Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


  expand section
  collapse section
   
   
   
   
   
   
   
སྤྱི་དོན་གསུམ་པ་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའི་གནས་སྐབས།


 
previousསྤྱི་དོན་གསུམ་པ་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའི་གནས་སྐབས།no next

སྤྱི་དོན་གསུམ་པ་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའི་གནས་སྐབས།


JL02_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་གསུམ་པ་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའི་གནས་སྐབས་ན། ཐུན་མོང་མ་ཡིན་པའི་གྲུབ་མཐའ་གསང་བར་གདམས་པ་དང། །དགེ་བ་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་གདབ་པ་གཉིས་ལས།


JL02_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། ཀྱེ་ཧོ། །གསང་བའི་མཚན་གྱིས་རབ་སྦས་པའི། །གསང་ཆེན་འོད་གསལ་རྡོ་རྗེའི་ཐེག་པ་ལ། །གསང་བ་སྒྲོག་པའི་འབྱམས་ཡིག་མི་རིགས་ཏེ། །གསང་བའི་ཚིག་གིས་སྲང་མདོ་ཁྱབ་ཀྱིས་དོགས། ༡། ཅི་ཕྱིར་ཡོངས་སུ་མ་སྨིན་སེམས་ཅན་དང་། །བློ་ཆུང་ཐེག་པ་དམན་པའི་རིགས་ཅན་གྱིས། །ལོག་པར་ལྟ་བའི་འདུ་ཤེས་མི་བཟད་པས། །སེམས་ཅན་དམྱལ་བའི་ལམ་ན་འཕྱན་ན་ཅི། །དེ་ལ་དེ་སྐྱོན་མངའ་བ་ཙམ་གྱིས་ཀྱང་། །གསང་བ་སྒྲོག་པའི་ཉེས་པ་ཟད་མིན་ཏེ། །གབ་པ་མངོན་དུ་ཕྱུང་བའི་རྩ་ལྟུང་དང་། །ཆབས་ཅིག་བྱིན་རླབས་ཉམས་པའི་ཉེས་པ་ལྕི། ༢། དེ་ཚུལ་ཐུན་མོང་ཐེག་པ་དག་ལ་ཡང་། །བུད་མེད་རབ་ཏུ་བྱུང་བ་སངས་རྒྱས་ཀྱི། །བསྟན་པ་ལྔ་བརྒྱ་ཕྲག་གཅིག་ཉམས་པའི་ཚུལ། །གྲགས་ན་གསང་ཆེན་ཐེག་པ་ཅིས་མི་གསང་། ༤། ཁྱད་པར་རྒྱ་གར་འཕགས་ཡུལ་ཆོས་གྲྭ་རུ། །དགེ་སློང་ཀུན་དགའ་མོ་དང་བཅས་པ་ཡིས། །མན་ངག་རྫོགས་པ་ཆེན་པོ་ལས་བརྩམས་ཏེ། །བརྩོད་པ་བྱས་པས་སྣོད་བཅུད་པྲ་རྟགས་ལོག༥། དེ་ཕྱིར་འཆད་རྩོད་རྩོམ་པའི་རང་བཞིན་ལ། །ཞུམ་བཅས་བསྙེངས་པའི་བརྟུལ་ཞུགས་སྤངས་ན་ཡང་། །གསང་བ་ཁྲོམ་དུ་གྱེར་བའི་བབ་བཅོལ་གླུ། །ངས་ནི་ནམ་ཡང་བླང་བར་མ་བགྱིས་སོ། །༦། ཅི་ཕྱིར་དམ་མེད་དམ་ལས་འདས་པའི་སར། །གསང་བཅུའི་དམ་ཚིག་ཕྱལ་བར་ཤོར་གྱིས་དགོས། །དུས་གསུམ་མཁྱེན་པའི་སློབ་དཔོན་པདྨས་ཀྱང་། །གདམས་མཐར་རྒྱ་ཡིས་བཏབ་པ་མ་ལགས་སམ། ༧། །འདིར་ནི་འདོད་མའི་མགོན་པོ་ཀློང་ཆེན་ཡང་། །ཐུན་མོང་མ་ཡིན་གྲུབ་མཐའ་གང་ཡིན་པ། །དེ་ཀུན་ཚོགས་སུ་མ་གླེང་དམ་དུ་སྤྲོས། །གསུང་ཞིང་ཁྲོམ་ལ་སྒྲོག་པར་མི་བཞེད་དོ། ༨། དེ་ལྟ་མོད་ཀྱི་ད་དུས་གསང་སྔགས་ཀྱི། །དཀྱིལ་འཁོར་ར་ཁྱིའི་ཚང་དུའང་བཞེངས་བྱས་ཤིང་། །འབག་འཆམས་གླུ་ཤོན་རྩེ་དང་ཆབས་ཅིག་པར། །ཁྲོམ་ལ་


JL02_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བྱེད་པའི་དུས་ངན་ཤར། ༩། དེ་ཡིས་ཆོས་ཀྱི་རོ་ཉམས་ནུས་པ་ཡལ། །བསྒྲུབས་ཀྱང་འབྲས་བུ་འབྱིན་པའི་ཟབ་ཁྱད་བུལ། །རྒྱལ་དང་དེ་སྲས་ཐུགས་དགོངས་དབྱུང་བའི་ལས། །ཡིན་ཕྱིར་དམ་ཚིག་ལྡན་པས་སྤང་བར་བྱ། ༡༠། ཞེས་གདམས་སོ། །གཉིས་པ་བརྩམས་པ་དོན་ལྡན་དུ་བྱ་ཕྱིར་བསྔོ་བ་དང་སྨོན་ལམ་ལམ་གྱིས་མཐའ་བསྡུ་བ་ནི། །དེ་ལྟར་ཆོས་ཚུལ་ཚངས་པའི་རྔ་ཆེན་ཕྱོགས་ཀྱི་བུ་མོའི་འགྲམ་པ་ལ། །བརྡུངས་པའི་རང་བཞིན་གྱི་ནས་མ་ཡིན་མཁྱེན་པ་གཉིས་ཀྱི་ཐུགས་རྗེའི་ཤུགས། །ཇི་བཞིན་མངོན་དུ་གསལ་བའི་རྟེན་འབྲེལ་མིང་ཚིག་ཡི་གེའི་སྒྲར་གྲུབ་པའི། །བསྟན་བཅོས་འདིས་ནི་རྡོ་རྗེ་སྙིང་པོའི་བསྟན་པ་གསལ་བའི་ཉིན་མོར་བྱེད། ༡། ཐ་སྙད་གཞུང་ལ་རྟོག་པས་སྒྲོ་བཏགས་བག་ཆགས་བརྟས་པའི་མངོན་ཞེན་མཐུ། །མངོན་པའི་ང་རྒྱལ་དྲི་ཡི་བཞོན་ལྡན་གླིང་བུའི་སྒྲའམ་ཅ་ཅོས་མིན། །ཐོལ་བྱུང་དགོངས་པའི་རྩལ་དུ་རང་ཤར་ནམ་མཁའ་མཛོད་ཀྱི་ཀློང་ཆེན་ནས། །འཛད་པ་མེད་པ་མན་ངག་བདུད་རྩིའི་གཏེར་མཛོད་རྡོལ་འདི་པདྨའི་དྲིན། ༢། ཤིན་ཏུ་རྟོགས་དཀའི་མན་ངག་གནད་རྣམས་གཅུས་དཀྲུགས་གབ་པའི་ཆུ་འཛིན་གྱིས། །རྣམ་གཡོགས་སྟུག་པོ་བདག་བློའི་རྣམ་དཔྱོད་དྲི་ཡི་བཞོན་པས་མཐར་བསྐྲད་ལས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་གང་མ་ནོར་དོན་གྱི་ནམ་མཁའི་བྱད། །བདག་རྗེས་ཞུགས་དང་འདི་དོན་རྟོགས་པས་ཇི་བཞིན་མཐོང་ལ་ནེམ་ནུར་སྤངས། ༣། མཁྱེན་སྟོབས་ཆེན་པོའི་གླང་ཆེན་གཟིམས་པས་གཞུང་ལུགས་བལྟ་བའི་མི་གཟུམ་ལ། །གཅིག་པུར་བསྒྲུབ་པའི་གོམ་ཚུགས་འཁྱོར་བས་ཡང་དག་དོན་གྱིས་ཟིན་པ་མེད། །སྣང་ཆའི་རྟེན་འབྲེལ་ཆོས་སུ་སྒྲོག་པའི་འོད་གསལ་གྲུབ་པའི་མདངས་ཉམས་ཆེ། །རྫོགས་ཆེན་བསྟན་པའི་མེ་རོ་སློང་འདི་དོན་རྒྱུད་བྱིན་རླབས་བབས་པའི་མཐུ། །རྒྱུ་འབྲས་ཐེག་པའི་ཆོས་འབྱུང་ཡངས་པའི་ས་གཞི་ལ། །རིམ་དགུའི་ངེས་འབྱེད་རྨད་དུ་བྱུང་བའི་བང་རིམ་མཛེས། །སེམས་ཀློང་མན་ངག་ཆོས་ཀྱི་འཁོར་ལོའི


JL02_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འབྱེད་ཅན། །དེ་འདྲའི་མཆོད་རྟེན་སྒྱུ་མའི་རྣལ་འབྱོར་དེ་ཡིས་བཞེངས། ༥། ཚིག་དོན་དཔེ་མ་ཁྱུད་མེད་པར་ཡངས་སྦྱིན་ཞིང་། །ཐར་འདོད་རྣ་བའི་དཔྱིད་དུ་རྣམ་པར་སྙན། །དབྱིངས་ཀྱི་དོན་ལ་སྤྱོད་ཅིང་དོན་མཐུན་པའི། །བསྡུ་བའི་དངོས་པོ་རྣམ་བཞིའི་དྲིལ་ཆུང་འཁྲོལ། ༦། བསྟན་དང་འགྲོ་ལ་སྨན་པ་རྡོ་རྗེའི་སེམས། །སྤྲོས་བྲལ་ཀློང་ནས་ཟབ་མོའི་བསྟན་བཅོས་ཤར། །བྱང་ཆུབ་ལམ་ལ་བསྒྱུར་བའི་འཁྲུལ་འཁོར་ཅན། །འདི་ནི་ཐོག་མཐའ་བར་གསུམ་དགེ་བའི་ཆོས། ༧། རྣམ་མང་ལུང་གི་ཆུ་གཏེར་དབྱིངས་ཆེ་ལ། །རྣམ་དག་རྟོགས་པའི་རིན་ཆེན་གཏེར་མཛོད་ཅན། །རྣམ་གྲོལ་དོན་དུ་གཉེར་བའི་དེད་དཔོན་གྱི། །རྣམ་དག་ལམ་བཟང་ཡིན་ནོ་གུས་པས་ལོངས། ༨། འདི་ལ་རྩ་གསུམ་དམ་ཅན་རྒྱ་མཚོ་དང་། །ལྷ་དང་ལྷ་མིན་གནོད་སྦྱིན་མིའམ་ཅི། །དཀར་ཕྱོགས་སྐྱོང་བ་རྣམས་ཀྱང་དགྱེས་པའི་སྤྱན། །གཡོ་བའི་དགའ་སྟོན་གྲུབ་ལ་ཐེ་ཚོམ་བྲལ། ༩། ཅི་ཕྱིར་ཟབ་དང་རྒྱ་ཆེའི་ཆོས་ཚུལ་གྱི། །སྙིང་པོའི་གནད་འགག་མ་ནོར་མངོན་སུམ་པ། །ཇི་བཞིན་རྟོགས་ནས་དེ་བཞིན་སྨྲ་བ་དེ། །སྤྱོད་ཡུལ་ཀུན་ཏུ་བཟང་པོའི་ཆོ་ག་མཁན། ༡༠། འདིས་མཚོན་རྣམ་དཀར་དགེ་ཚོགས་འབབ་ལྡན་ཀླུང་། །ཀུན་ཏུ་བཟང་དང་འཇམ་དཔལ་གཞོན་ནུ་ཡིས། །ཡོངས་སུ་བསྔོ་བ་ཇི་བཞིན་སེམས་ཅན་ཁམས། །རྣམ་མཁྱེན་རྒྱ་མཚོར་འཁོར་གསུམ་ཡོངས་དག་སྨོན། ༡༡། གང་ན་འཇིག་རྟེན་གནས་པའི་སྐྱེ་དགུ་ལ། །བདེ་སྐྱིད་ལྷ་ཡི་དཔལ་འབྱོར་ཡོངས་འདུའི་ཤིང་། །རྩོལ་བ་མེད་པར་རྒྱས་པའི་རྩེ་མོ་ནས། །ཟབཅིག་བསྐྱེད་རྫོགས་རྒྱང་གླུ་ལེན་པར་ཤོག༡༣། །ཐོརིས་སྐྱེད་ཚལ་ཀུན་ནས་ལྷུན་སྟུག་པར། །ཚོགས་གཉིས་དགའ་མའི་སྒྱུ་ཙལ་ལ་ཙེ་བས། །སྨིན་བྱེད་དབང་བཞིའི་བདུད་ཙེ་དང། །ཆབས་


JL02_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

་དེ་མཐུས་ཤིན་ཏུ་བརྒལ་དཀའ་སྲིད་པའི་མཚོ། །མིག་འཕྲུལ་ལྟ་བུའི་ཆོས་ཉིད་ལག་ཞལ་ནས། །འབད་པ་མེད་པར་གྲོལ་བའི་མྱང་འདས་གྲོང་། །སེམས་ཅན་ཀུན་གྱི་རྣམ་ཤེས་འཇུག་པར་ཤོག༡༤། འདི་ནི་བརྟགས་ན་བརྗོད་བྲལ་ངོས་གཟུང་མེད། །ཤིན་ཏུ་བརྟགས་ན་ཡོད་མེད་མཐའ་ཡས་འདས། །རང་སར་བཞག་ན་སྤྲོས་ཀུན་ཉེར་ཞི་བའི། །ཟབ་མོའི་གནས་ལུགས་ཇི་བཞིན་རྟོགས་པར་ཤོག༡༥། སྨིག་རྒྱུའི་ཆུ་ཡིས་རི་དྭགས་བསླུས་པ་བཞིན། །མེད་ལ་ཡོད་པར་འཛིན་པའི་ཀུན་རྟོག་དང་། །ཡོད་བཞིན་ཆད་པར་ལྟ་བའི་ཡིད་བྱེད་ཀུན། །བློ་འདས་གཉུག་མའི་གཤིས་སུ་དག་པར་ཤོག༡༦། རང་བཞིན་འོད་གསལ་རྫོགས་པ་ཆེན་པོའི་དོན། །གདོད་ནས་མངོན་སངས་རྒྱས་པའི་ཆོས་ཉིད་དེ། །ཡེ་ནས་དག་ལ་བཅོས་མས་མི་འགེགས་པར། །སྤྲོས་བྲལ་ཡིན་ལུགས་བཟོ་མེད་སྐྱོང་བར་ཤོག༡༧། ལྟ་བ་མེད་ལ་བལྟས་པས་ཅི་ཞིག་བྱ། །སྒོམ་པས་སྟོངས་ལ་སེམས་འཛིན་ཀུན་འབྱུང་ཡིད། །རང་བབསྱོད་ལ་གཏད་སོས་མི་འཆིང་བར། །བྱར་མེད་ལྷུག་པའི་རྒྱལ་ས་ཟིན་པར་ཤོག༡༨། རྩ་ནང་རླུང་སེམས་འདུས་པའི་རྟེན་འབྲེལ་རྩལ། །སྣང་ཆའི་འཁོར་ལོར་ཤར་བའི་སྟོང་གཟུགས་དང་། །ཤེས་ཉམས་རྟ་གསལ་མཚར་དུ་མི་འཛིན་པར། །དྲི་མེད་རིག་པའི་གནས་ལུགས་སྐྱོང་བར་ཤོག༡༩། འགྲོ་འོང་འཕེལ་འགྲིབ་འདས་པའི་བྱང་ཆུབ་སེམས། །ཀུན་གཞིའི་ཁམས་ལས་རྣམ་གྲོལ་ཆོས་སྐུའི་ཞལ། །མ་བསྒྲིབས་གཏིང་གསལ་ཆེན་པོའི་རང་བཞིན་ལ། །གཡོ་མེད་གཉུག་མའི་གཏན་སྲིད་ཟིན་པར་ཤོག། ༢༠། ནམ་མཁའི་དབྱིངས་ལ་སྟོང་གསལ་ཇི་བཞིན་འགྲོ་ཁམས་བདེ་གཤེགས་སྙིང་པོའི་གཞིར། །འདོད་ནས་ལྷུན་གྲུབ་


JL02_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མ་བྱས་པའི་ཁམས་ཀྱི་དྲི་མ་ཡོངས་དག་ནས། །རྡོ་རྗེ་བཞི་ཡི་རང་བཞིན་མངོན་གྱུར་སྐུ་དང་ཡེ་ཤེས་གཉིས་མེད་ཀྱི། །གནས་ལུགས་ཆེན་པོ་གཞོན་ནུ་བུམ་སྐུའི་བཞུགས་ཚུལ་ཇི་བཞིན་མཐོང་བར་ཤོག༢༡། དེ་ཡང་གདོད་ནས་མྱ་ངན་འདས་པའི་དབྱིངས། །སྣང་དང་སྟོང་པ་གཉིས་མེད་ཀུན་ཏུ་བཟང་། །ནང་གསལ་ཐིམ་ལ་མ་རྨུགས་ངོ་བོ་ཉིད། །མི་འགྱུར་རྡོ་རྗེའི་སྐུ་ལ་དབང་བསྒྱུར་ཤོག༢༢། དེ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྩལ། །ཤིན་ཏུ་ཕྲ་བའི་ཡུལ་ལ་མངོན་ཤར་ནས། །སྟོབས་བཅུ་མ་འདྲེས་ཆོས་སོགས་མཐའ་ཡས་པས། །གཞན་དོན་བསྒྲུབ་ལ་སྙེལ་བ་མེད་པར་ཤོག༢༣། འདི་ནི་ཁྲི་སྲོང་གསུང་སྤྲུལ་མངའ་བདག་ཉང་། །ཉི་མ་འོད་ཟེར་གདུང་རིགས་པྲ་ཏི་པ། །རྡོ་རྗེའི་རིགས་འཛིན་ཀརྨ་བཛྲ་དེས། །ཤར་ཕྱོགས་ཀོང་ཡུལ་ལྗོན་པའི་ནགས་ཀླུང་ནས། ༢༤། དབང་ལྡན་དཎྜིའི་་གཞུང་ལུགས་རྒྱུད་མངས་སྒྲ། །ངོ་མཚར་གཏམ་དུ་གླེང་བའི་ཕོ་ཉ་ལ། །ཡང་ཏིག་ཡིད་བཞིན་ནོར་བུའི་སྐྱེས་བསྐུར་ནས། །བསྐུལ་དུ་བསྔགས་པའི་ནན་ངོ་བཞིན་དུ་བྲིས། ༢༥། གཞན་དུ་ཐོས་བསམ་སྒོམ་པའི་སྙིང་པོ་ནི། །ནང་དུ་ཡང་དག་འཇོག་ལས་འགའ་མིན་ཕྱིར། །རྟག་ཏུ་མཉམ་པར་འཇོག་ལ་དགའ་བ་འདི། །བྱ་བྲལ་ཁོ་བོའི་རྣམ་ཐར་ཡིན་དུ་སེམས། ༢༦། དེ་ལྟ་ན་ཡང་མཚན་མོའི་ནམ་མཁའ་ལ། །ཆ་ཤས་གང་བའི་ཟླ་གཞོན་ཤར་བ་བཞིན། །རྡོ་རྗེ་སྙིང་པོའི་ལམ་བཟང་སྣང་བྱེད་འདི། །མཁྱེན་བརྩེའི་འོད་ཟེར་ལུང་རྟོགས་འདྲ་འབག་ཡིན། ༢༧།དེ་ཡང་སྦྱངས་སྟོབས་ནུས་པ་མ་ལགས་ཏེ། །རང་བྱུང་པད་མའི་ཐུགས་རྗེ་ཚད་མེད་པས། །ཀློང་ཆེན་དགོངས་པའི་གསང་མཛོད་བཏོལ་བའི་ཚེ། །པདྨ་འོད་གླིང་སིནྦྷུྦའི་དང་མཚོར་བཀོད། ༢༨། ཚུལ་འདི་དཔལ་མགོན་བདུན་ཅུ་


JL02_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ལྔ་དང་། །སྙིང་ཏིག་གཉན་པོའི་བཀའ་སྲུང་རྣམས་ལ་གཉེར། །དམ་ཉམས་བཀའ་རྐུན་ལོག་སྲེད་ཅན་རྣམས་ལ། །དམ་དུ་སྦོས་ལ་སྐལ་ལྡན་ལག་ཏུ་གཏོད། ༢༩། ལྷུན་པོའི་དཔལ་དང་ཉི་ཟླའི་གཟི་བྱིན་གྱིས། །ཇི་སྲིད་ཁྱབ་པར་ཀློང་ཆེན་དགོངས་གཏེར་ཆེའི། །ཡང་མཛོད་དབྱེ་བའི་ལྡེ་མིག་འདིས་ཁྱབ་ནས། །སྔ་འགྱུར་བསྟན་པ་ཡུན་དུ་གནས་པར་ཤོག༣༠། ཟབ་དང་རྒྱ་ཆེན་ནམ་མཁའི་དབྱིངས་ལ་བྱིན་རླབས་ཆུ་འཛིན་བླ་རེ་བྲེས། །དཔལ་བཅུའི་གཟི་བྱིན་མངོན་དུ་སྣང་བའི་གློག་ཕྲེང་གསར་བའི་དོ་ཤལ་ཅན། །ཕྱོགས་རྣམས་ཀུན་ཏུ་བཀྲ་ཤིས་དགེ་བའི་དབྱར་གྱི་རྔ་ཆེན་བརྡུངས་པ་དེས། །སྐྱེ་དགུ་ཀུན་ལ་ཕན་དང་བདེ་བའི་དགའ་སྟོན་གསར་པ་སྦྱིན་གྱུར་ཅིག། ༣༡། །དྲི་ལན་རིན་པོ་ཆེའི་བསྟན་བཅོས། །མན་ངག་ལུང་གི་གཏེར་མཛོད་ཅེས་བྱ་བ། །ཟབ་པ་དང་རྒྱ་ཆེ་བའི་གནད་རྣམ་པར་ཕྱེ་བའི་ལྡི་མིག་ལྟ་བུར་གྱུར་བ་འདི་ནི། །འགྲོ་བའི་བླ་མ་ཤཱཀྱ་སེང་གེས་ཤིང་རྟས་གས་ཉ་བའི་ཐོ་རེངས་བདུད་སྡེ་བཅོམ་ནས་མངོན་པར་བྱང་ཆུབ་ཅིང་། །ལོ་དེའི་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་དཔལ་གྱི་མགུར་ལས་བདེན་བཞིའི་ཆོས་འཁོར་དང་པོར་བསྒྲགས་ནས་ཉིས་སྟོང་དྲུག་བརྒྱ་བརྒྱད་ཅུ་རྩ་དགུ། །ཉི་སྒྲོལ་ཞེས་པ་ཤིང་ཕོ་སྤྲེའུ་ལོར་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཅན་དུ་ས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོ་སིནྡྷུའི་དྭངས་མཚོར་མཚན་དཔེའི་ཉིན་བྱེད་འདབ་སྟོང་གི་དབུས་ན་ལྷན་ནེར་འབར་ནས་ཉིས་སྟོང་དྲུག་བརྒྱ་སུམ་ཅུ་སོ་དགུ། ཕུར་བུས་སྦ་དམ་པའི་རིགས་ཅན་དྲ་མ་ལྔ་ལ་གསང་བའི་བདག་པོས་ཆོས་འཁོར་བསྐོར་ཞིང་ཟ་ཧོར་རྒྱལ་པོ་ལུང་བསྟན་རྡོ་རྗེའི་ཕོ་བྲང་གི་ཡང་ཐོག་ཏནྟྲ་བཅོ་བརྒྱད་ཀྱི་ཆོས་ཆར་ཕབ་ནས་ཉིས་སྟོང་དྲུག་བརྒྱ་ཚེས་ཀྱི་གྲངས་ལྡན། །ཁྲོ་བོ་ཤིང་གླང་རྡོ་རྗེ་སེམས་དངོས་སེམས་ལྷག་ཅན་མིའི་ཟློསགར་བསྒྱུར་བ་དགའ་རབ་རྡོ་རྗེ་མཚན་དཔེར་འབར་ནས་ཉིས་སྟོང་ཉིས་བརྒྱ་དགུ་བཅུ་རྩ་བརྒྱད། །རྣམ་གནོན་ལྕགས་འབྲུག་འཇའ་ལུས་


JL02_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བརྙེས་འོད་གསལ་གྲུབ་པའི་ཤོང་རྟ་ཆེན་པོ་ལྔ་བརྒྱའི་གཙུག་ནོར་པཎ་ཆེན་བི་མ་ལ་འཁྲུངས་ནས་ཆིག་སྟོང་བདུན་བརྒྱ་བཞི་བཅུ་ཞེ་གསུམ། སྣ་ཚོགས་ཆུ་ལྟར་འཇམ་པའི་རྡོ་རྗེ་ཁྲི་སྲོང་ལྡེའུ་བཙན་ཁ་བ་ཅན་པའི་བསོད་ནམས་ཀྱི་མགྲོན་པོར་ཁུག་ནས་དགུ་བརྒྱ་དྲུག་ཅུ་རྩ་གཅིག། དགེ་བྱེད་ཆུ་སྟག་གང་གི་མོས་གུས་རླུང་གི་ཤིང་རྟས་སངས་རྒྱས་གཉིས་པ་ཨོ་རྒྱན་ཆེན་པོ་བོད་ཁམས་ཕན་བདེའི་རྩ་ལག་ཏུ་སྤྱན་དྲངས་ཏེ་ལྷ་སྲིན་གདུག་པའི་ཁེངས་པ་བསྙིལ་ཞིང་དཔལ་གྱི་བསམ་ཡས་བཞེངས་ནས་དགུ་བརྒྱ་བཞི་བཅུ་རྩ་གཅིག། སྤྲེའུ་མེ་ལུག་དབུ་མ་རང་རྒྱུད་དུ་སྨྲ་བའི་སློབ་དཔོན་གཞི་ཐམས་ཅད་ཡོད་སྨྲ་བའི་བཙུན་པ་ཟ་ཧོར་གྱི་མཁན་པོ་ཞི་བ་འཚོལ་འདུལ་འཛིན་ཇི་བཞིན་པའི་བཙུན་པ་བོད་ལ་བཏུབ་བམ་མི་བཏུབ་ཉམས་སད་པའི་ཕྱིར་རྒན་གསུམ། གཞོན་གསུམ། བར་མ་གཅིག་སྟེ་བོད་མི་མདུན་རབ་ཏུ་བྱུང་བས་སད་མི་མི་བདུན་དུ་གྲགས་པ་རང་བྱུང་གི་དངོས་པོར་བསྒྲུབས་ནས་དགུ་བརྒྱ་སུམ་ཅུ་སོ་དྲུག། ཁྲོ་མོ་ཤིང་འབྲུག་ཡུལ་སྣང་ཆོས་སྐུར་ཤར་བའི་གྲོང་ཁྱེར་ནས་མཚོན་བྱེད་དཔེའི་ཟབ་རྒྱ་སྤྱན་དྲངས་ཤིང་བླ་ན་མེད་པའི་ཐུགས་རྗེ་དང་རྫུ་འཕྲུལ་གྱིས་ལོག་སྲེད་ཅན་ཡང་སྤ་བཀོང་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མངའ་བདག་ཉང་ཉི་མ་འོད་ཟེར་འཁྲུངས་ནས་དྲུག་བརྒྱ་སུམ་ཅུ་སོ་དགུ། ཕུར་བུས་སྤྲེར་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་མདོ་སྔགས་བསྟན་པའི་སྣང་བྱེད་ཆེན་པོ་དཔལ་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་འཁྲུངས་ནས་ལྔ་བརྒྱ་དང་ལྔ། རིང་མོའི་མཐར་ཡང་དྲང་སྲོང་གི་སྨོན་པ་ལྟར་ནུས་པ་འགོག་ཏུ་མེད་པའི་བདེན་པའི་རྔ་བོ་ཆེས་བསྟན་བཅོས་འདི་ཉིད་བཞེངས་པར་བསྐུལ་བའི་བདག་པོའི་རྐྱེན་དུ་གྱུར་པ་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་རིག་འཛིན་རཏྣ་གླིང་པ་འཁྲུངས་ནས་སུམ་བརྒྱ་དྲུག་ཅུ་ཐམ་པ་རྣམས་སྔོན་དུ་སོང་བའི་དུས་ཀྱི་གནས་སྐབས་ཏེ། འཕགས་ཡུལ་ལེགས་སྦྱར་གྱི་སྐད་དུ་བྷ་ནུ་ཞེས།


JL02_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་སྟོད་འགྲེལ་ལས་བོད་སྐད་དུ་ཉི་མ། ཤར་ཕྱོགས་ཙི་ནའི་རྒྱལ་ཁབ་ཏུ་གུའི་ཝུའི་ཞེས་འབོད་ཅིང་། ལྗོངས་འདིར་དབང་ཐང་དང་བསྟུན་ནས་ཆུ་མོ་ལུག་ཏུ་བརྗོད་པ། སྲོག་གི་བཞིན་རས་ལ་བཙོ་སྦྱངས་འཛམ་བུ་ཆུ་བོའི་ཐིག་ལེས་བསྐུས་པའི་འོད་སུང་བྱིན་གྱི་རང་མདོག་རྡོམ་པ། མ་རྒད་ཞུན་མའི་ཁུ་བས་ལན་བརྒྱར་བྱུགས་པའི་ལུས་ཀྱི་ལྗོན་པ་བལྟ་ན་སྡུག་པའི་ལང་ཚོར། མཐོང་ན་མངོན་པར་དགའ་བའི་དབང་ཐང་ནམ་མཁའ་བཞུ་བའི་རྡུལ་གྱིས་བཅོས་པའི་ལྷབ་ལྷུབ་གོས་ཀྱི་རེག་བྱས་བཀླུབས་ཤིང་། པད་རག་ལྷུན་པོའི་མདངས་ཀྱང་མོག་པོར་བཏང་བའི་ཀླུང་རྟ་རྟ་གདོང་རྒོད་མའི་ཞུགས་ཀྱི་སྐ་རགས་འཆིང་བ། དྲང་སྲོང་བདེ་འབྱུང་གཙུག་རྒྱན་གྱི་ཀླུངས་སུ་ཞུགས་པའི་བཞི་ལྡན་འབྱུང་བའི་ལང་ཚོ་མ་ཏོན་པར་བདོ་བའི་ཁ་རལ་གྱི་འགྲོ་འོང་། རྫོགས་ལྡན་མགྲོན་པོར་འབོད་པའི་དགེ་མཚན་གྱིས་ཡོངས་སུ་བསྲུངས་པའི་ཕུན་སུམ་ཚོགས་པའི་དུས་ཚོད་དེའི། མེ་ཏོག་ཅན་གྱི་ཟླ་བའི་ཡར་ངོ་ནས་དབུ་བརྩམས་ཏེ་ཐུན་མཚམས་སུ་བྲིས་པ་ལས། འདོར་བྱེད་དེ་ཉིད་ནམ་མཁའ་སྤྲིན་ཅན་ནམ། གྲོ་བཞིན་གྱི་ཉ་བའི་ཉིན་ཞག་ཚོགས་པའི་དུས་སྐབས་ན། རྟ་བདུན་དབང་པོ་སྡེར་ཆགས་རྒྱལ་པོ་ནམ་མཁའ་གནོན་གྱི་ཁྱིམ་ལ་བདག་གིར་བྱེད་པའི་དབང་ཕྱོགས་ཀྱི་རྒྱལ་བ་དང་པོའི་རེས་གཟའ་སྙན་དངགས་མཁན། རེས་འགྲོགས་ཀྱི་ཟླ་སྐར་པུརྦ་བྷཱ་དྲ་བཱ་ད་སྟེ་ཁྲུམས་སྟོད་ཀྱི་དགའ་མ་དང་དགའ་མགུར་སྤྱོད་པའི་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན། ནམ་མཁའི་དབྱིངས་ལ་གནམ་རུའི་ཏཱཏྐ་ལ་འཆར་བའི་ཚེ། ཡུལ་དབུས་གཙང་རུ་བཞིར་གྲགས་པའི་གཡོ་རུའི་ཆ་ལས། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་སོགས་ཏེ་སྤྲུལ་པའི་མི་བདག་རྣམས་ཀྱི་རྨུ་ལུགས་


JL02_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བང་སོའི་སྐུ་མཁར་བརྩིགས་པའི་དབང་ཕྱོགས་ཀྱི་སའི་བ་གམ། །གྲུབ་པའི་བསྟི་གནས་ཚེ་རིང་ལྗོངས་སུ་གྲགས་པའི་དབེན་གནས་ཀྱི་འོད་གསལ་གཉུག་མའི་ཕོ་བྲང་པདྨ་འོད་གླིང་ཞེས་བྱ་བར་དཔལ་ཨོ་རྒྱན་ཡབ་ཡུམ་གྱིས་རྗེས་སུ་བཟུང་བའི་རྫོགས་ཆེན་པ་མཁྱེན་བརྩེའི་འོད་ཟེར་རམ་མིད་གཞན་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་བཀོད་པ་རྫོགས་སོ། །དགེའོ། །དགེའོ། །དགེའོ།


previousསྤྱི་དོན་གསུམ་པ་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའི་གནས་སྐབས།no next