིན་ཕྱི་ནང་མེད། །ཅེས་པས་གསལ་བར་བསྟན་མོད་ཀྱི། །རང་བཞིན་རྒྱས་པར་ཤེས་འདོད་ན། །སོ་སོའི་བཞེད་གཞུང་མང་ན་ཡང་། །རྟོག་གེའི་རིག་པ་ཙམ་མིན་པར། །མཐའ་དྲུག་ཚུལ་བཞིའི་གནད་མཁྱེན་ཅིང་། །ཀུན་བཟང་དགོངས་པའི་རྒྱལ་ཐབས་


JL02_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཐམས་ཅད་མཁྱེན་པ་ཀློང་ཆེན་པའི། །གྲུབ་མཐའ་རྒྱ་མཚོ་ལྟ་བུ་ལ། །ལྟ་བ་གནད་ཀྱི་མན་ངག་གོ །དེ་ནས་དྲི་བ་ཉེར་གཉིས་པར། །སྤྲུལ་སྐུ་སངས་རྒྱས་ཡིན་ནམ་མིན། །ཡིན་ན་ཞིང་འདིར་དཀའ་སྤྱད་ཀྱིས། །སངས་རྒྱས་མཛད་ཚུལ་ཅི་ལྟ་བུ། །མིན་ན་ཤཱཀྱ་ཐུབ་པ་སོགས། །སངས་རྒྱས་མ་ཡིན་གཞན་སུ་ཞིག། ཅེས་དྲི་ལན་དུ་འདི་སྐད་བརྗོད། །སྤྱིར་བཏང་དམིགས་བསལ་མ་ཕྱེ་བའི། །རྫས་སྤྱིའི་བརྗོད་བྱ་སྤྲུལ་སྐུའི་སྒྲ། །དབྱེ་བ་ཞིབ་མོར་ཕྱེ་བས་བརྟག། དེ་ལའང་ཐུན་མོང་ཐུན་མིན་གཉིས། །དང་པོ་ཐུན་མོང་ཐེག་པའི་ལུགས། །རྣམ་པ་གསུམ་དུ་ངེས་བྱ་སྟེ། །མདོ་སྡེ་རྒྱན་ལས་འདི་སྐད་བཤད། །བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་པའི་བཟོ་ཡི་སྤྲུལ་སྐུ་ནི། །རིས་སུ་བྲིས་དང་འབུར་དུ་དོད། །ལ་སོགས་རྣམ་གྲངས་ཇི་སྙེད་དང་། །སྐྱེ་བ་སྤྲུལ་སྐུ་སངས་རྒྱས་ཀྱིས། །ཇི་ལྟར་འགྲོ་བ་ཕལ་པའི་གཟུགས། །ཉ་བོ་ཆེ་དང་རྟ་ལ་སོགས། །སྣ་ཚོགས་ཉིད་དུ་སྤྲུལ་པ་དང་། །བྱང་ཆུབ་མཆོག་གི་སྤྲུལ་སྐུ་ནི། །མཛད་པ་བཅུ་གཉིས་སྟོན་པ་སྟེ། །དེ་སྐད་དུ་ནི་རྒྱུད་བླ་མར། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །དེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །ལྷ་རྣམས་ཀུན་དང་བཅས་པར་ནི། །མྱ་ངན་འདའ་བར་རྟག་སྟོན་པ། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་་ཇི་སྲིད་གནས་པར་སྟོན། །ཞེས་སོ་ཐུན་མོང་མ་ཡིན་ལུགས། །བླ་ན་


JL02_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཐེག་པ་འདིར། །མ་དག་དམན་པའི་སྤྲུལ་པ་དང་། །འགྲོ་བ་འདུལ་བའི་སྤྲུལ་སྐུ་དང་། །རང་བཞིན་ཞིང་གི་སྤྲུལ་སྐུ་སྟེ། །དང་པོ་སྒྱུ་འཕྲུལ་རྡོ་རྗེ་ལས། །དོན་དང་སྨད་འཚོང་ལ་སོགས་པར། །སྤྲུལ་ནས་སེམས་ཅན་དོན་མཛད་དོ། །ཞེས་སོ་གཉིས་པ་གང་ལ་ནི། །གང་འདུལ་ཉིད་དུ་སྐུ་སྤྲུལ་པ། །ལྷ་མིན་འདུལ་ལ་ཐགས་བཟང་སོགས། །འགྲོ་འདུལ་ཐུབ་པ་རྣམ་དྲུག་དང་། །གསུམ་པ་རང་བཞིན་སྤྲུལ་སྐུ་ནི། །འོག་མིན་མངོན་དགའ་དགའ་ལྡན་དང་། །པད་བརྩེགས་ལས་རབ་རྫོགས་པ་ཡི། །དག་པའི་སངས་རྒྱས་ལྔར་སྣང་བའི། །ཐུགས་རྗེས་སེམས་ཅན་དོན་མཛད་ཅིང་། །དེ་ལས་དམན་པ་མ་ཡིན་པར། །མཆོག་དང་འགྲོ་འདུལ་རང་བཞིན་གྱི། །སྤྲུལ་སྐུ་སངས་རྒྱས་ཐམས་ཅད་ནི། །སྐྱབས་སུ་འཛིན་པའི་སྡོམ་རྟེན་དང་། །ཐར་བ་དང་ནི་རྣམ་མཁྱེན་གྱི། །གནས་སྐབས་ལམ་གྱི་སྟོན་པ་དང་། །མི་བཟད་སྡུག་བསྔལ་ལ་སྤྱོད་པའི། །འགྲོ་བ་འདྲེན་པའི་དེང་དཔོན་ཕྱིར། །བརྡ་ཡི་སངས་རྒྱས་ཉིད་དུ་འདོད། །དེ་ཡང་རང་ངོ་ལ་ལྟོས་ན། །བཤེས་གཉེན་དུལ་དང་ཉེར་ཞི་བ། །ཡོན་ཏན་ལྷག་བྱས་ལུང་གིས་ཕྱུག། རང་གི་སློབ་དཔོན་གྱུར་བ་དེ། །བླ་མ་མཁས་པ་ཞེས་བྱ་སྟེ། །ཚོགས་ལམ་པ་ཡི་སངས་རྒྱས་ཡིན། །དེ་བཞིན་དྲོད་རྩེ་བཟོད་ཆོས་དང་། །ཆོས་མཆོག་ཐོབ་པའི་གང་ཟག་གི། །རང་གིས་ཉམས་མྱོང་ཡེ་ཤེས་ནི། །སངས་རྒྱས་ཉིད་དུ་རྣམ་པར་གཞག། བཏང་སྙོམས་བྱང་ཆུབ་ཡན་ལག་བདུན། །བསྒོམས་པས་མཐོང་ལམ་ལ་གནས་ཏེ། །རབ་དགའ་དང་པོའི་ས་པ་ཡིས། །སངས་རྒྱས་སྤྲུལ་སྐུའི་ཚོགས་མཐོང་ཞིང་། །ཆོས་ཀྱི་རྣམ་གྲངས་ཉན་པ་སོགས། །ཡོན་ཏན་དཔག་མེད་ཐོབ་པ་ཡང་། །དོན་ལ་རང་རིག་ཡེ་ཤེས་ཏེ། །རང་སྣང་ཉིད་ལ་རང་སྣང་སྤྱོད། །དེ་བཞིན་ས་བཅུའི་བྱང་སེམས་ཀྱིས། །རང་སྣང་ལོངས་སྤྱོད་རྫོགས་སྐུ་ལ། །སངས་རྒྱས་ཉིད་དུ་


JL02_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཡིན། །དེ་ཕྱིར་བཅུ་གཅིག་ཀུན་ཏུའོ། །ནས་བཟུང་ཁྱབ་པར་ས་མཆོག་གི། །མཐའ་རུ་མ་སོན་ཕྱེད་ཡན་ལ། །གནས་པའི་སེམས་དཔའ་ཆེན་པོ་དེས། །སངས་རྒྱས་ཆོས་ཀྱི་སྐུ་ཉིད་ལ། །གཉིས་མེད་འབྲས་བུའི་ཆོས་རྣམས་དང་། །འོད་ཟེར་ཆེན་པོའི་དབང་མཆོག་ལེན། །རྩེ་མོ་ས་ཕྱེད་མཐར་སོན་ཚེ། །སྐྱབས་དང་སྐྱོབ་པ་གཉིས་མེད་ལས། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཡིན། །སློབ་བྱའི་ཡོན་ཏན་མཐར་ཐུག་པས། །མི་སློབ་ལམ་གྱི་སྣང་བ་སྟེ། །ངོ་བོ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཆེན་པོ་ཉིད་ཡིན་པས། །དོན་གྱི་སངས་རྒྱས་ཡིན་པར་འདོད། །མིང་དུ་བརྗོད་ན་ཆོས་སྐུའམ། །དེ་བཞིན་ངོ་བོ་ཉིད་སྐུ་དང་། །མངོན་པར་བྱང་ཆུབ་སྐུ་ཞེས་བྱ། །གལ་ཏེ་ཞལ་ཕྱག་མཚན་དཔེ་དང་། །ལྡན་པ་ཁོ་ན་མཐར་ཐུག་གི། །སངས་རྒྱས་ཉིད་དུ་སྨྲ་བ་ན། །གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སོགས་ཀྱི་ལུང་གིས་གནོད་ཕྱིར་རོ། །དེ་ཕྱིར་གྲུབ་མཐའི་དབྱེ་བ་འདི། །ཤིན་ཏུ་ཕྲ་ཞིང་གནད་ཆེ་བས། །རང་བཞིན་རྒྱས་པར་ཤེས་འདོད་ན། །གྲུབ་མཐའ་རིན་ཆེན་མཛོད་ལས་རྟོགས།། །།དེ་བཞིན་དྲི་བ་ཉེར་གསུམ་པར། །བསྐྱེད་རིམ་ཆོས་སྐུར་མཚུངས་མི་མཚུངས། །ཡིན་ན་ཁ་དོག་མཚན་མ་ཅན། །མིན་ན་ཆོས་སྐུའི་གདངས་བྲལ་བས། །དེ་འདྲའི་ལམ་གྱི་སངས་རྒྱས་མིན། །ཞེས་དྲི་ལན་དུ་འདི་སྐད་བརྗོད། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །བྱང་ཆུབ་སེམས་ཀྱི་བཞུགས་ཚུལ་ཡིན། །དེ་ཡི་ལྡོག་པ་རྣམ་གསུམ་གྱི། །རྣམ་དབྱེ་ཕྱེད་པར་མ་གྱུར་ན། །བསྐྱེད་དང་རྫོགས་པའི་མན་ངག་དང་། །གཞི་ལམ་འབྲས་བུའི་ཆོས་ཀུན་གྱི། །གནད་ལ་རྨོངས་པར་གྱུར་ཏ་རེ། །དེ་ཕྱིར་ངོ་བོ་སྟོང་པ་ལ། །ཆོས་སྐུའི་མཚན་ཉིད་འགྱུར་མེད། །རང་བཞིན་གསལ་བའི་འཆར་སྒོ་ཡིས།


JL02_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

།འཁྲུལ་དང་གྲོལ་བའི་ལམ་བྱེད་ཕྱིར། །མྱ་ངན་འདས་མ་པ་ཡིན་པའི། །ལམ་དང་གནས་སྐབས་ཐམས་ཅད་དུ། །རྣམ་རྟོག་བཟུང་བའི་ཡུལ་ཉིད་ལ། །ཡུལ་ཅན་འཛིན་པས་བསླད་པ་ཡིས། །སྒོ་གསུམ་སྣང་གྲག་རིག་གསུམ་གྱི། །ཐ་མལ་ཞེན་པ་འགོག་པའི་ཕྱིར། །ལམ་དུས་སྣང་ཆ་ལྷ་ཡི་སྐུར། །བསྒྲུབས་པས་བསྐྱེད་རིམ་ཆོས་སྐུར་མཚུངས། །དེ་ལྟར་མཚུངས་པ་ཆོས་ཀྱི་སྐུ། །དངོས་དང་ཁ་དོག་མཚན་མ་ཅན། །དག་ཏུ་འགྱུར་བར་མི་སྲིད་དེ། །དཔེར་ན་རྟོག་བྲལ་མེ་ལོང་ལ། །གཟུགས་བརྙན་རྣམ་པ་ཅི་ཤར་ཡང་། །དེ་ཉིད་མེ་ལོང་གསལ་བའི་དབྱིངས། །ཡུལ་རྐྱེན་གསར་པས་ཤར་བ་ལས། །གཟུགས་བརྙན་མེ་ལོང་འདྲེས་པ་མེད། །དེ་ཕྱིར་མངོན་པར་བྱང་ཆུབ་ལྔ། །ཕྱག་རྒྱ་བཞི་དང་ཏིང་འཛིན་གསུམ། །སྐད་ཅིག་དྲན་རྫོགས་ལ་སོགས་པའི། །བསྐྱེད་རིམ་རྣམ་གྲངས་ཐ་དད་ཀུན། །རིག་པ་གདོད་ནས་སྤྲོས་བྲལ་གྱི། །སྣང་ཆའི་རྟེན་འབྲེལ་ཉིད་ཡིན་ལ། །དགོས་ཆེད་བསོད་ནམས་ཡེ་ཤེས་ཚོགས། །རྫོགས་ཕྱིར་ཟུང་འཇུག་ལམ་དུ་བསྟན། །རྒྱུད་རྒྱལ་སྒྱུ་འཕྲུལ་དྲ་བ་ལས། །ལྷ་ཡི་སྐུ་ཉིད་གསལ་བསྒོམས་ན། །བསོད་ནམས་ཚོགས་ཀྱང་རྫོགས་པར་འགྱུར། །དེ་ཉིད་ཆུ་ཟླའི་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཀྱང་རྫོགས་པར་འགྱུར། །ཅེས་གསུངས་མང་པོ་ཅི་ཞིག་སྨྲ། །འདི་ཡིས་བརྒལ་བའི་ཚིག་རྐང་ལ། །བསྐྱེད་རིམ་ཆོས་སྐུར་མཚུངས་མི་མཚུངས། །མཚུངས་ན་ཞེས་སོགས་དགོས་རྒྱུ་ལ། །ཡིན་ན་དང་ནི་མིན་ན་ཡིས། །རྗོད་བྱེད་དེས་ནི་བརྗོད་བྱའི་དོན། །ལུང་མ་བསྟན་དུ་མ་སོང་ངམ། །སླར་ཡང་དྲི་བ་ཉེར་ཞི་པར། །བསྐྱེད་རྫོགས་གཉི་ས་སུ་གཅིག་མི་གཅིག །གཅིག་ན་གཉིས་སུ་ཇི་ལྟར་འོང་། །མི་གཅིག་ཡ་བྲལ་ཕྱོགས་ཅན་གྱིས། །དེ་འདྲའི་འགྲོ་ལམ་ཇི་ལྟ་བུ།


JL02_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དྲི་ལན་དུ་འདི་སྐད་དོ། །སྤྱིར་ནི་བསྐྱོད་རྫོགས་ཞེས་པའི་དོན། །གསལ་ཆ་མཚན་དཔེར་ཤར་བ་དང་། །སྟོང་ཆ་གནས་ལུགས་སྤྲོས་བྲལ་ལ། །བརྗོད་ཚུལ་གང་དུ་བསྟན་མོད་ཀྱིས། །བྱེ་བྲག་བསྐྱེད་པའི་རིམ་པ་ལ། །སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་དང་། །དག་རྫོགས་སྨིན་གསུམ་སྦྱོར་ཚུལ་སོགས། །རང་བཞིན་རྣམ་གྲངས་ཐ་དད་ཅིང་། །དེ་བཞིན་རྫོགས་པའི་རིམ་པ་ལ། །རྣམ་གྲངས་དབྱེ་བ་མང་ན་ཡང་། །ཟབ་པ་ཆོས་སྐུའི་རྫོགས་རིམ་དང་། །སེམས་འཛིན་རྩ་ཐིག་རླུང་གསུམ་གྱིས། །རྫོགས་རིམ་དག་ཏུ་འདུ་བ་ལས། །བསྐྱེད་རིམ་གཟུགས་སྐུའི་ཉེ་ལམ་དང་། །རྫོགས་རིམ་ཆོས་སྐུའི་ཉེ་ལམ་སྟེ། །འཇུག་སྒོ་དབང་གི་རྟེན་འབྲེལ་ལ། །དགོངས་ནས་རིམ་པ་གཉིས་སུ་གསུངས། །དེ་ཡང་འདི་ལྟར་ཤེས་པར་བྱ། །བསྐྱེད་རིམ་རྣམ་དག་དྲན་པ་ལ། །སྟོང་ཉིད་ངོ་བོ་འཕོ་འགྱུར་མེད། །རྣམ་པ་གསལ་བའི་རང་གདངས་ལ། །འགག་མེད་ལྷ་སྐུའི་ཕྱག་རྒྱ་རྫོགས། །གཉིས་མེད་ང་རྒྱལ་བརྟན་པ་ཡིས། །རིག་པ་འཛིན་པའི་ས་ལ་གནས། །དེ་བཞིན་རྫོགས་པའི་རིམ་པ་ལ། །རྩ་རླུང་ཐིག་ལེ་སྣང་བའི་རྟེན། །དེ་ཉིད་གནད་ཀྱི་མན་ངག་གིས། །བྱེད་པ་བཅིངས་པའི་རྟེན་འབྲེལ་ལས། །རིག་སྟོང་ཡེ་ཤེས་རྩལ་ཆེན་རྫོགས། །དོན་ལ་སྣང་སྟོང་ཟུང་འཇུག་ཡིན། །གདོད་ནས་བསྐྱེད་རྫོགས་དབྱེར་མེད་ཀྱི། །གནད་དོན་ཚུལ་བཞིན་མ་རིག་ན། །ལོ་ཟླ་རང་ཤོང་བཙོན་ཁང་དུ། །ཀུན་འབྱུང་བསྒོམས་ཀྱང་ཨ་ཐང་ཆད། །ཀུན་བརྟགས་བསྐྱེད་རིམ་རཱུ་ཏྲའི་རྒྱུ། །དེ་ཕྱིར་བསྐྱར་ནས་དྲི་བ་འདི། །དེང་སང་སྙིག་མ་ལྔ་མདོའི་དུས། །གསང་སྔགས་དར་ལ་མ་སྨིན་པའི། །སྣང་ཚུལ་དགོངས་པ་ཡིད་མཆི་སྟེ། །རཀྴའི་ཕྲེང་བ་ཐོགས་ཚད་ཀྱིས། །སྔགས་པ་ཡིན་པར་ཁས་ལེན་ཞིང་། །རྒྱུད་སྡེའི་དགོངས་པ་མ་ལོན་པའི། །མན་ངག་ཕྲ་མོ་ཡིད་ཚིམས་ནས། །སྡེ་དང་གྱང་དང་སྟོབས་འབྱོར་འགྲན། །ཆོས་གོས་རྣམ་གསུམ་གྱོན་ཙམ་གྱིས།


JL02_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་གཙང་བར་རློམ་བྱེད་ཅིང་། །སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་། །ལྡན་གྲོལ་དྲི་མས་མ་གོས་བཞིན། །འདུལ་བ་འཛིན་པའི་དྲེགས་པས་འགྱིང་། །དཔུང་དང་ཟ་ཐང་ཆེ་ཚད་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །རྣམ་སྤྲུལ་ཉིད་དུ་ཁས་འཆེ་ཞིང་། །འདོད་ལྷ་སྙིང་དུ་ཞུགས་པ་ཡི། །ལུང་བསྟན་མངོན་དུ་གྱུར་བའི་ཚུལ། །མདོ་ཙམ་བཤད་ན་ཀུན་གསལ་ལས། །རཱུ་ཏྲ་ལོག་པའི་སྤྱོད་པ་ཡིས། །གསང་སྔགས་སྤྱད་པས་ཕུང་འགྱུར་ཏེ། །སྔོན་བྱུང་བ་དག་འདས་པའི་དུས། །མ་ཏྲཾ་རཱུ་ཏྲ་སངས་རྒྱས་ཀྱི། །བཀའ་བསྒོ་ལོག་པར་སྤྱད་པ་ལས། །འགྲོ་དྲུག་སྡུག་བསྔལ་ཉམ་ཐག་ཅིང་། །རང་གི་བྱང་ཆུབ་སྔོ་བསྐམས་འགྱུར། །དེ་ལྟར་ལྔ་བརྒྱའི་ཐ་མ་ལ། །སེམས་ཅན་ཉོན་མོངས་ལས་ངན་གྱིས། །སངས་རྒྱས་བཀའ་གཞུང་ཁུངས་མི་འཛིན། །རང་གི་ཤེས་བྱ་ལོངས་སྤྱོད་བརྩོན། །ཐོས་བསམ་ཆགས་སྡང་དབང་དུ་འགྱུར། །འདུལ་ཁྲིམས་གྲགས་པ་རྙེད་ཕྱིར་སྲུང་། །སེམས་བསྐྱེད་ངོ་བསྲུང་ཕྱིར་དུ་སྒོམ། །དབང་བསྐུར་ཟས་ནོར་འདོད་པས་བྱེད། །ཆོས་སྤྱོད་ཟས་སྐོམ་ཕྱིར་དུ་བྱེད། །གདམས་ངག་གཞི་བདེ་བསྒྲུབ་ཕྱིར་སྒོམ། །ཐབས་ལམ་ནག་ཆགས་འདོད་ཕྱིར་སློབ། །དེ་དུས་བདུད་ཀྱིས་བང་ཆེན་གྱིས། །སྙིང་ལ་ལྕགས་ཀྱུས་འདེབས་ཤིང་འཛིན། །བདུད་ཞགས་ནག་པོས་སྐེ་ནས་འཆིང་། །སོགས་ཀྱིས་ཁུང་དོན་ཇི་ལྟ་བ། །མངོན་དུ་གྱུར་བ་མཁྱེན་ལགས་སམ། །དེ་ཚེ་གསེར་དང་བོང་བ་མཉམ། །འོད་གསལ་བསྒོམ་ན་མི་འཐད་དམ། །དྲི་བ་ཉི་ཤུ་རྩ་ལྔ་བར། །རྒྱུ་འབྲས་ངོ་བོ་གཅིག་མི་གཅིག །གཅིག་ན་སངས་རྒྱས་སེམས་ཅན་གཉིས། །མཚན་ཉིད་ཡོན་ཏན་མཉམ་པར་རིགས། །མི་གཅིག་ན་ནི་སངས་རྒྱས་དང་། །སེམས་ཅན་རྒྱུ་འབྲས་མི་གཅིག་པས། །སེམས་ཅན་སངས་རྒྱས་བཏུབ་མི་འགྱུར། །ཞེས་དྲི་ལན་དུ་འདི་སྐད་དོ། །རྒྱུ་


JL02_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ངོ་བོ་མཚུངས་ན་ཡང་། །རྒྱུ་ཡི་ནུས་པ་སྨིན་མ་སྨིན། །དེ་བཞིན་རང་རྩལ་རྫོགས་མ་རྫོགས། །འབྲས་བུ་མངོན་དུ་གྱུར་མ་གྱུར། །ཆ་ནས་རྣམ་པ་ཐ་དད་གྲུབ། །དཔེར་ན་གསེར་གྱི་ཐིག་པོ་དེ། །བསྲེགས་བཅས་བརྡར་བའི་ནུས་པ་ཡིས། །སྐུ་གསུང་ཐུགས་ཀྱི་རྟེན་མཆོད་དང་། །རྒྱན་དང་མཆོད་པའི་བྱེ་བྲག་སོགས། །རྣམ་པ་གང་ལའང་འགྱུར་དང་མཚུངས། །དེ་ཀུན་རྒྱུ་ནི་གསེར་ཡིན་ལ། །འབྲས་བུ་དེ་དང་དེ་རུ་གྲུབ། །དེ་ཕྱིར་སེམས་ཅན་སངས་རྒྱས་གཉིས། །ངོ་བོའི་ཆ་ནས་མཉམ་ན་ཡང་། །རྣམ་པ་དྲི་མས་སྤགས་པ་དང་། །དག་པ་གཉིས་སུ་ལྡན་པ་གཉིས། །འཁྲུལ་གྲོལ་ཆ་ནས་ཐ་དད་གྱུར། །དེ་ལ་དགོངས་ནས་ཧེ་བཛྲར། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བས་ལན་ནི་སངས་རྒྱས་ཉིད། །ཅེས་ཀྱང་གསུངས་པ་མ་ཡིན་ནམ། །ཚུལ་འདི་དྲི་བ་བཅུ་བདུན་པར། །རྒྱས་པར་དྲིས་ཤིང་བཤད་པའི་ཕྱིར། །ཡང་ཡང་བསྐྱར་བའི་དོན་མེད་དོ།། །།དེ་ནས་དྲི་བ་ཉེར་དྲུག་པར། །རྫོགས་ཆེན་སྦྱོར་དྲུག་ལ་སོགས་ཀྱི། །འོད་གསལ་རྣམ་པ་མཆོག་ལྡན་ཉིད། །དོན་ལ་སྐུ་གསུམ་ཡིན་ནམ་མིན། །ཡིན་ན་རྣམ་བྱང་ཁ་དོག་དང་། །དབང་པོས་མངོན་སུམ་མཐོང་བ་ཡིས། །སྐུ་གསུམ་ཉིད་དེ་ཇི་ལྟ་བུ། །མིན་ན་འོད་གསལ་ལ་སྦྱངས་པས། །ཕྱི་ནང་སྣོད་བཅུད་གཅིག་ཏུ་སྨིན། །ཕུང་པོ་ལྷག་མེད་འགྲུབ་པའང་མཐོང་། །ཞེས་དྲི་ལན་དུ་འདི་བརྗོད་དོ། །བརྟགས་པ་བརྡ་ཡི་སྐུ་གསུམ་དང་། །ཡིན་ཚུལ་དོན་གྱི་སྐུ་གསུམ་སྟེ། །རྣམ་གྲངས་གཉིས་སུ་དབྱེ་བ་ལས། །འདི་ནི་སྣང་མུན་འོད་གསལ་གྱིས། །ཐད་ཀ་ཐད་ཀའི་ལམ་བསྒོམས་པའི། །གང་ཟག་རང་རང་སྣང་ངོ་རུ། །ཤར་བའི་འབྲས་བུ་ཡིན་པའི་ཕྱིར། །མཚོན་བྱེད་བརྡ་ཡི་སྐུ་གསུམ་སྟེ། །ཡིན་ཚུལ་དོན་གྱི་སྐུ་གསུམ་ནི། །འོད་གསལ་ལྷུན་གྲུབ་ཆེན་པོའི་སྦུབས། །ཀ་དག་བསམ་ངོ་བྲལ་བའི་དབྱིངས། །མི་སློབ་


JL02_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་སྣང་བ་སྟེ། །འབྲས་བུ་བདེ་གཤེགས་སྙིང་པོར་འདོད། །དེ་ལ་སྐུ་གསུམ་ཅི་ཞེ་ན། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །དེ་ཡི་བཞུགས་ཚུལ་ཡིན་ཕྱིར་རོ། །དེ་ལྟ་ན་ཡང་རྗོད་བྱེད་ཀྱི། །ཚིག་གི་འགྱུར་ལ་ལམ་འབྲས་བུའི། །སྐུ་གསུམ་ཆ་མཐུན་བརྗོད་ཀྱང་རུང་། །མངའ་རིས་མ་ཧཱ་པཎྜི་ཏས། །ལམ་སྣང་འབྲས་སྣང་གཞི་མཐུན་པར། །སྨྲས་ཀྱང་འགལ་བ་ཡོད་མ་ཡིན། །ཅི་ཕྱིར་སློབ་ལམ་སྣང་བ་ཀུན། །ལམ་གྱི་མཐུ་ལས་སྣང་བའི་ཕྱིར། །ལམ་སྣང་ཡིན་གྱི་དེ་དག་ཀྱང་། །ཐད་ཀ་ཐད་ཀའི་ལམ་རིམ་ལ། །རྣལ་འབྱོར་བྱས་པའི་འབྲས་བུ་ཡིན། །དམིགས་བསལ་ཕ་རོལ་ཕྱིན་པ་ལ། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། །ཐོབ་ཚེ་འབྲས་བུའི་སྣང་བར་འདོད། །རྡོ་རྗེ་ཐེག་པའི་ལམ་ལ་ནི། །བཅུ་གསུམ་པ་དང་བཅུ་བཞི་པ། །དེ་བཞིན་བཅོ་ལྔ་བཅུ་དྲུག་དང་། །ཉེར་གཅིག་པ་རྣམས་འབྲས་སྣང་སྟེ། །ལྷག་མ་ལམ་གྱི་སྣང་བར་འདོད། །དེ་བཞིན་སྣང་བ་གསུམ་ལ་ཡང་། །དག་དང་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་ལས་ཀྱི་སྣང་བ་དང་། །རྣལ་འབྱོར་ལམ་གྱི་སྣང་བ་དང་། །འབྲས་བུ་བདེ་གཤེགས་སྣང་བ་དང་། །དང་པོ་རང་བཞིན་གནས་པའི་རིགས། །ལམ་ལ་ཞུགས་པ་ལམ་སྣང་གིས། །དབྱེ་བ་བྱ་རུ་མེད་པ་སྟེ། །རྣལ་འབྱོར་ཉམས་ཀྱི་སྣང་བ་ལ། །སློབ་ལམ་སྐུ་གསུམ་ལམ་སྣང་ཡིན། །མི་སློབ་ལམ་གྱི་སྣང་བ་ནི། །འབྲས་བུ་བདེ་གཤེགས་སྙིང་པོའོ། །ཞེས་གསུངས་ཤིན་ཏུ་དཔྱད་བཟོད་པའི། །བཤད་པ་ཉིད་དུ་འདི་མངོན་ཏེ། །ཅི་ཕྱིར་ཀུན་མཁྱེན་ཀློང་ཆེན་པ། །ལམ་སྣང་འབྲས་སྣང་གཉིས་ཀ་རུ། །འགལ་བ་མེད་པར་ཞལ་གྱིས་བཞེས། །དེ་ཡང་འདི་ལྟར་ཤེས་བྱ་སྟེ། །ལྷུན་གྲུབ་འདུས་མ་བྱས་པའི་སྦུབས། །སྤྲོས་ཀུན་བྲལ་བའི་ཀ་དག་དེ། །དོན་གྱི་འབྲས་བུ་ཁོ་ན་ཡིན། །དེ་ཉིད་ཁང་པ་ལྟ་བུ་ཡི། །ནང་དུ་འཇུག་དང་ཕྱི་རུ་མཆེད། །ལ་སོགས་འཇུག་ལྡོག་གང་བྱེད་ཀྱང་།


JL02_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་གཞི་ཀ་དག་ཆེན་པོ་ལས། །ཕྱིར་གསལ་ཉིད་དུ་འཆར་དགོས་ལ། །འཆར་ཚུལ་སངས་རྒྱས་བསྒྲུབ་པའི་ལམ། །འབྲས་བུའི་སྔོན་རོལ་བ་རྣམས་དང་། །རང་ཉིད་སངས་རྒྱས་གྲུབ་ཟིན་ཡང་། །གདུལ་བྱ་འདྲེན་ཕྱིར་ལམ་གྱི་སྐུ། །མངོན་པར་སྣང་བ་དོན་མཛད་པའི། །ལམ་སྣང་རྣམ་པ་གཉིས་ཡིན་ནོ། །དེ་ཕྱིར་དོན་གྱི་སྐུ་གསུམ་ནི། །མི་སློབ་ལམ་གྱི་སྣང་བ་སྟེ། །དེ་ཡི་ངང་དུ་ཐམས་ཅད་མཉམ། །ཚུལ་དེས་ལམ་སྣང་འབྲས་སྣང་གཉིས། །འགལ་བ་མེད་པའི་འབྲེེལ་བ་འགྲུབ། །འོན་ཀྱང་རྣམ་པར་གྲོལ་བའི་སྐུ། །ཆོས་སྐུའི་ནང་དབྱིངས་ཆེན་པོ་ལས། །ཕྱིར་གསལ་སྐུ་གསུམ་ལམ་སྣང་གི། །འཆར་གཞི་སྐུ་དང་ཡེ་ཤེས་ཁམས། །འདུ་འབྲལ་མེད་པའི་བདག་ཉིད་ཅན། །རྡོ་རྗེ་སེམས་དཔའི་ཆོས་ཉིད་དང་། །དེ་ལས་ཕྱིར་གསལ་སྐུ་གསུམ་གྱི། །ལམ་གྱི་སྣང་བ་རང་སྣང་དུ། །ཤར་བ་གཉིས་པོ་རིག་པའི་དང་། །འདྲ་བ་ལྟ་བུ་སྣང་ན་ཡང་། །ཕྱི་ནང་ཁྱད་པར་མ་ཕྱེད་ན། །རང་སྣང་གདུལ་བྱས་མི་མཐོང་ལ། །དེ་ལས་ཤར་བ་མཐོང་བའི་ཁྱད། །ཡོད་ཕྱིར་སེངྒེ་རྩལ་རྫོགས་ལས། །རྡོ་རྗེ་སེམས་དཔའི་ཆོས་ཉིད་དང་། །རང་སྣང་དཀྱིལ་འཁོར་དག་པ་གཉིས། །འདྲ་གཞི་གཅིག་ལ་གོལ་ས་ཆེ། །ཞེས་གསུངས་དེ་ཕྱིར་ནང་དབྱིངས་དང་། །ཕྱི་གསལ་ལམ་སྣང་སྐུ་གསུམ་པོ། །རིག་ངོར་ངོ་བོ་གཅིག་ན་ཡང་། །རྣམ་པར་མཚན་ཉིད་མི་གཅིག་གོ། །ཁྱད་པར་འདི་ཡི་དྲི་གཞི་ལ། །རྫོགས་ཆེན་སྦྱོར་དྲུག་ལ་སོགས་ཀྱི། །འོད་གསལ་རྣམ་པ་མཆོག་ལྡན་ཉིད། །ཅེས་པའི་ཚིག་གིས་དེ་གཉིས་ཀྱི། །ལམ་སྣང་མཚུངས་པར་དྲིས་པ་དེས། །རྫོགས་པ་ཆེན་པོའི་གྲུབ་མཐའ་རུ། །ཁས་ལེན་ཙམ་དུ་མ་ལགས་པ། །ཉམས་ལེན་རྨོངས་པ་དོགས་པ་སྐྱེས། །ཅི་ཕྱིར་འོད་གསལ་རྫོགས་ཆེན་ནི། །ཐེག་པ་ཀུན་གྱི་རྩེ་མོ་སྟེ། །དེ་ལ་བྲབ་ཁྱད་འགའ་མེད་ན། །ཐེག་རྩེར་རློམ་པ་ཕྱོགས་འཛིན་ཅན། །དེ་ཕྱིར་དེ་གཉིས་མི་མཚུངས་ཏེ། །སྦྱོར་དྲུག་རླུང་གདངས་ལ་


JL02_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས། །ཤེས་ཉམས་འདག་བྱའི་རྟགས་བཅུ་ཉིད། །ལམ་གྱི་གཙོ་བོར་འདོན་པའི་ཕྱིར། །འཁྲུལ་སྣང་རིག་རྩལ་མ་དག་གདངས། །ལམ་དུ་བྱས་ཀྱང་གྲོལ་བ་དཀའ། །རྫོགས་ཆེན་རིག་གདངས་ལ་བརྟེན་ནས། །སྣང་ཉམས་མངོན་སུམ་འོད་གསལ་གྱི། །གདངས་ལ་ལམ་དུ་བྱེད་པའི་ཕྱིར། །ནོར་བུའི་འོད་དང་སྒྲོན་མའི་འོད། །འོད་ཀྱི་ངང་དུ་མཚུངས་ན་ཡང་། །བྱེད་ལས་ཆ་ནས་ཁྱད་ཡོད་ཕྱིར། །རྣམ་འགྲེལ་ལས་ཀྱང་དེ་སྐད་དུ། །ནོར་བུ་སྒྲོན་མའི་འོད་དག་ལ། །ནོར་བུའི་བློ་ནི་མངོན་རྒྱུད་པ། །ལོག་པའི་ཤེས་པར་ཁྱད་མེད་ཀྱང་། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །ཅེས་གསུངས་དེ་ཕྱིར་ལམ་འདི་ནི། །ཐེག་པ་གཞན་ལས་གནད་བདུན་གྱིས། །འཕགས་པར་དྲི་མེད་འོད་ཟེར་དེས། །དགོངས་གཏེར་བསྟན་བཅོས་ཀུན་ལས་བཤད། །དེ་ཕྱིར་ཀུན་རྫོབ་རྩོལ་བཅས་ལམ། །རགས་པ་རྩ་རླུང་ཐིག་ལེ་ཡི། །གནད་ལ་བརྟེན་ནས་བེམ་པོའི་ལུས། །གཟུགས་ཀྱི་ལྷ་དང་རྗེས་མཐུན་པར། །དངས་མའི་ཁམས་སུ་གནས་འགྱུར་ནས། །མཁའ་སྤྱོད་ལ་སོགས་དག་ཞིང་དུ། །གྲུབ་མཐའ་སྙོགས་ཏེ་ལམ་གྱི་ལྷག །བགྲོད་ལ་འཇའ་ལུས་མིང་བརྟགས་དང་། །སྙིང་ཐིག་དོན་དམ་ཡེ་ཤེས་ཀྱི། །རྩ་རླུང་འཛིན་རྩོལ་ལས་འདས་པའི། །ལམ་དུ་སྣང་གཞིའི་རྩལ་རྫོགས་ནས། །བྱས་ཆོས་བློ་དང་ཆོས་ཉིད་ཀུན། །ཟད་དེ་འབྱུང་བ་རང་དེངས་སུ། །ཕུང་པོ་ལྷག་མ་མེད་པར་སྦྱང་། །རིག་པ་སྐུ་གསུམ་ལྷུན་གྲུབ་སྦུབས། །ངོ་བོ་ཉིད་དུ་རྣམ་གྲོལ་བའི། །འཇའ་ལུས་གཉིས་ལ་ཁྱད་པར་ཆེ། །དེ་ཕྱིར་ཐེག་པའི་རྩེ་མོ་འདིར། །ལམ་མཆོག་ཐད་དྲང་བསྟན་པ་དང་། །འོག་མར་དགོངས་གཞི་རེ་རེ་ལ། །ལྟོས་ནས་རིག་པས་གཞལ་བ་གཉིས། །ཀུན་ཏུ་བཟང་པོ་ཀློང་དྲུག་པར། །རྙོག་པ་མེད་པའི་རང་སེམས་དང་། །རྟོག་པ་མེད་པའི་རང་རིག་གཉིས། །འདྲའོ་འདྲའོ་ནོར་ར་རེ། །མ་བསྒྲིབས་གཏིང་གསལ་སྣང་བ་དང་། །འགྲོ་བའི་


JL02_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་རྒྱུད་ཞན་པ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །མ་བསལ་གཞག་པའི་སྒོམ་པ་དང་། །རྩ་རླུང་སེམས་ཀྱི་ངལ་བསོ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །དྲན་མེད་རིག་པ་ཡུལ་སྣང་དང་། །དྲན་བསམ་འགྲོ་དྲུག་འཁྲུལ་བ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཆོས་ཉིད་དག་པའི་བར་དོ་དང་། །ཡི་དམ་ལྷ་ཡི་སྒྱུ་ལུས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་དང་། །ཐེག་པས་བགྲངས་པའི་སངས་རྒྱས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །སྐུ་གསུམ་འབྲས་བུའི་མཐར་ཐུག་དང་། །སྣ་ཚོགས་མ་ངེས་ལྷུན་གྲུབ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཐེག་པ་རྣམས་ཀྱི་ཡིད་དཔྱོད་དང་། །རིག་པ་མངོན་སུམ་ལྟ་བ་གཉིས། །ལྟ་བའི་ཕྱོགས་ནས་འདྲ་གཉིས་པས། །འདྲའོ་འདྲའོ་ནོར་ར་རེ། །རྩོལ་མེད་རིག་སྐུ་ཡུལ་སྣང་དང་། །མཚན་མ་བསྒོམས་པའི་གཟུགས་བརྙན་གཉིས། །འདྲའོ་འདྲའོ་ནོར་ར་རེ། །རིག་པའི་མཛད་སྤྱོད་རོལ་པ་དང་། །འགྲོ་དྲུག་འཁྲུལ་བའི་སྣང་བ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །རང་བཞིན་རྣམ་དག་ཐིག་ལེ་དང་། །རླུང་བཟུང་མཚན་བཅས་ཐིག་ལེ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཆོས་སྐུ་རྣམ་དག་ཡུལ་དབྱིངས་དང་། །མྱ་ངན་འདས་པའི་གྲོང་ཁྱེར་གཉིས། །འདྲའོ་འདྲའོ་ནོར་ར་རོ། །རང་རིག་བསམ་པ་བྲལ་བ་དང་། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཤེས་རབ་རང་རྩལ་རྫོགས་པ་དང་། །ཡིད་ཀྱི་དྲན་པ་ཕྱིར་ཤོར་གཉིས། །འདྲའོ་འདྲའོ་ནོར་ར་རེ། །གསང་ཆེན་ངེས་པའི་བདེན་ཚིག་དང་། །ལྡེམ་དགོངས་བཅུད་པའི་གལ་ཚིག་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ངེས་པའི་བཅུད་གསུམ་མན་ངག་དང་། །མཚོན་པ་དཔེ་ཡི་བསླུ་དྲིད་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོ་དེ་ཕྱིར་རྫོགས་པ་ཆེའི། །གྲུབ་མཐའ་ཤེས་པར་རློམ་པ་རྣམས། །ཁོང་དུ་ཆུད་པར་ཅིས་མི་བྱེད།


JL02_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་ཉི་ཤུ་རྩ་བདུན་པར། །རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་དང་། །མངོན་སུམ་དང་ནི་ཉམས་གོང་འཕེལ། །ཚད་ཕེབས་ཟད་པའི་སྣང་བའི་བར། །འོད་གསལ་ལྷུན་གྲུབ་སྣང་བ་འདི། །ཇི་སྲིད་ཆོས་ཉིད་ཟད་པའི་དུས། །འདི་དག་དག་ཅིང་ཟད་འདོད་དམ། །འོན་ཏེ་འདི་ཀ་བཞིན་དུ་གནས། །ཞེས་དྲི་ལན་དུ་འདི་སྐད་བརྗོད། །སྤྱིར་གྱི་གསང་མཆོག་རྒྱུད་སྡེ་འདི། །གཞི་སྣང་འོད་གསལ་ལྷུན་གྲུབ་ལ། །སྣང་བ་རྣམ་གྲངས་བཞིར་བསྟན་པ། །ཡིད་དཔྱོད་ལྟ་བ་ཁུངས་རྡིབ་ཅིང་། །མངོན་སུམ་མཐོང་བའི་རིག་པ་དེ། །གོང་ནས་གོང་དུ་ན་སྤར་ནས། །གཞི་དབྱིངས་གདོད་མར་སྦྱོར་བའི་ཕྱིར། །རང་ས་རང་སར་དགོས་པའི་ཁྱད། །ཡོད་ཕྱིར་སྣང་བ་བཞི་རུ་བསྟན། །འོད་གསལ་རྒྱུད་སྡེ་ཐལ་འགྱུར་ལས། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབ། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་བའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆད། །ཅེས་གསུངས་དེ་ཡང་ཕྱི་ནང་གི། །རྟེན་ཅིང་འབྲེལ་འབྱུང་བ་མཚོན་ན། །སྣོད་བཅུད་ཆགས་གནས་འཇིག་སྟོངས་བཞི། །ཕྱི་རུ་ནམ་ཟླ་དུས་བཞི་འཕེལ། །ཟད་དང་ནང་དུ་ལུས་ངག་ཡིད། །སེམས་བཞིའི་འཆིང་བ་གྲོལ་ཕྱིར་དང་། །གསང་བར་དབང་བཞིའི་ངེས་པ་དང་། །ཁོ་ན་ཉིད་དུ་སྒྲོན་མ་བཞིའི། །སྣང་བ་ངེས་པ་ལ་ལྟོས་ནས། །རྣམ་གྲངས་བཞི་རུ་འདི་ནི་བཤད། །དེ་ཡང་འདི་ལྟར་ཤེས་བྱ་སྟེ། །དང་པོ་ཆོས་ཉིད་མངོན་སུམ་པར། །མཐོང་བའི་ཆོས་སུ་མེད་གྱུར་ན། །ལྷག་མ་གསུམ་གྱི་འཆར་གཞི་འགགས། །དེ་ཕྱིར་རྟེན་དང་བརྟེན་པའི་ཕྱིར། །ཆོས་ཉིད་མངོན་སུམ་སྣང་བ་འཆར། །དེ་ཉིད་མཐོང་བས་རང་བྱུང་གི །ཡེ་ཤེས་


JL02_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལས་རྙེད་པ་ཡིན། །དེ་ཡང་ཉམས་སུ་མ་མྱོང་ན། །ཡིད་དཔྱོད་འཛིན་པའི་ལམ་པ་ལྟར། །ཚིག་གིས་རྗེས་སུ་དཔག་པ་ལས། །དོན་གྱི་འབྲས་བུ་ཐག་རིང་བས། །མྱོང་བ་མཐའ་རུ་ཕྱིན་པ་ཡིས། །གོང་འཕེལ་ཉམས་ཀྱི་སྣང་བ་འབྱུང་། །དེ་ལྟར་འཕེལ་བའི་ཉམས་སྣང་ལ། །བརྟེན་པའི་མཚན་ཉིད་མ་རྫོགས་ན། །ཆོས་ལ་ཟིན་པའི་སྐབས་མེད་ཅིང་། །སངས་ལ་རྒྱ་བའི་དུས་མེད་པས། །ཐུག་པ་མེད་བའི་རང་བཞིན་ཅན། །འགོག་ཕྱིར་ཚད་ཕེབས་སྣང་བ་བྱུང་། །དེ་ཉིད་ཚད་ལ་ཕེབས་གྱུར་ཀྱང་། །དེ་ལས་གཞན་དུ་མི་འགྱུར་ནས། །སྐུ་གསུམ་འབྲས་བུར་འདོད་པ་ཡིས། །དངོས་སྣང་མཚན་མའི་ཆོས་ཅན་ལ། །འབྲས་བུར་རེ་བའི་མཐའ་ཅན། །ཐུན་མོང་རྣམས་དང་ཁྱད་ཅིག་ཡོད། །དེ་ཕྱིར་ཐེག་པའི་རྩེ་མོ་འདིར། །སྣང་ཉམས་གཞི་ལ་རང་ལོག་ནས། །ཕྲ་རགས་སྣང་བ་ཀུན་ནུབ་སྟེ། །ཀ་དག་ཆོས་ཟད་ལ་སྤྱོད་པས། །ཆོས་ཉིད་ཟད་པའི་ཐ་སྙད་བརྟགས། །དེ་ཡང་སྐུ་གསུམ་ལ་སྦྱོར་ན། །མངོན་སུམ་གོ་འཕེལ་སྤྲུལ་པའི་སྐུ། །ཚད་ཕེབས་ལོངས་སྐུ་ཟད་པ་ནི། །ཆོས་སྐུའི་སྣང་བར་ལམ་བྱས་པས། །སྐུ་གསུམ་ལམ་གྱི་སྣང་བ་ཤར། །འབྲས་བུ་ཀ་དག་ཆོས་ཟད་དབྱིངས། །དག་པ་ཉིས་ལྡན་གསང་བའི་སྦུབས། །ཐུབ་ཕྱིར་རང་སྣང་སྐུ་གསུམ་རྩལ། །རིག་པ་བཞི་ལ་ཡོངས་ཐིམ་པ། །ཐེག་བའི་རྒྱལ་པོའི་དགོངས་པ་སྟེ། །ཀུན་གིས་རྟོགས་པར་དཀའ་བའི་གནས། །མ་སྦབས་མ་གབ་ཡི་གེར་བཀོད། །དེ་བཞིན་དྲི་བ་ཉེར་བརྒྱད་པར་། །གདོད་མའི་ལྷུན་གྲུབ་སྦུབས་ཉིད་དུ། །སྐུ་དང་ཡེ་ཤེས་འཁྱིལ་བ་གང་། །དེ་ལས་དག་དང་མ་དག་གིས། །སྐུ་དང་ཡེ་ཤེས་འཆར་ཚུལ་དང་། །ཞེས་དྲི་ལན་དུ་འདི་སྐད་བརྗོད། གསང་མཆོག་འོད་གསལ་ཐེག་པ་འདིའི་


JL02_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

།ལྷུན་གྲུབ་སྤུབས་ལ་རྣམ་གསུམ་སྟེ། །འཁོར་འདས་ཐམས་ཅད་འཆར་བའི་གཞི། །ཀུན་གཞི་རང་མལ་གནས་པ་ལ། །ལྷུན་གྲུབ་གཞི་ཡི་སྦུབས་ཞེས་བྱ། །དེ་ལས་ཕྱིར་གསལ་གཞི་སྣང་གི། །འཆར་སྒོ་བརྒྱད་ལས་འཁོར་འདས་ཆོས། །འབྱུང་བའི་གོ་ནི་མ་འགགས་པ། །འདི་ནི་ལྷུན་གྲུབ་ལམ་གྱི་སྦུབས། །གཞི་ལས་ཁྱད་ཆོས་རྣམ་དྲུག་གིས། །བྱེ་བྲག་བྱས་པའི་དབྱིངས་ལ་ནི། །མཐར་ཕྱིན་འབྲས་བུ་ལྷུན་གྲུབ་ཀྱི། །རིན་ཆེན་གསང་བའི་སྦུགས་ཞེས་བརྗོད། །དེ་ལྟར་གསུམ་དུ་ངེས་ན་ཡང་། །གདོད་མའི་ལྷུན་གྲུབ་ཅེས་པའི་སྒྲས། །རང་མལ་གཞི་ལམ་ཡང་ན་ནི། །རྫས་སྤྱིའི་དྲི་བ་ལས་མེད་པས། །དམིགས་ཀྱིས་བསལ་བ་དཀའ་ན་ཡང་། །དེ་ལས་དག་དང་མ་དག་གི། །ཞེས་པའི་ཚིག་རིས་ལ་དཔགས་ནས། །གྲོལ་ནས་དབྱིངས་ལ་བཞུགས་པའི་སྦུབས། །འཆད་ན་འདི་ལྟར་ཤེས་པར་བྱ། །རྒྱུད་རྒྱལ་སྒྲོན་མ་འབར་བ་ལས། །ངོ་བོ་ཉིད་ནི་ཆོས་སྐུ་སྟེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡིས་ཡེ་ཤེས་རྒྱུན་མ་ཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་གསུངས་དེ་ཡི་བཞུགས་ཚུལ་ནི། །གཞི་དང་ངོ་བོ་མཚུངས་པ་ལ། །རྣམ་པ་དྲི་མ་བྲལ་བ་ཡིས། །ཁྱད་པར་བྱས་པའི་འབྲས་བུ་དེ། །ཕྱིན་ཆད་རྒྱུ་རུ་ལྡོག་མི་སྲིད། །དེ་ཡང་ཆོས་ཉིད་ནང་གསལ་དང་། །ཆོས་ཅན་ཕྱིར་གསལ་ལ་ལྟོས་ནས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་གཉིས་སུ་བརྗོད་པ་སྟེ། །རྒྱུད་སྡེ་ལས་ཀྱང་འདི་སྐད་དུ། །ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་། །མཚན་དང་དཔེ་བྱད་ལྡན་པར་ཡོད། །སྟོན་པ་འོད་མི་འགྱུར་བ་ནི། །སྟོང་གསལ་འོད་ཀྱི་ཕུང་པོར་གནས། །ཐུགས་ཀྱི་མཁྱེན་པ་མ་འགགས་གསལ། །ཞེས་སོ་དེ་ཕྱིར་ཚུལ་འདི་ནི། །ནང་གསལ་ཆོས་ཉིད་འཆར་བའི་གཞི། །ཀ་དག་མཐའ་དབུས་མེད་


JL02_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབྱིངས། །ཀློང་ཡངས་རྫོགས་པ་ཆེན་པོའི་ངང་། །འོད་གསལ་ཆོས་སྐུའི་ཕོ་བྲང་ན། །རིག་པའི་སྟོང་ཆ་ཀུན་བཟང་མོ། །སྣང་ཆ་ཀུན་ཏུ་བཟང་པོ་ཡི། །བཙུན་མོ་ཉིད་དུ་རང་གསལ་བས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཞིང་། །ལྷུན་གྲུབ་ཡེ་ཤེས་སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོ་ཡི། །འབྱུང་གནས་ཆེན་པོར་རྟག་བཞུགས་ཀྱང་། །དངོས་པོ་མཚན་མར་མ་གྲུབ་ཅིང་། །སྣང་བའི་རང་གདངས་ནུབ་པ་མེད། །སྟོང་པ་ཕྱང་ཆད་མ་ཡིན་པས། །ངོ་བོ་རང་བཞིན་ཐུགས་རྗེ་ཡི། །ཕྲིན་ལས་འཇུག་པ་རྒྱུད་མི་འཆད། །རྣམ་པར་གྲོལ་བའི་ཡེ་ཤེས་ཆོས། །སྟོབས་བཅུ་མི་འཇིགས་རྣམ་བཞི་དང་། །སོ་སོ་ཡང་རིག་མཚན་བཟང་དང་། །དཔེ་བྱད་ལ་སོགས་ཁྱད་པར་ཆོས། །ནུབ་པ་མེད་པའི་རང་བཞིན་ཅན། །ཡེ་ཤེས་དབྱིངས་སུ་ཐིམ་ན་ཡང་། །སྐུ་གསུམ་འདུ་འབྲལ་མེད་པའི་ཆོས། །ཕྲ་བའི་ཡེ་ཤེས་ནང་གསལ་དུ། །བཞུགས་པས་རྨུགས་པའི་ཡུལ་མེད་ཅིང་། །དྲི་མ་བྲལ་ཕྱིར་མདུན་རྒྱབ་དང་། །སྟེང་འོག་ཕྱོགས་མཚམས་གཉིས་མེད་པས། །གསལ་ལ་རྟོག་པ་མ་མཆིས་ཤིང་། །སེམས་དང་དབུགས་ལས་འདས་པ་ཡིས། །འཁོར་བའི་ཆོས་ཀྱི་གོས་པ་མེད། །ཡིན་ནི་ལྟ་བ་རང་བྱུང་གི། །རྒྱལ་པོ་ཡིན་ལ་བག་ཆགས་ཀྱིས། །བདག་ཏུ་འཛིན་དང་བྲལ་བའི་དངོས། །ཆོས་སྐུའི་ཀློང་ན་རིན་པོ་ཆེ། །འོད་ཟེར་འབར་བའི་སྐུ་ལྔ་ནི། །གཏིང་གསལ་ཆེན་པོར་རྟག་བཞུགས་ཀྱང་། །དེ་ལ་རྟག་པའི་ཆོས་མེད་པས། །འཁྲུལ་བའི་གོ་ཡང་མི་འབྱེད་དོ། །དེ་ཚུལ་རིག་པ་རང་ཤར་དང་། །ཀུན་བཟང་ཐུགས་ཀྱི་མེ་ལོང་དང་། །ནོར་བུ་ཕྲ་བཀོད་ལ་སོགས་པ། །འོད་གསལ་རྒྱུད་སྡེ་རྒྱ་མཚོའི་བཅུད། །གདོད་མའི་མགོན་པོ་ཀློང་ཆེན་པས། །དཔེ་རྟགས་དོན་གྱི་འགྲེལ་བཀོད་ནས། །ཡང་ཡང་གསུངས་ལས་ལྷག་པ་ཅི། །དེ་ལས་གཞན་དོན་མཛད་ཚུལ་ནི། །གདོད་ནས་དག་པའི་ཆོས་ཀྱི་སྐུ། །ཀ་དག་དབྱིངས་ན་གཞི་


JL02_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི། །ཡེ་ཤེས་རྣམ་གསུམ་ཕྲ་བར་གནས། །དེ་ཡི་ཆ་ལས་མཚན་ཉིད་ནི། །འཛིན་པའི་ཡེ་ཤེས་རྣམ་ལྔ་དང་། །ཤེས་བྱ་མཁྱེན་པའི་ཡེ་ཤེས་ཀྱི། །འཆར་གཞི་དངོས་སུ་མ་ཤར་ཙམ། །ཡོད་པའི་རྩལ་གྱིས་ལྷུན་གྲུབ་སྒོར། །གདུལ་བྱའི་སྣང་ཚུལ་དང་བསན་ནས། །ལོངས་སྤྱོད་རྫོགས་པའི་སྣང་བ་བཀོད། །དེ་ལས་ཚངས་ཆེན་བསྐལ་པའི་གཞི། །བཀོད་དེ་རང་བཞིན་སྤྲུལ་པའི་སྐུའི། །སྣང་བ་ཉིད་དུ་བསྟན་པ་དང་། །མ་དག་འཁོར་བའི་སྒོ་ཉིད་ལས། །འགྲོ་བའི་སྣང་བ་དང་མཐུན་པའི། །སྟོན་པས་སེམས་ཅན་གནས་རིགས་ཀུན། །ཁྱབ་པར་བསྟན་ཅིང་འཁོར་བའི་མཚོ། །སྟོངས་པར་མཛད་དེ་ཐལ་འགྱུར་ལས། །དེ་ལྟར་གྲོལ་བའི་སེམས་ཉིད་ལ། །ཐུགས་རྗེ་མེད་པ་མ་ཡིན་ཏེ། །གཞི་ལ་གནས་པའི་ཡེ་ཤེས་ཀྱིས། །རང་བཞིན་ཤུགས་ཀྱི་འཆར་གཞི་བྱེད། །མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱིས། །རྐྱེན་གྱིས་དག་པ་སྨིན་པར་བྱེད། །ཤེས་དང་ཤེས་བྱའི་ཡེ་ཤེས་ཀྱིས། །མོས་གུས་ཅན་ལ་དངོས་གྲུབ་སྟེར། །ཞེས་སོགས་རྒྱ་ཆེར་གསུངས་པ་ལགས།། །།དྲི་བ་ཉི་ཤུ་རྩ་དགུ་པར། །ཆོས་ཉིད་ཟད་པ་ཉེར་བ་ན། །སྐྱེ་འཇུག་གཉིས་ཀྱི་སོ་མཚམས་གང་། །འདི་དུས་འགྲོ་བ་སུམ་སྟོང་ལ། །རིག་པ་བཅུག་ཀྱང་གྲོལ་ཅེ་ན། །དེ་ཡི་ཡོན་ཏན་གྲོལ་ཚུལ་གང་། །ཞེས་དྲི་ལན་དུ་འདི་ལྟར་བརྗོད། །རང་བཞིན་མཆོག་གསང་རྫོགས་པ་ཆེའི། །སྣང་བ་བཞི་ཡི་རིམ་པ་ལས། །མངོན་སུམ་ཡར་ངོའི་ཟླ་བ་ལྟར། །གོང་འཕེལ་ལམ་དུ་བསྐྱེད་བསྲིངས་ནས། །ཚད་ཕེབས་ཟླ་བ་ཉ་གང་འདྲའི། །སྣང་བ་དབྱིངས་སུ་ཐིམ་པའི་མཚམས། །ཆོས་ཉིད་ཟད་པའི་མགོ་རྩོམ་དུས། །རྐང་ལག་བཞི་ཡི་སོར་མོའི་གདངས། །འོད་ལྔར་གསལ་བ་ཙམ་ཡོད་པའི། །སྐབས་འདིར་དབྱིངས་སུ་ཕར་འཇུག་དང་། །ཕྱིར་སྣང་ཉིད་དུ་ཚུར་ལྡོག་པའི། །ས་མཚམས་ཡིན་ལ་དེ་ཡི་ཚེ། །སྐུ་ཡི་སྣང་བ་དེ་ཉིད་ཀྱིས། །དངོས་


JL02_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཞན་དོན་རྒྱ་ཆེན་པོ། །མི་འབྱུང་སྲིད་ན་སོར་མོ་ཡི། །འོད་ལ་རིག་པ་གཏད་པ་ཡིས། །ཕྱིར་སྣང་དང་ནི་རང་ལུས་ཀྱི། །འོད་གསལ་རྣམས་ཀྱང་ནང་དབྱིངས་སུ། །ཇེ་ཐིམ་ཇེ་ཐིམ་ལ་འགྲོ་ཞིང་། །ཐད་ཀའི་དངོས་སྣང་དག་པ་ལ། །ཤེལ་འོད་ནང་དུ་ཐིམ་པ་ལྟར། །ལུས་དང་སྣང་བའི་རང་གདངས་ཀུན། །ལོག་སྟེ་ནང་གསལ་ལྷུན་གྲུབ་དབྱིངས། །རིག་པ་ཆོས་སྐུར་སངས་རྒྱའོ། །གལ་ཏེ་ཕྱིར་སྣང་ཚུར་ལོག་ན། །སྐུ་དེས་སངས་རྒྱས་མཛད་པ་དང་། །མཚུངས་པ་འགྲུབ་ཕྱིར་སྐྱེ་འཇུག་ལ། །དབང་བས་རིག་པ་སེམས་ཅན་ལ། །ཐུགས་རྗེས་གཏད་པས་ཀ་དག་གི། །སྣང་བ་དེ་ཉིད་རང་ལོག་ནས། །འཁྲུལ་པའི་ཆོས་སུ་སྣང་བ་ཡི། །སྣང་བ་འདི་ཀུན་མེ་ལོང་གི། །གཟུགས་བརྙན་ལྟ་བུར་སྣང་བ་དང་། །རང་གི་སྐུ་ཡང་ཆུ་ཟླའི་ཚུལ། །ཡེ་ཤེས་སྒྱུ་མའི་སྐུར་གྲུབ་པས། །འབྱུང་བའི་གནོད་པས་མི་ཤིགས་ལ། །སྣང་བ་ཟང་ཐལ་རྡོ་རྗེའི་སྐུ། །འཕོ་བ་ཆེན་པོ་ཞེས་བྱ་སྟེ། །ཨོ་རྒྱན་སངས་རྒྱས་གཉིས་པ་དང་། །སློབ་དཔོན་བི་མ་ལ་བཞིན་ནོ། །འོན་ཀྱང་གཞན་གྱི་ཆུ་བུར་མིག། མ་དག་སྣང་ངོར་རྡོས་བཅས་ལས། །ཟང་ཐལ་ཉིད་དུ་མི་མཐོང་སྟེ། །མཐོང་ལམ་མངོན་དུ་མ་བྱས་པས། །སངས་རྒྱས་མི་མཐོང་ཇི་བཞིན་ནོ། །དེ་ཚེ་སྐྱེ་དང་འཇུག་པ་ལ། །རང་དབང་ཐོབ་པའི་ནུས་པ་ཡིས། །སྐད་ཅིག་ཉིད་ལ་སངས་རྒྱ་ཡང་། །རྒྱ་རུ་ཡོད་ལ་སེམས་ཅན་དོན། །འཁོར་བ་མ་སྟོངས་བར་དག་ཏུ། །བཞུགས་ནའང་རང་དབང་འབྱོར་བ་ཡིན། །དེ་ཡང་འདི་ལྟར་སྐྱེ་བ་ལ། །དབང་བས་ནང་དབྱིངས་འཇུག་ཁ་མར། །རིག་པ་སེམས་ཅན་སུམ་སྟོང་ལ། །བཅུག་པས་ཐམས་ཅད་དུས་གཅིག་གྲོལ། །སྲིན་བུ་རྣམས་ཀྱང་འོད་དུ་དེངས། །ཅི་ཕྱིར་སེམས་ཅན་ཐམས་ཅད་ཀུན། །རིག་པའི་དབྱིངས་སུ་མཉམ་པ་དང་། །ལས་ལ་བཟང་ངན་མེད་པའི་ཕྱིར། །སྐྱེ་བའི་དབང་གིས་ཅི་འདོད་པར། །སྤྲུལ་ནས་སེམས་ཅན་དོན་ཆེན་བྱེད། །དེ་བཞིན་འཇུག་པ་ལ་དབང་བས། །རིག་པ་བེམ་པོར་བཅུག་ན་ཡང་།


JL02_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་འགུལ་དང་སྒྲ་སྐད་འབྱིན། །པདྨ་དང་ནི་དཔག་བསམ་ཤིང་། །ནོར་བུ་ལ་སོགས་ཐམས་ཅད་ལས། །ཆོས་ཀྱི་སྒྲ་ཕྱུང་སེམས་ཅན་ཀུན། །སྨིན་དང་ཟས་གོས་ཆར་འབེབས་བྱེད། །གསང་བ་ས་བོན་རྒྱུད་ལས་ཀྱང་། །ནང་ལས་ཟད་པའི་སར་ཕྱིན་ཚེ། །སོར་མོ་ལ་སོགས་དེ་བཞིན་སྣང་། །འདིར་གཏད་འབྱུང་བ་རང་དེངས་སོ། །སྐྱེ་དང་འཇུག་པའི་ཁྱད་པར་གྱིས། །ཆོས་ཀུན་ཟད་པའི་རང་ས་ལ། །ཅིར་ཡང་འཛིན་པ་མེད་པར་ནི། །གནས་པ་ཡིན་ནོ་སྤྲུལ་པའི་སྐུ། །འདིས་ནི་འཇུག་པའི་ཤུགས་ཀྱིས་དབང་། །སྐྱེ་བའི་རང་དབང་སུས་ཐོབ་པ། །དེ་ཡང་དེ་ལ་གཏད་ནས་ནི། །ཡང་དུས་འདི་ལྟར་བྱས་པ་ནི། །སྣང་བའི་རང་སྒྲ་སིལ་སྐད་དེ། །མངོན་དུ་ལོག་ནས་འཁྲུལ་བར་སྣང་། །འདིས་ནི་སེམས་ཅན་དོན་ཀུན་བྱེད། །རིག་པ་མཉམ་པར་གཅིག་པའི་ཕྱིར། །སྟོང་ཕྲག་གསུམ་རྣམས་སེམས་ཅན་གྱི། །འཕོ་བ་ཆེན་པོ་འདིས་འགྲུབ་བོ། །ཞེས་གསུངས་དེ་ཕྱིར་སྐྱེ་འཇུག་གི། །སོ་མཚམས་ཆོས་ཉིད་ཟད་པའི་རྗེས། །ནང་དབྱིངས་འཇུག་པ་དེར་ཐོབ་པས། །འགྲོ་བའི་དོན་དུ་མི་ལྡོག་ན། །སེམས་ཅན་སུམ་སྟོང་བར་མ་དར། །ཅིག་ཅར་གྲོལ་བར་བྱས་ནས་ནི། །ནང་དབྱིངས་གདོད་མར་ཕར་འཇུག་ལ། །བྱེད་ན་སྐྱེ་བ་ལ་དབང་བས། །ལྡོག་སྟེ་སུམ་སྟོང་རིམ་གྲོར་བྱེད། །དེ་ལྟར་སྐྱེ་འཇུག་རྣམ་གཉིས་ཀྱིས། །ནུས་པས་བསྐལ་པ་རྡུལ་སྙེད་དུ། །ནོར་བུ་ས་ཡི་གཏེར་ཆེན་དང་། །ཆོས་ཀྱི་རྣམ་གྲངས་རྒྱ་མཚོ་དང་། །ཐབས་མཁས་གང་འདུལ་ཕྲིན་ལས་མཐུས། །བདག་ཅག་ཁམས་གསུམ་སེམས་ཅན་གྱི། །ཕན་པ་བསྒྲུབ་པའི་ཐབས་ཚུལ་ལ། །སྐད་ཅིག་ཉིད་ཀྱང་མི་གཡེལ་བའི། །ཐུགས་རྗེ་གཞན་ལས་རྨད་བྱུང་བ། །དུས་གསུམ་མཁྱེན་པ་པད་འབྱུང་དང་། །རིག་འཛིན་ཆེན་པོ་བི་མ་ལའི། །བཀའ་དྲིན་དྲན་པས་མཆིམ་པ་ཀུ། །ཀྱེ་མ་ཀྱི་ཧུད་འདྲེན་པ་གཉིས། །དེང་སང་བོད་ན་མ་བཞུགས་པས། །རྗེས་འཇུག་བུ་ཡི་སྙིང་ཁོང་གྲང་། །གདུང་བའི་ང་རོས་དེ་


JL02_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

རིང་འབོད། །རེ་ལྟོས་གཞན་དུ་མ་མཆིས་པས། །ཐུགས་རྗེས་ཟུང་ཞིག་གུ་རུ་རྗེ། །ཞེས་ཀྱང་བར་སྐབས་ཚིགས་སུ་བཅད། །དྲི་བ་བཅུ་ཕྲག་གསུམ་པ་ལ། །ཉན་ཐོས་བསྐལ་པ་གྲངས་མེད་ན། །སངས་རྒྱས་ཐོབ་འདོད་དེ་ཉིད་ཀྱི། །ལྟ་སྤྱོད་ས་ལམ་ཅི་ལྟ་བུ། །ཞེས་པའི་ལན་ནི་འདི་ལྟར་རོ། །ཉན་ཐོས་ཐེག་པའི་ངོ་བོ་ནི། །ཐེག་ཆེན་བྱང་ཆུབ་སེམས་དཔའ་ལྟར། །གཞན་དོན་ལྷུར་ལེན་མི་བྱེད་པར། །རང་ཉིད་གཅིག་པུ་འཁོར་བ་ལས། །ཐར་འདོད་བློ་དེ་གང་ཟག་གི། །བདག་མེད་རྟོགས་པའི་ཐབས་སུ་འགྱུར། །ངེས་ཚིག་རང་གི་སྟོན་པ་ལ། །ཆོས་ཉན་གཞན་ལའང་སྒྲོག་བྱེད་པས། །ཐོས་སྒྲོག་ཉན་ཐོས་ཞེས་བྱ་ལ། །དགོས་པ་འཁོར་སྡུག་བསྔལ་ལས། །ངེས་པར་འབྱིན་པའི་ཆོས་ཅན་ཏེ། །འབྲས་བུ་ལྷག་བཅས་ལྷག་མེད་ཀྱི། །དགྲ་བཅོམ་ཐོབ་པ་ཉིད་དུ་འདོད། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །མདོ་སྡེ་བ་དང་བྱེ་བྲག་ཏུ། །སྨྲ་བ་གཉིས་ལས་ཕྱི་བ་ནི། །རིགས་པ་ཀུན་རྫོབ་བདེན་པ་འདི། །གཡག་རྔ་དང་ནི་ནེའུ་གསིང་ལྟར། །ཚོགས་པ་གཅིག་ཏུ་སྣང་ན་ཡང་། །དོན་ལ་རྡུལ་ཕྲན་བསིལ་བུར་འདོད། །དེ་ཡང་གང་ཟག་གི་ནི་བདག། མེད་པར་སྨྲ་ཡང་ཆོས་ཀྱི་བདག། རྡུལ་ཕྲན་སྐད་ཅིག་ཡོད་པ་རུ། །ཁས་ལེན་བདེན་པ་བཞིས་བསྡུས་པའི། །ཆོས་ལ་རྒྱུ་འབྲས་སྤང་བླང་དུ། །གོ་ནས་སྡུག་བསྔལ་ཤེས་བྱ་ཞིང་། །ཀུན་འབྱུང་སྤང་བྱ་ལམ་བརྟེན་བྱ། །འགོག་པ་ཐོབ་བྱའི་ཚུལ་ལ་བརྟེན། །སྤང་བྱ་བརྒྱ་ཕྲག་བཞི་དང་ནི། །བཅུ་བཞི་སྤངས་ནས་ཟད་པ་དང་། །མི་སྐྱེ་ཤེས་པའི་ཡེ་ཤེས་ནི། །མངོན་དུ་བྱས་ཏེ་གྲོལ་བར་འདོད། །མདོ་སྡེ་བ་ནི་དམིགས་བྱའི་ཡུལ། །བདེན་པ་བཞི་ལ་དམིགས་བྱེད་ཀྱིས། །ཤེས་པ་བཅུ་གཉིས་སུ་ཤེས་པས། །ཉོན་མོངས་བརྒྱད་ཅུ་རྩ་བརྒྱད་ཀུན། །སྤངས་ཏེ་ཡེ་ཤེས་རྟོགས་པར་འདོད། །དེ་ཡང་གང་ཟག་བདག་མེད་ནི། །བྱེ་བྲག་སྨྲ་དང་མཚུངས་ན་ཡང་། །ཆོས་ཁམས་ཕྱོགས་གཅིག་གིས་


JL02_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་སོ། །ལམ་ལྔ་སྐྱེ་བའི་རིམ་པ་ལ། །གཉིས་ཀས་ནན་ཏན་བྱེད་པ་ན། །དུག་གསུམ་སྤྱི་ཡི་གཉེན་པོ་རུ། །བདག་མེད་པ་དང་སྒྱུ་མ་སྒོམ། །སོ་སོའི་གཉེན་པོར་འདོད་ཆགས་ལ། །མི་གཙང་བརྒྱད་དང་ཀེང་རུས་སྒོམ། །ཞེ་སྡང་ལ་ནི་བྱམས་པ་དང་། །གཏི་མུག་རྟེན་འབྲེལ་བཅུ་གཉིས་ནི། །ལུགས་འབྱུང་ལུགས་ལྡོག་ཉིད་སྒོམ་ཞིང་། །རྣམ་རྟོག་གཉེན་པོར་དབུགས་གྲངས་གཞལ། །བདག་མེད་དེ་ཡང་ཡུལ་དང་ནི། །ཡུལ་ཅན་འགག་པའི་མི་རྟོག་པ། །འགོག་པའི་ཅི་ཡང་མེད་པ་བསྒོམ། །ཐེག་པ་ཆེ་དང་གསང་སྔགས་སོ། །དེ་ཡི་བློ་ལ་མི་ཆུད་ཅིང་། །དཀར་པོ་རྣམ་པར་མཐོང་བ་སོགས། །དམན་པའི་སངས་རྒྱས་ལ་བརྟེན་ནས། །རྒྱུན་ཞུགས་ལན་ཅིག་ཕྱིར་འོང་དང་། །ཕྱིར་མི་འོང་བ་དགྲ་བཅོམ་སྟེ། །རེ་རེར་གནས་པ་གཉིས་གཉིས་སུ། །ཕྱེ་བས་སྐྱེས་བུ་ཆེན་པོ་ཡི། །རིམ་པ་བརྒྱད་ཅེས་ཡོངས་གྲགས་ལ། །དེ་ཕྱིར་རིག་པ་རང་ཤར་ལས། །ཉན་ཐོས་ཐེག་པ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་བ་དང་མདོ་སྡེ་བའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེའུ་གསིང་ཚུལ་དུ་འདོད། །རང་གི་བློ་ཡིས་བལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་ཏོན་བྱས་པའི་རང་བཞིན་དང་། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་བསྒོམས་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་བར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་བཞི་སྒོམ་ཞིང་། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འིད་ལྟ་སྟེ། །འགོག་བསྒོམ་བར་འདོད་པ་ལ། །ཀུན་འབྱུང་སྤང་བར་


JL02_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་སྒོམ་པར་བྱེད། །ཟས་ལ་གོམས་པར་གྱུར་བ་དང་། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དོ། །བསམ་གཏན་མི་རྟོག་ཚིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་བར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེར་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤོང་བའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང་། །གཏི་མུག་གཉེན་པོར་སྒོམ་པ་དང་། །དེ་བཞིན་ལམ་གྱིས་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འདོད་ཆགས་སྒོམ་པ་ལས། །དེ་ལས་བསྐྱེད་ནས་མགོ་བོ་ཙམ། །དེ་ལས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གིས་མཐོང་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོར་གོམས་གྱུར་ན། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང་། །མེ་དམར་གསལ་ལ་དངས་པ་ཅིག །བསྒོམས་པས་ཤེས་པ་གསལ་བ་དང་། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོང་། །དེ་ལྟར་རྣམ་བཞི་བསྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞིར་ཐོབ་བོ། །འབྲས་བུ་བྷི་གང་ཞེ་ན། །འགོག་པ་བསྒོམས་པའི་འབྲས་བུ་ནི། །རྒྱུན་ཏུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམས་པའི་རང་


JL02_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམས་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །ས་བཅུའི་མཐར་ཕྱིར་ཐོབ་པའོ། །ས་དང་ལམ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་ཡན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱིས་བརླབས་ཀྱིས་ཐོས་པའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །གསུངས་པས་ཤིན་ཏུ་གོ་སླ་མེད། །དེ་བཞིན་རང་རྒྱལ་ཐེག་པ་ཡི། །ངོ་བོ་རང་དོན་ཕྱོགས་གཅིག་པས། །སློབ་དཔོན་ལ་ནི་མ་བརྟེན་པར། །བྱང་ཆུབ་སྲིད་མཐར་མངོན་བྱེད་ཐབས། །བདག་མེད་ཕྱེད་དང་གཉིས་རྟོགས་ཏེ། །དེ་ཡང་འདི་ལྟར་ཤེས་པར་བྱ། །ཉན་ཐོས་ཀྱིས་ནི་གང་ཟག་གི། །བདག་མེད་རྟོགས་ཀྱང་ཆོས་ཀྱི་བདག། མེད་པ་ཇི་བཞིན་མ་རྟོགས་ལ། །རང་སངས་རྒྱས་ཀྱིས་དེའི་སྟེང་དུ། །ཆོས་ཀྱི་ཕྱེད་ཆ་ཕྱི་གཟུང་བ། །མེད་པ་རྟོགས་ཀྱང་ནང་གི་ནི། །འཛིན་པ་མེད་པར་མ་རྟོགས་པས། །མངོན་རྟོགས་རྒྱན་ལས་དེ་སྐད་དུ། །གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པས་ཤེས་པར་བྱ། །ཞེས་གསུངས་དེ་ཡི་ངེས་ཚིག་ནི། །རང་ཉིད་གཅིག་པུ་སངས་རྒྱས་སུ། །འདོད་པ་རང་སངས་རྒྱས་སུ་བརྗོད། །དགོས་པ་འཁོར་བ་ལས་ཐར་ཕྱིར། །འབྲས་བུ་ཚོགས་དང་བསེ་རུ་ནི། །དགྲ་བཅོམ་རྣམ་པ་གཉིས་ཡིན་ནོ། །འདི་ཡང་རིག་པ་རང་ཤར་ལས། །ཨ་ཧེ་གསང་བའི་བདག་པོ་ཉོན། །རང་རྒྱལ་མདོ་སྡེའི་ཐེག་པ་ནི། །འཇུག་པའི་སྒོ་ནི་རྟེན་འབྲེལ་བཅུ་གཉིས་སོ། །རྟོགས་པའི་ལྟ་བ་གང་ཟག་བདག་མེད་ལ། །ཆོས་ཀྱི་བདག་ཕྱེད་ཡོང་བར་ལྟ་བའོ། །བསྲུང་བའི་ཚུལ་


JL02_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཉིས་བརྒྱ་ལྔ་བཅུ་སྲུང་། །སྒོམ་པའི་རིམ་པ་མི་རྟོག་ཆོས་ཉིད་བསྒོམ། །ཕྱི་དང་ནང་གི་རྟེན་འབྲེལ་རྣམས། །གོམས་ནས་སྟོབས་སུ་གྱུར་བ་དང་། །འབྲས་བུ་མཐར་ཕྱིན་ཚད་དུ་འདོད། །དེ་ཡང་དཔེ་མཚོན་འདི་ལྟ་སྟེ། །དཔེར་ན་དུར་ཁྲོད་རོ་བཞིན་ཏེ། །དུར་ཁྲོད་དག་ཏུ་སོང་ནས་ནི། །རོ་འདི་དང་པོ་གང་ལས་བྱུང་། །དེ་ལྟ་འདི་ཡི་དངོས་པོ་ཅི། །སྙམ་དུ་དཔེ་ཡིས་མཚོན་པར་བྱེད། །དེ་ཡང་མ་རིག་པ་ལས་བྱུང་། །མ་རིག་པ་ལས་འདི་བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང་། །མིང་ལས་གཟུགས་ཀྱི་རང་བཞིན་འབྱུང་། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང་། །སྐྱེ་མཆེད་དྲུག་ལས་རེག་པ་འབྱུང་། །རེག་ལས་ཚོར་བ་འབྱུང་བར་འགྱུར། །ཚོར་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང་། །ལེན་པ་ལས་ནི་སྲིད་པ་འབྱུང་། །སྲིད་པ་ལས་ནི་སྐྱེ་བ་འབྱུང་། །སྐྱེ་བ་ལས་ནི་རྒས་པ་འབྱུང་། །རྒས་པ་ལས་ནི་ན་བ་འབྱུང་། །ན་བ་ལས་ནི་ཤི་བ་འབྱུང་། །དེ་བཞིན་རྟེན་འབྲེལ་བཅུ་གཉིས་སྒོམ། །དེ་ལྟར་བསྒོམས་པའི་ཡོན་ཏན་གྱིས། །ས་བཅུ་གཉིས་ཀྱི་འབྲས་བུ་ཐོབ། །མི་སྡུག་རྣམ་པར་བརྒྱད་སྒོམ་སྟེ། །དུར་ཁྲོད་ཕྱོགས་སུ་ཕྱིན་ན་ནི། །རང་གི་ལུས་ལ་འདི་ལྟར་རྟོག །དང་པོ་རྣམ་པར་སྔོ་བར་འདོད། །དེ་ནས་རྣམ་པར་དམར་བ་དང་། །རྣམ་པར་གནག་པ་དག་དང་ནི། །དེ་བཞིན་རྣམ་པར་བམ་པ་དང་། །རྣམ་པར་ཟོས་པ་དག་དང་ནི། །དེ་བཞིན་རྣམ་པར་འབུ་ཞུགས་དང་། །རྣམ་པར་འཐོར་བ་དག་ཏུ་འདོད། །དེ་བཞིན་རྣམ་པར་དཀར་བའོ། །དེ་ནི་འདོད་ཆགས་གཉེན་པོ་རུ། །མི་སྡུག་རྣམ་བརྒྱད་སྒོམ་པའོ། །ཉན་དང་ཐོས་པ་མེད་པ་སྟེ། །དེ་ཕྱིར་རང་རྒྱལ་ཐེག་པར་འདོད། །ཅེས་པས་ཤིན་ཏུ་གསལ་བར་བསྟན། །དེ་ལྟར་ཐེག་དམན་རྣམ་གཉིས་ལས། །སྟོང་བ་ཉིད་དང་སྙིང་རྗེ་སྟེ། །གནིས་ཀའི་སྒོ་ནས་ཁྱད་པར་དུ། །འཕགས་


JL02_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་སེམས་སྡེ་སྣོད་ཀྱི། །རང་བཞིན་ཟུར་ཙམ་སྨོས་པ་ན། །ཐེག་ཆེན་འདི་ཡི་ངོ་བོ་ནི། །ཆོས་རྣམས་ནམ་མཁའ་ལྟར་རྟོགས་ཤིང་། །སྙིང་རྗེས་གཞན་དོན་རླབས་པོ་ཆེ། །སྤྱོད་པ་རྒྱུའམ་ཐབས་ཡིན་ལ། །ངེས་ཚིག་ཐར་བ་ཆེན་པོ་ཡི། །གྲོང་ཁྱེར་དམ་པར་འཁྲིད་པས་ན། །ཐེག་པ་ཆེན་པོ་ཞེས་བྱའོ། །དགོས་ཆེད་བློ་གྲོས་ཆེན་པོ་རྣམས། །སངས་རྒྱས་ཐོབ་པར་བྱེད་པའོ། །འབྲས་བུ་ལམ་ལྔ་མཐར་ཕྱིན་ནས། །ཀུན་ཏུ་འོད་ཀྱི་ས་ལ་གནས། །དེ་ཡང་ལམ་གྱི་ངོ་བོ་ནི། །དབང་རྣོན་སེམས་སྟོབས་ཆེན་པོ་ཡིས། །བདེན་པ་གཉིས་ཀྱི་རང་བཞིན་ནི། །ཤེས་པར་བྱས་ནས་འཇུག་པར་བྱེད། །དབྱེ་ན་གྲུབ་མཐའ་གཉིས་ཡིན་ཏེ། །སེམས་ཙམ་པ་དང་དབུ་མའོ། །དང་པོ་ལ་ཡང་ནང་གསེས་སུ། །ཕྱེ་ན་འདི་ལྟར་ཤེས་པར་བྱ། །རྣམ་བདེན་པ་དང་རྣམ་རྫུན་ལས། །སྔ་མ་སེམས་ཙམ་རྣམ་བདེན་པས། །སྣང་བ་དཀར་དམར་སྣ་ཚོགས་སུ། །སྣང་བའི་རང་བཞིན་འདི་ཐམས་ཅད། །རང་གི་ཤེས་པའི་རྣམ་པ་ནི། །ཕྱི་རོལ་ཤར་བ་ཙམ་ཡིན་ཏེ། །རྫིང་འགལ་ཤིང་གི་ཡལ་ག་ལ། །བཏགས་པའི་ནོར་བུ་ཀེ་ཀེ་རུའི། །གཟུགས་བརྙན་ཆུ་ནང་ཤར་བའི་ཚེ། །ནོར་བུའི་རྣམ་པ་ཕྱི་རོལ་དུ། །ཤར་བ་བཞིན་ནོ་ཞེས་འདོད་དོ། །དབྱེ་ན་རྣམ་པ་གསུམ་ཡོད་དོ། །སྐབས་འདིར་རྒྱས་པར་སྤྲོས་སོ། །དེ་བཞིན་སེམས་ཙམ་རྣམ་རྫུན་པས། །ཕྱི་ཡི་སྣང་བ་སྣ་ཚོགས་ཀུན། །ཤེས་པའི་ཆ་ལ་འཁྲུལ་སྣང་དུ། །སྣང་བའི་བག་ཆགས་རྫུན་པའི་ཆོས། །ཤེས་པ་བདེན་པར་མ་ཡིན་ལ། །དེ་ཉིད་འཇལ་བྱེད་ཤེས་པ་ཡང་། །རྫུན་པས་གཞལ་གྱིས་མྱང་བ་ཡིས། །བདེན་པས་གཞལ་བ་ནི་མེད་དེ། །ཡུལ་ཤེས་གཉིས་ཀའང་འཁྲུལ་སྣང་ཆོས། །རྫུན་པའི་རང་བཞིན་ཅན་དུ་འདོད། །དབྱེ་ན་དྲི་བཅས་དྲི་མེད་ཀྱིས། །འདོད་པ་རྣམ་གྲངས་གཉིས་ཡོད་དོ། །གཉིས་པ་དབུ་མ་ཆེན་པོ་ལ། །རང་རྒྱུད་པ་དང་ཐལ་འགྱུར་ཏེ། །རྣམ་གྲངས་གཉིས་སུ་དབྱེ་བ་ལས། །རང་རྒྱུད་པ་ཡི་དགོངས་པ་ནི། །འདི་ལྟར་སྣ་ཚོགས་


JL02_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཡི། །རྣམ་པ་དང་ནི་འཇལ་བྱེད་ཀུན། །མེད་པ་གསལ་སྣང་ཙམ་དུ་ཡང་། །མ་ཟད་འདི་ནི་དོན་དམ་པར། །སོ་སོ་རང་གི་རིག་པ་ཡི། །ཡེ་ཤེས་དེ་ཡང་རང་བཞིན་གྱི། །ངོ་བོ་མེད་པ་ཉིད་དུ་འདོད། །དབྱེ་ན་རང་རྒྱུད་གོང་འོག་གི། །ལོག་པ་ཤིན་ཏུ་ཕྲ་བར་ཡོད། །ཐལ་འགྱུར་བ་ཡི་དགོངས་པ་ནི། །དོན་དམ་ཉིད་དུ་མ་གྲུབ་དང་། །ཀུན་རྫོབ་སྣང་ཙམ་སྒྱུ་མ་རུ། །གྲུབ་པ་སོགས་ཀྱིས་གཞི་ཐམས་ཅད། །བཀག་ནས་ཡོད་མེད་མཐའ་བྲལ་ཆེའི། །རང་བཞིན་འདི་ལ་ཁས་ལེན་གྱི། །མཚན་མ་ཀུན་དང་བྲལ་བར་འདོད། །དེ་སྐད་དུ་ནི་རྩོད་བཟློག་ལས། །གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དང་སླར་ཡང་འདི་སྐད་དུ། །དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགག་གོ། དེ་ཕྱིར་དགག་པ་བྱེད་དོ་ཞེས། །སྐུར་བ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་གསུངས་དེ་ཕྱིར་འདི་ཉིད་ལ། །བློ་ཡིས་བཀོད་པའི་གྲུབ་པའི་མཐའ། །གང་ཡང་མེད་དེ་སྤྲོས་པ་ཀུན། །དབྱིངས་སུ་ཞི་བའི་བདག་ཉིད་ཅན། །འདི་ནི་སངས་རྒྱས་པ་རྣམས་ཀྱིས། །གྲུབ་མཐའ་སྨྲ་བའི་རྩེ་མོ་ཡིན། །རང་བཞིན་རྫོགས་པ་ཆེན་པོ་ཡི། །མ་བཅོས་ལྷུག་པའི་ཀ་དག་ལ། །གསལ་འགྲིབ་མེད་པའི་རང་བཞིན་དུ། །ཡེ་ཤེས་ཆེན་པོ་འདི་བཞུགས་སོ། །ཡིད་ཀྱིས་དཔྱོད་དང་བཤད་པ་ཡི། །སྤྲོས་བྲལ་དབུ་མ་ཆེན་པོ་འདིའི། །གྲུབ་མཐའ་འཛིན་པ་ཕལ་ཆེར་ལ། །ཁས་ལེན་ཙམ་ཞིག་མ་ལགས་པ། །ཉམས་ལེན་ཡོད་པར་མ་མངོན་ནོ། །ཨེ་མ་རི་རྒྱལ་ལྷུན་པོ་ཡི། །རྩེ་ནས་རི་ཕྲན་ཐམས་ཅད་ཀུན། །ལག་པའི་མཐིལ་གྱི་སྐྱུ་རུ་ར། །བཞིན་དུ་མཐོང་བ་ངོ་མཚར་ཅན། །ཅི་ཕྱིར་ཉན་རང་བྱང་སེམས་ཀྱི། །བསྟན་པའི་སྒོ་རུ་ཞུགས་པ་ལས། །རྟོགས་པའི་རང་བཞིན་མ་སྦྱངས་ཏེ། །ཐེག་མཆོག་ངེས་གསང་ཨ་ཏི་ཡི། །དོན་བརྒྱུད་སྙིང་ལ་བབས་པ་ལས། །འོག་མ་ཀུན་གྱི་རྣམ་འབྱིད་མཐོང་། །འོན་ཏང་མང་པོ་མི་སྨྲ་བར།


JL02_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ལྐུགས་པའི་ངང་ཚུལ་ལ་གནས་ཏེ། །སེམས་འདས་ཡེ་ཤེས་དབུ་མའི་ཀློང་། །རིག་པ་གདར་ཤ་གཅོད་པ་ལ། །དབེན་པར་ཡོངས་སུ་སྐད་ཅིག་ཀྱང་། །མེད་པས་སུ་ལས་འབྲེལ་བ་འདི། །གྲུབ་ཐོབ་ཀུན་གྱི་རྣམ་ཐར་ཡིན། །དེ་ཕྱིར་ཉན་ཐོས་ཐེག་པ་ཡི། །ལྟ་སྤྱོད་དྲིས་པའི་ཞར་ཙམ་དུ། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་། །དེ་དང་དབྱེར་མེད་ཀློང་ཆེན་པའི། །དགོངས་པ་གཅིག་ཏུ་དྲིལ་ནས་ཀྱང་། །དམན་པའི་གོང་མ་རྣམ་གཉིས་ཀྱང་། །མདོ་ཙམ་བཤད་དོ་དེ་ཉིད་ཀྱང་། །ལུང་གིས་སྐྱོར་ན་ཁྱད་པར་འཕགས། །དེ་ཕྱིར་རིག་པ་རང་ཤར་ལས། །བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འཇུག་པའི་སྒོ་ནི་བདེན་པ་གཉིས། །དོན་དམ་དང་ནི་ཀུན་རྫོབ་བོ། །བསྲུང་བའི་ཚུལ་ཁྲིམས་ཡལ་ག་ནི། །སྡོམ་པ་བརྒྱད་ཅུ་རྩ་ལྔའོ། །ལྟ་བ་སྟོང་ཉིད་ཡེ་ཤེས་སོ། །དོན་དམ་ཀུན་རྫོབ་འདི་ལྟ་སྟེ། །ཀུན་རྫོབ་རྣམ་པ་གཉིས་སུ་འདོད། །ལོག་པ་དང་ནི་ཡང་དག་གོ། ལོག་པའི་ཀུན་རྫོབ་འདི་ལྟ་སྟེ། །བརྟག་པར་སྣང་བ་ཐམས་ཅད་ཀུན། །མཐུན་པར་སྣང་ལ་དོན་བྱེད་ནུས། །བརྟགས་ན་ངོ་བོ་ཉིད་ཀྱིས་དབེན། །དོན་ནི་མེད་ལྟར་སྣང་ངོ། །དེ་ནི་ཀིག་པའི་ཀུན་རྫོབ་བོ། །ཡང་དག་ཀུན་རྫོབ་འདི་ལྟ་སྟེ། །དགེ་བ་བཅུ་ཡི་ལས་རྣམས་དང་། །དཀར་པོར་གྱུར་བའི་བསམ་པ་དང་། །མོས་པའི་བསམ་པ་ཇི་སྙེད་པ། །ཡང་དག་ཀུན་རྫོབ་ཆེན་པོར་འདོད། །སྦྱིན་པ་ལ་སོགས་ཚུལ་ཁྲིམས་དང་། །དེ་བཞིན་ཏིང་འཛིན་ལ་སོགས་རྣམས། །ཡང་དག་ཀུན་རྫོབ་ཆེན་པོའོ། །དོན་དམ་ལ་ཡང་རྣམ་པ་གཉིས། །མཚན་མ་ཚིག་གི་དོན་དམ་དང་། །ཡང་དག་སེམས་ཀྱི་དོན་དམ་མོ། །མཚན་མ་ཚིག་གི་དོན་དམ་གྱིས། །ཐམས་ཅད་སུན་འབྱིན་རྩོད་པའོ། །དེ་ཡང་མཚན་མའི་རིག་པ་ནི། །གང་དེ་ཉིད་ལ་དེ་ལྟར་སྣང་། །ཚིག་གི་སྟོང་པ་ཆེན་པོ་ལས། །དོན་ལ་སྟོང་ཞིང་མ་རྟོགས་པའོ།


JL02_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ཚིག་གི་དོན་ནམ་མོ། །ཡང་དག་སེམས་ཀྱི་དོན་དམ་ནི། །སྟོང་པ་ཅང་མེད་སྒོམ་པར་འདོད། །དཔེར་ན་ནམ་མཁའ་སྟོང་པ་བཞིན། །སྟོང་པའི་དོན་བཞིན་དེ་བཞིན་ཉིད། །སྟོང་ཉིད་ཕྱང་ཆད་མུ་མེད་དོ། །ཞེས་ནི་སྤྱོད་ཅིང་ཆགས་པའོ། །ལམ་ནི་འདི་ལྟར་འདོད་པའོ། །ས་ལ་སྦྱང་བར་འདོད་པའོ། །དེ་ཡང་དྲོད་སྐྱེ་བཟོད་པ་དང་། །རྩེ་མོ་འཇིག་རྟེན་ཆོས་མཆོག་གོ། དྲོད་ལ་རྣམ་པ་གསུམ་གྱིས་བསྟན། །ཕྱི་དང་ནང་དང་གཉིས་ཀའོ། །ཕྱི་ཡི་དྲོད་སྐྱེ་འདི་ལྟ་སྟེ། །གཉིས་པོ་དྲི་མ་མེད་པ་ལ། །དངོས་པོར་སྣང་བ་སྟོང་པ་སྐྱེས། །དེ་ནི་ཏིང་འཛིན་ཉམས་ལེན་ཏེ། །ས་གཉིས་དག་ལ་སྐྱེ་བར་གསུངས། །ནང་གི་དྲོད་ནི་དྲུག་པ་ལ། །སྟོང་པ་རིག་བྱེད་ངག་ཏུ་རྟོགས། །གཉིས་ཀའི་དྲོད་ནི་འདི་ལྟ་སྟེ། །བདུན་པ་དག་ལས་སྐྱེ་བ་གསུངས། །བརྒྱད་པ་བཟོད་པ་ཐོབ་པ་སྟེ། །དགུ་པ་རྩེ་མོ་མཐར་ཕྱིན་ནོ། །བཅུ་པ་འཇིག་རྟེན་ཆོས་ཀྱི་མཆོག། དེ་བཞིན་ས་བཅུ་ཐོབ་པར་འདོད། །དེ་ནི་བྱང་ཆུབ་ཐེག་པ་སྟེ། །སྟོང་པའི་ཚིག་མེད་ཡི་གེ་མེད། །ཅང་མེད་སྟོང་པར་འདོད་པའོ། །ཞེས་དང་ཁྱད་པར་འདི་ཡི་གཞུང་། །དབུ་མ་རིག་པའི་ཚོགས་དྲུག་སྟེ། །རྩ་བ་ཤེས་རབ་ཐ་སྙད་དྲུག། རིག་པ་དྲུག་ཅུ་རྩོད་བཟློག་དང་། །ཞིབ་མོ་རྣམ་འཐག་སྟོང་ཉིད་ནི། །བདུན་ཅུ་པའོ་དེ་ཡང་ནི། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། །རྒྱལ་བ་བུ་རམ་ཤིང་པའི་བཀའ། །དང་པོ་བདེན་བཞིའི་ཆོས་འཁོར་གྱི། །འགྲེལ་བར་གཏམ་གྱི་ཚོགས་མཛད་ལ། །བར་པ་མཚན་ཉིད་མེད་པ་ཡི། །འཁོར་ལོའི་འགྲེལ་བར་རིགས་ཚོགས་མཛད། །ཐ་མ་དོན་དམ་རྣམ་ངེས་ཀྱི། །འགྲེལ་བར་བསྟོད་པའི་ཚོགས་མཛད་པས། །འཛམ་གླིང་མཛེས་པའི་རྒྱན་གྱི་མཆོག། དེ་ཕྱིར་འདི་ཡི་བསྟན་བཅོས་ཀྱང་། །བཀའ་དང་ཁྱད་པར་མེད་པར་བཞེད །ཤིང་རྟ་ཆེར་པོ་འདི་ཡི་སྲོལ། །བོད་དུ་ཡིན་ཚུལ་ཇི་བཞིན་པར། །རང་དབང་བསྒྱུར་ནས་འགྲེལ་བ་ལ།


JL02_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་ངག་གི་དབང་པོ་དེར། །མཚུངས་ཟླ་འོས་པ་འགའ་ཡང་མེད། །དེ་ཚུལ་ཤིང་རྟ་ཆེན་མོ་དང་། །གྲུབ་མཐའི་མཛོད་ལ་རྟོགས་པ་བྱ། །དྲི་བ་སུམ་ཅུ་རྩ་གཅིག་པར། །གསང་སྔགས་ཚེ་གཅིག་གྲོལ་ཅེས་པས། །དེ་ཡི་ལྟ་སྤྱོད་ས་ལམ་གང་། །དབང་རྣོན་ཤེས་རབ་ཆེན་པོ་ཉིད། །སྐད་ཅིག་གཅིག་གིས་གྲོལ་ཅེས་པའི། །དེ་ཡི་གནད་དོན་མཚན་ཉིད་གང་། །ཞེས་དྲི་ལན་དུ་འདི་སྐད་བརྗོད། །སྤྱིར་ནི་སྔགས་ཀྱི་ཐེག་པ་འདི། །མཚན་ཉིད་རྒྱུ་ཡི་ཐེག་པ་ལས། །ཁྱད་པར་བཞི་ཡིས་འཕགས་པ་སྟེ། །མཚན་ཉིད་རྒྱུ་ལ་འབད་རྩོལ་གྱིས། །ཚོགས་ཆེན་ཁོ་ནས་བསྒྲུབ་པ་ལས། །སྔགས་སུ་དེ་ལ་མ་ལྟོས་པར། །འབྲས་བུ་ཡོངས་སུ་སྨིན་ཟིན་པས། །འབད་རྩོལ་ཆུང་དུས་འགྲུབ་པས་འཕགས། །རྒྱུ་ནས་ལམ་ལྔ་ས་བཅུའི་འགྲོས། །བསྐལ་པ་མང་པོར་དཀའ་ཚེགས་ཀྱིས། །སྤྱད་ནས་སངས་རྒྱས་ཐོབ་པ་དེ། །སྔགས་སུ་འདི་འམ་བར་མ་དོ། །ཐ་མའང་སྐྱེ་བ་བརྒྱུད་ནས་ནི། །མྱུར་པོར་སངས་རྒྱས་འགྲུབ་པས་འཕགས། །རྒྱུ་ནས་བདེན་པ་མཐོང་བ་ལའང་། །ཚོགས་ཆེན་དཔག་མེད་བསག་དགོས་ལ། །སྔགས་སུ་ཚོགས་ཀྱི་འཁོར་ལོ་སོགས། །ཕྲ་མོས་འགྲུབ་པས་ཁྱད་པར་འཕགས། །རྒྱུ་ནས་དྲང་དོན་ངེས་དོན་དང་། །དགོངས་ལྡེམ་རྣམ་པ་བཞིས་བསྟན་ནས། །ཐ་མལ་ཐད་དྲང་མི་སྟོན་པ། །སྔགས་སུ་ཅིག་ཅར་དྲང་ཐད་དུ། །བསྟན་པས་བར་ཆད་ཉུང་བས་འཕགས། །དེ་ཕྱིར་ཚུལ་གསུམ་སྒྲོན་མེ་ལས། །དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་རང་བཞིན་རྒྱས་པ་རུ། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །རྫོགས་ཆེན་རིག་པ་རང་ཤར་ལས། །རྡོ་རྗེའི་ཐེག་པ་རྣམ་པ་གཉིས། །ཕྱི་པ་ཐུབ་པ་རྒྱུད་དང་ནི། །ནང་པ་ཐབས་ཀྱི་རྒྱུད་དུ་གསུངས། །ཞེས་སོ་དེ་ཡང་གསང་སྔགས་ལ། །རྒྱུད་དུ་འཇོག་པ་གང་ཞེ་ན། །གཙོ་བོར་རང་གི་རིག་པའི་རྒྱུད། །དབྱིངས་ཀྱི་འོད་གསལ་འཇལ་བས་ན། །རྒྱུད་ཅེས་བྱ་བའི་མིང་དུ་འགྲུབ།


JL02_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དང་པོ་ཕྱི་རྒྱུད་ལ། །རྣམ་པ་གསུམ་དུ་ཡོད་པ་ལས། །བྱ་རྒྱུད་ཀྲཱི་ཡའི་རྒྱུད་དེ་ནི། །དག་པ་གསུམ་དང་གཙང་སྒྲ་གསུམ། །སྤྱོད་ཅིང་བདག་དང་ལྷ་གཉིས་པོ། །རྗེ་དང་འབངས་ཀྱི་ཚུལ་དུ་བསྒྲུབ། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །དག་པ་གཙོ་བོར་བྱེད་པ་དང་། །དམིགས་པ་གཙོ་བོར་བྱེད་པའོ། །དང་པོ་ཁྲུས་དང་གཙང་སྒྲ་ལ། །ནན་ཏན་སྒོ་ནས་ལུས་དག་པ། །ལྷ་ཡི་སྐུ་རུ་སྒོམ་པ་སྟེ། །ཁྲུས་གསུམ་བྱེད་དང་གོས་གསུམ་བརྗེ། །དཀར་གསུམ་མངར་གསུམ་བསྟེན་པའོ། །ལྟེ་བ་འོག་མ་ལས་འཕགས་ཏེ། །ཀུན་རྫོབ་སྣང་བ་ཚོད་ཙམ་དུའང་། །བདེན་པར་འཇོག་པར་མི་བྱེད་ཅིང་། །དམིགས་པ་གསུམ་གྱིས་སྐུ་གསུང་ཐུགས། །ལྷ་སྐུ་ཡིག་འབྲུ་ཕྱག་མཚན་དུ། །སྒོམ་པས་ཐ་མལ་རྟོག་པ་ཀུན། །བསམ་གཏན་ཉིད་ལས་མི་འདའ་སྟེ། །དོན་གྱི་དམ་པར་ཡི་དམ་ལྷ། །ཡེ་ཤེས་སེམས་དང་བདག་ཉིད་ནི། །དམ་ཚིག་སེམས་དཔའ་རྣམ་པ་གཉིས། །རྗེ་དང་ཁོལ་གྱི་རང་བཞིན་དུ། །བལྟས་པས་བར་གཅོད་ཞི་བ་དང་། །ཐུན་མོང་དངོས་གྲུབ་ལ་བརྟེན་ནས། །ཀུན་རྫོབ་སྤོང་བར་མི་བྱེད་ལ། །མཆོག་གི་དངོས་གྲུབ་ལ་བརྟེན་ནས། །དོན་དམ་བསྒྲུབ་པར་མི་བྱེད་དོ། །དམིགས་པ་གཙོ་བོར་བྱེད་པ་ནི། །བསྐྱེད་རྫོགས་ཕྲ་མོའི་འཕྲོ་འདུ་ནི། །དམིགས་པའི་ལྷ་རུ་སྒོམ་པ་སྟེ། །གཟུགས་དང་སྒྲ་དང་རྣམ་རྟོག་གསུམ། །སྐུ་གསུང་ཐུགས་སུ་དམིགས་པའོ། །དག་པས་ལུས་ངག་གཙང་སྦྲ་གཙོར། །བྱེད་ཅིང་དམིགས་པ་སེམས་ཀྱིས་ནི། །སྒོམ་པ་གཙོར་བྱེད་རང་ཤར་ལས། །འཇུག་པའི་སྒོ་ནི་དག་པ་གསུམ། །ཁྲུས་དང་གཙང་སྦྲས་འཇུག་པའོ། །བསྲུང་བའི་དམ་ཚིག་འདི་ལྟ་སྟེ། །ལུང་ཅིག་ཆུ་ལ་མི་བཏུང་ཞིང་། །མ་ཡེངས་རང་ལ་སྤྱོད་པའོ། །བྱ་བ་དག་པ་རྣམ་གསུམ་བྱེད། །དག་པ་རྣམ་གསུམ་གང་ཞེ་ན། །ལྷ་དང་དཀྱིལ་འཁོར་དག་པ་དང་། །རྫས་དང་ལོངས་སྤྱོད་དག་པ་དང་། །སྔགས་དང་ཏིང་འཛིན་དག་པའོ། །རྟོགས་པའི་ལྟ་བ་འདི་ལྟ་སྟེ། །ལྷ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱི་


JL02_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་ལྟ། །སྤང་པའི་རིམ་པ་འདི་ལྟ་སྟེ། །ཤ་དང་ཉ་དང་སྒོག་པ་དང་། །དེ་བཞིན་ཆང་ལ་སོགས་པ་སྤོང་། །ཏིང་ངེ་འཛིན་ལ་ཞེན་པའོ། །ཀྲཱི་ཡའི་ཐེག་པ་དེ་བཞིན་ནོ། །ཞེས་སོ་སྤྱོད་རྒྱུད་ཨུ་པ་ནི། །སྤྱོད་པ་ཀྲཱི་ཡ་ལྟར་བྱེད་ལ། །ལྟ་བ་ཡོ་ག་བཞིན་འདོད་པས། །མ་ནིང་གི་ནི་ཐེག་པར་གྲགས། །དེ་ཡང་ཁྲུས་དང་གཙང་སྒྲ་ལ། །གནས་ཏེ་སྒོ་གསུམ་དག་པར་བྱས། །མངོན་བྱང་ལྔ་ཡི་དམིགས་པ་ཡིས། །དཀྱིལ་འཁོར་རྒྱལ་མཆོག་ལ་སོགས་བསྒྲུབ། །དེ་སྐད་དུ་ནི་རང་ཤར་ལས། །ཨུ་པ་ཡ་ནི་འདི་ལྟ་སྟེ། །ལྟ་བ་ཡོ་གར་ལྟ་བ་ལ། །སྤྱོད་པ་ཀྲཱི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་སོ་ཡོ་ག་རྣལ་འབྱོར་ནི། །མངོན་བྱང་ལྔ་ཡི་སྒོ་ནས་ནི། །བདག་དང་ལྷ་གཉིས་སྤུན་གྲོགས་ལྟར། །ལྟ་བས་དམ་ཚིག་གཙང་སྦྲ་སྤྱོད། །འབྲས་བུ་འཁོར་ཚོགས་ཆེན་གྱི། །ས་ཆེན་ཐོབ་བོ་དབྱེ་ན་ནི། །ལས་དང་ཏིང་འཛིན་རྣམ་པ་གཉིས། །སོ་སོ་གཙོ་བོར་བྱེད་པ་ལས། །དང་པོའི་ཆོ་ག་ལས་རྒྱལ་མཆོག། དཀྱིལ་འཁོར་རྒྱལ་མཆོག་རྣམ་གཉིས་ལས། །ལས་ལ་ཐོར་བུ་པ་དང་ནི། །རྒྱལ་མཆོག་གཉིས་ལས་ཐོར་བུ་ནི། །ཆོ་གའི་ཡན་ལག་གང་རུང་ལ། །བརྟེན་ནས་བྱང་ཆུབ་འདོད་པ་སྟེ། །མཆོད་དང་གཏོར་མ་སྦྱིན་སྲེག་སོགས། །བསྙེན་པ་ལྟ་བུར་འབད་པའོ། །ཕྱི་མ་ལས་ཀྱི་རྒྱལ་མཆོག་ནི། །དཀྱིལ་འཁོར་བསྒྲུབ་པའི་ཡན་ལག་ཏུ། །དེ་དག་ཐམས་ཅད་ཉམས་སུ་ལེན། །གཏོར་མ་དང་ནི་སྦྱིན་སྲེག་སོགས། །ལྔའམ་དྲུག་གིས་བྱང་ཆུབ་འདོད། །དཀྱིལ་འཁོར་རྒྱལ་མཆོག་ས་ཆོག་ནས། །དབང་བསྐུར་ཡན་ཆོད་ལ་བརྟེན་ནས། །གང་ཟག་གཅིག་གི་ལམ་དུ་འདོད། །ཏིང་འཛིན་གཙོ་བོར་བྱེད་པ་ནི། །སྦྱོར་བ་དང་པོའི་ཏིང་འཛིན་དང་། །ཡོངས་སུ་དག་པའི་ཏིང་འཛིན་ལ། །བརྟེན་ནས་ཐབས་དང་ཤེས་རབ་ནི། །མངོན་བྱང་ཆུབ་པའི་


JL02_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་སྟེང་། །བརྩེགས་མར་བསྒོམས་ལས་བྱུང་བ་དང་། །སྐུ་ནི་ཡོངས་སུ་རྫོགས་པ་ལ། །རྒྱན་ཆའི་སྒོ་ནས་སྐྱེ་མཆེད་ཀུན། །རྣམ་པར་དག་པའི་མངོན་བྱང་དང་། །གསུང་ནི་ཨཱ་ལི་ཀཱ་ལི་ཡི། །ཡིག་འབྲུའི་འཁོར་ལོ་ལ་བརྟེན་ནས། །སྒྲ་ཚིག་མིང་གི་རྣམ་པ་རྣམས། །མངོན་པར་བྱང་ནི་ཆུབ་པ་དང་། །ཐུགས་ནི་ཕྱག་མཚན་རྡོ་རྗེ་དང་། །འཁོར་ལོ་རིན་ཆེན་ལ་སོགས་པའི། །སྒོ་ནས་སོ་སོའི་རིགས་ཀྱི་ནི། །སངས་རྒྱས་ཉིད་དུ་མངོན་བྱང་ཆུབ། །རྣམ་དག་ཡེ་ཤེས་སེམས་དཔའ་ཡི། །སྒོ་ནས་ཆོས་ཉིད་རྣམ་དག་པར། །མངོན་བྱང་ཆུབ་དང་ལྔ་བསྒོམས་པས། །ཕྱི་རུ་ཕུང་པོ་ལྔ་དང་ནི། །འབྱུང་ལྔ་རྣམ་པར་དག་པ་དང་། །ནང་དུ་ལས་དང་ཉོན་མོངས་ཀུན། །རྣམ་དག་གསང་བར་ཡུལ་དང་ནི། །དབང་ལྔ་རྣམ་པར་དག་གྱུར་ནས། །རིགས་ལྔའི་སངས་རྒྱས་ཉིད་དུ་ནི། །བདག་ཉིད་གྱུར་བའང་ཡི་དམ་གྱི། །ལྷ་དང་བདག་གཉིས་རིགས་གཅིག་གིས། །བསྡུས་པའི་སྤུན་གྲོགས་ལྟར་བསྒོམས་པས། །ལྷ་ལ་བཟང་རྒྱུ་མེད་པར་ཤེས། །དངོས་གྲུབ་རང་ལས་བྱུང་བ་དང་། །བདག་ལ་ངན་རྒྱུ་མེད་པར་རྟོགས། །ད་ལྟ་ཉིད་དུ་སྒྱུ་མའི་ལུས། །ལྷ་སྐུར་གསལ་བ་ནུས་པ་དེས། །འོག་མ་ལས་ཀྱང་ཁྱད་པར་དུ། །འཕགས་ཤིང་དེ་ཡང་བསྐྱེད་རྒྱུའི་ལྷ། །དེ་དང་བདག་ཉིད་གཉིས་མེད་དུ། །རྟོགས་པས་ཀུན་རྫོབ་དོན་དམ་གྱི། །མིང་ཡང་མེད་དོ་རང་ཤར་ལས། །ཡོ་གའི་གྲུབ་མཐའ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་མངོན་པར་བྱང་ཆུབ་ལྔ། །རྟོགས་པའི་ལྟ་བ་ལྷ་དང་གྲོགས་པོའི་ཚུལ། །སྲུང་བའི་དམ་ཚིག་མ་ཁྲེལ་རྣམ་གསུམ་བསྲུང་། །སྤྱོད་པ་དག་ནི་དགག་བསྒྲུབ་མེད་པའོ། །བྱང་ཆུབ་ལྔའོ་འདི་ལྟ་སྟེ། །གདན་གྱི་སྒོ་ནས་བྱང་ཆུབ་དང་། །སྐུ་ཡི་སྒོ་ནས་བྱང་ཆུབ་དང་། །ཕྱག་མཚན་སྒོ་ནས་བྱང་ཆུབ་དང་། །བསྐྱེད་པའི་སྒོ་ནས་བྱང་ཆུབ་དང་། །ཡིག་འབྲུའི་སྒོ་ནས་བྱང་ཆུབ་དང་། །དེ་ལྟར་བྱང་ཆུབ་ལྔ་པོ་སྤྱོད། །མ་ཁྲེལ་གསུམ་པོ་གང་ཞེ་ན། །ཡི་དམ་ལྷ་ཡིས་མ་ཁྲེལ་དང་། །དཔོན་སློབ་མཆེད་ཀྱིས་མ་ཁྲེལ་


JL02_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རང་གི་སེམས་ཀྱིས་མ་ཁྲེལ་བའོ། །ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་དང་གྲོགས་པོའི་ཚུལ་དུ་འདོད། །ལྷ་ཡི་དཀྱིལ་འཁོར་བདག་དང་གཉིས་མེད་སྒོམ། །ལྷ་ཡང་བདག་ལས་བྱུང་ཞིང་ཐིམ་པར་འདོད། །བདག་དང་ལྷ་ཡི་འཕྲོ་འདུ་འདོད་པའོ། །ཞེས་སོ་གཉིས་ལ་རྣལ་འབྱོར་ཆེ། །གསང་སྔགས་ནང་པར་འཇུག་པ་དང་། །ཕྱི་རྒྱུད་སྡེ་གསུམ་ལས་འཕགས་ཚུལ། །ངེས་པ་འདི་ནི་ཤེས་པར་བྱ། །ཕྱི་པ་གསུམ་གྱིས་དཀར་གསུམ་སོགས། །བསྟེན་ཞིང་ཁྲུས་དང་གཙང་སྦྲ་ལ། །སྤྱོད་དང་སྨྱུང་བར་གནས་པ་སོགས། །གདུང་བ་དུ་མས་ལམ་བགྲོད་ལ། །ནང་པ་དེ་ལྟ་མ་ཡིན་ཏེ། །ཤ་ལྔ་བདུད་རྩི་ལྔ་སྤྱོད་ཅིང་། །རིག་མ་བསྟེན་པ་ལ་སོགས་པ། །གཙང་དམེ་བླང་དོར་མེད་པས་འཕགས། །འོག་མས་ལྷ་ཡང་ཐབས་ཤེས་སུ། །སྒོམ་པར་མི་ནུས་བློ་ཆུང་བ། །ནང་པས་ནུས་པས་ཁྱད་པར་འཕགས། །ཕྱི་བས་ལྟ་བ་བདེན་གཉིས་ཀྱི། །རང་བཞིན་དབྱེར་མེད་མ་རྟོགས་པ། །ནང་པས་རྟོགས་པས་ཆེས་འཕགས་སོ། །དེ་ཡང་ངོ་བོ་ངེས་ཚིག་དང་། །དགོས་པ་འབྲས་བུ་བཞིས་བརྗོད་ན། །ངོ་བོ་བདེན་པ་དབྱེར་མེད་ཀྱི། །ཡེ་ཤེས་རོལ་པས་ཚེ་གཅིག་ལ། །གྲོལ་བ་ཐོབ་པའི་རང་བཞིན་ནོ། །ངེས་ཚིག་ཚོགས་ནི་ཆུང་ངུ་ཡིས། །ཐབས་ཀྱིས་དོན་ཆེན་འགྲུབ་པའི་ཕྱིར། །ནང་པ་ཐབས་ཀྱི་ཐེག་པའོ། །དགོས་པ་ཚེ་གཅིག་ལུས་གཅིག་ལ། །དངོས་གྲུབ་རྣམ་གཉིས་ཐོབ་པ་དང་། །འབྲས་བུ་རྡོ་རྗེ་འཆང་གི་སར། །འདི་ཉིད་བགྲོད་པ་ཁོ་ནའོ། །དབྱེ་ན་རྣམ་པ་གསུམ་ཡིན་ཏེ། །རང་ཤར་ལས་ཀྱང་དེ་སྐད་དུ། །ནང་པ་ལ་ནི་གསུམ་དུ་འདོད། །མ་ཧཱ་ཨ་ནུ་ཨ་ཏིའོ། །ཞེས་སོ་དེ་དག་རྣམ་གསུམ་དང་། །ཁྱད་པར་དབང་རྣོན་ཤེས་རབ་ཅན། །སྐད་ཅིག་ཉིད་ལ་གྲོལ་ནུས་པ། །མན་ངག་སྡེ་ཡི་ཁྱད་པར་ཆོས། །གོང་དུ་གྲུབ་པའི་མཐའ་བསླངས་ནས། །རྒྱས་པར་བརྗོད་ཅིང་གླེགས་ཟིན་ཏོ། །དེ་ལྟར་རྣམ་གྲངས་མཐའ་ཡས་པའི། །ཆོས་ཀྱི་རང་བཞིན་བསྟན་པ་ཡང་། །སངས་རྒྱས་ཐུགས་རྗེ་ཅན་རྣམས་ཀྱིས།


JL02_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་ཡང་དག་རིག་པ་བཞིའི། །རྩལ་གྱིས་འགྲོ་བ་དཔག་མེད་པའི། །དབང་པོ་ཁམས་ཀྱི་ནུས་པ་དང་། །སྦྱར་ཏེ་གསུངས་པ་ཁོ་ན་ལས། །དེ་དག་ལྟ་སྤྱོད་ས་ལམ་གྱི། །རང་བཞིན་ཐ་དད་གྱུར་བ་བཞིན། །ཐོབ་བྱའི་དོན་ལ་གཉིས་སུ་མིན། །ཁྱད་པར་རྫོགས་པ་ཆེན་པོ་དང་། །དེ་ཡི་ཡང་བཅུད་སྙིང་ཏིག་སྐོར། །ལྟ་སྤྱོད་ས་ལམ་འབྲས་བུ་ཡིས། །ཕན་གནོད་སྤངས་ཐོབ་བྲལ་བ་སྟེ། །གདོད་ནས་རང་རིག་སངས་རྒྱས་སུ། །ཅིག་ཅར་གྲོལ་བའི་ལམ་ཡིན་པས། །སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ལས། །གཞན་དུ་སྣང་བ་མ་ཡིན་ཏེ། །རང་ཤར་ལས་ཀྱང་དེ་བཞིན་དུ། །ཐམས་ཅད་སྐད་ནི་ཤེས་པ་སྟེ། །གང་གི་སྐད་ལ་དེ་སྟོན་པའོ། །མཐུན་པས་མཐུན་པར་འདུལ་བ་ལ། །ལ་ལར་ཚིག་གི་སྒོ་ནས་སྟོན། །ལ་ལར་རྟེན་འབྲེལ་སྒོ་ནས་སྟོན། །ལ་ལར་སྨོན་འཇུག་སྒོ་ནས་སྟོན། །ལ་ལར་བསྐྱེད་པའི་སྒོ་ནས་སྟོན། །ལ་ལར་གཉིས་ཀའི་སྒོ་ནས་སྟོན། །ལ་ལར་བྱང་ཆུབ་ལྔ་ཡིས་སྟོན། །ལ་ལར་ཏིང་འཛིན་གསུམ་གྱིས་སྟོན། །ལ་ལར་དབྱིངས་དང་ཡེ་ཤེས་སྟོན། །རྫོགས་ཆེན་དོན་ནི་འགའ་ལས་མིན། །གང་ཟག་ལས་ཅན་འགའ་ལས་སྣང་། །དེ་ཡང་སྟོན་ལུགས་འདི་ལྟ་སྟེ། །ལ་ལར་རིག་པ་སྟོང་པར་སྟོན། །ལ་ལར་རིག་མེད་སྟོང་པར་སྟོན། །ལ་ལར་རིག་མེད་བེམ་པོར་སྟོན། །ལ་ལར་རིག་པ་རྐྱང་བར་སྟོན། །ལ་ལར་ཀུན་གཞི་ཆོས་སྐུར་སྟོན། །ལ་ལར་དགེ་མེད་སྡིག་མེད་སྟོན། །ལ་ལར་སྒོམ་པ་ཅན་དུ་སྟོན། །ལ་ལར་སྒོམ་པ་མེད་པར་སྟོན། །དེ་ལྟར་སྟོན་བྱེད་སྤྲུལ་པའི་སྐུས། །གསང་སྔགས་བླ་ན་མེད་པ་ཡི། །དོན་ནི་འགའ་ལས་མ་གསུངས་སོ། །མ་གསུངས་གསུང་བར་མི་འགྱུར་རོ། །སྐབས་སུ་གསུང་བར་འགྱུར་ན་ཡང་། །དགྲ་བཅོམ་རང་རྒྱལ་མདོ་སྡེ་དང་། །ཐེག་དམན་མིང་ཡང་མེད་ནང་དུ། །བླ་མེད་ཐེག་པ་སྒྲོག་པར་འགྱུར། །དེས་ན་བློ་དམན་གཞན་ལ་གསང་། །ཞེས་པ་ལྟ་སྤྱོད་ས་ལམ་གྱི། །གནས་ལའང་


JL02_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་མི་འཛིན་པར། །དབྱེ་བསྡུའི་རྣམ་གྲངས་དཔག་མེད་པའི། །གནོད་དོན་ཁོང་དུ་ཆུད་པ་གཅེས། །དེ་ནས་དྲི་བ་སོ་གཉིས་པ། །བདེ་བ་ཅན་དང་མངོན་དགའ་སོགས། །ཞིང་ཁམས་མཚན་མར་གྲུབ་མ་གྲུབ། །མ་གྲུབ་ན་ནི་རྟ་གླང་པོ། །བྱ་དང་མཚོ་གླིང་པདྨའི་ཚལ། །ས་དང་ལམ་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའི་རིགས་ཡོད་ཅིང་། །པདྨ་དག་ལས་སྐྱེ་བ་ཡོད་པར་བཤད། །གྲུབ་ན་མཚན་མ་དང་བྲལ་བའི། །བདེ་ཆེན་དག་པའི་ཞིང་དང་འགལ། །ཞེས་སོ་དེ་ཡི་ལན་བརྗོད་ལ། །དངོས་མཚན་རང་གར་མ་གྲུབ་པས། །བདེ་ཆེན་དག་པའི་ཐ་སྙད་བརྗོད། །དེ་དག་རྡོས་བཅས་ཉིད་ཡིད་ན། །དག་པའི་ཞིང་དུ་ཅི་ཕྱིར་གདགས། །མཚོ་གླིང་པད་ཚལ་རྟ་གླང་བྱ། །སར་གནས་བྱང་ཆུབ་སེམས་དཔའི་རིགས། །ཡོད་པ་ཙམ་གྱིས་དེ་ཡི་གཤིས། །རྡོས་བཅས་ཉིད་དུ་ཁས་ལེན་ན། །གཉིད་དུ་སོང་བའི་རྨི་ལམ་ལ། །ཡུལ་གྱི་སྣང་ཆ་ཐ་དད་པར། །ཤར་བ་དེ་ཡང་སད་པའི་ཚེ། །དེ་བཞིན་གྲུབ་པར་ཁས་ལེན་ནམ། །དེ་ཕྱིར་རང་སྣང་དག་པའི་ངོར། །དངས་པའི་ཚུལ་ཆུ་བུར་རམ། །ནམ་མཁའ་ལས་ནི་སྤྲིན་བཞིན་དུ། །དག་ཞིང་མིག་འཕྲུལ་ལྟ་བུར་ཤར། །དེ་ཡང་མངོན་པར་དགའ་བ་སོགས། །རང་བཞིན་སྤྲུལ་པའི་ཞིང་རྣམས་ཀྱི། །རྟ་གླང་རྨ་བྱ་ཤང་ཤང་དང་། །བུང་བའི་ཚུལ་གྱི་སྲོག་ཆགས་ཀྱང་། །རྣམ་པར་དུད་འགྲོའི་གཟུགས་བརྙན་ལས། །དོན་ལ་ཐ་མལ་མ་ཡིན་ཏེ། །ས་ལ་གནས་པའི་བྱང་སེམས་རིགས། །རང་གི་གཙོ་ལ་ཆོས་ཉན་ཅིང་། །བརྡ་དང་རྣམ་འགྱུར་ལ་སོགས་པས། །ཐེག་ཆེན་ཆོས་ཀྱི་ང་རོ་སྒྲོག། དེ་ཡང་ཐུན་མོང་དག་པའི་ཞིང་། །བདེ་བ་ཅན་ལ་དཔེར་མཚོན་ན། །ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་། །རྫུ་འཕྲུལ་བཀོད་པ་ཚད་མེད་ཀྱང་། །རང་


JL02_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཉིད་ལ་རང་གིས་སྤྱོད། །དེ་རུ་ཟས་གོས་སྨན་སོགས་ཀྱང་། །བསམས་པ་ཙམ་གྱིས་འབྱུང་བ་དང་། །པདྨར་རྫུས་ཏེ་སྐྱེ་བ་སོགས། །སྤྱོད་ཡུལ་བསམ་མི་ཁྱབ་པ་ནི། །རྔ་སྒྲའི་མདོ་ལས་འདི་སྐད་དུ། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སུ་ཞིག་དེ་ཡི་མཚན་བརྗོད་ན། །དེ་ནི་དེ་རུ་སྐྱེ་བར་འགྱུར། །འཆི་བའི་དུས་སུ་སྟོན་ལ་ནི། །དགེ་སློང་དགེ་འདུན་བཅས་ཏེ་མཐོང་། །དེ་ན་བུད་མེད་ཡོད་པ་མིན། །མངལ་ན་གནས་པ་ཡོད་མ་ཡིན། །རིན་ཆེན་རྣམས་ཀྱི་པདྨོ་ལས། །རྫུ་འཕྲུལ་ཆེན་པོ་འབྱུང་བར་འགྱུར། །ཟས་དང་གོས་དང་སྨན་རྣམས་དང་། །ཆོས་གོས་མལ་ཆ་ལྷུང་བཟེད་རྣམས། །སེམས་ཀྱི་ས་བསམས་མཐག་ཏུ་ནི། །དེ་དག་མོད་ལ་འབྱུང་བར་འགྱུར། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བདེ་བ་ཅན་གྱི་བསྔགས་པ་བརྗོད། །ཅེས་སོ། །དེ་ནས་དྲི་བ་སོ་གསུམ་པར། །མཉམ་གཞག་རྗེས་ཐོབ་གཅིག་མི་གཅིག །གཅིག་ན་གཉིས་སུ་ཕྱེ་བ་འགལ། །མི་གཅིག་དེ་ཉིད་རང་ས་ཡི། །རིག་པ་སོ་སོ་གཉིས་སུ་ཐལ། །ཞེས་དྲི་ལན་དུ་འདི་སྐད་དོ། །མཉམ་པར་བཞག་པའི་ངོ་བོ་ཡི། །ཆོས་རྣམས་ནམ་མཁའ་ལྟ་བུར་མཁྱེན། །རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས། །ཆོས་རྣམས་མ་འདྲེས་སོ་སོར་ཕྱེད། །མདོ་སྡེ་ཤེར་ཕྱིན་དགོངས་ཡིན། །ཁྱད་པར་རང་ལུགས་རྫོགས་ཆེན་ལ། །སྣང་གྲག་རྣམ་པར་རྟོག་པའི་རྩལ། །ཇི་ལྟར་གཡོ་ཡང་དབྱིངས་ཀྱི་དང་། །རིག་སྟོང་མཉམ་རྫོགས་ཆེན་པོ་རུ། །འུབ་ཀྱིས་ཆུད་ལ་མཉམ་གཞག་དང་། །དེ་ལས་སྤྲུལ་བསྒྱུར་ཐུགས་རྗེའི་ཆ། །ཆེད་དུ་བཀོད་ནས་དེ་དང་དེའི། །རང་བཞིན་སྟོང་པར་རྟོགས་པ་ལ། །རྗེས་ཐོབ་ཅེས་བྱའི་ཐ་སྙད་བཏགས། །དོན་ལ་གཉིས་སུ་་མ་ཡིན་ཏེ། ཉི་མ་དང་ནི་རང་


JL02_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གི་འོད། །ཆུ་དང་དེ་ཡི་རང་བཞིན་བསིལ། །མེ་དང་དེ་ཡི་རེག་བྱ་ཚ། །ལྟ་བུར་ངོ་བོ་རང་བཞིན་གྱི། །ཆ་ནས་གཉིས་སུ་ཕྱེ་བ་ལས། །དེ་དག་རྫས་འགལ་མ་ཡིན་ཀྱང་། །ལག་པ་གཅིག་ལ་ལྟོ་རྒྱབ་ཀྱི། །མིང་དུ་གྲུབ་པ་ཇི་བཞིན་དུ། །ཕྱེད་ལས་ཆ་ནས་དེ་སྐད་བཏགས། །དོན་ལ་གཅིག་མིན་གཉིས་ཀྱང་མིན། །མཐའ་གྲོལ་ཀློང་ཡངས་ཆེན་པོའི་དབྱིངས། །དགོངས་པའི་བཙན་ས་ཟིན་པའི་ཚེ། །མཉམ་རྗེས་གདོད་ནས་དག་པ་ལ། །མིང་འདོགས་སོ་སོར་བྱ་རུ་མེད། །ཐ་མལ་རིག་སྟོང་རྗེན་པ་ལ། །ལྟ་སྒོམ་སྤྱོད་པའི་མིང་མེད་པས། །མཉམ་གཞག་རྗེས་ཐོབ་གང་ནས་འཚོལ། །སྒོམ་རྒྱུ་མེད་དེ་སུ་ལ་བྲེལ། །ལྟ་བ་མེད་དེ་གནས་ལུགས་རྟོགས། །རྟོག་རྒྱུ་མེད་དེ་ངོས་བཟུང་བྲལ། །ཀློང་ཆེན་མཁྱེན་བརྩེའི་འོད་ཟེར་ལ། །ལྷ་འདྲེས་བྱིན་གྱིས་བརླབས་པོ་ཡི། །མཚན་མའི་གྲུབ་རྟགས་མི་འདུག་སྟེ། །ཇི་ལྟ་བ་དང་ཇི་སྙེད་ཀྱི། །མཁྱེན་པའི་ནུས་པ་མངོན་གྱུར་ནས། །ནང་དུ་བརྗོད་མེད་ཉམས་ཤར་བར། །ཕྱི་རུ་ཟབ་མོའི་ཆོས་མཛོད་བརྡོལ། །ཚིག་རྗེས་རྟོག་པས་དཔགས་པ་ཡི། །ཐ་སྙད་གཞུང་ལུགས་འདི་མ་ཡིན། །རང་བཞིན་དབྱིངས་ནས་གཞལ་བ་ཡི། །དགོངས་གཏེར་ཟབ་མོའི་བསྟན་བཅོས་ཡིན། །ཡིན་མིན་གྲུབ་ཐོབ་རྣམས་ལ་དྲིས། །ཕྱི་མཐའི་སྐྱེ་བོ་ཐམས་ཅད་ཀྱིས། །རང་གི་དགོངས་པ་མ་ལོན་པས། །རང་ཉིད་གཅིག་པུར་གད་མོ་འཚོར། །དེ་ནི་ཨུ་ཚུགས་རང་མཐོང་གི། །དྲེགས་པས་རྒྱགས་པའི་གཏམ་མ་ཡིན། །ཉམས་རྟོགས་ཁོང་ནས་ལུད་པའི་གཤིས། །སྦ་གསང་མ་ཐུབ་ཐལ་ལེར་སོང་། །དོན་ལ་རེ་དོགས་གང་ཡང་མེད། །ཐམས་ཅད་ཆོས་དབྱིངས་ཀློང་དུ་ཕཊ།། །།དེ་ནས་དྲི་བ་སོ་བཞི་པར། །དབང་བཞི་ལམ་འཁྱེར་ཡོངས་རྫོགས་ནས། །ལུས་ངག་ཡིད་གསུམ་སྨིན་གྱུར་པས། །སྐུ་བཞིའི་འབྲས་བུ་ཐོབ་ཅེས་གསུངས། །དེ་ཡི་རིག་པ་


JL02_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་ཅེས་གང་། །སྨིན་ཞིང་འབྲས་བུ་ཐོབ་གྱུར་ན། །གྲོལ་བྱེད་གདམས་པ་ཐོབ་པ་འགལ། །ཞེས་དྲི་ལན་དུ་འདི་སྐད་བརྗོད། །འབྲས་བུ་སྐུ་གསུང་ཐུགས་དང་ནི། །དབྱེར་མེད་ངོ་བོ་ཉིད་ཡིན་ལ། །དེ་ཉིད་མངོན་དུ་བྱ་ཚུལ་ནི། །མཚན་ཉིད་ལྡན་པའི་སློབ་དཔོན་གྱིས། །བསྙེན་པ་དང་ནི་ས་ཆོག་དང་། །སྟ་གོན་བྱས་ཏེ་དཀྱིལ་འཁོར་བྲིས། །སྒྲུབ་མཆོད་རྗེས་ལ་བདག་འཇུག་བླངས། །སློབ་མ་བཅུག་ནས་དམ་ཚིག་དང་། །སྡོམ་པ་ཕོག་པའི་རྗེས་ཉིད་ལ། །ཡེ་ཤེས་མངོན་དུ་ཕབ་བ་ནི། །ཐུགས་ནི་མངོན་དུ་བྱས་པའོ། །མེ་ཏོག་དོར་ཞིང་གདོང་གཡོགས་བཀྲོལ། །དེ་ནས་དཀྱིལ་འཁོར་བསྟན་པ་ནི། །སྐུ་ཉིད་མངོན་དུ་བྱས་པའོ། །དེ་ཚེ་སྔགས་དང་ཕྱག་རྒྱ་ཡི། །རྗེས་སུ་གནང་བ་སྦྱིན་པ་ནི། །གསུང་ནི་མངོན་དུ་བྱས་པ་དང་། །ཁྱད་པར་ལུས་ངག་ཡིད་གསུམ་ལ། །དབང་བཞི་བསྐུར་བས་དྲི་མ་ཀུན། །དག་ནས་འགྲོ་བའི་ཁམས་ཉིད་ལ། །རྡོ་རྗེ་བཞི་ཡི་ཆོས་གནས་པ། །ཆོ་གས་མངོན་དུ་སད་པའི་མཐུས། །སྐུ་གསུམ་ངོ་བོ་ཉིད་སྐུ་ཡི། །འབྲས་བུ་ཐོབ་པའི་སྐལ་པ་ནི། །རྒྱུད་ལ་བཞག་པ་ལ་སྙད་དེ། །ཐོབ་ཅེས་བྱ་བའི་མིང་དུ་བཏགས། །དོན་དུ་ཞིང་ས་གཤིན་པོ་ལ། །ས་བོན་བཏབ་པ་ཉིད་དང་མཚུངས། །དབང་གི་ཆུ་བོ་བཞི་འདུས་པས། །དག་དང་སྨིན་དང་རྒྱུད་སྦྱངས་དང་། །ཡེ་ཤེས་གཞུག་པར་བྱ་བ་དང་། །བཅུ་གསུམ་རྡོ་རྗེའི་ས་ཐོབ་པའི། །འབྲས་བུ་རྒྱུད་ལ་གཞག་པ་ཡིན། །ཞེས་པའི་ལུང་གིས་གསལ་བར་བསྟན། །དེ་ཉིད་གྲོལ་བྱེད་ལ་བརྟེན་ནས། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི། །འབྲས་བུ་མངོན་དུ་བྱེད་པའི་ཕྱིར། །ས་བོན་བཏབ་པའི་ཞིང་ས་ལ། །ཆུ་དང་ཡུར་མའི་བྱ་བ་སོགས། །སྣ་ཚོགས་ཐབས་ཀྱི་འཁྲུལ་འཁོར་ལ། །བརྟེན་ནས་འབྲས་བུ་གཡུར་ཟའི་བར། །བྱ་བྱེད་མང་པོས་བྲེལ་བ་བཞིན། །བརྡ་ཐབས་རྟེན་འབྲེལ་དུ་མ་ཡིས། །དབང་བཞིའི་ལམ་དང་རྗེས་མཐུན་པའི། །གྲོང་བྱེད་ལམ་འཁྱེར་ཐ་དད་བའི། །གདམས་པས་ཉམས་སུ་ལེན་པ་ཡིན། །དེ་ཕྱིར་སྨིན་གྲོལ་གཉིས་ཀྱི་ལམ།


JL02_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་འཕུར་བའི་འདབ་ཆགས་ལ། །གཤེག་པ་གཉིས་ཀྱིས་བྱེད་ལས་བཞིན། །ཐ་དད་མ་ཡིན་ཟུང་འབྲེལ་ཏེ། །གལ་ཏེ་སྨིན་ངའི་མིང་ཐོབ་ནས། །གྲོལ་ཅེས་ཤེས་བྱར་མི་སྲིད་ན། །ནས་འབྲས་ལ་སོགས་སྨིན་པ་དེར། །ནས་ཉིད་ས་ཏུར་བསྒྲུབ་པ་དང་། །འབྲས་ལ་གཡོས་ཀྱི་སྦྱོར་བ་སོགས། །མི་རུང་རྗེན་ཟས་བྱར་འདོད་དམ། །དེ་ཕྱིར་དབང་བཞིའི་བྱེད་ལས་ནི། །འབྲས་བུ་སྨིན་པ་ཉིད་དང་མཚུངས། །དེ་ཉིད་རྗོད་བཏགས་གཡོས་སྦྱང་བས། །ཟས་ཀྱི་ངོ་བོར་འགྲུབ་པ་ལྟར། །གྲོལ་བྱེད་གདམས་པ་ལ་བརྟེན་ནས། །དོན་གྱི་འབྲས་བུ་རྣལ་མང་སྦྱོར།། །།དྲི་བ་སུམ་ཅུ་རྩ་ལྔ་པར། །ས་ལམ་གཉིས་སུ་ལེན་དགོས་ན། །དབང་བཞི་རྫོགས་ནས་རྩལ་དབང་ཐོབ། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ཅེས། །གསུངས་པའི་དོན་དེ་གང་དུ་འདོད། །ཅེས་དྲི་ལན་དུ་འདི་སྐད་བརྗོད། །དབང་དང་ས་ཡི་དག་སྦྱོར་ལ། །རྣམ་གྲངས་བསམ་གྱིས་མི་ཁྱབ་པས། །མཚོན་དཔེ་གཅིག་ལ་བཞི་བླངས་པའི། །ཐེར་ཟུག་སྨྲ་བར་མི་རིགས་ཀྱང་། །རྒྱུད་སྡེ་ཆེན་པོའི་དགོངས་པ་ཡི། །ཡིན་ཚུལ་སྔོན་དུ་བརྗོད་ཟིན་ལ། །འོན་ཀྱང་སྨིན་བྱེད་ལམ་རྫོགས་པའི། །ནུས་པས་མངོན་དུ་བསྐྱེད་བྱས་ཤིང་། །བསྐྱེད་རྫོགས་ཟབ་མོའི་ཆོས་ཉིད་ཀྱི། །རྟེན་ཅིང་འབྲེལ་འབྱུང་ནུས་པའི་གཟུགས། །ས་ཡི་ངོ་བོར་རྫོགས་ཚུལ་ནི། །བཀའ་བརྒྱད་ཡོངས་རྫོགས་འདུས་པ་ལས། །དེ་ཡང་དབང་བསྐུར་ཐོབ་པ་ནས། །མ་ཉམས་འཛིན་པ་ས་དང་པོ། །ཐུན་མོང་དཀོན་མཆོག་ལྷ་ཉིད་ལ། །སེམས་འཛིན་ཐོབ་པ་ས་གཉིས་པ། །དཀྱིལ་འཁོར་ལྷ་ཡི་གཙོ་བོ་ལ། །སེམས་འཛིན་ཐོབ་པ་ས་གསུམ་པ། །དཀྱིལ་འཁོར་མ་ལུས་རྫོགས་པ་ལ། །སེམས་འཛིན་ཐོབ་པས་བཞི་པ། །དཀྱིལ་འཁོར་འཁོར་ལོ་གསལ་བར་ཟིན། །དེ་ནི་ས་ཐོབ་ལྔ་པ་ཉིད། །དེ་ལས་ཕྲ་བའི་རྡུལ་ཕྲན་དུ། །དཀྱིལ་འཁོར་གསལ་བར་སེམས་ཟིན་པ། །དྲུག་པ་ཞེས་སུ་བརྗོད་པའི་ས། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རླུང་སེམས་གཉིས་


JL02_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སེམས་ཟིན་ནས། །རྡོ་རྗེའི་བཟླས་པས་དུས་འདའ་བ། །བདུན་པ་ཡི་ནི་ས་ཡིན་ནོ། །དེ་མན་ས་ཡི་ལྷག་མ་རྣམས། །ཀུན་ཏུ་བཟང་པོའི་སྤྱོད་པ་ལ། །ཁ་ན་མ་ཐོ་མེད་པ་ལྔ། །དེ་དང་ལྡན་པར་སྤྱོད་པས་ཏེ། །གནས་དག་པ་ཉིད་དགོན་པ་དང་། །འཚོ་བ་དག་པ་ཆོས་མཐུན་པས། །གྲོགས་དག་བླ་མ་ཚངས་པ་དང་། །མཚུངས་པར་ལྡན་ལ་ཕྱག་འཚལ་ཏེ། །སྡོམ་པ་དག་པ་སོ་ཐར་དང་། །བྱང་སེམས་གསང་སྔགས་ཉེས་སྐྱོན་བྲལ། །ཆོས་དག་བསྐྱེད་དང་རྫོགས་པ་ལྔ། །ས་བདུན་མན་ཆད་དེ་ལྔ་དང་། །གཙོ་བོར་ལྷ་ཉིད་ལམ་འཁྱེར་རོ། །བདུན་པ་མཐར་ཕྱིན་དེ་ནས་ནི། །འབྲས་བུ་གོང་དུ་འཕོ་བ་ཡིས། །རིག་པ་འཛིན་པ་བསྒྲུབ་ནུས་སོ། །དེ་ནས་བརྟན་པ་ཐོབ་གྱུར་ནས། །མ་ཧཱ་ཡོ་ག་པ་ཡི་རྒྱུད། །སེམས་ལ་དམིགས་པའི་ཡེ་ཤེས་ཀྱི། །ཕྱག་རྒྱ་དག་ལ་བརྟེན་པའམ། །ཨ་ནུ་མ་རྒྱུད་ལས་བྱ་ལ། །བརྟེན་ནས་རྡོ་རྗེ་བྷ་གར་བཅུག། དེ་ཚེ་བདེ་བ་ཇི་ཙམ་དུ། །འདོད་པ་དེ་ཉིད་འཛིན་ནུས་ཤིང་། །ཚེ་ནི་ཉི་ཟླ་དང་མཉམ་ལ། །ལུས་ནི་རྡོ་རྗེ་ལྟར་སྲ་བ། །དེ་ནི་ས་བརྒྱད་པ་ཉིད་དོ། །དེ་དུས་རིག་པ་བརྟུལ་ཞུགས་ཀྱི། །སྔགས་ཀྱི་སྤྱོད་པ་ཉིད་དང་འབྲེལ། །ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། །དབང་དོན་གསུམ་པ་ལ་དམིགས་ནས། །མཚོན་བྱ་ཆོས་ཉིད་མཚོན་པ་སྟེ། །ལམ་གྱི་ཡེ་ཤེས་དགའ་བ་བཞི། །ཕྱི་རུ་མ་ཡིན་ནང་དུ་འཆར། །ལམ་གྱི་ཡོན་ཏན་སྒྱུ་མ་ལྟར། །རྡོ་རྗེ་རྣལ་འབྱོར་མ་ཞལ་མཐོང་། །རིག་པ་བརྟུལ་ཞུགས་སྤྱོད་པ་ལ། །བརྟེན་ནས་འབྲས་བུ་འོད་གསལ་དུ། །འཇུག་པའི་རིག་འཛིན་བསྒྲུབ་པར་ནུས། །ས་དགུ་པ་དང་ས་བཅུ་ནི། །ཕྱི་རོལ་དམིགས་པ་ལ་བརྟེན་ནས། །ལམ་གྱི་ཡེ་ཤེས་དགའ་བ་བཞི། །ཕྱི་རོལ་ཉིད་དུ་འཆར་བར་ནུས། །ལམ་གྱི་ཡོན་ཏན་དངོས་ཉིད་དུ། །རྡོ་རྗེ་རྣལ་འབྱོར་མ་ཞལ་མཐོང་། །ཕྱག་རྒྱ་ཕོ་མོ་ལ་བརྟེན་ནས། །མགོན་པོ་ཀུན་ཏུ་སྤྱོད་པ་ཡིས། །འོད་གསལ་ཟུང་འཇུག་འབྲས་བུ་ཐོབ། །བཅུ་གཅིག་པ་དང་བཅུ་གཉིས་པར། །མི་སློབ་ཟུང་འཇུག་ལམ་འཁྱེར་ཏེ། །ཕྱག་རྒྱ་ཆེན་པོ་


JL02_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་མི་ཁྱབ། །སྤྱོད་པ་མཉམ་གཞག་ཆེན་པོར་སྤྱོད། །བླང་དོར་མེད་པ་ལ་གནས་པས། །གནས་སྐབས་དག་གི་འབྲས་བུ་ནི། །དེ་ཁོ་ན་ཉིད་རྟོགས་པའི་ཚུལ། །རིག་པ་འཛིན་པ་བསྒྲུབ་པར་ནུས། །དེ་ལ་བརྟེན་ནས་མི་སློབ་པའི། །ཟུང་འཇུག་རྡོ་རྗེ་འཆང་གི་ས། །བཅུ་གསུམ་ལ་སོགས་ཐོབ་པར་འགྱུར། །ཅེས་པས་གསལ་བར་བསྟན་ཕྱིར་རོ། །རང་རིག་རྩལ་གྱི་དབང་ཆེན་ནི། །གཉིས་སུ་མེད་པའི་ཡེ་ཤེས་ཏེ། །དེ་ལ་ས་དང་ལམ་གྱི་ཆོས། །ཡོངས་སུ་དག་པའི་བདག་ཉིད་ཅན། །གདོད་ནས་ལྷུན་གྲུབ་ཆེན་པོའི་གཤིས། །ཡིན་ཚུལ་མངོན་དུ་གྱུར་བ་ལ། །རྩལ་དབང་ཐོབ་པའི་ཐ་སྙད་བཏགས། །དོན་ལ་ཐོང་བྱ་འཐོབ་བྱེད་མེད། །གཞི་གནས་ཆེན་པོའི་ཡེ་ཤེས་སོ། །དྲི་བ་སུམ་ཅུ་རྩ་དྲུག་པར། །སྣང་བ་བདེན་མེད་སྒོམ་པའི་ཚེ། །སྣང་ཡུལ་ཁ་དོག་སྣ་ཚོགས་རིག། སྣང་ངོར་ཁྱད་པར་ཡོད་དམ་མེད། །ཡོད་ན་གང་སྣང་བདེན་མེད་དང་། །མཚན་མེད་སྟོང་པར་འདོད་པ་འགལ། །མེད་ན་སྦྱོར་རྫོགས་ལ་སོགས་ནས། །འོད་གསལ་རྣམ་པ་མཆོག་ལྡན་གྱི། །ཡོན་ཏན་དཔག་མེད་གསུངས་པ་འགལ། །ཞེས་དྲི་ལན་དུ་འདི་སྐད་བརྗོད། །སྤྱིར་ནི་ཉན་ཐོས་ཐེག་པ་སོགས། །ཐུན་མོང་དག་གི་སྡེ་སྣོད་ནས། །སྣང་བ་རྡུལ་ཕྲན་ཆ་མེད་སོགས། །བེམ་སྟོང་དག་ཏུ་འདོད་པ་དང་། །ཁྱད་པར་རྡོ་རྗེ་ཐེག་པ་ནས། །སྣང་ཞེན་ལྷ་སྐུར་ལྟ་བ་དང་། །རང་བཞིན་རྫོགས་པ་ཆེན་པོ་ནས། །སྐུ་དང་ཐིག་ལེར་ལྟ་བ་སོགས། །ལམ་གྱི་བློ་ནུས་ཆེ་ཆུང་གིས། །རང་བཞིན་ཐ་དད་ལྟར་སྣང་ཡང་། །དོན་དམ་གནས་ལུགས་སྤྲོས་བྲལ་གྱི། །དགོངས་པའི་རྩལ་གྱིས་ཡས་གཞལ་ན། །སྣང་ཡུལ་ཁ་དོག་སྣ་ཚོགས་ཀྱི། །མཚན་ཉིད་སྟོང་པས་རྒྱས་བཏབ་པས། །སྣང་ཆ་འགགས་པའི་མི་རྟོག་པ། །ཕྱོགས་གཅིག་ཁོ་ནར་ལྷུང་བ་ཡི། །འགོག་བ་སྨིན་རྩེའི་སྙོམས་འཇུག་ལྟའི། །ལྦོས་བྱས་གྲུབ་མཐའ་ཙམ་མིན་པར། །ཡེ་གཞག་སྟོང་ཉིད་བརྗོད་བྲལ་གྱི། །ངོ་བོ་གསལ་རིག་ཟུང་འཇུག་ལ། །སྣང་ཡུལ་ཁ་དོག་སྣ་ཚོགས་ཀྱི།


JL02_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གསལ་ལ་མ་འདྲེས་པར། །སྣང་ཡང་དེ་ལ་དེར་འཛིན་གྱི། །འཛིན་པའི་ཆོས་ཉིད་ལས་གྲོལ་བས། །སྣང་དང་མི་སྣང་གཉིས་ཀ་མེད། །ཅི་ཕྱིར་ཞེ་ན་འདི་ལྟ་སྟེ། །རིག་པའི་ངོ་བོ་སྟོང་ཉིད་ལ། །སྣང་བས་ཡེ་ནས་གོས་མ་མྱོང་། །སྣང་མཁན་གཟུང་བའི་ཡུལ་ཉིད་ལ། །འཛིན་པས་གློ་བུར་བཅིངས་པས་ལན། །མི་སྣང་རྨུགས་པའང་དེ་མ་ཡིན། །རིག་པའི་རང་བཞིན་འགག་མེད་ལ། །མེ་ལོང་ངོས་ཀྱི་གཟུགས་བརྙན་བཞིན། །སྣང་ཆའི་རྟེན་འབྲེལ་མཐའ་ཡས་པ། །གོས་པ་མེད་བཞིན་སོ་སོར་གསལ། །དཔེར་ན་ཆུ་ནང་ཟླ་བ་ལ། །ཟླ་བའི་བྱད་དབྱིབས་ཚང་ན་ཡང་། །ཆུ་ལ་ཟླ་བས་མ་གོས་ཤིང་། །དེ་ལྟར་སྣང་བའི་གཟུགས་བརྙན་ལ། །འོད་དང་བསིལ་བའི་རེག་བྱ་སོགས། །ཟླ་བའི་ཡོན་ཏན་རྡུལ་ཙམ་མེད། །དེ་ཕྱིར་དག་དང་མ་དག་གིས། །སྣང་ཆའི་རྟེན་འབྲེལ་ཅིར་ཤར་ཡང་། །འཛིན་པ་གྲོལ་བའི་ཁྱད་པར་ཆོས། །ནང་གསལ་སྤྲོས་པ་ཉེར་ཞི་བའི། །རིག་པའི་ཆ་ནས་དེ་ལྟར་རོ། །དེ་ཡང་གཞི་སྣང་ཕྱིར་གསལ་གྱི། །སྣང་བའི་ཆ་ནས་འཁྲུལ་སྣང་དང་། །དག་སྣང་གཉིས་སུ་ཤར་བའི་ཚེ། །འཁྲུལ་སྣང་མ་དག་འཁོར་བའི་སྒོ། །ཇི་ལྟར་སྣང་བཞིན་མ་རིག་པའི། །ས་བོན་ཉིད་ལས་ཡོད་མི་འདའ། །དག་སྣང་རྣམ་གྲོལ་ལམ་གྱི་སྒོ། །ངོ་བོའི་ཆ་ནས་འཁྲུལ་བ་ལྟར། །སྣང་ཡང་བྱེད་ལས་ཆ་ནས་དེས། །རྣམ་པར་གྲོལ་བའི་ཁྱད་ཡོད་ཕྱིར། །འོད་གསལ་སྒྱུ་མའི་སྣང་བ་ལ། །ཡོན་ཏན་དཔག་ཏུ་མེད་པ་གསུངས། །དཔེ་ནི་ནོར་བུ་སྒྲོན་མེའི་འོད། །འོད་ཀྱི་ངང་དུ་མཚུངས་ན་ཡང་། །ནོར་བུས་མུན་པ་མི་སེལ་ལ། །སྒྲོན་མེས་མུན་པ་སེལ་བ་བཞིན། །ཤེས་པར་བྱ་ཕྱིར་རྣམ་འགྲེལ་ལས། །ནོར་བུ་སྒྲོན་མེའི་འོད་དག་ལ། །ནོར་བུའི་བློ་ཡིས་མངོན་རྒྱུག་པ། །ལོག་པའི་ཤེས་པར་ཁྱད་མེད་ཀྱང་། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། ། ། ། །། །། །། །། །། །། །།། །།། །། །། །། །། །། །། །། ། །། །། །། །། །། །། །། །། །། །། །། །། །། །། །། །། །། །། །། །། །། །། །། །། །། །། །། །། ། །


JL02_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སོ་དོན་ལ་འདི་དག་ནི། །རིག་པས་དབྱིངས་ལ་འཇལ་བའི་ཚུལ། །ཡིན་ཕྱིར་རྟོག་གེའི་རིག་པ་ཡིས། །བརྒལ་བརྟག་མཚོན་པའི་གནས་མ་ཡིན། །ཡང་དག་མཐོང་བའི་བློ་མིག་གིས། །ངོ་བོ་དང་ནི་རང་བཞིན་གྱི། །ལྡོག་པའི་ཆ་ནི་རྣམ་དབྱེ་ནས། །རྟོགས་པར་བྱ་བ་ཁོ་ནའོ། །།དྲི་བ་སུམ་ཅུ་རྩ་བདུན་པར། །སྲིད་ཞི་གཉིས་པོ་གང་ཞིག་སྔ། །སེམས་ཅན་སྔ་ན་དང་པོ་རང་། །སེམས་ཅན་དེ་ཉིད་གང་ནས་བྱུང་། །མ་རིག་པ་ལས་བྱུང་ཞེ་ན། །དང་པོ་སྟོང་པ་རིས་མེད་ལ། །མ་རིག་པ་ཞེས་གང་གིས་གྲུབ། །དེ་ཡི་བྱུང་ས་བྱུང་དུས་གང་། །འོན་ཏེ་སངས་རྒྱས་སྔ་ཞེས་ན། །དང་པོ་སེམས་ཅན་མ་ཡིན་ཞིང་། །འཁྲུལ་གྲོལ་སེམས་ལ་མ་བརྟེན་པའི། །དེ་འདྲའི་སངས་རྒྱས་ཉམས་དགའི་གནས། །ཞེས་དྲི་ལན་དུ་འདི་ལྟར་བརྗོད། །སྲིད་ཞིར་སྣང་བའི་ཆོས་ཉིད་ཀྱི། །ངོ་བོ་རིག་དང་མ་རིག་སྟེ། །དཔེར་ན་ལག་པའི་མདུན་རྒྱབ་འདྲ། །གཞི་གཅིག་རང་བཞིན་གཉིས་སུ་གྲུབ། །དེ་ལ་སྔ་ཕྱིའི་དུས་ཚོད་དང་། །མཚན་ཉིད་གཞག་ཏུ་མེད་པ་སྟེ། །འོན་ཀྱང་གདུལ་བྱ་འདུལ་བྱེད་ལ། །ལྟོས་ནས་གདོད་མའི་མགོན་པོ་ཡིས། །བདེ་གཤེགས་སྙིང་པོའི་གཞི་ཐོ་གནས། །ཞི་བ་བརྙེས་པའི་ཚུལ་བསྟན་ཅིང་། །དེ་ལས་ཞིང་ཁམས་ཉེར་བཀོད་དེ། །སྣོད་བཅུད་རིམ་པར་ཆགས་པའི་ཚུལ། །འཆད་པའི་རྒྱུ་མཚན་ལ་བརྟེན་ནས། །ཐོག་མའི་སངས་རྒྱས་ཞེས་སུ་གྲགས། །དེ་ལྟར་བཀོད་པའི་སྤྲུལ་སྐུའི་ཞིང་། །མི་མཇེད་འདི་ཡི་སྣོད་བཅུད་ཀྱི། །རྟེན་འབྲེལ་ཆགས་པ་ལ་ལྟོས་ནས། །རླུང་གི་ལྷ་མོ་བཞི་ལ་སོགས། །སྲིད་པ་ལས་ཀྱི་འགྲོ་བའི་རིགས། །འཇིག་རྟེན་ཆགས་དང་དུས་མཉམ་པར། །ལས་ལས་སྐྱེས་ཤིང་འཇིག་པ་དང་། །དུས་མཉམ་ཚེ་ཡི་ཚད་རྫོགས་པའི། །སྤྱི་མཐུན་ལས་ཀྱིས་འགྲོ་བ་དེའི། །ཡིད་ཞུགས་པ་ལས་རྣམ་ཤེས་ཀྱི། །གཟུང་ཆའི་ས་བོན་བག་ལ་ཉལ། །མངོན་གྱུར་


JL02_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སད་པའི་ཏིང་འཛིན་ལུས། ཡོད་མིན་མེད་མིན་ལ་སོགས་ཏེ། །ཡས་མྲ་རིམ་གྱིས་ཆགས་པའི་ཚུལ། །གཞན་དུའང་རྒྱ་ཆེར་བསྟན་མོད་ཀྱི། །འཚད་ཚུལ་མོང་ལས་ཕག་པའི། །གྲུབ་མཐའི་རྣམ་བར་གཞག་པ་ནི། ཐེག་པའི་མཆོག་གི་ཀོ་ཤ་ཡི། །རིམ་དཁང་དང་པོ་གཉིས་པ་གསལ། །དོན་ལ་རང་ངོའི་གཞི་གཅིག་ལས། །རིག་དང་མ་རིག་ཆོ་འཕྲུལ་གྱིས། །སྲིད་ཞི་གཉིས་སུ་བྱེར་བ་ལས། །སྤྱི་ཚན་འཁོར་བའི་ཐོག་མཐའ་དང་། །དེ་བཞིན་མྱང་འདས་ཐོག་མཐའི་ཚད། །འདི་ཞེས་རྒྱས་པས་སར་མ་གསུངས། །མི་གསུང་གསུང་བར་མི་འགྱུར་རོ། །ཅི་ཕྱིར་གསང་བའི་སྙིང་པོ་ལས། །ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་རང་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་པའི་ལུང་གིས་བསྟན་པ་དང་། །འཁོར་འདས་གཉིས་ཀའི་སྤྱི་གཞི་ལས། །མ་རིག་རྐྱེན་གྱིས་མཚམས་སྦྱར་ཏེ། །གློ་བུར་གཟུང་བའི་རྣམ་རྟོག་ལ། །བརྟེན་ནས་སེམས་ཅན་རྣམས་ཀྱི་ཁམས། །ཐོག་མཐའ་མེད་པར་སྣང་མོད་ཀྱིས། །དེ་ལ་རིས་སུ་ཆད་པ་དང་། །འདི་ཞེས་མིང་དུ་སུ་ཞིག་སྒྲོག། དེ་ཡང་སྟོང་པ་རིས་མེད་ལ། །མ་རིག་གྲུབ་པ་མེད་པའི་ཚུལ། །སྨྲ་བ་འདི་ནི་རིགས་མེད་ཏེ། །ཞིང་ཁམས་བདེ་གཤེགས་སྙིང་པོ་ལས། །རིག་དང་མ་རིག་རྣམ་གཉིས་ཀྱིས། །འཁྲུལ་གྲོལ་བྱེད་པའི་མཚན་ཉིད་ཀྱང་། །མེད་པའི་སྟོང་པ་རིས་མེད་དུ། །འདོད་པ་ཐ་ཆད་རྒྱང་འཕེན་པའི། །གྲུབ་མཐའ་ཉིད་དང་ཅི་ཡིས་ཁྱད། །དེ་ཕྱིར་རིག་པའི་གཤིག་ལུགས་ལ། །འཁོར་འདས་གཉིས་ཀའི་སྒོ་ཡོད་པ། །ནང་པ་སངས་རྒྱས་པ་རྣམས་སྨྲ། །དེ་བཞིན་གསང་བའི་སྙིང་པོ་ལས། །སེམས་ཉིད་རྫོགས་པའི་སངས་རྒྱས་ཡིན། །སངས་རྒྱས་གཞན་ནས་མ་འཚོལ་ཞིག། ཅེས་པའི་དོན་ལྟར་གང་དུ་ན། །སྒྲིབ་པ་ཐམས་ཅད་རྣམ་སྤངས་ཤིང་། །ཡོན་ཏན་


JL02_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་བྱས་པའི་ཚེ། །རང་སེམས་ཁོ་ན་སངས་རྒྱས་ཕྱིར། །དེ་ལས་གཞན་དུ་ག་ཤེད་ནས། །དངོས་པོར་རང་ཚན་ཅན་ཉིད་ཀྱི། །སངས་རྒྱས་ལོགས་སུ་མ་ཡིན་ནོ། །དེ་ལ་སྔ་ཕྱི་སུ་ཡིས་འཇོག། འོན་ཀྱང་རྫོགས་སྨིན་སྦྱངས་གསུམ་གྱི། །ཚུལ་བསྟན་རྟགས་ཀྱི་སངས་རྒྱས་ལ། །ཐོག་མཐའ་སྔ་ཕྱིའི་ཆོས་བཤད་པ། །དེ་ནི་ཐུན་མོང་དྲང་བའི་དོན། །ཡིན་གྱི་ངེས་པའི་དོན་མ་ཡིན། །དེ་ཡི་ངེས་ཚིག་སྔར་བཤད་པས། །ཡང་ཡང་སྨྲ་བར་མི་བྱའོ། །འོན་ཏེ་འོད་གསལ་དབྱིངས་ཀྱི་དང་། །བཅིང་གྲོལ་མེད་པའི་ཆོས་ཉིད་ལ། །གྲོལ་དེ་དོན་གྱིས་སངས་རྒྱས་ཆེ། །རང་རིག་འཕོ་འགྱུར་མེད་པ་ལ། །རྣལ་མའི་དགོངས་པར་མི་འཛིན་པར། །སྔ་ཕྱི་རྟགས་ཀྱི་སངས་རྒྱས་ལ། །གུང་དུ་བཟུང་ནས་ཐོབ་བྱར་སེམས། །དེ་ལ་རྣམ་གྲོལ་ལམ་མེད་དེ། །ཅི་ཕྱིར་མདོ་རྒྱུད་རྒྱ་མཚོ་ནས། །རང་སེམས་རྟོགས་པ་སངས་རྒྱས་སུ། །བཤད་པའི་ཆོས་དང་འགལ་བ་ཅན། །འདི་ནི་ཡང་དག་ངེས་པའི་ལུང་། །དེ་ཕྱིར་འཁོར་འདས་གང་དུ་ཡང་། །འབྱེད་པ་མེད་པའི་གཞི་ཐོག་ནས། །ཀུན་ཏུ་བཟང་པོས་རང་གི་ཆོས། །རང་ངོ་ཤེས་ནས་གྲོལ་བ་དང་། །སེམས་ཅན་རྣམས་ཀྱིས་རང་གིས་རང་། །མ་རིག་རྒྱུ་ལས་འཁྲུལ་བའི་ཚུལ། །གཉིད་དང་མངོན་སུམ་ལྟ་བུ་སྟེ། །དེ་ལ་རྫས་གཉིས་ཡོད་མིན་པའི། །རང་བཞིན་ཤེས་པར་བྱ་བའོ།། །།དྲི་བ་སུམ་ཅུ་རྩ་བརྒྱད་པར། །སེམས་ཞེས་དྲན་བསམ་རིག་པའི་རྩལ། །སྣ་ཚོགས་འཆར་གཞིར་གྱུར་བ་འདི། །དང་པོ་སེམས་ཅན་སངས་རྒྱས་ཞེས། །འཁོར་འདས་ལམ་གསུམ་མ་གྲུབ་པའི། །ཡེ་ཐོག་དང་པོའི་གནས་ལུགས་རང་། །གནས་ཡུལ་མཚན་ཉིད་ཇི་ལྟར་གནས། །ཞེས་དྲི་ལན་དུ་འདི་སྐད་བརྗོད། །འཁོར་འདས་ལམ་གསུམ་མ་གྲུབ་པའི། །ཡེ་ཐོག་དང་པོའི་གནས་ལུགས་ལ། ཀུན་གཞི་འདུས་མ་བྱས་སུ་འདོད། །དེ་ཡང་


JL02_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་ནས། །མཐར་འཛིན་གུང་དུ་བཅད་པའི་གཞི། །བདུན་གྱི་རང་བཞིན་ལོང་བ་ཡིས། །གླང་པོའི་གནས་ལུགས་བཤད་པ་ལྟར། །སྐྱོན་ཅན་ཉིད་དུ་རྣམ་གཞག་ནས། །རང་ལུགས་བླ་ན་མེད་པའི་གཞི། །བྱེ་བྲག་ཉིད་དུ་འདོད་པ་ནི། །ངོ་བོ་རང་བཞིན་ཐུགས་རྗེ་ཞེས། །གཞི་གཅིག་ལ་ནི་ལྡོག་པའི་ཆོས། །རྣམ་པ་གསུམ་དུ་བཀོད་བྱས་པའི། །གནས་ཚུལ་བརྗོད་པ་འདི་ལྟ་སྟེ། །དེ་ཡང་ངོ་བོ་ཀ་དག་གི། །ཆ་ནས་དངོས་པོར་མ་གྲུབ་ལ། །རང་བཞིན་ལྷུན་གྲུབ་ཆེན་པོའི་གདངས། །ཞལ་ཕྱག་མཚན་མར་མ་གྱུར་ཀྱང་། །གཏིང་གསལ་འཆར་བའི་གཞིར་བཞུགས་པས། །ཡེ་གདངས་སྣང་བའི་ངོ་མ་དོར། །ཐུགས་རྗེའི་ཆ་ནས་ཡེ་ཤེས་ཀྱི། །མཁྱེན་པའི་འཆར་གཞི་མ་འགགས་པའི། །བདག་ཉིད་ཆེན་པོར་བཞུགས་པ་དེའི། །རྩལ་ཉིད་ཡུལ་ལ་མངོན་ཤར་ཚེ། །རིག་པ་ལུང་མ་བསྟན་གྱི་ཆ། །བཅོམ་ནས་གྲོལ་བའི་ཆོས་ཐོབ་ལ། །འཁྲུལ་ན་ཡུལ་གྱི་རྗེས་འབྲངས་ཏེ། །མ་དག་འཁོར་བའི་སྒོ་འབྱེད་ཕྱིར། །འཁོར་འདས་གཉིས་ཀའི་གཞི་རུ་གྲགས། །དེ་སྐད་དུ་ནི་ཐལ་འགྱུར་ལས། །ཐོག་མའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །དེ་ཡང་ངོ་བོ་སྐུར་གནས་པས། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེ་འབྱེད་པ་མེད་པའི་གནས། །ཁམས་ལས་གྲུབ་པ་ཉིད་ལ་ཡང་། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་ནི། །མཚན་མ་རིས་ཅན་མ་ཡིན་པར། །རིས་མེད་ཤེས་བྱའི་བབས་ལ་གྲུབ། །ཐུགས་རྗེ་འཆར་བ་སྣ་ཚོགས་ལས། །འདི་འདྲ་གཅིག་ཏུ་ངེས་མེད་པས། །སྣ་ཚོགས་སྣང་ཕྱིར་གཞི་ཞེས་བྱ། །ཞེས་སོང་བྱེ་ན་སྟོང་པའི་ཆ། །ངོ་བོའི་སྒོ་ནས་བཤད་པ་དང། །དེ་ཡི་རང་བཞིན་གསལ་བའི་ཆ།


JL02_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་སྒོ་ནས་བཤད་པ་སྟེ། །ལྡོག་པ་གཉིས་ཀྱི་བྱེ་བྲག་ལས། །དང་པོ་ལྟར་ན་འདི་ལྟ་སྟེ། །རྒྱུད་རྒྱལ་ཡི་གེ་མེད་པ་ལས། །ང་ལ་སྐྱེ་དང་འཆི་མེད་པས། །འགག་མེད་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ལུས་དང་སེམས་མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ་བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་རྫོགས། །ང་ལ་ཕྱོགས་དང་རིས་མེད་པས། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །ང་ལ་སྣང་བ་འགག་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ཞེས་པས་རང་ངོས་སྟོངས་པར་བསྟན། །གཉིས་པ་ལྟར་ན་འདི་ལྟ་སྟེ། །རྫོགས་པ་ཆེན་པོ་ཀློང་དྲུག་ལས། །རང་བཞིན་ཉིད་ཀྱི་སྣང་བ་ལ། །མཚན་མར་འཛིན་པ་ཡེ་མེད་དེ། །ཁ་དོག་མ་ཡིན་རང་གསལ་བས། །ཤེས་ཤིང་རིག་པའི་ཆ་རྣམ་ཙམ། །འཛིན་པའི་གཟུང་ཡུལ་གངམེད་ཕྱིར། །རྣམ་པར་རྟོག་པའི་འཛིན་ཆ་མེད། །འོད་ལས་འདས་པའི་ཡེ་གདངས་སུ། །ཡེ་ཉིད་ནས་ནི་ཁྱབ་པར་གནས། །སྐུ་ལས་འདས་པའི་རང་གདངས་སུ། །རྣམ་དག་ཕྱག་རྒྱ་ཆེན་པོར་གནས། །འོན་ཏེ་རང་བཞིན་སྣང་བ་ལ། །མཚན་མར་དམིགས་པ་ཡེ་མེད་དོ། །ཞེས་སོ་གཉིས་ཀའི་དོན་བསྡུ་ན། །གཞི་དོན་ཀ་དག་ལྷུན་གྲུབ་ཀྱི། །གནས་ལུགས་དབྱེར་མེད་ཆེན་པོའི་དང་། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །ཐོག་མ་མེད་པའི་དེ་བཞིན་ཉིད། །འགྲན་ཟླ་བྲལ་བའི་རང་བྱུང་གི། །ཡེ་ཤེས་ཆེན་པོ་གདོད་མའི་གཤིས། །འཁོར་འདས་གང་དུའང་མ་ཕྱེ་ལ། །འཁོར་


JL02_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀུན་གྱི་འཕྲོ་གཞི་ཅན། །འདི་ནི་གུད་ན་ཡོད་མིན་ཏེ། །སྲིད་ཞིར་སྣང་བའི་ཆོས་ཉིད་ལ། །གཞི་རྫོགས་འཕོ་མེད་ཆེན་པོར་གནས། །དེ་ཕྱིར་བརྗོད་མེད་གཞི་དོན་གྱི། །གནས་ལུགས་རི་གནས་སེམས་ཅན་ཀུན། །གཞི་སྣང་མཐོང་བའི་སྐད་ཅིག་ལ། །གཞི་ལས་འཕགས་པའི་ཁྱད་ཆོས་ཅན། །དྲི་མ་མཐའ་དག་ཡོངས་སྤངས་པའི། །ཆོས་སྐུའི་རང་ས་ཟིན་གྱུར་ཅིག། །ཅེས་སོ། །དེ་ལྟར་དྲི་བར་རིམ་པ་བཅུ་ཕྲག་གསུམ་དང་ཉག་མ་བརྒྱད་ཀྱི་ས་ཡོངས་སུ་རྫོགས་ནས་དྲི་བ་མཐར་ཐུག་པའི་ཚེ། དེ་སོགས་དྲི་བ་དཔག་མེད་པ། །མང་དུ་སྤྲོས་ན་ཡོད་མོད་ཀྱི། །འོན་ཀྱང་གཅེས་པ་མདོར་བསྡུས་ནས། །ཆེ་ཁོང་ཙམ་ཞིག་བཀོད་དེ་ཡིས། །ལམ་གྱི་རིམ་པ་གང་ཐོབ་པ། །རྟོགས་ཤིང་ཇི་ལྟར་དགོངས་པའི་ཚུལ། །བཤེས་གཉེན་རྣམས་ཀྱིས་སྣང་བར་མཛོད། །ཅེས་པ་འདི་བླ་མ་བཤེས་གཉེན་དམ་པ་རྣམས་ལ་ཚིག་དྲི་བར་བྱས་པ་རྣམ་པར་རྒྱལ་བའི་ཁང་བཟང་ཞེས་བྱ་བ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སློབ་མ། གཙང་གནུབས་ཡུལ་རོང་གི་ལོ་ཙཱ་བ་ལང་གྲོའི་བག་ཆགས་སད་པ་ཟབ་མོ་གཏེར་ལམ་དུ་སྤྱོད་པའི་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་གཏེར་སྟོན་རཏྣ་གླིང་པས་འབྲུག་གི་ལོ་ཡོས་ཟླ་བའི་ཉེར་གསུམ་ལ་ཚ་ལུང་ཐང་དཀར་ཞེས་བྱ་བའི་ཁང་བཟང་དུ་སྦྱར་བ་དགེའོ།། །།ཞེས་པ་ནི་སླར་ཡང་གཞན་དག་ལ་དྲི་བ་འདི་བཏང་སྙོམས་སུ་མི་འཇོག་པར་ལན་གདབ་པར་བསྐུལ་བ་དང་། རང་གི་མཚན་བཤད་ནས་སྦྱར་བྱང་གིས་འཇུག་བསྡུས་པའོ། དྲི་ལན་རིན་པོ་ཆེའི་བསྟན་བཅོས་མན་ངག་གི་གཏེར་མཛོད་ཅེས་བྱ་བ་ལས། བརྒལ་ལན་བྱེ་བྲག་ཏུ་བཤད་པའི་སྐབས་ཏེ་སརྒ་ལྔ་པའོ།། །།


previousབརྒལ་ལན་བྱེ་བྲག་ཏུ་བཤད་པའི་སྐབས་ཏེ་སརྒ་ལྔ་པ།next