Nitartha Digital Library
Tibetan
 
no previousno next

(༡)ཨོཾ་སྭ་སྟི། པུསྟི་ཀ་གསུམ་པ། ཧཱུྃ་ཅན་གྱི་ཚན་གྲངས། གསང་དབང་གི་ལམ་ཁྱེར་སྐོར། ཛེ་པ་འཕོ་བ་མ་བསྒོམས་སངས་རྒྱས། ཛོ་པ་འཕོ་བའི་ངོ་སྤྲོད་ཉུང་ང་ུ། ཝི་པ་བདེ་སྟོང་རླུང་གི་རྫོགས་རིམ་དང་། དེའི་ཞལ་ཤེས། ཝུ་པ་གཏུམ་མོའི་འབར་འཛག་ཡིག་ཆུང་། ཝེ་པ་ཐབས་ལམ་མ་བསྒོམས་སངས་རྒྱས་འཁྲུལ་འཁོར། ཝོ་འཁྲུལ་འཁོར་ལག་ཁྲིད། ཞི་བ་གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་། ཞུ་པ་གཅོད་ཡུལ་མཁའ་འགྲོའི་གད་རྒྱང་། ཞེ་བ་དེའི་ཡིག་ཆུང་ཕྱིན་དྲུག་ལང་ཚོ། ཞོ་པ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་རྒྱུད་ལེའུ་ལྔ་པ། ཟི་པ་དེའི་མན་ངག་གི་རྒྱུད་ཕྱི་མ། ཟུ་པ་ལུང་ཀུན་ཏུ་བཟང་པོའི་དགོངས་ཉམས། ཟེ་པ་མན་ངག་གི་ཡེ་ཤེས་གནད་གསུམ་ཤན་འབྱེད། ཟོ་པ་བློ་སྦྱོང་གི་ཁྲིད་ཡིག་ཐར་པའི་ཐེམ་སྐས། འི་པ་ཐུན་མོང་སྔོན་ཁྲིད་ལག་ལེན་འདེབས་ལུགས། འུ་པ་ཐུན་མིན་ཁྲིད་ཡིག་དྲན་པ་ཉེར་བཞག །འེ་པ་ཁྱད་པར་ཁྲིད་ཡིག་ཡེ་ཤེས་བླ་མ། འོ་པ་རྒྱབ་ཆོས་སྐོར་ལ་དབང་གི་ངེས་འབྱེད་དང་རྣལ་འབྱོར་གྱི་རིམ་པ་སྟོན་པ་པདྨ་དཀར་པོ། ཡི་པ་རྩ་བ་རྡོ་རྗེའི་ཚིག་རྐང་། ཡུ་པ་དེའི་དོན་འགྲེལ་ཀུན་མཁྱེན་ཞལ་ལུང་། ཡེ་པ་གོལ་ཤོར་ཚར་གཅོད་སེང་གེའི་ང་རོ། །ཡོ་བ་རྫོགས་ཆེན་གནས་ལུགས་ཅེར་མཐོང་། རི་བ་རི་ཆོས་ཞལ་གདམས་ངོ་མཚར་

(༢)རྒྱ་མཚོ། རུ་བ་གཏོར་མའི་ཟིན་བྲིས་བཅས་རྩ་བའི་ཆོས་སྐོར་དང་། དེའི་རྗེས་འབྲངས་ཉེར་མཁོ་ཐོར་བུའི་སྐོར་ལ། རེ་པ་ཐང་སྟོང་རྒྱལ་པོའི་ཞལ་གདམ་ཀོ་གྲུའི་འཇིགས་སྐྱོབ། རོ་བ་མདོ་སྔགས་ཟུང་འཇུག་སྤྱོད་ཡུལ་ལམ་ཁྱེར། ལི་པ་བདག་ཉིད་ཆེན་པོ་བཻ་རོའི་སྒྲུབ་ཐབས། རིག་འཛིན་འཇིགས་མེད་གླིང་པ་ལ་བརྟེན་བླ་མའི་རྣལ་འབྱོར། རྒྱལ་གདོན་ཞི་བའི་སྒོམ་བཟླས། བསྙེན་གནས་ཀྱི་ཆོ་ག་བྱ་རྒྱུད་བདེ་ལམ་རྣམས་ཏེ་ལེ་ཚན་བཞི། ལུ་པ་ཚེས་བཅུའི་གསོལ་འདེབས། གུ་རུའི་གསོལ་འདེབས། ལེ། པ་ཐུན་མོང་དང་ཐུན་མིན་ངག་འདོན་སྐོར། ཀུན་མཁྱེན་ལུགས་ཀྱི་ཆུ་གཏོར་བརྒྱ་རྩའི་ལྷན་ཐབས་དང་འབྲེལ་བའི་སྤུངས་གཏོར་ཁྱེར་བདེ། དཀར་གསུར། དམར་གསུར་བཅས། ༡༣ གསོན་གཤིན་བསྔོ་བ་ ༥ ལོ་པ་མཆོད་ཕྲེང་ཀུན་རྒྱུ་དང་ཨརྒ་སྤོ་ཆོག་ཨོ་པ་རབ་གནས་ཀྱི་ཆོ་ག་བཀྲ་ཤིས་འདོད་འཇོ་བཅས་སྤྱིར་ཆོས་ཚན་བརྒྱ་དང་སོ་དྲུག་ལ་ནང་གསེས་སུ་བརྒྱ་དང་ལྔ་བཅུ་ང་བདུན་བཞུགས་ལ་པུསྟི་ཕྱི་མའི་ཆོས་སྡེའི་རྣམ་གྲངས་སོ་གཅིག་ལ་ལྡེབ་གྲངས། ༣༦༢ ཡོད་ཅིང་སྤྱི་འབོར་ཆིག་སྟོང་གཅིག་བརྒྱ་སུམ་ཅུ་སོ་ལྔ། བཞུགས་པ་དགེ་ཞིང་བཀྲ་ཤིས།། །།སརྦ་ཤུ་བྷཾ།། །།

(༣)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས འཕོ་བ་མ་བསྒོམས་སངས་རྒྱས་བཞུགས

(༤)འ ལྟ་བའི་ཀློང་ལ་ཕྱག་འཚལ་ལོ འོད་གསལ་རྫོགས་པ་ཆེན་པོའི་ལམ ཆོས་སྐུ་གཏད་མེད་རང་གྲོལ་ཏེ བཙན་ས་ཟིན་པའི་གང་ཟག་ནི འཕོ་བྱ་འཕོ་བྱེད་ལས་འདས་ཀྱང་ སྤྲོས་ཅན་མྱ་ངན་འདའ་དོན་དུ འཕོ་བ་མ་བསྒོམས་སངས་རྒྱས་བསྟན སྔོན་འགྲོ་སྐྱབས་སེམས་སྤྱི་ལྟར་བྱ བདག་དོན་གཞན་དོན་གང་ལ་ཡང་ ཚད་མེད་རྣམ་བཞིས་ཟིན་པ་གཅེས དངོས་གཞི་རང་ལུས་རྣལ་འབྱོར་མ ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ལྟར དེ་ཡི་ཁོང་དབུས་རྩ་དབུ་མ སྦོམ་ཕྲ་མདའ་སྨྱུག་ཙམ་པ་ལ སྟོང་སངས་འོད་ཀྱི་སྦུ་གུ་ཅན ཡར་སྣ་ཚངས་བུག་གནས་སུ་ཧར མར་སྣ་ལྟེ་བར་ཟུག་པ་ཡི སྙིང་ཁ་ཚིགས་

(༥)འུྃ ཀྱིས་བཅད་པའི་སྟེང་ རླུང་གི་ཐིག་ལེ་ལྗང་སྐྱའི་དབུས རིག་པ་ཧྲཱི ཡིག་དམར་པོར་གསལ སྤྱི་བོའི་ཁྲུ་གང་ཙམ་གྱི་སྟེང་ སངས་རྒྱས་སྣང་བ་མཐའ་ཡས་ནི མཚན་དཔེ་རྫོགས་པའི་ཕུང་པོར་གསལ མོས་གུས་དྲག་པོས་གསོལ་བ་གདབ ཤེས་པ་གཞན་དུ་མ་ཡེངས་པར། རྩེ་གཅིག་འདུན་པའི་ཞུར་ལ་དྲངས རྐན་གྱི་སྦུབས་ནས་ཧྲཱིཧྲཱིཞེས ལྔ་ཚར་ཕྲུགས་གཅིག་བརྗོད་པ་དང་ ལྷན་ཅིག་སྟོད་གཅུམ་མགོ་བོ་སྒྲིམ དེ་ཚེ་རིག་པ་ཧྲཱི དམར་པོ ཤོག་སྐྱ་རླུང་གིས་བཏེག་པ་བཞིན ཡར་ཡར་འགྲོ་བའི་ངང་དེ་ལ ཕཊཅེས་དྲག་པོས་མདའ་ལྟར་འཕངས འོད་དཔག་མེད་པའི་ཐུགས་ཀར་བསྟིམ དེ་ལྟར་

(༦)ཡང་ཡང་འབད་པ་ཡིས འབྱོངས་རྟགས་ཚངས་བུག་འཕར་བ་དང་ མགོ་ན་ཆུ་སེར་ཟིལ་པ་ཕྲུམ འཇག་མ་འདལ་གྱིས་ཚུགས་སོགས་འབྱུང་ དེ་ཚེ་འོད་དཔག་མེད་པའི་སྐུ འོད་དུ་ཞུ་ནས་རང་ལ་བསྟིམ རྐྱེན་དེས་སྐད་ཅིག་དྲན་རྫོགས་སུ རང་ཡང་ཚེ་དཔག་མེད་དུ་གྱུར ཨ་མ་ར་ཎི་ཚར་བརྒྱ་བརྗོད དགེ་བ་བསྔོ་ཞིང་སྨོན་ལམ་གདབ དེས་ནི་ཚེ་ལ་མི་གནོད་སྟེང་ རྟེན་འབྲེལ་བདེན་པས་ཚེ་གེགས་ཞི གསང་སྔགས་ཐབས་ཀྱིས་ཆེ་བའི་ལམ མ་བསྒོམས་སངས་རྒྱས་འཕོ་བའི་གནད སྙིང་དང་མིག་ལས་གཅེས་པར་ཟུངས ས་མ་ཡ གསོལ་འདེབས་ནི ཨེ་མ་ཧོ གནས་རང་སྣང་དོན་གྱི་འོག་མིན་ན ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློང་ སྐྱབས་ཀུན་འདུས་རྩ་བའི་བླ་མ་ནི སྐུ་ཐ་མལ་མ་ཡིན་དྭངས་མའི་ལུས དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགས ཡིད་མོས་གུས་གདུང་བས་གསོལ་བ་འདེབས ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས གནས་འོག་མིན་བགྲོད་པར་བྱིན་གྱིས་རློབས དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག ཕཊ སྤྲུལ་སྐུ། ཕཊ ལོངས་སྐུ། ཕཊ ཆོས་སྐུ། ཕཊ མི་འགྱུར། ཕཊ མངོན་བྱང་།། །།

(༧)གཤིན་པོ་ལ་འཕོ་བ་འདེབས་པའི་སྔ་རོལ་དུ་མིང་ནས་རན་པར་བོས་ལ། ཆེ་གེ་མོ་ཁྱོད་ལ་འཆི་བ་མི་རྟག་པ་སླེབ་ཡོད་དོ། །ཞེས་ལན་གསུ། དེ་ཡང་འཆི་བ་ཞེས་བྱ་བ་དེ་ཁྱེད་གཅིག་པུ་ལ་བྱུང་བ་མ་ཡིན། འགྲོ་བ་རྒྱུད་ལྔ་པོ་ཐམས་ཅད་ཀྱི་ལམ་པོ་ཆེ་ཡིན་པས་ལན་གཅིག་སྐྱེས་ཚར་ནས་མཐར་འཆི་བ་ཆོས་ཉིད་ཡིན། འཇིག་རྟེན་ན་མཐུ་ཆེ་ཞིང་དཔལ་འབྱོར་ལོངས་སྤྱོད་དང་ལྡན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནས་འཚོ་བ་ལམ་ཟན་ལ་བརྟེན་པའི་མུ་ཏོ་བ་ཡན་ཆད་ཚེ་ཐར་ལ་སོང་བ་གཅིག་ཀྱང་མེད་པས་སེམས་ཁོང་དུ་ཆུད་པར་མ་མཛད་ཅིག །དེ་བཞིན་དུ་གཉེན་འཁོར་ཡུལ་གཞིས་ནོར་རྫས་ལ་སོགས་པ་གང་ལ་ཆགས་ཀྱང་དེ་དག་རང་གི་རྗེས་སུ་མི་འབྲང་། རང་ཉིད་དེ་དག་དང་འགྲོགས་པའི་དུས་ལས་ཡོལ་བའི་ཚུལ། དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲང་། ཞེས་སྡུག་བསྔལ་

(༨)བདེན་པའི་ཆོས་ཉིད་མངོན་སུམ་པ་སྨིན་དུས་འདིར། ཉེ་དུ་དང་ནོར་རྫས་ལ་ཆགས་ན་གནས་རིགས་དམན་པར་ལྟུང་ཉེན་ཡོད་པས་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འདི་ན་ཕ་དང་མ་དང་བཤེས་རྣམས་དང་། །གཉེན་དང་རྩ་ལག་སྐྱབས་སུ་མི་འགྱུར་ཏེ། །བུ་དང་བུ་མོ་དེ་བཞིན་མགོན་སྐྱབས་མིན། །ཡོན་ཏན་ལྡན་པ་འདི་དག་མ་གཏོགས་པ། །འཇིག་རྟེན་མགོན་སྐྱབས་གྱུར་པ་གཞན་འགའ་མེད། །ཅེས་གསུངས་ན་རང་ཅག་སངས་རྒྱས་ཀྱི་བསྟན་པ་ཡོད་པའི་བསྐལ་པ་བཟང་པོ་ལ་འཆི་འཕོ་བའི་གནས་སྐབས་ཉམས་སུ་མྱོང་བ་ལ་དགའ་བ་སྒོམས་ཤིག །དེའི་རྒྱུ་གང་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་ཐོས་པ་ལ་ཡང་དོན་ཆེན་པོ་དང་ལྡན་ན། དེ་ལ་མངོན་པར་དད་པ་དང་། དགའ་བའི་སེམས་ཀྱིས་ཤི་འཕོས་བ་དག་ཀྱང་ངན་སོང་ལས་ཐར་ནས་ལྷ་དང་མིའི་གོ་འཕང་ཐོབ་པའི་ཚུལ་ལས་བརྒྱ་པ་ལས། དགེ་སློང་དག་བྱ་ཞིག་ནམ་མཁའ་ལས་བབས་ནས་ངའི་མདུན་ན་འདུག་པ་མཐོང་ངམ། གསོལ་པ།

(༩)བཙུན་པ་བཅོམ་ལྡན་འདས་མཐོང་ལགས་བཀའ་སྩལ་པ། དགེ་སློང་དག་བྱ་དེ་ང་ལ་སེམས་དགའ་བར་གྱུར་ནས་སོང་བ་ལས་ཁྲས་དེད་དེ། དེ་ང་ལ་སེམས་དགའ་བཞིན་དུ་ཤི་འཕོས་ནས་རྒྱལ་པོའི་ཁབ་འདིར་ཚོང་དཔོན་གྱི་རིགས་སུ་སྐྱེས་ནས་ཆེར་སྐྱེས་པ་དང་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་ན་ཚོད་ཀྱི་ལོ་བདུན་ལོན་པ་ཁོ་ནས་ཉོན་མོངས་པ་ཐམས་ཅད་བཅོམ་སྟེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཞེས་སངས་རྒྱས་ལ་ལན་གཅིག་དད་པའི་ཕན་ཡོན་ཡང་དེ་འདྲ་ན། ཁྱེད་ཀྱང་རྒྱལ་བའི་བསྟན་པ་ཡོད་པའི་ཞིང་ཁམས་སུ་སྐྱེས་ཤིང་། སངས་རྒྱས་ཀྱི་མཚན་ཐོས་པ་དང་། དེའི་སྡེ་སྣོད་ལས་དབུགས་འབྱིན་ཐོབ་པའི་སྐལ་པ་དང་ལྡན་པ་ཡིན་པས་སྟོན་པ་དེ་བཞིན་གཤེགས་པ་ལ་དང་བ་བླ་ལྷག་ཏུ་བསྐྱེད་ཅིག །བསྟན་པ་དམ་པའི་ཆོས་ལ་སྐྱབས་སུ་སོང་ཞིག །བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་རམ་ཟླར་སྒྲོན་ཅིག །ཁྱད་པར་དུའང་གང་གིས་མཚན་དང་།

(༡༠)སྒྲ་དང་། ལྟ་བ་ལ་ཞུགས་བས་ཀྱང་བར་དོའི་འཇིགས་པ་དང་། ངན་སོང་གི་རྒྱུ་ཡོངས་སུ་གཅོད་པར་ཞལ་གྱིས་བཞེས་པ། བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ཀྱིས་ཡོངས་སུ་བསྟན་པ་དང་། དེའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ཡིད་ལ་མ་བརྗེད་པར་ཟུང་ལ་ཁྱོད་རྡོས་བཅས་ཤ་ཁྲག་གི་ལུས་ལས་འདས་པའི་ཕྱིར་ཞིང་མཆོག་དེ་རུ་ཏ་ལ་ལ་སོང་ཅིག །ཁྱེད་རང་དད་པ་ཐོབ་པའི་བླ་མ་ཡིད་ལ་སྒོམས་ཤིག །ཡི་དམ་དང་ལྟ་བ་དྲན་པར་གྱིས་ཤིག །ཐེག་པ་ཆེན་པོའི་སྨོན་འཇུག་གི་སེམས་བསྐྱེད་སྒོམས་ཤིག །དེ་དག་གནད་དུ་འགྲོ་བའི་རྟེན་འབྲེལ་དུ་མ་བསྒོམས་པར་འཚང་རྒྱ་བ་འཕོ་བའི་གདམས་པས་སྐྱེ་བ་སྔ་ཕྱིའི་ཉིང་མཚམས་སྦྱོར་བ་ཡིན་པས་ཁྱེད་རང་གི་སྙིང་ནང་དུ་ཡི་གེ་ཨདཀར་པོ་ཞིག་སྒོམ་ལ་ངེད་ཀྱིས་ཨའི་སྒྲ་བརྩེགས་མར་བརྗོད་པ་དང་ལྷན་ཅིག་བརྡ་དོན་ངོ་འཕྲོད་པར་མཛོད་ལ་ཨ་དེ་ཉིད། དམིགས་བསལ་ལ་ཡི་གེ་ཧྲཱིཞེས་ཀྱང་བསྒྱུར་ཆོག །

(༡༡)བདེ་བ་ཅན་གྱི་ཞིང་ཁམས་སུ་དཔག་ཆེན་གྱི་མདའ་འཕང་པ་བཞིན་དུ་སོང་བར་དམིགས་ཤིག །ཅེས་བརྗོད་ལ་གཙོ་བོ་རང་ཉིད་ཀྱིས་འདུན་པ་གཅུར་ནས། དེའི་ལོ་གྲངས་ཀྱིས་ཨ་སྙན་པོར་བཟླས་རྗེས། གཙུག་སྐྲ་འཐན་པ་དང་ཨ་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་པས་མཐོ་རིས་སུ་འདྲོངས་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ཡི་སྦྱོར་བ་ཡིས། །དབུགས་དང་དེ་ཡི་ལོ་གྲངས་སྦྱར། །གལ་ཏེ་དེ་ལ་མ་ཤི་ན། །སྤྱི་བོར་ཁ་གཏད་དབུགས་ཀྱི་ནི། །ཤེས་པ་ལུས་ཀྱི་དཀྱིལ་ཡང་། །ཨ་ནི་དམིགས་ཏེ་བསྡུ་བར་བྱ། །ཞེས་དང་། །དེ་ལྟར་ཆོ་ག་ལྡན་པའི་ཚེ། །མི་དེ་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་ནས་སྦྱོང་། །ཞེས་ཐིམ་རིམ་འཆར་བའི་དུས་ནས་རླུང་ཕྱིར་འགྲོ་བ་དང་བསྟུན་སྐྱེ་མེད་ཀྱི་ཡི་གེས་སྦྱང་བར་བྱ་བ་ནི་ཤིན་ཏུ་ཟབ་བོ། །དེ་ཡང་ཐབས་སྙིང་རྗེ་ཆེན་པོས་རྗེས་སུ་འཛིན་པ་དང་ཤེས་རབ་ནམ་མཁའ་ལྟ་བུའི་ཀློང་དུ་བསྲེ་བ་གཅེས་ལ་འོན་ཏེ་གཞན་སྣང་དང་མཐུན་པའི་འཕོ་བའི་རིགས་བྱེད་པར་སྤྲོ་ཡང་སྐབས་འདིར་བྱས་པས་ཆོག་ཀྱང་། སངས་རྒྱས་ཀྱི་མཚན་

(༡༢)དང་། གཟུངས་སྔགས་སྨོན་ལམ་ཁྱད་པར་ཅན་གྱིས་སྒོ་བཀག་ནས། འདྲིས་གོམས་གཏན་ནས་མེད་པའི་གང་ཟག་ལ་བསྐྱེད་རིམ་འབོགས་པ་དང་སྣང་མཆེད་ཐོབ་པའི་ངོ་སྤྲོད་སོགས་ཀུན་གཞི་ལུང་མ་བསྟན་ལ་བརྡ་འཕྲོད་པར་དཀའ་བའི་དོན་ཤེས་པར་བྱའོ། །ཞེས་པའང་བློ་གསལ་གྱི་ངོར་རང་བྱུང་རྡོ་རྗེས་སོ།། །།ཀུན་གཞིའི་སྨག་རུམ་འཕྱན་པའི་འགྲོ། །མཚམས་སྦྱར་འདི་ཡིས་སྣང་བྱས་ཏེ། །ཉིང་འཁྲུལ་རུ་ལོག་རྗེས་དྲན་གསུམ། །དྲན་པའི་ཕོ་ཉར་འདི་གྱུར་ཅིག །ཅེས་ངོ་སྤྲོད་འདི་ཉིད་མཁྱེན་བརྩེའི་གཉིས་པའི་ལྗགས་འགྲིགས་གནང་བའི་གཤིན་འཕོ་དང་སྦྱར་དགོས་པར་འདུག་པ་དངོས་བསྟན་ལྟར་གཞན་དོན་བྱ་བ་རྣམས་ལ་སྨན་པའི་བློས་སྤར་དུ་སྒྲུབ་པ་ལགས།། །།དགེའོ། །དགེའོ། །དགེའོ། །བཀྲ་ཤིས། །

(༡༣)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས་བདེ་སྟོང་རླུང་གི་རྫོགས་རིམ་སྙན་རྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ་བཞུགས།། །།

(༡༤)འུྃ ཀུན་བཟང་གདོད་མའི་ཀློང་ལ་ཕྱག་འཚལ་ལོ མ་འོངས་དུས་ཀྱི་སེམས་ཅན་རྣམས ཚེ་ཐུང་བསོད་ནམས་ལོངས་སྤྱོད་དབུལ བསྒྲུབ་པའི་ལོང་མེད་སྙིང་རུས་ཆུང་ དེ་ཚེ་སྐུ་གསུམ་བཞུགས་སྟངས་ལ བརྟེན་ནས་འོད་གསལ་རྫོགས་ཆེན་དོན རྩོལ་མེད་ལྟ་བའི་ལོང་མེད་ན གནད་ལ་བརྟེན་པའི་ཐབས་ཀྱི་ལམ རླུང་སེམས་དབྱེར་མེད་ངེས་པའི་གནད བདུན་ཕྲག་གསུམ་གྱིས་འཁོར་བ་ལ མི་ལྡོག་ལམ་རྟགས་ཡོན་ཏན་ཀུན མངོན་གྱུར་སྙན་བརྒྱུད་ཟབ་མོའི་ཆོས རྡོ་རྗེ་སེམས་དཔའི་གསང་ལམ་ཆེ འདི་ལས་གཞན་དུ་ངས་མ་བཤད བདེན་རྫུན་ལག་ཏུ་ལོང་ལ་ལྟོས གཅིག་ལས་

(༡༥)འུྃ གཉིས་སུ་སྤེལ་བས་ན དམ་ཚིག་ཉམས་པས་དམྱལ་བར་ལྟུང་ ཁྱད་པར་ཁ་མཁས་ཁོང་གནག་ཅིང་ གཡོ་སྒྱུས་བླ་མའི་ངོ་སྲུང་བའི དྲེད་པོ་ཆོས་ཀྱི་རྒྱུས་ཅན་ལ གདམས་པ་འདི་ནི་རླུང་ཕྱོགས་ཙམ བསྟན་ཀྱང་སྲོག་གི་གཤེད་མར་བྱེད དེ་ཕྱིར་སྙིང་ལས་གཅེས་པར་ཟུངས ས་མ་ཡ དང་པོ་མལ་ནས་ཧར་ལངས་ཏེ ལྟོ་སྟོང་རླུང་རིག་དྭངས་པའི་ཚེ སྔོན་འགྲོ་སྤྱི་དང་ཁྱད་པར་དུ བླ་མའི་རྣལ་འབྱོར་གནད་དུ་བསྣུན མོས་གུས་གདུང་ཞིང་དབང་བཞི་བླང་ དངོས་གཞི་ལུས་གནད་དྲང་པོར་བསྲངས རང་ཉིད་རིག་འཛིན་རྡོ་རྗེ་ཆོས སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་པ བརྐྱང་བསྐུམ་

(༡༦)འདོར་སྟབས་ཞི་མ་ཁྲོ རྣལ་འབྱོར་དམར་མོ་གྲི་ཐོད་ཅན དང་འཁྲིལ་རྡོར་དྲིལ་བསྣོལ་ཐབས་སྦྱོར ཡབ་ཡུམ་གཉིས་སུ་མེད་པ་ཡི སྐུ་དབུས་དྲང་པོར་རྩ་དབུ་མ མཚན་ཉིད་བཞི་ལྡན་ཆོས་ཀྱི་སྐུ གཡས་གཡོན་རོ་རྐྱང་ལོངས་སྤྲུལ་གཉིས ལྟེ་འོག་དབུ་མའི་མར་སྣ་ལ རོ་རྐྱང་རྣམ་གཉིས་ཆུད་པ་ཡི ཡར་སྣ་ལྟག་པ་ནས་གུག་སྟེ སྣ་བུག་གཉིས་སུ་ཧ་རེ་ཟུག དབུ་མའི་ཡར་སྣ་ཁ།།།འཁྱིལ རོ་རྐྱང་གཉིས་ནས་ལས་ཀྱི་རླུང་ གཡས་གཡོན་རེས་མོས་བདུན་བདུན་འབུད ཉོན་མོངས་ལྔ་དང་འབྱུང་བ་ལྔར བརྟེན་པའི་རླུང་དུག་སངས་ཀྱིས་ཐོན རྩ་སྦུབས་སྐྱོན་དང་བྲལ་བར་བསམ དེ་ནས་ཧ་ཞེས་དབུགས་བཏང་ལ ངལ་བསོ་ཤེས་པ་རྣལ་དུ་ཕབ བྲཾ། དེ་ནས་སྙིང་གུར་སྨུག་པོའི་དབུས ཀུན་བཟང་མཐིང་ག་མཉམ་གཞག་ཅན ཆེ་ཆུང་སྲན་མ་ཙམ་པ་ལ སྐྱེ་མཆེད་ཤིན་ཏུ་དངས་པར་གསལ དེ་ཡི་ཐུགས་ཀར་འོད་ལྔའི་ཐིག ཟླུམ་པོར་འཁྱིལ་བའི་ནང་ཁོངས་སུ དངས་གསལ་སྐྱེ་མེད་སྲོག །།།ཨཾ གསལ་འཚེར་སྤུ་ཡིས་བྲིས་ལྟར་གསལ དེ་ནས་སྦྱོར་བ་བཞི་ལྡན་གྱིས གནད་དང་ལྡན་པས་རླུང་རྡུབས་ལ རོ་རྐྱང་ལམ་བརྒྱུད་སྙིང་དབུས་བསྐྱེལ །།།ཁརཱུ་

(༡༧)རྒྱ་ཅུང་ཟད།།།བྱས་ཏེ རླུང་ཡིག་རིག་པ་གཅིག་ཏུ་དྲིལ ཞལ་ཤེས་གནད་དང་ལྡན་པ་ཡིས རླུང་ཁུག་བརྒྱའམ་བདུན་ཅུ་ཐམ སུམ་ཅུ་ལ་སོགས་ཐུན་རེང་འབད མན་ངག་གནད་དང་མི་ལྡན་ན སྲོག་རྩར་ལས་ཀྱི་རླུང་ཞུགས་ནས སྨྱོ་བའི་ཉེན་ཡོད་ཁེ་ཉེན་ཆེ གནད་དུ་སོང་ན་སྲོག་ཐུར་གྱི རླུང་གཉིས་གཅིག་ཏུ་འདྲེས་གྱུར་ནས དབུ་མར་ཞུགས་གནས་ཐིམ་གསུམ་གྱི རང་རྩལ་རྫོགས་པའི་རྟེན་འབྲེལ་ལས བུམ་ཅན་རིལ་པ་ཞབས་ཚགས་ཅན མངོན་དུ་སྣང་ཞིང་འོག་རླུང་ལ བཤང་པའི་དྲི་མ་མི་འབྱུང་ཞིང་ དྲི་ཆུ་ཆུ་གཙང་ལྟར་འབབ་སོགས ཐུན་མོང་ཡོན་ཏན་བསམ་ལས་འདས ཁྱད་པར་ལྟེ་བའི་རྩ་མདུད་གྲོལ དང་པོའི་ས་ཡི་རྟོགས་པ་འཆར མངོན་སུམ་སྣང་བ་ལྷུག་པར་མཐོང་ འདི་ལ་ཐེ་ཚོམ་འགའ་ཡང་མེད ས་མ་ཡ འདི་ནི་རྫོགས་རིམ་ཀུན་གྱི་བཅུད དབུ་མར་ཡེ་ཤེས་རླུང་ཟིན་པས གཏུམ་མོའི་ནང་ནས་ཡང་རྩེ་ཡིན སེམས་ཉིད་ཆོས་སྐུར་གནས་དག་པས འོད་གསལ་ཀུན་གྱི་རྒྱལ་པོར་འགྱུར སྣང་བའི་རྫུན་ཕུགས་རྡིབ་པ་ཡིས སྒྱུ་མ་མ་བཅོས་རང་ལ་ཤར གང་ཤར་རྣམ་རྟོག་མ་

(༡༨)ཡན་པ རྨི་ལམ་ཀླུངས་ཚུད་སྤྲུལ་བསྒྱུར་ནུས ཐ་མལ་རྣམ་རྟོག་ཡེ་ཤེས་སུ འཕོས་པས་འཕོ་བའི་ཡང་རྩེ་ལ སྒོ་གསུམ་རྡོ་རྗེ་གསུམ་ལྡན་གྱི གྲོང་དུ་འཇུག་པས་གྲོང་འཇུག་མཆོག གསང་སྔགས་ཀུན་གྱི་འབྲས་བུ་ཡིན ས་མ་ཡ བདེ་སྟོང་རླུང་གི་རྫོགས་རིམ་ལས འབར་འཛག་དྲོད་ཀྱི་རྣལ་འབྱོར་ནི རྩ་གསུམ་སྔ་མ་ཇི་བཞིན་ལ དབུ་མའི་ཡར་སྣར་ཧེ་རུ་ཀ དཀར་ཆ་ཧཾ་ཡིག་རང་བཞིན་ལ མར་སྣར་དམར་ཆ་གནམ་ཞལ་མ ཨ་ཤད་འོད་ཀྱི་རྣམ་པར་གསལ རོ་རྐྱང་གཉིས་ནས་རླུང་རྡུབས་ཏེ ལྟེ་བའི་གནམ་ཞལ་སྦར་བ་ལས ཤེས་རབ་ཡེ་ཤེས་ལྷབ་ཀྱིས་འབར དེ་ཡང་ངོ་བོ་བདེ་བ་ལ རང་བཞིན་གསལ་ཞིང་རྣམ་པ་ཚ རྩེ་མོ་རྣོ་ལ་འཁྱུག་པ་ཡིས ལྟེ་བའི་རྩ་འཁོར་ཡོངས་གང་ཞིང་ བདེ་དྲོད་གློ་བུར་སྐྱེས་པར་བསམ དེ་བཞིན་ཆོས་ཀྱི་འཁོར་ལོ་དང་ ལོངས་སྤྱོད་བདེ་ཆེན་འཁོར་ལོ་སོགས སོ་སོའི་གནས་སུ་རླུང་ཁུག་ནི ཉེར་གཅིག་བདུན་སོགས་གོང་དང་མཚུངས དེ་ནས་སྤྱི་བོའི་ཧཾ་ཡིག་ལ མེ་ལྕེས་རེག་པ་ཙམ་གྱིས་ནི བདེ་བ་གཡོས་ཤིང་ཐིག་ལེ་ཞུ ཞུན་གྱི་མར་མེ་འཐིགས་པ་ལྟར སྤྱི་བོའི་རྩ་འདབ་ཐམས་ཅད་ཁེངས རྩ་ཁམས་དཔའ་བོ་

(༡༩)འུྃ ཌཱཀྐི་ནི ཏིལ་གང་ཕྱུར་བ་ལྟ་བུ་ལ བདེ་སྟོང་བདུད་རྩིའི་མཆོད་པ་ཕུལ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་ བུམ་དབང་མངོན་དུ་ཐོབ་བྱས་ཏེ དཀའ་བའི་ཡེ་ཤེས་སྐྱེས་པར་བསམ དེ་བཞིན་མགྲིན་པ་སྙིང་ག་དང་ ལྟེ་བ་ལ་ཡང་གོང་བཞིན་དུ རིག་པ་སྤྲེ་ཞིང་གསང་དབང་དང་ ཤེས་རབ་ཡེ་ཤེས་བཞི་པའི་དབང་ རིམ་བཞིན་མངོན་དུ་ཐོབ་བྱས་ཤིང་ མཆོག་དགའ་ཁྱད་པར་ལྷན་སྐྱེས་ཀྱི ཡེ་ཤེས་ཉམས་སུ་མྱོང་བར་བསམ དེ་ནས་རྩ་གསུམ་འདུས་མདོ་རུ དྭངས་མ་ཨ་ཤད་ལ་ཕོག་ཚ སྣུམ་ཁོལ་བདུད་རྩི་བླུགས་པ་བཞིན མེ་དང་བདུད་རྩི་གཉིས་མེད་འབར རིག་པ་རྩལ་གྱི་དབང་ཆེན་ཐོབ སྣང་སྲིད་ཐམས་ཅད་མེ་ཡིས་ཁེངས སྣོད་དང་བཅུད་དུ་འཛིན་པ་ཡི རྣམ་རྟོག་བག་ཆགས་ཐམས་ཅད་བསྲེག མཐར་ནི་རང་ལུས་མེ་དང་བཅས ཇེ་ཆུང་ཇེ་ཆུང་སྤྲོས་བྲལ་ངང་ བསྡུས་ལ་གསལ་སྟོང་ངང་དུ་བཞག གེགས་སེལ་ཧ་སྦྲུགས་བརྡབ་ཆུང་དང་ ངལ་བསོ་ཤེས་རིག་རྣལ་དུ་དབབ འདི་ལྟར་གནད་དུ་ཕེབས་གྱུར་ན བདེ་དྲོད་མེ་འབར་གོས་མི་དགོས འབྱུང་བ་ལྔ་ལ་རང་དབང་བསྒྱུར མ་དག་ལས་ཀྱི་རླུང་དག་པས

(༢༠)སྤྱན་དང་མངོན་ཤེས་ལ་སོགས་ཐོབ ཐུན་མོང་ཡོན་ཏན་བསམ་མི་ཁྱབ མངོན་ཞེན་སྐྱེས་ན་རུ་ཏྲར་གོལ ཅི་ཕྱིར་འབྲས་བུའི་ཡོན་ཏན་ནི སྤངས་རྟོགས་མཐའ་རུ་ཕྱིན་པའི་དབྱིངས ཆོས་ཟད་བློ་འདས་ཆེན་པོ་སྟེ དེ་ཕྱིར་དེ་དག་ལམ་རྟགས་ཀྱི ཡོན་ཏན་ཙམ་ལས་ས་ཟིན་མེད སྤངས་ཐོབ་བྲལ་བའི་རྫོགས་ཆེན་ནི ཆོས་རྣམས་ཀུན་གྱི་གྲོལ་སའོ ས་མ་ཡའདི་ལྟར་སྲོག་རྩོལ་རླུང་གི་གནད བརྒྱ་ཕྲག་འདུས་པའི་ཡང་ཟབ་བཅུད སྙིང་མཛོད་སྨུག་པོ་ཀློང་གི་སྒྲོམ སྐུ་གདུང་འབར་བའི་བརྡའ་རིས་ཅན མཁའ་འགྲོའི་ཐུགས་གསང་ནམ་མཁའ་མཛོད གཏེར་བཅུད་འདུས་པའི་ཕོ་བྲང་ནས བརྡའ་ཚིག་རྡོ་རྗེའི་དབྱངས་སུ་བསྒྱུར སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ལས གཞན་དུ་མ་ཡིན་དམ་ཚིག་རྒྱ སྙིང་འདྲ་གཅིག་ལས་ཤོར་ར་རེ འདི་དང་རྫོགས་ཆེན་མ་བུ་གསུམ ཉམས་སུ་བླངས་ནས་མ་གྲོལ་ན པདྨས་བསླུས་སོ་ཕྱི་རབས་རྣམས ལས་འཕྲོ་ཅན་གྱི་དཔལ་དུ་ཤོག སྐུའི་རྒྱ གསུང་གི་རྒྱ ཐུགས་ཀྱི་རྒྱ དཔལ་སྔགས་ཀྱི་སྲུང་མས་དམ་ཉམས་བཀའ་རྐུན་ལོག་སྲེད་ཅན་གྱི་ལག་ཏུ་མ་བཏང་ཞིག ན་རཀྐན

(༢༡)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས བདེ་སྟོང་རླུང་རྫོགས་ཞལ་ཤེས་བཞུགས འུྃ རྗེས་སུ་རྣལ་འབྱོར་དབྱིངས་ལ་འདུད ལམ་བདེན་ཐམས་ཅད་དམིགས་པ་དང་ འདུན་པའི་རྐྱེན་ལས་གྱུར་པའི་ཕྱིར ཕུང་པོ་ལྔ་ནི་འཁོར་བའི་རྒྱུ སངས་རྒྱས་ལྔར་ནི་མྱ་ངན་འདའ གཟུགས་ཕུང་སྣང་མཛད་ཡབ་ཡུམ་དུ གདོད་ནས་དག་པར་ངེས་ཤེས་བསྐྱེད བདུད་རྩིས་མཆོད་ཅིང་བུམ་དབང་ཐོབ དགའ་བའི་ཡེ་ཤེས་མྱོང་བའི་མཐར འོད་ཞུ་ཐིག་ལེ་དཀར་པོར་བསམ དེ་བཞིན་མགྲིན་པར་འདུ་ཤེས་ནི སྣང་མཐའ་རྣམ་ཤེས་མི་བསྐྱོད་པ ཚོར་བ་རིན་འབྱུང་འདུ་བྱེད་གྲུབ རིམ་བཞིན་འོད་ཞུའི་ཐིག་ལེ་དམར མཐིང་སེར་ལྗང་གུར་གནས་པ་དེ ནང་འབྱུང་ལྔ་ཡི་ངོ་བོར་བསམ དེ་ལས་འབྱུང་བཞི་ཟད་པར་གྱི སྐྱེ་མཆེད་བསྒོམ་ན་སྤྱི་བོ་ཡི ཐིག་ལེ་དཀར་ལས་འོད་ཟེར་འཕྲོས སྣང་སྲིད་ཐམས་ཅད་ཆུའི་དྭངས་མ དཀར་པོར་འོད་ཞུ་ཐིག་ལེ་དང་ རོ་གཅིག་འདྲེས་ལ་མཉམ་པར་གཞག ཟད་པར་ཆུ་ཡི་སྐྱེ་མཆེད་འགྲུབདེ་བཞིན་མགྲིན་པ་ལྟེ་བ་དང་གསང་གནས་རྣམས་ཀྱི་ཐིག་ལེ་ནིདམར་པོ་མེ་དང་སེར་པོ་སལྗང་གུ་རླུང་དུ་ཤེས་བྱས་ནས བསྒོམ་ཚུལ་གོང་ལྟར་ངེས་པ་ཡིན ཀུན་གྱི་སྡུད་རིམ་ཙཎྜ་ལིས ཕྱི་འབྱུང་ནང་འབྱུང་ཅིག་ཆར་དུ བསྲེག་པ་ཡི་གེའི་དཀྱུས་བཞིན་ནོ འདི་ནི་གནད་ཀྱི་མན་ངག་སྟེ ཐེམ་མེད་

(༢༢)ཀུན་ལས་གསང་བའི་རྒྱ དྷ་ཐིམ

(༢༣)ཀློང་ཆེན་སྙིང་གི་ཐིག་ལེ་ལས། གཏུམ་མོའི་འབར་འཛག་ཡིག་ཆུང་བཞུགས། འབར་འཛག་སྙན་བརྒྱུད་ཞལ་ཤེས་ལ། དང་པོ་རྩ་གནས་བྱིན་བརླབ་ནི། རྩ་དབུ་མ་སྟོང་གསལ་གྱི་ཡར་སྣེ་རྒྱ་སྐར་ཁ་ཕྱེ་བ་ལྟ་བུའི་ནང་ཀུན་བཟང་ཡབ་ཡུམ་མགྲིན་པ་ཡན་ཆད་ཐོན་པ་ནས་མས་རིམ་རྩ་བའི་བླ་མའི་བར་བརྒྱུད་པའི་གསོལ་འདེབས་ནང་བཞིན་ཐོ་བརྩེགས་སུ་གསལ། དག་པ་རབ་འབྱམས་དབུ་མའི་གྲོང་ཁྱེར་ན། །ཅེས་པ་ལ་སོགས་པའི་གསོལ་འདེབས་མོས་གུས་དྲག་པོ་བྱས་རྗེས་བླ་མ་རྣམས་རིམ་གྱིས་འོད་དུ་ཞུ་ཐིག་ལེ་དམར་པོ་གཅིག་ཏུ་གྱུར་པའི་ནང་ཁོངས་ཨ་ཤད་ཀྱི་རྣམ་པ་གསལ་ཙམ་དང་། སྤྱི་བོར་ཧཾ་ཡིག་མགོ་གྱེན་བསྟན་བསྒོམ། །རོ་རྐྱང་གཉིས་ནས་རླུང་རྡུབས་ཕྲུ་མ་ཕུས་བརྒྱངས་པ་བཞིན་དུ་དབུ་མའི་མས་སྣར་ཞུགས། ཐིག་དམར་ཨ་ཤད་ཅན་ལ་ཕོག་པས་བྱིན་རླབས་ཡེ་ཤེས་ཀྱི་མེ་ལྷབ་ཀྱིས་འབར། མེ་ཡི་ངོ་བོ་བདེ་བ། རེག་བྱ་ཚ་བ། རྣམ་པ་གསལ་བ། རྩེ་མོ་ཤེས་རབ་ཀྱི་རང་བཞིན་རྣོ་ལ་འཁྱུག་པ་སྟེ་མཚན་ཉིད་བཞི་ལྡན་དུ་འབར་བས་གནས་ཚུལ་དང་མཐུན་པའི་རྩ་ནང་ཐམས་ཅད་དུ་མེ་ལྕེས་ཁྱབ། ཕོ་སྐོར་ཅུང་ཟད་བྱ། རིམ་བཞིན་ལྟེ་བ་སྤྲུལ་པའི་འཁོར་ལོ་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་བར་གྱི་རྩ་གཙོ་བོ་

(༢༤)གསུམ་དང་། རྩ་འདབ་ཐམས་ཅད་དུ་ཞུགས། སྤྱི་བོའི་ཧཾ་ཡབ་ཧེ་རུ་ཀའི་ངོ་བོ་དང་། མེ་ཉིད་ཡུམ་གྱི་ངོ་བོར་གྱུར་པ་གཉིས་རེག་པ་འཕྲོད་པས་ཞུ་བདེའི་ཉམས་རྒྱས། ཧཾ་ལས་འོད་ཟེར་མུ་མཐའ་མེད་པར་འཕྲོས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཆོད། ཐུགས་བདེ་སྟོང་གི་རོས་ཚིམ། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས། ཡང་འཕྲོས་འབྱུང་བ་ལྔའི་དྭངས་བཅུད་དང་སྣོད་བཅུད་ཀྱི་བཀྲག་མདངས་གཟི་བྱིན་ཀྱང་ལྷན་ཅིག་བསྡུས་ཏེ་ཧཾ་ཡིག་ལ་ཐིམ་པའི་རྐྱེན་གྱིས་དེ་མགོ་མཇུག་ཧྲིལ་གྱིས་ལྡོག །ཞུ་བདེ་འབར་འཛག་གི་ཉམས་རྒྱས། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་སངས་རྒྱས་རྣམ་པར་སྣང་མཛད་དང་། ཡུམ་ནམ་མཁའ་དབྱིངས་ཕྱུག་མ་ལ་སོགས་ཏེ་བུདྡྷ་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་བཞུགས་པ་ལ་བདེ་སྟོང་བདུད་རྩིའི་མཆོད་པ་ཕུལ། ཚོགས་རྫོགས། སྒྲིབ་པ་དག །དམ་ཚིག་ཉམས་ཆག་བསྐངས། བུམ་དབང་ཐོབ། དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་མགྲིན་པར་བབས། སངས་རྒྱས་སྣང་བ་མཐའ་ཡས་དང་། ཡུམ་གོས་དཀར་མོ་ལ་སོགས་ཏེ་པདྨའི་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་

(༢༥)མ་ལ་མཆོད་པ་འབུལ་ཚུལ་སྔར་དང་འདྲ། གསང་དབང་ཐོབ། མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་སྙིང་གར་བབས། སངས་རྒྱས་མི་བསྐྱོད་པ་དང་ཡུམ་མཱ་མ་ཀཱི་ལ་སོགས་རྡོ་རྗེའི་རིགས་ཀྱི་དཔའ་བོ་རྣལ་འབྱོར་མ་སོགས། མཆོད་ཚུལ་སྔར་དང་འདྲ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཁྱད་པར་གྱི་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་ལྟེ་བར་བབས། རིན་ཆེན་འབྱུང་ལྡན་དང་། ཡུམ་སངས་རྒྱས་སྤྱན་མ་ལ་སོགས་ཏེ་རིན་ཆེན་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་མཆོད་ཚུལ་གོང་དང་འདྲ། དབང་བཞི་པ་ཐོབ། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་གསང་གནས་སུ་བབས། སངས་རྒྱས་དོན་ཡོད་གྲུབ་པ་དང་། ཡུམ་དམ་ཚིག་སྒྲོལ་མ་ལ་སོགས་ཏེ་ལས་ཀྱི་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་མཆོད། ཚོགས་རྫོགས་སྒྲིབ་པ་དག །དམ་ཚིག་ཉམས་ཆག་བསྐངས། རིག་པའི་རྩལ་དབང་ཐོབ། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། དམིགས་པའི་གནད་འདི་ཁོང་དུ་ཆུད་ན། །ནང་དང་གསང་བའི་སྦྱིན་སྲེག་ཀྱང་ཡིན། ཚོགས་འཁོར་ཡང་ཡིན། བསོད་ནམས་བསག་ཐབས་ཀྱང་

(༢༦)འདི་ལས་ཟབ་པ་མེད། །དོན་དམ་པར་དཀྱིལ་འཁོར་དུ་འཇུག་པར་དང་། དབང་ལེན་པ་ཡང་ཡིན། དེ་ལས་ཧཾ་ཡིག་དེ་ཉིད་བླ་མ་སངས་རྒྱས་ཐམས་ཅད་འདུས་པར་ཤེས་པའི་མོས་གུས་དང་གཏུམ་མོའི་མེ་དེ་ཉིད་ཀྱང་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འདུས་པའི་ཕྲིན་ལས་སུ་ཤེས་དགོས་པ་ཡིན། གསང་སྔགས་ལམ་མྱུར་བ་དང་ཐབས་ཟབ་པའི་ངེས་ཤེས་རྒྱུད་ལ་བརྟན་ཅིང་ཐེ་ཚོམ་མེད་པ་རྣམས་ལ་དངོས་གྲུབ་མྱུར་བ་སྔགས་ཀྱི་ཁྱད་ཆོས་ཡིན་ནོ། །རྗེས་ལ་མེ་དང་དབུ་མ་ཆེ་བསྐྱེད་ཆུང་བསྐྱེད་རེས་མོས་ཡང་ཡང་བྱ་བའི་ཆེན་པོར་གྱུར་པའི་ཚེ་སྟོང་ཁམས་ཐམས་ཅད་མེས་གང་སྟེ་བར་ཆད་གདོན་བགེགས་རྣམ་རྟོག་བག་ཆགས་ལས་ཉོན་དང་བཅས་པ་གཞོབ་ཐུལ་གྱིས་ཚིག་པར་བསམ། རེས་འགའ་དབུ་མ་མེ་དང་བཅས་པ་ཇེ་ཆུང་རྟ་རྔ་བརྒྱར་གཤགས་པའི་ཆ་ཙམ་ཇེ་ཕྲར་བསྒོམ་ལ་རིག་པའི་རྩལ་སྦྱང་། མཐར་ཐམས་ཅད་རྫོགས་རིམ་དུ་བསྡུས་ཏེ་དགེ་བ་བསྔོ་བར་བྱའོ། །

(༢༧)འུྃ སྙན་བརྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུའི་སྦས་དོན་ཐབས་ལམ་མ་བསྒོམས་སངས་རྒྱས་བཞུགས

(༢༨)འུྃ དཔའ་བོ་དང་ནི་རྣལ་འབྱོར་མའི གྲོང་ཁྱེར་མཆོག་ལ་ཕྱག་འཚལ་ལོ རང་ལུས་བདེ་ཆེན་ཙཎྜ་ལི འབར་འཛག་དབང་དང་དགའ་བཞིའི་ལམ གབ་དོན་ནམ་མཁའི་ཙཎྜ་ལི སྲོག་ཐུར་ཡེ་ཤེས་དབྱིངས་སུ་བསྲེ གཟུང་འཛིན་སྤངས་པའི་སྒྲ་གཅན་གྱི དུས་མེ་ནོར་བུའི་ཁོང་སེང་རྩེར རླུང་སེམས་འདྲེས་པའི་ཐིག་ལེ་ནི གསལ་འཚེར་འོད་ཀྱི་རྣམ་པ་གཞག ཐུར་སེལ་སྟེང་དུ་སྲོག་སྦུབ་པས སྒྲ་གཅན་སྡངས་པའི་ཤུགས་རིངས་ཀྱིས ཐིག་ལེ་སྦས་མའི་མཁའ་གསང་དུ སྐར་མདའ་འཕངས་པ་བཞིན་དུ་དཀྲོགས ཧཱུྃ་དང་རླུང་གི་ལྕགས་ཀྱུ་ཡིས གོ་ལྡོག་དྲངས་པ་གཙུག་ཏོར་

(༢༩)འུྃ ལམ བརྒྱུད་དེ་མཁའ་དབྱིངས་རྡོ་རྗེར་བཅིང་ དེ་ལྟར་ཡང་ཡང་གོམས་པ་ཡིས མེ་ཆུའི་ཁམས་གཉིས་གོ་ལྡོག་པས འཆི་བ་མེད་པའི་བཅུད་ལེན་ཅིང་ ནང་དུ་སྟེང་འོག་རླུང་འདྲེས་ནས ཕྱི་རུ་སྣང་སེམས་རོ་གཅིག་འགྱུར ས་མ་ཡ གཞན་ལུས་ཞུ་བདེའི་ཙཎྜ་ལི རིག་མ་བརྟག་འགུགས་སྦྱང་བ་སོགས སྤྱི་དང་མཐུན་པ་ཉིད་དུ་སྤྱད བསླབ་པ་གསུམ་གྱི་གཡའ་བླང་ཞིང་ བདེ་བ་བསྐྱེད་པའི་ཐབས་ལ་འབད འདུ་ཤེས་གསུམ་གྱིས་ཐ་མལ་ལས ལྡོག་ནས་འབེབས་དང་སྤོར་དང་བསྐྱིལ ཤེས་པ་གསུམ་གྱི་གནད་ལ་བསླབ དབབ་ལ་མཁས་པ་རུས་སྦལ་བཞིན

(༣༠)བསྐྱོད་པ་དལ་བ་མན་ངག་ཡིན བདེ་བ་རྫོགས་ནས་མ་ཡིན་ཏེ གཡོ་དུས་བསྲུབ་འཕྲོ་བཅད་ལ་བཟུང་ ནོར་བུའི་རྩེ་ནས་ལྡོག་དཀའ་བས རྩ་བར་རྨ་བྱའི་སྟངས་ཀྱིས་བཟུང་ རིག་པ་སྤྱི་བོའི་ཧཾ་དང་འགྲོགས རླུང་ནི་སྲིན་ཞལ་ནང་དུ་སྡིགས ཨཱི་ཞེས་བྱ་བ་རྨ་བྱའི་སྟངས བསྐྱིལ་ལ་མཁས་པ་ཐེམ་བུ་བཞིན རླུང་རིག་འདྲེས་པའི་དབྱིངས་ལ་བཞགའདྲེན་ལ་མཁས་པ་ཧུབ་ཀྱི་སྒྲསབར་རླུང་རྒྱངས་ཧིང་གསང་བ་རླུང་ཐོན ལྡོག་ལ་མཁས་པ་ཧིག་གི་སྒྲས དུང་དཀར་དང་ནི་གར་མཁན་བཞིན འགྲེམས་ལ་མཁས་པ་གཏུམ་མོ་དང་ ཁྱད་པར་བརྗོད་བྲལ་ལྷན་ཅིག་སྐྱེས འཛིན་འདྲེན་དགྲམ་པ་ཀུན་གྱི་གནད ཁྱད་པར་བྱེད་པ་བྲབ་གཞིལ་ཏེ དེ་ལྟར་ལས་རྒྱའི་གནད་བདུན་གྱིས ཐིག་ལེ་རྩ་ཡི་ནང་དུ་སྦ རྣམ་རྟོག་ཡེ་ཤེས་དབྱིངས་སུ་སྦ བདེ་བ་འོད་གསལ་ཀློང་དུ་སྦ འོད་གསལ་འཛིན་མེད་ངང་དུ་སྦ སྦ་བཞིའི་གནད་ལ་གོམས་པ་ཡིས རླུང་སེམས་དབུ་མར་ཡང་དག་འཛུད ཀུན་ལ་སྲོག་རྩོལ་ལོག་པའི་གེགས བཅོས་ཤིང་རྩ་མདུད་གྲོལ་བའི་ཐབས རྣམ་པ་ཉི་ཤུས་བྱང་ཆུབ་པའི རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་གཅེས ས་མ་ཡ རྒྱ་རྒྱ་རྒྱ

(༣༡)འུྃ དེ་ལ་རིག་འཛིན་འཁྲུལ་འཁོར་ནི གསོལ་བ་བཏབ་ཅིང་བུམ་ཅན་བཟུང་ དང་པོ་རྡོ་རྗེ་སྐྱིལ་མོ་ཀྲུང་ ལག་གཉིས་ཆུན་བཙལ་མཚན་སྐོར་བརྡེབ ཡན་ལག་གི་ནད་སེལ འཁྱུད་ཚུལ་བྱ་ཞིང་སེ་གོལ་གཏོགས གཉིས་པ་ལག་གཉིས་ཨ་བ་མཉེ མིག་ནས་རིམ་པར་ལུས་ཀུན་ཕུར གསུམ་པ་སོར་བསྣོལ་བྲང་ལ་གཏད ཧ་སྒྲ་འདོན་ཅིང་བྲང་ལ་ཤུགས་ཀྱིས་གཏད་པས་སྲོག་རྩོལ་ལོག་པའི་གེགས་སེལ། ཐད་ཀར་རྒྱངས་ཞིང་ཕྱི་ལ་ཐེན བཞི་པ་དཔུང་པ་གཡས་གཡོན་གཅུ རྩ་དཀར་སོགས་དཔུང་པའི་ནད་སེལ། ལག་གཉིས་ནང་དུ་སྐོར་ཞིང་སྤྲུགས ལྔ་པ་བྱ་རྒོད་དཔུང་སྟངས་ནི ཁུ་ཚུར་སྙིང་ནས་ཕྱི་རུ་འཕངས ཤ་སྤགས་ཆུ་སེར་གྱི་ནད་སེལ། འབེབས་ཆུང་གསུམ་དང་འབའ་དཀྲུགས་གཅིག དྲུག་པ་ལག་གཉིས་དཔུང་མགོར་བསྣོལ བསྡམས་ཏེ་ལུས་ཀུན་གཅུད་པའི་མཐར སྐེད་པའི་ནད་གཙོ་བོར་སེལ། སྡིགས་མཛུབ་ཕྱིར་སྟོན་ཧཱུྃ་ཀར་རྒྱ བགྲད། བདུན་པ་རྐང་བའི་ཟངས་ནས ལག་གཉིས་ཁུ་ཚུར་དཔུང་མགོར་ཐེན ཆུ་རྒྱུས་ཀྱི་ནད་སེལ། གཡས་གཡོ་ལྟ་སྟངས་མཉྫུ་ཤྲཱི སྒུར། བརྒྱད་པ་གཞུ་འགེངས་མཁྲིག་མ་གཉིས མཆན་སྐོར་གཞུ་རྒྱུད་རེ་མོས་

(༣༢)ཐེན ཀོག་དབྲག་དང་ཚིག་བཞི་ནད་སེལ། རྟ་རྒྱ་སྤྱིར་བཞག་ལུས་སྤྲུགས་ཤིང་ ཏི་སྒྲ་བཏུད་པ་ནཱ་གཱ་རྫུ ཆེན། དགུ་པ་རི་འཕུལ་ལག་ངར་གཉིས ཆུན་བཙལ་མདུན་རི་འཕུལ་ཚུལ་རྗེས ཆུ་སྲིན་རྣམ་རོལ་ཕྱག་རྒྱའི་ནང་ ཧ་སྒྲ་གསུམ་བསྟུད་པྲབྷ་ཧ བར། བཅུ་པ་དགྱེ་དགུ་ལུས་བསྲང་བ རྒྱབ་ཏུ་དགྱེ་ཞིང་མདུན་དུ་དགུ མཁལ་མ་མཚེར་པའི་ནད་སེལ ཚུན་བཙལ་ཐོད་རྔ་ཁྲོལ་ཚུལ་དང་ རྐང་པའི་སྟབས་བསྟུན་དྷ་ན་སཾ སྒུར། བཅུ་གཅིག་རྡོ་རྗེའི་འདུག་སྟངས་ལས ལག་པའི་མཐེའུ་ཆུང་གཉིས་སྦྲེལམཛུབ་རྩེ་སྤྲད་པ་སྤྱི་གཙུག་བཞག རྩིབ་ལོགས་ནད་སེལ། སྣ་རྩེར་ཤེས་པ་ཨ་ལ་གཏད ལྔ་ཚར་བརྗོད་པ་བི་མ་ལ གཅུས། བཅུ་གཉིས་མེ་རླུང་ཁ་སྦྱོང་འདྲེན ལྟེ་བའི་རླུང་ནི་འོག་ཏུ་མནན ལག་གཉིས་འདོད་རྒྱལ་དམ་རྒྱ་ནི། ས་ལ་བཏུགས་ནས་དགྱེ་བ་དང་ ལྷན་ཅིག་ལྟེ་བ་ནང་དུ་ཐེན གུཧྱ་ཙཎྜའི་འཁྲུལ་འཁོར་རྒྱ བགྲད། བཅུ་གསུམ་ལག་གཉིས་བསྣོལ་བྱས་ཏེ སྤྱི་བོར་འཇོག་དང་སྙིང་ག་རུ རོ་སྟོད་དང་སོག་པའི་ནད་སེལ། འཁོར་ལོའི་ཕྱག་རྒྱ་རེས་མོས་སྤེལ ཤཱནྟི༚་གརྦྷའི་འཁྲུལ་འཁོར་རྒྱ བགྲད། བཅུ་བཞི་གླང་ཆེན་ཧུ་འདྲེན་ནི དཔྱང་

(༣༣)འུྃ ཐག་སྟོང་འདྲེན་ཐེམ་བུ་ཡིན མིག་གཉིས་ཀ་སྤྱི་བོ་ལ་གཏད། ཡིད་ཀྱི་རླུང་སྟོང་འདྲེན་དང་ལྟེ་བ་བསྐྱིལ་བྱེད། རྐང་ལག་མཐིལ་བཞི་ས་ལ་བཙུགས ཧུ་སྒྲ་འདོན་ཅིང་མགོ་ཅོག་བྱ ཡན་ལག་དང་ཉིང་ལག་གི་ནད་སེལ། སྒུར། བཅོ་ལྔ་སེང་གེ་རལ་རྔོམ་ནི སྲོག་རྩོལ་གོ་ལྡོག་ཐེམ་པུ་ཡིན མདུན་རླུང་ཅུང་ཟད་ཆུན་བཙལ་རྒྱབ་རླུང་ཡིད་ཀྱིས་འཐེན་ཨ་ཧཾ་ཞེས་སྟོང་འདྲེན་བྱེད། མཐིལ་བཞི་བཙུགས་ལ་གཡས་གཡོན་ལྟ རྩེ་རུ་ཆུང་གི་ནད་སེལ། སྒུར། བཅུ་དྲུག་གི་ལིང་ཁྲེ་ཆེན་འགྲེམས ཨུར་མོ་ཁ་ཡན་ཐེམ་བུ་ཡིན རླུང་ཕྱིར་བུས་འོག་སྒོ་གཉིས་མཉམ་པར་ཆུན་བཙལ་བར་རླུང་ཐད་ཀར་རྒྱངས་པ་དང་རིག་པ་ཚངས་བུག་ལ་གཏོད། གན་རྐྱལ་པུས་མོ་རོང་བྱས་ལ ཐལ་མོ་སྦྱོར་རྐང་བ་དང་ལག་པའི་ཚིགས་ནད་སེལ། ཞིང་འགྲེ་ལྡོག་བྱའབེབས་ཆེན། བཅུ་བདུན་རྨ་བྱ་བྱ་རྨྱང་ནི བགྲམ་ཆེན་བུམ་པའི་ཐེམ་བུ་ཡིན རླུང་ནང་དུ་རྡུབས་ཏེ་འོག་ཏུ་མནན། ཐད་ཀར་རྒྱངས་པས་ལུས་ཀྱི་སྨད་ཐམས་ཅད་ཁྱབ་པར་བྱ། ཁ་སྦུབ་གྲུ་མོ་བྲང་ལ་གཏད ལག་མཐིལ་སར་བགྲད་རྐང་པ་རྨྱང་ རོ་སྟོད་དང་དོན་ལྔའི་ནད་སེལ། བགྲང་ཆུང་། །བཅོ་བརྒྱད་ཤང་ཤང་གཤོག་འགྱུར་ནི རྡོ་རྗེ་རྒྱ་གྲམ་ཐེམ་བུ་ཡིན རླུང་ནང་དུ་བཞག་ནས་ཕྱོགས་མཉམ་པར་ཆུན་བཙལ། རྐང་གཉིས་ལག་པའི་གྲུ་མོའི་ཁུད རེས་མོས་བླང་ཞིང་ལ་གཅིག་ཤོས

(༣༤)བརྐྱང་བསྐུམ་གཤོག་འགྱུར་བསྐོར་བའི་ཚུལ རྐང་པའི་ཉ་ཤ་དང་དཔུང་པའི་ནད་སེལ། རིགས་ལྔའི་དམ་ཚིག་འཁྲུལ་འཁོར་རྒྱ རྡོར། བཅུ་དགུ་དབུ་མ་འཛུགས་བསྐོར་འཐེན འཁོར་ལོ་ཁ་སྦྱོར་ཐེམ་བུ་ཡིན མཁལ་མ་ཁ་སྦྱར་ནས་རླུང་དབུ་མར་འཛུད། སྒུར་བགྲོད། ཉི་ཤུ་ཛ་ལན་དྷ་ར་ནི རྐང་པ་པུས་སྟེང་རེས་མོས་བཞག བརླ་དང་སྒྱིད་ཁུང་སྟེང་འོག་ནས ལག་གཉིས་ཐལ་སྦྱར་མགོ་བོ་བསྐོར བགྲོད། གེགས་སེལ་རྡོ་རྗེ་དཔའ་རླབས་ནི བྲབ་གཞིལ་ཞགས་འཕེན་གླིང་བཞི་སྡུད ཀུན་ལ་ལུས་དང་ཡན་ལག་དང་ ཉིང་ལག་སོ་སོའི་ཆ་ཆ་ནས རོ་སྨད་ཐམས་ཅད་ཀྱི་ནད་སེལ། སྒྲིམ་དང་ཆུན་བཙལ་འཁྲུལ་འཁོར་གནད རྗེས་ལ་བསྔོ་སྨོན་རྒྱ་ཡིས་གདབ ལུས་སྒྲིབ་དག་ཅིང་ཉམས་ཆག་བསྐང་ མཁའ་འགྲོ་མཉེས་ཤིང་རྩ་མདུད་གྲོལ ཕོ་ཉའི་ལམ་མཆོག་བསམ་མི་ཁྱབ རྡོ་རྗེ་ལུས་ཀྱི་བྱེད་བཅིངས་ལ ཡས་བབས་དབང་ནི་རྣམ་པ་ལྔ དེ་ལ་ལུགས་འབྱུང་ལུགས་ལྡོག་གཉིས མས་བརྟན་དགའ་བ་བཅུ་དྲུག་འགྲོས འཁོར་ལོ་ལྔ་ཡི་ཞུ་བདེ་དང་ མཉམ་སྦྱོར་དབུ་མའི་རྩ་མདུད་ནི ཉི་ཤུ་རྩ་གཅིག་མ་ལུས་པ ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ མི་སློབ་ལམ་གྱི་འབྲས་བུ་རུ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད ས་མ་ཡ

(༣༥)འུྃ རྒྱ་རྒྱ་རྒྱ གཏེར་རྒྱ སྦས་རྒྱ དམ་རྒྱ ཟབ་རྒྱ འདི་ནི་སྔོན་ཆད་བུ་དཔེར་ཕབ་པ་མེད་ཀྱང་མྱུར་ལམ་ཟབ་མོ་སྙན་བརྒྱུད་འཛིན་པར་མི་ནུས་པར་ཕངས་ནས་བཀོད་པ་ལ་མཁའ་འགྲོ་མ་རྣམས་བཟོད་པར་མཛད་དུ་གསོལ། བེམ་པོའི་རེག་བྱ་དོར་བས་བློ་ཚིམ་སྟེ། །མ་སྨིན་སེམས་ཅན་མདུན་ནས་རྩ་ལྟུང་རིན། །རྒྱབ་མདུན་ཐུར་མས་ཉོ་ཙམ་སྔགས་ལམ་མིན། །ཟབ་མོའི་ལམ་གནད་ཇི་བཞིན་རྟོགས་འདོད་རྣམས། །ཡིད་བཞིན་རིན་ཆེན་མཛོད་ཀྱི་རིམ་པའི་ཁོང་། །ཉི་ཤུ་པ་དང་དེ་ཡི་ཕྱི་མའི་གནས། །རྡོ་རྗེའི་ལམ་གྱི་ལྡེ་མིག་ཆེན་པོར་ཟུངས།

(༣༦)

(༣༧)ཀློང་ཆེན་སྙིང་གི་ཐིག་ལེ་ལས་རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ་བཞུགས།། །།

(༣༨)རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དང་འབྲེལ་བའི་གདན་གསུམ་ལྷའི་འཁོར་ལོ་ལ་ཕྱག་འཚལ་ལོ། །མ་བསྒོམས་སངས་རྒྱས་གཅིག་ཤོས་ལས་རྒྱའི་ལམ་གྱི་མཆོག །རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར། །སྲོག་རྩོལ་གནད་དུ་ཚུད་པས་གནས་པའི་རྩ་ཁ་དབྱེ། །རླུང་དང་འཁྲུལ་འཁོར་འབྲེལ་བས་རྩ་མདུད་རང་སར་གྲོལ། །ཐེམ་བུའི་མན་ངག་ཤེས་ན་བཀོད་པ་བྱང་སེམས་རྒྱས། །རྡོ་རྗེ་དཔའ་རླབས་ལ་བརྟེན་འབྲས་བུའི་དེ་ཉིད་མཐོང་། །གནད་ལས་གནད་དུ་གྱུར་པའི་ཐབས་ཀྱི་ལམ་མཆོག་ཡིན། །འདི་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། །བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་

(༣༩)འགྲོ་བས་བླ་མའི་རྣལ་འབྱོར་སྒོམ། གསོལ་བ་སྙིང་ནས་བཏབ་ལ་དབང་བཞི་བླངས་རྗེས་རླུང་བུམ་ཅན་ལ་གནད་དུ་བསྣུན་པའོ། །གཉིས་པ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་དོན་གྱིས་རྩ་ཚིག་ཉི་ཤུའི་བདག་ཉིད་ཅན་ལ། རྟེན་ལུས་ཀྱི་གེགས་སེལ་དང་། བརྟེན་པ་ཆོས་ཉིད་ཀྱི་གནད་ཁྱད་པར་ཅན་གཅིག་གིས་ལྷག་པའི་དོན་རྡོ་རྗེའི་ཚིག་གིས་བཅིངས་པ་ལྷུག་པར་དགྲོལ་བ་ལ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་གནང་བ་སྩལ་དུ་གསོལ། དང་པོ་རྡོ་རྗེ་སྐྱིལ་ཀྲུང་ནི། །རྣམ་པར་སྣང་མཛད་ཀྱི་ཆོས་བདུན་ཚང་བའི་ངང་ནས་རྡོ་རྗེ་ཁུ་ཚུར་གཉིས་པུས་མོའི་སྟེང་དུ་བཞག་པའི་འཆུན་བཙལ་ཐོག །ཁུ་ཚུར་བརླ་

(༤༠)སྟེང་ནས་སྟ་ཟུར་སོ་སོའི་ཕྱོགས་ལ་བྲད་པ་མཆན་ལ་བསྐོར་ཏེ་གྲུ་མོ་བཏེག་པ་གསུམ་གྱི་མཐར། ཁུ་ཚུར་བསྐོར་རྒྱངས་དང་བཅས་གྲུ་མོ་བགྲད་སྡིགས་མཛུབ་ཕྱིར་བསྟན་བསྣོལ་བ་སྤྱི་བོར་འཇོག་པ་དང་སེ་གོལ་གཏོགས་པ་གསུམ། གཉིས་པ་བསྐུ་མཉེ་ནི་ཁུ་ཚུར་བསྐོར་རྒྱངས་དང་བཅས་ལྷག་པ་དགྱེ་བའི་གདོང་ཐད་ལས་མི་དམའ་བར་ཐལ་མོའི་རྟིང་པ་གཉིས་ཐག་སྒྲ་དང་བཅས་བསྣོལ། གྲུ་མོ་འཆུན་བཙལ་ནས་ཨ་བ་དྲག་ཏུ་མཉེ་བ་ལས་བྱུང་བའི་དྲོད་མི་གནས་རིམ་པར་མགོ་ལུས་ཀྱི་ཆ་ཤས་ཀུན་ལ་ཁྱབ་པར་འཕུར། གསུམ་པ་སེར་བསྣོལ་ནི། ཁུ་ཚུར་བསྐོར་རྒྱངས་ལས་ཐག་སྒྲ་དང་བཅས་ཐལ་སྦྱར་སོར་མོ་རྣམས་བསྣོལ་བའི་རྟིང་པ་ཁ་ཕྱེ་ནས་གྲུ་མོ་གཉིས་རྒྱངས། ཨ་ཞེས་ཐལ་སྦྱར་བྲང་ལ་བརྡབ། ཀ་ཞེས་དེ་ཉིད་ཁ་ཕྱིར་བསྟན་ཐད་ཀར་རྒྱངས། ཙ་ཞེས་ནང་བསྙན་དུ་རྒྱངས། ཊ་ཞེས་བྲང་ལ་བརྡབ། ཏ་ཞེས་ཁ་ཕྱིར་བསྟན་དུ་རྒྱངས། པ་ཞེས་ནང་བསྟན་དུ་རྒྱངས། ཡ་ཞེས་བྲང་ལ་བརྡབ། ཤ་ཞེས་ཕྱིར་བསྟེན་དུ་རྒྱངས། ཨ་ཧཾ་ཞེས་ནང་བསྟན་དུ་རྒྱངས། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཨ་ཧཾ། བཞི་པ་དཔུང་གཅུས་ནི། ཁུ་ཚུར་སྐོར་རྒྱངས་བུས་མོ་སོ་སོའི་སྟེང་དུ་སྒྲེང་ནས་དཔུང་པ་གཟེངས་བསྟོད་

(༤༡)པ་པུས་མོ་གོ་ལྡོག་གི་སྟེང་རྨྱང་བ་ལན་གསུམ་རེའི་མཐར་ཁུ་ཚུར་སྐོར་རྒྱངས་རྩ་འདར་ཐོན་པ་གསུམ་དང་། མགྲིན་པ་ཁྲུང་ཁྲུང་ལྟར་སྒྲེང་བསྒུར་སྟབས་རྩ་འདར་ཐོན་པ་གསུམ། ལྔ་པ་བྱ་དཔུང་ནི། ཁུ་ཚུར་སྐོར་རྒྱངས་ལས་སྙིང་ཁར་རྒྱབ་སྤྲོད་བྱས་པ་ཕྱི་རོལ་ཏུ་རྡོ་འཕེན་པ་ལྟར་ཤེད་བསྐྱེད་པས་ནམ་མཁའ་ལ་འཕུར་སྟངས་ལན་གསུམ་གྱི་རྗེས་འཕོངས་མཐོ་གང་ཙམ་བཏེག་པའི་འབེབ་ཆུང་གསུམ་གྱི་རྗེས་མར་འབའ་ཧ་ཧ་ཞེས་དཀྲུགས། །དྲུག་པ་དཔུང་བསྣོལ་ནི། ལངས་ཏེ་ལུས་བསྲང་། ཁུ་ཚུར་བསྐོར་རྒྱངས་ལས་ཐལ་མོ་གཡོན་པས་དཔུང་པ་གཡས་ལ་དགབ། གཡས་པས་གཡོན་ལ་དགབ། གྲུ་མོ་རྒྱངས། ལུས་བྱིང་པོ་གཡས་གཅུས་གཡོན་གཅུས་རྒྱབ་ལོགས་མཐོང་མཐོང་ཤེད་ཀྱིས་གཅུད་པ་ལན་གསུམ་རེའི་མཐར་ཧཱུྃ་ཀཱ་རའི་རྒྱ་གཡས་པའི་རྟིང་པ་ས་ལ་བཙུགས་ནས་པུས་མོ་བསྲང་། གཡོན་པ་བསྐུམ་སྟབས་སུ་ས་ལ་བཞག་པའི་དོར་སྟབས་ཕྱོགས་ཀྱི་ཁུ་ཚུར་སྐོར་རྒྱངས་ལས་སྡིགས་མཛུབ་དང་བཅས་པའི་ལྟ་སྟངས་ནམ་མཁའ་ལ་ཤེད་ཀྱིས་སྒྲེང་། བསྐུམ་ཕྱོགས་ཀྱི་གྲུ་མོ་རྒྱངས་པའི་སྡིགས་མཛུབ་དགུ་ལ་མ་རེག་ཙམ་པ་གཡས་གཡོན་དུ་གསུམ་རེའི་མཐར། ཁུ་ཚུར་གཟེངས་བསྟོད་པ་དང་

(༤༢)བཅས་ཅུང་ཟད་འཕང་སྟངས་ལས་རྐང་པ་བགྲད་ཆུང་ཐོག་བགྲད་འབེབ་ལན་གསུམ། བདུན་པ་བྲང་འཐེན་ནི། ཁུ་ཚུར་གྱེན་བསྟན་ཐུར་ལ་ཤེད་ཀྱིས་སྦུབ་པ་དང་བཅས་སྒུར་ཏེ། རྐང་པ་གཤིབས་པའི་བྲངས་སོ་སོ་ནས་ཤེད་པ་སྐྱེད་པའི་འཐེན་སྟངས་མཆན་རྡེབ་དང་བཅས་ལུས་བསྲང་། དཔུང་མགོ་སོ་སོའི་ཐད་ཀྱི་ནམ་མཁའ་ཁུ་ཚུར་གྱིས་བརྟོལ་བ་ལྟར་སྒྲེང་བ་གསུམ་གྱི་མཐར། འཇམ་དཔལ་བཤེས་གཉེན་གྱི་རྒྱ་ཁུ་ཚུར་བསྐོར་རྒྱངས་ལས་རྐང་པ་གཡས་བཏེག་པའི་སྟངས་སྟབས་དང་བསྟུན་སྡིགས་མཛུབ་དང་བཅས་པའི་ལྟ་སྟངས་ནམ་མཁའ་ལ་སྒྲེང་ཞིང་། བསྐུམ་ཕྱོགས་ཀྱི་གྲུ་མོ་རྒྱངས་པའི་སྡིགས་མཛུབ་སྤྱི་བོར་འཇོག །དེ་འདྲ་ཇི་ལྟ་བ་གཡོན་ཕྱོགས་དང་སྤེལ་བ་གསུམ་རེའི་མཐར། སྒུར་སྟངས་ཀྱི་རྐང་པའི་བྲངས་ནས་སྔ་མ་ལྟར་གྱེན་དུ་འཐེན་པའི་མོད་ལ་འབེབ་པའི་སྒུར་འབེབ་གསུམ། བརྒྱད་པ་གཞུ་འགེངས་ནི། ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་སྔོན་འགྲོས་གཞུ་རྒྱུད་ཤིན་ཏུ་སྲ་བའི་འཐེན་སྟངས་མཐར་མཆན་རྡེབ་དང་། མདའ་ཕྱོགས་ཡང་རྒྱངས་ཐོག་འཐེན་སྟངས་སྔ་མ་ལྟར་བྱ་བ་གསུམ་དང་། གཡོན་ཕྱོགས་ལའང་དེ་བཞིན་ལན་གསུམ་སོང་ནས། ནཱ་ག་རྫུ་ནའི་རྒྱ་གྲུ་མོ་གཉིས་བགྲད་པའི་རྟ་རྒྱ་སྤྱི་བོར་བཞག་ནས་རོ་སྟོད་དཀྲུགས་པ་དང་སྦྲགས་འཚེར་སྐད་

(༤༣)ཐོན་པའི་ཧི་སྒྲ་དབུགས་ཐེངས་གཅིག་ལ་བསྟུད་པ་གསུམ་གྱི་མཐར། ཁུ་ཚུར་བསྐོར་རྒྱངས་དང་བཅས་སྔར་བཞིན་འབེབས་ཆེན་གསུམ། དགུ་པ་རི་འཕུལ་ནི། སྐྱིལ་ཀྲུང་ལས་ཁུ་ཚུར་གདོང་རྒྱངས་ཐོག་ལག་ངར་གཉིས་ཀྱི་མདུན་རི་འཕུལ་བ་ལྟ་བུའི་ཤེད་བསྐྱེད་ལན་གསུམ་དང་། པྲ་བྷ་ཧ་སྟིའི་རྒྱ། གྲུ་མོ་རྒྱངས་པའི་ཐལ་མོ་ཆུ་སྲིན་རྣམ་རོལ་གྱི་ཆོས་འབྱུང་ནང་ཧ་སྒྱུ་གསུམ་བསྟུད། དབུགས་ཐེངས་གཅིག་ཏུ་དྲག་ལ་བཅད་ཐོན་པ་གསུམ་གྱི་མཐར་བར་འབེབས་ལན་གསུམ། བཅུ་པ་དགྱེ་དགུ་ནི། ལངས་ཏེ་ཁུ་ཚུར་སྦུབ་རྒྱངས་ཐོག་རྐང་པས་བྲངས་སོ་སོ་ནས་འཐེན་སྟངས་མཆན་རྡེབ་དང་བཅས་ཁུ་ཚུར་གཉིས་རྒྱབ་ཏུ་སྒྲེང་ཞིང་། སྒེད་སྐབས་བཅག་པ་བཞིན་དུ་དགྱེ་བ་དང་དགུ་པ་སྦེལ་བ་གསུམ་གྱི་རྗེས། དྷ་ན་སཾ་སྐྲྀའི་རྒྱ། རྐང་པ་གཡས་གོམས་སྟབས་སུ་དོར་བའི་རྟིང་པ་ས་ལ་བཙུགས་ནས་རོ་སྨད་གཅུད། ལག་གཡས་གཟེངས་བསྟོད་དེ་ཐོད་རྔ་ཁྲོལ་ཚུལ་གྱི་ཕྱོགས་ལ་རོ་སྟོད་གཅུ་ཞིང་། ལག་པ་ཅིག་ཤོས་ཀྱི་སྡིགས་མཛུབ་ཐུར་བསྟན་སྟ་ཟུར་དུ་ཤེད་ཀྱིས་བརྐྱང་བ་དང་། དེ་བཞིན་དུ་གཡོན་གྱིས་བྱ་བའང་སྤེལ་བ་གསུམ་རེའི་མཐར། སྒུར་འབེབས་གསུམ། བཅུ་གཅིག་པ་རྡོ་རྗེའི་འདུག་སྟངས་ནི། ལངས་

(༤༤)ཏེ་ཁུ་ཚུར་སྐོར་རྒྱངས་ཐོག་ལུས་དྲང་པོར་བསྲང་། རྐང་པའི་པུས་མོ་གཉིས་བགྲད་ཅིང་རྟིང་པ་གཉིས་མ་རེག་ཙམ་ནས་སྦོ་དང་སོར་མོས་ལ་བཙུགས། ཐལ་མོ་ནང་བསྟན་ལས་ཁུ་ཚུར་གྱི་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ། མཛུབ་མོ་གཉིས་རྩེ་སྤྲད་པ་ཐུར་དུ་བསྟན་ནས་སྤྱི་གཙུགས་ལ་རེག །གྲུ་མོ་གཉིས་ཐད་ཀར་རྒྱངས། སྣ་རྩེར་སློབ་དཔོན་བི་མ་ལའི་ཆོས་ཀྱི་ཕྱག་རྒྱ་ཨ་དཀར་པོ་ཆུ་ཤེལ་ལྟར་འཚེར་པ་ལ་རིག་པ་གཏད་ནས། དབུགས་ཐེངས་གཅིག་ལ་ཨ་ལྔ་ཚར་བརྗོད་པ་དང་མཉམ་དུ་སྐེད་པ་ཉེག་ཉེག་ལན་གསུམ་གྱི་མཐར། ཁུ་ཚུར་གདོང་རྒྱངས་དང་རྐང་པ་བགྲད་ཆུང་ཐོབ། རྐང་ལག་སོ་སོར་ཐད་ཀར་བསྣོལ་བའི་གཅུས་འབེབས་གསུམ། བཅུ་གཉིས་པ་ལག་བསྣོལ་ནི། ལངས་ཏེ་ཁུ་ཆུར་བསྒོར་རྒྱངས་ཐོག་སྡིགས་མཛུབ་ཕྱིར་བསྟན་གྱི་འཁྲིག་མ་བསྣོལ་བ་སྤྱི་བོར་བཞག་ནས་གྲུ་མོ་རྒྱངས་པའི་དེ་མ་ཐག །ཤཱནྟི༚་གརྦྷའི་རྒྱ། ཐལ་མོ་རྒྱབ་སྤྲོད་ཀྱི་སོར་མོ་རྣམས་ཤེད་ཀྱིས་གྲོལ་ཏེ་སོ་སོར་རྩེ་སྤྲད་པའི་འཁོར་ལོའི་རྒྱ་སྤེལ་བ་ལན་གསུམ་གྱི་མཐར་བགྲད་འབེབ་གསུམ། བཅུ་གསུམ་པ་མེ་རླུང་ཁ་སྦྱོར་ནི། ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་ལས་ཅུང་ཟད་སྒུར་ཏེ་ཧཱུྃ་ཞེས་ཐུར་སེལ་ལྟེ་འོག་ཏུ་མནན། གུ་ཧྱ་ཙནྡྲའི་རྒྱ། ལག་གཉིས་སྡིགས་

(༤༥)མཛུབ་བརྒྱབ་སྤྲོད་ལས་བརྐྱང་བ་བཞི་པོ་ལུག་རྒྱུད་དུ་སྦྲེལ་བ་ས་ལ་རེག་ནས། ལག་ངར་སྒྲེང་ཞིང་དགྱེ་བ་དང་མཉམ་དུ་སྟོང་འདྲེན་བྱེད་ཅིང་མིག་གྱེན་དུ་སྒྲིལ་ནས་ལུས་བསྲང་མི་ཐུབ་པ་དང་ཡང་ཧུ་ཞེས་སྔ་མ་ཇི་ལྟ་བའི་འདྲེན་དང་བཅས་དགྱེ་དགུ་སྤེལ་བ་གསུམ་གྱི་རྗེས་བགྲད་འབེབས་གསུམ། ས་བཅད་གཉིས་པོ་གོ་ལྡོག་པ་འདི་ཞལ་ཤེས་ཡིན་ཀྱང་མོས་པས་སྤྱོད་པ་རྣམས་ལ་མ་ངེས་སོ། །བཅུ་བཞི་པ་གླང་ཆེན་ཧུ་འདྲེན་ནི། ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་ཐོག་རླུང་གནད་ཡིག་ཆུང་བཞིན་ལ། ཁུ་ཚུར་གཉིས་སྟ་ཟུར་དུ་ཤད་དེ་བརྐྱང་ནས་མཐིལ་བཞི་ས་ལ་བཙུགས། །ཧུ་ཞེས་རིང་པོ་དྲངས་པའི་ཡིད་ཀྱིས་སྟོང་འདྲེན་ཐོག་མགོ་ཅོག་ལན་གསུམ་གྱི་རྗེས་ལ་སྒར་འབེབས་གསུམ། བཅོ་ལྔ་པ་སེང་གེ་རལ་དོམས་ནི། བསྡད་བཞིན་པ་ལས་རྐང་པའི་རྟིང་པ་གཉིས་ས་ལ་བཙུགས། པུས་མོ་བགྲད་སྟབས་རོང་ངེར་བྱས་པའི་ནང་དུ་ཁུ་ཚུར་ལྷོད་ཆ་ཅན་གྱི་འཁྲིག་མ་གཉིས་ས་ལ་བཞག །རོ་སྟོད་གཟེངས་བསྟོད་པས་གདོང་ལྔའི་ཐ་སྙད་ཚང་། ཨ་ཧཾ་ཞེས་རླུང་གནད་ངེས་པར་བྱས་ནས་མགོ་རྩལ་མཇིང་བ་ལ་བསྐུར་བ་དལ་བུས་སྐོར་རྗེས་རལ་པ་གསིག་པའི་ཚུལ་གྱིས་རྒྱབ་ལོགས་སུ་བལྟ་རེས་ལན་གསུམ་རེའི་རྗེས་སྒུང་འབེབས་གསུམ།

(༤༦)བཅུ་དྲུག་པ་གྱི་ལིང་ཁྲེ་འགྲེམས་ནི། བསྡད་བཞིན་པ་ལས་གན་རྐྱལ་ལོག་པའི་གྲུ་མོ་བགྲད་པའི་ཐལ་མོ་སྙིང་གར་སྦྱར། པུས་མོ་རོང་ངེར་བྱས། འོག་སྒོ་གཉིས་ཁ་ཡན་དུ་བཞག་ནས་འགྲེ་ལྡོག་ལན་གསུམ་དང་། དེ་མ་ཐག་མཐིལ་བཞི་ས་ལ་བཙུག་ནས་སྒུར་བའི་ཧ་དཀྲུགས་དང་སྦྲགས་གཞི་དགུགས་ལན་གསུམ་གྱི་རྗེས། ཧར་གྱིས་ལངས་ཁུ་ཚུར་བསྐོར་རྒྱངས་ཐོག་འབེབས་ཆེན་གསུམ། བཅུ་བདུན་པ་རྨ་བྱ་བྱ་རྨྱང་ནི། འབེབས་སྟན་ཁར་ཆུ་ལ་རྐྱལ་པ་ལྟར་ཁུ་ཚུར་ནང་བསྐོར་གྱི་གྲུ་མོ་གཉིས་བྲང་འོག་ཏུ་བཞག་པའི་ལག་མཐིལ་ས་ལ་སྦྱར། རྐང་པ་གཉིས་ཤད་དེ་རྨྱང་། ཨོ་ལ་ཀོ་བཏེག་སྟེ་མཇིང་པ་སྒྲེང་བ་ནས་བཟུང་ལུས་དང་ཡན་ལག་ཉིང་ལག་ཐམས་ཅད་ཀྱི་ཆ་ནས་འཆུན་བཙལ་ཏེ་རྨྱང་པ་གསུམ་དང་། ཡང་ཁུ་ཚུར་སྐོར་བཞིན་དུ་རྒྱབ་ལོགས་ཀྱི་དཔྱི་མགོའི་ཤ་བོ་ཆེར་སྦྱར། འཇིང་པ་སྒྲེང་ནས་ལུས་ཐམས་ཅད་ལ་འཆུན་བཅལ་བ་གསུམ་གྱི་རྗེས། རྐང་པ་བགྲད་ཆུང་གི་འབེབས་གསུམ། བཅོ་བརྒྱད་པ་ཤང་ཤང་གཤོག་འགྱུར་ནི། ལངས་ཏེ་ཁུ་ཚུར་སྐོར་རྒྱངས་ཐོག་རྐང་པ་གཡས་པའི་བྲངས་ནས་ལག་པ་གཡོན་པའི་འཁྲིག་མའི་རྒྱབ་ཀྱིས་བཏེག །སྐེད་པ་བསྲང་གང་ཐུབ་ཐོག་གཡས་པའི་ཁུ་ཚུར་གྱིས་གཡོན་པའི་གྲུ་མོའི་

(༤༧)ཐད་ནས་དཔུང་པ་དང་ལག་ངར་སྒྲེང་བཞིན་པའི་འཆུན་གྱིས་རོ་སྟོད་རྒྱབ་ལ་གཅུས་འཆུས་ནེ་ཚོའི་གཤོག་འགྱུར་བཞིན་སྐོར་བ་གསུམ་དང་དེ་བཞིན་རྐང་ལག་གོ་ལྡོག་པ་གསུམ་གྱི་རྗེས་ཁུ་ཚུར་བསྐོར་རྒྱངས་ཐོག་རྐང་པ་གཡོན་ཕྱོགས་ཀྱི་སྐྱིལ་སྟངས་སྔོན་ལ་འགྲོ་བའི་རྡོར་འབེབས་གསུམ། བཅུ་དགུ་པ་དབུ་མ་འཛུགས་སྐོར་ནི། ལངས་འདུག་གི་ཕྱོགས་གཉིས་གང་བདེ་ལས། མཁལ་མ་གཉིས་ཁ་སྦྱར་དབུ་མ་ཅེ་ཕྲར་བསླབ་པ་གསུམ་གྱི་མཐར། གཡས་གཡོན་དུ་གཅུས་བསྐོར་དང་གྱེན་འཐེན་སྤེལ་བ་གསུམ་རེའི་རྗེས། སྒུར་འབེབས་གསུམ་དང་བགྲད་འབེབས་གསུམ། ཉི་ཤུ་པ་ཛ་ལནྡྷར་ནི། ཁུ་ཚུར་བསྐོར་རྒྱངས་ཐོག །རྐང་མཐིལ་གཡས་པ་པུས་མོ་གཡོན་པའི་སྟེང་དུ་སྦྱར། ལག་པ་གཉིས་སྒྱིད་ཁུང་གི་སྟེང་འོག་ནས་འཁྱུད་དེ་ཐལ་མོ་ཐག་སྒྲ་དང་བཅས་སྦྱར། རོ་སྟོད་ཅུང་ཟད་བསྲང་སྟེ་མགོ་བོ་གཡོན་སྐོར་གསུམ་གྱི་ཚེ་དམིགས་པ་སྤྱི་བོའི་ཧཾ་ལ་གཏོད། དེ་བཞིན་ཏུ་རྐང་ལག་མགོ་གསུམ་གོ་ལྡོག་ལན་གསུམ་གྱི་མཐར་བགྲད་འབེབས་གསུམ། ཉེར་ཅིག་པ་ལ་གེགས་སེལ་དང་། རྡོ་རྗེ་དབའ་རླབས་གཉིས་ལས། དང་པོ་ལ་དོན་བཞིའི་བྲབ་པ་ནི། བསྡད་བཞིན་པ་ལས་ཁུ་ཚུར་གདོང་རྒྱངས་

(༤༨)དང་བཅས་གན་རྐྱལ་དུ་བྱས་ལ་རྐང་ལག་ཤད་དེ་བརྐྱང་། བྲབ་པ་ནི། ཐལ་ལྕག་གིས་དཔུང་པ་གཡས་གཡོན་ནུ་མ་གཉིས། མཆན་ཁུང་གཉིས། མཁལ་ཁུང་གཉིས་སུ་བྲབས། གཞིལ་པ་ནི། མཆན་རྡེབ་དང་བཅས་ཁུ་ཚུར་གཉིས་སྟ་ཟུར་དུ་ཤད་པ་གསུམ། དེ་བཞིན་དུ་རྐང་མཐིལ་གཉིས་ཀྱིས་བླ་སྟེང་དུ་བྲབ་ཅིང་། པུས་སྟེང་ནས་ངར་པའི་གཞུང་ལ་བྱུག་པ་ལྟར་ཤད་ནས་གཞིལ། ཞགས་འཕེན་ནི། ཉལ་བཞིན་པ་ལས་རྐང་ལག་གཡས་པ་གཉིས་འཕེན་སྡུད་དྲག་པོ་ལན་གསུམ་དང་། དེ་བཞིན་གཡོན་པ་གསུམ་བརྗེ་སྟེ། གང་གི་ཚེ་ཡང་ལག་པ་ཅིག་ཤོས་ཞགས་སྡོགས་ཀྱི་ཚུལ་དང་། གླེང་བཞི་སྡུད་པ་ནི། རྐང་ལག་ཐམས་ཅད་ནམ་མཁའ་ལ་སྒྲེང་པའི་ཤུགས་ཀྱིས་འཕར་སྟངས་ལན་གསུམ་གྱི་རྗེས་སྐྱིལ་ཀྲུང་དང་བཅས་འབའ་དཀྲུགས་གསུམ་གྱིས་རྫོགས་པའོ། །རྣམ་འགྱུར་མང་ཡང་འཆུན་དང་མི་ལྡན་ན། །འབོལ་སྟན་སྟེང་དུ་བྱ་མཁན་དྲངས་པ་དངོས། །དག་སྦྱོར་མེད་པའི་དུད་འགྲོའི་ལུས་འགྱུར་ཡང་། །ངན་འགྲོའི་ལམ་ལ་རྟེན་འབྲེལ་སྒྲིག་པ་བཞིན། །དེ་ཕྱིར་རྟེན་འབྱུང་བྱེད་ལས་འབྲས་གསུམ་ཀའི། །དོན་ལ་རྟོན་ཅིང་སྟོང་པ་གཞིའི་འོད་གསལ། །ཉམས་སུ་མྱོང་བ་རྡོ་རྗེ་ཐེག་པའི་

(༤༩)ལམ། །ཡིན་པར་ངེས་ཤེས་སྐྱེས་པ་ཙམ་བྱུང་ཡང་། །སྔགས་ཀྱི་གཟུགས་བརྙན་ཡོད་སྙམ་དགའ་བ་སྐྱེས། །དེ་ཡང་རྟེན་ཅིང་འབྲེལ་འབྱུང་གི་སྒོ་ནས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་རྩ་ཕྲན་སྟོང་ཕྲག་བདུན་བཅུ་རྩ་གཉིས་པོ་སྟབས་གཅིག་ཏུ་འཆིང་། །བསྐུ་མཉེའི་བདེ་དྲོད་འབར། སོར་བསྣོལ་གྱིས་རྩ་ཁམས་ཡི་གེར་སྦྱོང་། དཔུང་པའི་སྟངས་གཉིས་ཀྱིས་རླུང་ལོག་རང་མལ་དུ་གསོད། རིག་འཛིན་གྱི་སྟངས་སྟབས་བརྒྱད་ཀྱིས་དངོས་ཞེན་ལྷ་སྐུར་གསལ། དམ་ཚིག་འཁྲུལ་འཁོར་ལྔས་རིགས་ལྔའི་དངོས་གྲུབ་ཐོབ། དབུ་མ་འཛུགས་སྐོར་གྱིས་རྩ་ཕྲན་ཐམས་ཅད་ཀུན་དམར་སྡུད། ཛ་ལན་དྷ་རས་རླུང་ཐམས་ཅད་གཙུག་ཏོར་ཡེ་ཤེས་ཀྱི་འཁོར་ལོར་འཆིང་། བྱེད་ལས་ཀྱི་སྒོ་ནས་རླུང་གི་རྩ་ཁ་འབྱེད། །འཁྲུལ་འཁོར་གྱིས་རྩ་མདུད་འགྲོལ། ཐེམ་བུས་ཐིག་ལེའི་གེགས་སེལ་བའི་ཕྱིར་རླུང་དང་འཁྲུལ་འཁོར་ཡ་མ་བྲལ་བ། དེ་ཡང་ལུས་བསྲང་བ་དང་། གཅུད་པ་དང་། དགྱེ་རྒུ་དང་། ཡན་ལག་བརྐྱང་བསྐུམས་དང་། སྡིགས་མཛུབ་ལ་སོགས་པ་གང་གི་ཐད་དུའང་དབྱིག་པས་སྲད་བུ་གཅུད་པ་ལྟར་སོར་ཚིགས་ཡན་ཆད་ལ་འཆུན་འཐོན་པར་ཆ་ཆ་ནས་སྒྲིམས་ཤིང་། གཅུ་བ་དང་། གཅུད་པ་མ་ནོར་བ། ལུས་སྤྲུགས་དང་

(༥༠)རྩ་འདར་མ་ནོར་བ། ལྟ་སྟངས་དང་སྟངས་སྟབས་མ་ནོར་བ། ཁུ་ཚུར་དང་སྡིགས་མཛུབ་མ་ནོར་བ། བྲབ་པ་དང་གཞི་ལ་བ་མ་ནོར་བ་གནད་ཡིན་ལ། །འབྲས་བུའི་སྒོ་ནས་བརྗོད་ན། རྩ་རླུང་ཐིག་ལེ་ལས་སུ་རུང་བས་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་ཡོན་ཏན་ལས་རྩ་མདུད་ཉི་ཤུ་རྩ་གཅིག་པོ་གྲོལ་ཞིང་། དུས་སྦྱོར་བཅུ་གཉིས་ཀྱི་རླུང་དག་པས་ས་ལམ་གྱི་ཡོན་ཏན་རྗེས་དཔག་ལ་མ་ལྟོས་པར་བཙན་ཐབས་སུ་བགྲོད་ནས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་བྱེད་པའི་ཕྱིར་ཐབས་ཀྱི་ལམ་ཞེས་བྱའོ། །གཉིས་པ་རྡོ་རྗེ་དཔའ་རླབས་ནི། ཆོས་ཉིད་ཀྱི་གནས་ལུགས་རླུང་སེམས་ཀྱིས་བསླད་པ་དང་བྲལ་བར་མངོན་སུམ་དུ་མཐོང་བའི་མན་ངག་ཡིན་ཏེ། ཐལ་འགྱུར་ལས། ལྟེམས་པས་འགགས་ལ་བཙིར་བས་འཆིང་། མནན་པས་གནད་ལ་གཅུད་པས་གསལ། །ཞེས་པའི་དོན་བར་རླུང་བུམ་པ་ཅན་དང་སྦྲགས་རིག་པ་ཆོས་ཉིད་ཀྱི་དོན་ལ་བཞག་ཅིང་། དཔའ་རླབས་ཀྱི་མན་ངག་བཞི་པོ་བླ་མའི་ཞལ་ལས་ཤེས་པར་བྱས་ནས། རླུང་སེམས་འདུ་ཚུལ་བཞི་ལས། དུ་བ་དང་སྨིག་སྒྱུ་ལ་སོགས་པའི་རྟགས་སྣང་ཕྲ་མོ་དང་བཅས་རྣམ་ཤེས་སྣང་བ་ལ་ཐིམ་ནས་ཡུལ་ལྔའི་རྟོགས་པ་འགགས་པའི་མཚོན་དཔེ་ནི་སྟོན་ཀའི་ནམ་མཁའ་

(༥༡)ལ་ཟླ་འོད་ཤར་བ་ལྟ་བུའོ། །དེའི་ཚེ་འཆིང་བའི་ཐབས་ཀྱིས་སྣང་བ་མཆེད་པར་ཐིམ་པས་ཡུལ་ཕྲ་བའི་རྟོག་པའང་འགགས་པའི་མཚོན་དཔེ་ནི་སྟོན་གནམ་རྙོག་བྲལ་ལ་ཉི་གཞོན་ཤར་བ་ལྟ་བུའོ། །དེ་ལ་གནས་པའི་ཐབས་ཀྱིས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་རྟོག་པ་ཤིན་ཏུ་ཕྲ་བའང་འགགས་པའི་མཚོན་དཔེ་སྟོན་གྱི་ནམ་མཁའ་གཡའ་དག་པ་མཚམས་ཀྱི་སྨག་གི་སློངས་པ་ལྟ་བུ་ནག་ལམ་པའི་སྣང་བ་དང་བཅས་ཏེ་དྲན་པ་ཉམས། དེ་ཉིད་གཅུད་པའི་ཐབས་ཀྱིས་ཉེར་ཐོབ་འོད་གསལ་ལ་ཐིམ་པས་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་རང་གསལ་བའི་མཚོན་དཔེ་ནི་སྟོན་གནམ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ཐོ་རངས་ཀྱི་ཐུན་དང་པོ་ལྟ་བུ་སྟེ། རིམ་བཞིན་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། ཐམས་ཅད་སྟོང་པའང་ཟེར། རབ་ཏུ་སྟོང་པ་ཞེས་བྱ་སྟེ་ཕྱི་མ་ནི་གཞི་གནས་ཀྱི་ཡེ་ཤེས་འཆི་པ་འོད་གསལ་གྱི་ངོ་བོ་ཉིད་ཡིན་པས་དེ་ཉིད་དཔའ་རླབས་ཀྱི་རྐྱེན་གྱིས་གསལ་བར་བྱས་པའམ། བདེ་སྟོང་གིས་དྲངས་པའི་ལྷན་སྐྱེས་གང་ཡིན་ཡང་འདྲ་སྟེ་གཏིང་གསལ་གཞོན་ནུ་བུམ་པའི་དཔེའི་ཡེ་ཤེས་ཀྱི་ངང་དུ་བཅོས་བསླད་མེད་པར་མཉམ་པར་འཇོག་པ་ལ་ཡུན་རིང་དུ་གོམས་པ་དེ་ཉིད་སད་དུས་ཀྱི་

(༥༢)ཆོས་སྐུའི་བསྲེ་བ་དང་མཚམས་སྦྱར་བ་ནི་གནད་དམ་པའོ། །འདི་ནི་རྟོགས་པ་ལ་མྱོང་བ་ཅུང་ཟད་ཐོན་པའི་གང་ཟག་རྣམས་ཀྱིས་ཉམས་སུ་བླང་བྱ་ལས། ལས་དང་པོ་པའི་གང་ཟག་ལ་བསྟན་བྱ་མ་ཡིན་པས། གེགས་སེལ་གྱི་མཇུག་ཏུ་འཇམ་རླུང་ཡུན་རིང་དུ་བཟུང་ནས་རྣམ་པར་མི་རྟོག་པའི་གཏུམ་མོ་ལ་འདྲིས་པར་བྱ་བ་ནི་ཀུན་ལ་གཅེས་སོ། །གསུམ་པ་རྗེས་ཀྱི་རིམ་པ་བསྔོ་བ་སྨོན་ལམ་སྤྱི་དང་ཁྱད་པར། ཉོན་མོངས་རླུང་སེམས་འཁོར་བའི་རང་བཞིན་ནི། ཞེས་པའི་ཤླཽ་ཀ་གཅིག་པུ་གང་མང་འདོན་པར་བྱའོ། །ཞེས་པའང་ལྷོ་རྒྱུད་དུ་བསྟན་པའི་བ་དན་འཛིན་པའི་བུ་ཨ་བྷཱ་ཡའི་ངོར། མཁའ་འགྲོའི་གསང་མཛོད་ཀྱི་བདག་པོ་རང་བྱུང་རྡོ་རྗེས་སོ།། །།

(༥༣)ཀློང་ཆེན་སྙིང་གི་ཐིག་ལེ་ལས། གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་བཞུགས། ཨེ་མ་ཧོ། དག་པ་རབ་འབྱམས་དབུ་མའི་གྲོང་ཁྱེར་ན། །སེམས་ཀྱི་རྡོ་རྗེ་ཆོས་སྐུའི་ངོ་བོ་ཉིད། །ཕུང་པོ་ཁམས་དང་སྐྱེ་མཆེད་གདན་གསུམ་ལྷའི། །རྣམ་རོལ་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །རླུང་སེམས་དབྱེར་མེད་ཞུ་བདེའི་ཙཎྜ་ལཱི། །འཁོར་ལོ་ལྔ་ཡི་དཔའ་བོ་མཁའ་འགྲོའི་གྲོང་། །ཚོགས་ཀྱི་འཁོར་ལོའི་འདུ་བས་མཉེས་བྱས་ནས། །དབང་དང་དགའ་བཞིའི་ཡེ་ཤེས་རོས་གང་ཤོག །ཁྱད་པར་མཆོག་གི་གཏུམ་མོས་འཁོར་ལོ་བཞིའི། །རླུང་སེམས་ལས་རུང་དྷུ་ཏིའི་རྩ་མདུང་རྣམས། །ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་དུ་གྲོལ། །ས་བཅུའི་རྒྱུན་མཐའ་གཙུག་ཏོར་རྩེར་སྨིན་ཤོག །ཉོན་མོངས་རླུང་སེམས་འཁོར་བའི་རང་བཞིན་ནི། །རྣམ་གྲོལ་ཞི་བ་ཡེ་ཤེས་རླུང་མཆོག་གིས། །རང་དབང་གྱུར་ལས་རྩ་ཁམས་ཡི་གེའི་སྤྲིན། །འཁོར་ལོ་ཚོགས་ཆེན་ས་ལ་ལྷུན་རྫོགས་ཤོག །ས་མ་ཡ། རྫོགས་རིམ་ལམ་གྱི་མདོ་ཆིངས་ཀུན། །རྡོ་རྗེའི་ཚིག་རྐང་འདིས་གྲོལ་བྱེད། །རྒྱ་རྒྱ་རྒྱ

(༥༤)

(༥༥)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་བཞུགས

(༥༦)འུྃ དབྱིངས་ཕྱུག་བདེ་ཆེན་མཚོ་རྒྱལ་མལ་ཕྱག་འཚལ་ལོ རང་བཞིན་རྫོགས་པ་ཆེན་པོ་ནི ཉག་གཅིག་རྩད་ནས་གཅོད་པའི་ཕྱིར གཅད་བྱ་གཅོད་བྱེད་ལས་འདས་ཀྱང་ སྤྲོས་པ་ཅན་གྱི་གང་ཟག་དང་ བརྟུལ་ཞུགས་སྤྱོད་པ་ལམ་སློང་ཕྱིར ཕུང་པོ་གཟན་བསྐྱུར་མན་ངག་བསྟནདེ་ལ་མཁོ་བའི་ཡོ་བྱད་ནི དྲེགས་པ་ཟིལ་གྱིས་གནོན་པའི་ཕྱིར སྡེར་གཞི་མཉམ་ས་གཅན་གཟན་ལྤགས ལྟ་བ་ཡས་འབུབས་ཅོག་པུ་དང་ སྤྱོད་པ་མས་འཛེགས་ཁ་ཊཱཾྭ་ཀ ལྷ་འདྲེ་དབང་སྡུད་མཆོག་ཆེན་རྐང་ སྣང་བ་ཟིལ་གནོན་ཌཱ་མ་རུ མ་ཚོགས་དབང་སྒྱུར་དྲིལ་གཡེར་དང་ སྟག་གཟིག་རས་མ་སྐྲའི་ཅོད་པན མདོར་ན་བརྟུལ་ཞུགས་སྤྱོད་པ་ལ འོས་པའི་ཆས་རྣམས་སྟ་གོན་བྱ དེ་ནས་ས་གནད་གཉན་དམིགས་སུ ཕོ་ཚོད་ལྷ་འདྲེར་བརྙས་སེམས་དང་ ཆོས་བརྒྱད་བསམ་པས་མ་ཡིན་པར ཚད་མེད་བཞི་ཡིས་དཔའ་གདེང་བསྐྱེད སྣང་བ་གང་ཤར་ཐོག་བརྗིས་བྱ དེ་ཚེ་ཟིལ་གནོན་དམིགས་པ་ཡིས མ་གཅུན་དགྲ་ལ་བྱ་ཤོར་

(༥༧)འུྃ མཚུངས དེ་ཕྱིར་རིག་པ་བརྟུལ་ཞུགས་དང་ ཕཊཅེས་རང་གི་སྙིང་ག་ནས གནམ་ལྕགས་རྡོ་རྗེ་རྩེ་དགུ་པ སྲ་བརྟན་ལྕི་ཞིང་འཐས་པ་ལ འོད་ཟེར་མེ་དཔུང་འབར་བ་ཞིག གང་དམིགས་གཉན་སར་ཐོག་ལྟར་ཕོབ དེར་གནས་ལྷ་འདྲེ་དཔུང་དང་བཅས འབྲོས་ཤིང་འཁྱེར་བའི་དབང་མེད་པར དཔའ་ཟིལ་ཆག་སྟེ་གནས་པར་བསམ དེ་ནས་ཚུལ་འཆོས་ངོ་ཚ་སོགས ཐ་མལ་འཁུ་འཕྲིགས་བློ་སྤངས་ལ བརྟུལ་ཞུགས་ངར་མའི་གདེང་ལྡན་པས འགྲོ་ལུགས་རྣམ་པ་བཞི་དག་ལས ལྟ་བའི་གདེང་འགྲོས་ཤུགས་ཀྱིས་འགྲོ དེ་ཡང་སྣང་སྲིད་ལྷ་འདྲེ་དང་ གནས་གདོན་ལམ་འདྲེ་འཁྱམ་པོ་ཀུན བཀུག་ལ་ར་ལུགས་འདས་པ་བཞིན གཉན་སར་རང་དབང་མེད་པར་གཅུར གནས་དེར་སླེབས་མ་ཐག་ཉིད་དུ དྲག་ཤུལ་འབར་བའི་སྟངས་སྟབས་ཀྱིས ལྷ་འདྲེ་ཀུན་གྱི་རྐང་པ་ནས བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར དབང་ཆེན་གཞི་ལ་བརྡབས་བར་བསམ ཅོག་པུ་སྟན་བཅས་ཤུགས་ཀྱིས་བསྐྱུར ལྷ་འདྲེ་ཇི་ལྟར་དབྱིངས་ཆེ་ཡང་ མི་ལྷོངས་མི་སྲིད་ཟི་ཁོལ་འགྲོ རྣལ་འབྱོར་བརྟུལ་ཞུགས་ཆུང་གྱུར་ན རིམ་

(༥༨)པས་བློ་དང་སྦྱར་ཏེ་བྱ དེ་ནས་རང་ཉིད་སྐད་ཅིག་གིས གསང་བ་ཡེ་ཤེས་མཁའ་འགྲོ་མ ཆེ་ཆུང་སྲིད་པའི་གཏོས་དང་མཉམ རྣམ་འགྱུར་རྫོགས་པའི་སྐུར་བསྐྱེད་ལ མི་རྐང་གླིང་བུ་དྲག་ཏུ་འབུདལྟ་བའི་ངར་བསྐྱེད་བྲོ་བརྡུང་བྱ ཕཊ འཇིགས་མེད་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ང་ འཁོར་འདས་མཉམ་པར་བརྡལ་བའི་དགོངས་སྤྱོད་ཀྱིས བདག་འཛིན་ལྷ་འདྲེའི་སྟེང་དུ་བྲོ་ཞིག་རྡུང་ གཉིས་འཛིན་འཁོར་བའི་རྣམ་རྟོག་རྡུལ་དུ་རློག རྩ་བརྒྱུད་རིག་འཛིན་བླ་མ་བྲོ་ལ་བྱོན ཡི་དམ་དཔའ་བོ་རྒྱ་མཚོ་བྲོ་ལ་བྱོན མཁའ་འགྲོ་གནས་ཉུལ་མ་ཚོགས་བྲོ་ལ་བྱོན བརྟུལ་ཞུགས་ལམ་དུ་ལོངས་པར་བྱིན་གྱིས་རློབས ཕཊ ཤར་ཕྱོགས་ལུས་འཕགས་གླིང་དུ་བརྡུངས་ཙ་ན དཔའ་བོ་མཁའ་འགྲོའི་བྲོར་ཟླུམ་ལ་འཁྱིལ ཞེ་སྡང་རྒྱལ་པོའི་མགོ་ལ་ཆེམས་སེ་ཆེམ མེ་ལོང་ཡེ་ཤེས་གླིང་བུ་ཀྱུ་རུ་རུ ཧཱུྃ་ཧཱུྃ་ཧཱུྃ ཕཊ ལྷོ་ཡི་འཛམ་བུའི་གླིང་ལ་བརྡུངས་ཙ་ན དཔའ་བོ་མཁའ་འགྲོའི་

(༥༩)འུྃ བྲོ་ར་ཟུར་གསུམ་དཔལ ང་རྒྱལ་གཤིན་རྗེའི་མགོ་ལ་ཆེམས་སེ་ཆེམ མཉམ་ཉིད་ཡེ་ཤེས་ཐོད་རྔ་ཁྲོ་ལོ་ལོ ཧཱུྃ་ཧཱུྃ་ཧཱུྃ ཕཊ ནུབ་ཀྱི་བ་ལང་སྤྱོད་ལ་བརྡུངས་ཙ་ན དཔའ་བོ་མཁའ་འགྲོའི་བྲོ་ར་ཟླ་གམ་འཁྱིལ འདོད་ཆགས་སྲིན་མོའི་མགོ་ལ་ཆེམས་སེ་ཆེམ སོར་རྟོག་ཡེ་ཤེས་དྲིལ་གཡེར་ཁྲོ་ལོ་ལོ ཧཱུྃ་ཧཱུྃ་ཧཱུྃ ཕཊ བྱང་གི་སྒྲ་མི་སྙན་ལ་བརྡུངས་ཙ་ན དཔའ་བོ་མཁའ་འགྲོའི་བྲོ་ར་གྲུ་བཞི་ལམ ཕྲག་དོག་དམ་སྲིའི་མགོ་ལ་ཆེམས་སེ་ཆེམ བྱ་གྲུབ་ཡེ་ཤེས་ཅོད་པན་པུ་རུ་རུ ཧཱུྃ་ཧཱུྃ་ཧཱུྃ ཕཊ དབུས་ཕྱོགས་ལྷུན་པོའི་རྩེ་རུ་བརྡུངས་ཙ་ན དཔའ་བོ་མཁའ་འགྲོའི་བྲོ་ར་བྱིན་རེ་ཆགས གཏི་མུག་ཤི་འདྲེའི་མགོ་ལ་ཆེམས་སེ་ཆེམ ཆོས་དབྱིངས་ཡེ་ཤེས་ཧཱུྃ་གླུ་ཀྱུ་རུ་རུ ཧཱུྃ་ཧཱུྃ་ཧཱུྃ ཕཊ ཅེས་བརྡུང་ཤེས་པ་གཏད་མེད་བཏང་ དེ་ནས་ཅོག་པུ་འབུབས་པ་ནི གཞི་དེའི་ལྷ་འདྲེ་གདུག་པ་ཅན གན་རྐྱལ་བསྒྱེལ་བའི་ཡན་ལག་ལྔར གནམ་ལྕགས་ཕུར་བུ་བཏབ་པར་བསམ ཕཊ ཤར་ཕྱོགས་

(༦༠)རྡོ་རྗེ་མཁའ་འགྲོ་མས བྱམས་པ་ཆེན་པོའི་ཕུར་པ་ཁྱེར ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མས སྙིང་རྗེ་ཆེན་པོའི་ཕུར་པ་ཁྱེར ནུབ་ཕྱོགས་པདྨ་མཁའ་འགྲོ་མས དགའ་བ་ཆེན་པོའི་ཕུར་པ་ཁྱེར བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མས བཏང་སྙོམས་ཆེན་པོའི་ཕུར་པ་ཁྱེར དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མས བྱང་ཆུབ་སེམས་ཀྱི་ཕུར་པ་ཁྱེར བདག་འཛིན་ལྷ་འདྲེའི་མགོ་བོ་དང་ ལྷུ་ཚིགས་བཞི་ལ་བཏབ་པ་ཡིས གཡོ་འགུལ་མེད་པར་གནས་པར་གྱུར ཕཊ ཅེས་བརྗོད་བདག་གཞན་ལྷ་འདྲེ་གསུམ གང་དུ་མི་དམིགས་མཉམ་པར་གཞག དེ་ནས་ལྷ་འདྲེ་ངོས་ཟིན་ནས ལུས་སྦྱིན་དངོས་ལ་འཇུག་པ་ནི ཕཊ རང་སྣང་འོད་གསལ་བདེ་བ་ཆེན་པོའི་དབྱིངས འབད་རྩོལ་སྤྲོས་པ་བྲལ་བའི་ནམ་མཁའ་ལ རྩ་བའི་བླ་མ་དྲུག་པ་རྡོ་རྗེ་འཆང་ དགོངས་བརྡ་སྙན་བརྒྱུད་བླ་མ་ཡི་དམ་ལྷ མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་ལྟར་གཏིབས

(༦༡)འུྃ མ་འགགས་འཇའ་ཚོན་ཐིག་ལེའི་ཀློང་དུ་གསལ ཞེས་པས་ཚོགས་ཞིང་གསལ་བཏབ་ལ ལྷ་འདྲེས་གཙོ་བྱས་སེམས་ཅན་ཀུན ཁྱེད་ཤེས་བློ་ཡིས་སྐྱབས་འགྲོར་དམིགས ཕཊ རང་བྱུང་གི་རིག་པ་བཅོས་མེད་འདི སྐྱབས་ཡུལ་གྱི་ངོ་བོར་མ་རིག་པས སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་པ་རྣམས སྐུ་གསུམ་གྱི་དགོངས་པས་བསྐྱབ་ཏུ་གསོལ ལན་གསུམ་དེ་ནས་སེམས་བསྐྱེད་ནི ཕཊ སྣང་བ་ལ་དངོས་པོར་འཛིན་པའི་སེམས བརྟུལ་ཞུགས་ཀྱི་སྤྱོད་པས་ཚར་བཅད་ནས ཡང་དག་གི་གནས་ལུགས་རྟོགས་བྱའི་ཕྱིར རེ་དོགས་དང་བྲལ་བར་སེམས་བསྐྱེད་དོ དེ་ནས་མཎྜལ་ནི ཁོག་པ་རི་རབ ཡན་ལག་གླིང་བཞི ཉིང་ལག་གླིང་ཕྲན མགོ་བོ་ལྷ་གནས མིག་གཉིས་ཉི་ཟླ དོན་སྣོད་ལྷ་མིའི་དཔལ་འབྱོར་དུ་བསམས་ལ ཕཊ གཅེས་འཛིན་གྱི་ཕུང་པོ་སྒྱུ་མའི་ལུས མཎྜལ་གྱི་ཚོམ་བུར་རབ་བཀོད་ནས ཚོགས་ཞིང་གི་ལྷ་ལ་ལྟོས་མེད་འབུལ བདག་འཛིན་གྱི་རྩ་བ་ཆོད་པར་ཤོག ཕཊ དེ་ནས་བླ་མའི་

(༦༢)རྣལ་འབྱོར་ནི ཕཊ དབྱིངས་ཟག་མེད་ཆོས་སྐུའི་ནམ་མཁའ་ལ མདངས་འཇའ་ཟེར་ཐིག་ལེར་འཁྲུགས་པའི་དབུས ཕ་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་ ཚུལ་བརྟུལ་ཞུགས་སྤྱོད་པའི་ཧེ་རུ་ཀ མ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས སྐུ་མཚན་དཔེའི་གཟི་བྱིན་ཏ་ལ་ལ གསུང་གང་འདུལ་ཆོས་སྒྲ་འུ་རུ་རུ ཐུགས་འོད་གསལ་རྡོ་རྗེ་སྙིང་པོའི་ངང་ བུ་མོས་གུས་དྲག་པོས་གསོལ་བ་འདེབས ཕྱི་རྣམ་རྟོག་དགྲར་ལངས་ལྷ་འདྲེའི་གཟུགས ནང་རེ་དང་དོགས་པའི་གཉིས་འཛིན་སེམས བར་སྣང་བ་སྣ་ཚོགས་རྐྱེན་ངན་ཀུན ཆོས་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱིས དུས་ད་ལྟ་སྟན་ཐོག་འདི་རུ་ཆོད དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པ་རུ ཕ་རྗེ་བཙུན་བླ་མས་བྱིན་གྱིས་རློབས ཕཊ ཕཊ ཕཊ ཅེས་བརྗོད་ཚོགས་ཞིང་རང་ལ་བསྟིམ གཉིས་མེད་ངང་དུ་མཉམ་པར་གཞག ཕཊ དེ་ནས་བག་ཆགས་སྙིགས་མའི་ལུས ཚོ་ཞིང་སྣུམ་ལ་ལྟོས་ཆེ་བའི དབུས་ནས་དྭངས་མའི་རིག་པ་ནི ཁྲོས་མའི་རྣམ་པར་ཕཊ ཅེས་

(༦༣)འུྃ དབྱེ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན དེ་ཡིས་རང་ལུས་ཐོད་པ་ཕྲལ སྟོང་ཁམས་ཁྱབ་པའི་མི་མགོ་ཡི སྒྱེད་པུ་གསུམ་གྱི་ཁར་བཞག་ནང་ འབྱུང་ལུས་ཚོགས་སུ་བཤམས་པ་དེ འབྲུ་གསུམ་འོད་ཀྱིས་བདུད་རྩིར་སྦར ཨོཾ་ཨཱཧཱུྃ་དང་ཧ་ཧོ་ཧྲཱི ཅི་མང་བརྗོད་པས་སྦྱང་སྤེལ་བསྒྱུར ཁྲ་བོར་འགྱེད་ན་དེ་ཉིད་ལས སྐྱེད་ཚལ་ཟས་གོས་སྨན་ལ་སོགས ཡིད་ལ་ཅི་འདོད་ངོ་བོར་སྤར དམར་འགྱེད་རང་ཉིད་ཁྲོས་ནག་མས སྙིགས་མའི་ལུས་ཀྱི་པགས་པ་བཤུས་ནས་སྟོང་གསུམ་ཁྱབ་པར་བཀྲམ་པའི་སྟེང་ གཟུགས་ཕུང་ཤ་ཁྲག་ཕུང་པོར་སྤུངས ཤན་པའི་འདུན་ས་ལྟ་བུར་བསམ ནག་འགྱེད་བདག་གཞན་སེམས་ཅན་གྱི ཐོག་མེད་ནས་བསགས་ནད་གདོན་དང་ སྡིག་སྒྲིབ་ཐམས་ཅད་ནག་བུན་གྱིས བསྡུས་ཏེ་གཟུགས་ཕུང་བ་བསྟིམས་པ ལྷ་འདྲེས་ཟོས་བས་ཁོའི་ལུས སོལ་བ་ལྟ་བུར་གྱུར་པར་བསམ མཆོད་སྦྱིན་མགྲོན་རྣམས་འདི་ལྟར་འབོད ཕཊ མཆོད་ཡུལ་རྩ་གསུམ་དམ་ཅན་ནས སྡེ་བརྒྱད་འབྱུང་པོས་གཙོ་བྱས་པའི སྦྱིན་ཡུལ་ལན་ཆགས་འདྲེ་གདོན་ཡན བརྟུལ་ཞུགས་སྤྱོད་པའི་གནས་འདིར་བྱོན དེ་རིང་འཇིགས་མེད་རྣལ་འབྱོར་ངས འཁོར་འདས་ཤན་འབྱེད་སྒྱུ་མའི་ལུས སྟོང་

(༦༤)གསུམ་ཁྱོན་ཡངས་ཀ་པཱ་ལར བམ་ཆེན་ཚོགས་ཀྱི་འཁོར་ལོར་བཤམས ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར འདོད་དགུར་འཆར་བའི་ཆོ་འཕྲུལ་ཅན གཅེས་འཛིན་མེད་པར་འབུལ་ལགས་ཀྱི སྟོན་ཆེན་མགྲོན་ལ་གཤེགས་སུ་གསོལ མཆོག་ཆེན་ཐོད་རྔ་སྐད་རེ་གསངས ཞིང་ཆེན་གླིང་བུ་གདངས་རེ་སྙན དྲིལ་གཡེར་ཅོད་པན་དངས་རེ་སྤྲོ བྱ་རྒོད་ཤ་ལ་འཐིབས་པ་བཞིན སྐད་ཅིག་ཉིད་ལ་གཤེགས་སུ་གསོལ ཕཊ དེ་ནས་འབུལ་ཞིང་བསྔོ་བ་ནི ཕཊ གདོད་མའི་མགོན་པོ་མན་ཆད་ནས རྩ་བའི་བླ་མ་ཡན་ཆད་ཀྱི བརྒྱུད་གསུམ་རིག་འཛིན་བླ་མ་དང་ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ བམ་ཆེན་བདུད་རྩིའི་མཆོད་པ་འབུལ ལྷ་འདྲེས་གཙོ་བྱས་བདག་གཞན་གྱི ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་ བརྟུལ་ཞུགས་འགྲོ་དོན་མཐར་ཕྱིན་ནས སྣང་བ་འོད་གསལ་སྒྱུ་མར་འབྱོངས ཡང་བག་ཚ་ཆོས་སྐུར་གྲོལ ཧེ་རུ་ཀ་ལྟར་བྱིན་གྱིས་རློབས ཕཊ འཇིག་རྟེན་འདས་དང་མ་འདས་ཀྱི སྡེ་བརྒྱད་འབྱུང་པོ་མི་མ་ཡིན ལོག་འདྲེན་ཤ་ཟའི་གདོན་ཚོགས་ལ སྟོང་གསུམ་

(༦༥)འུྃ ཁྱབ་པའི་ཞིང་ལྤགས་སྟེང་ ཤ་ཁྲག་རུས་པའི་ཕུང་པོར་འབུལ བདག་ཏུ་འཛིན་ན་ང་རེ་ཞན སྤྱོད་དུ་མ་ནུས་ཁྱོད་རེ་ལོད རིང་ན་རྗེན་པར་བྱུར་མིད་ཐོངས ལྷོད་ན་དུམ་བུར་ཚོས་ལ་ཟོ རྡུལ་ཕྲན་ཙམ་ཡང་མ་བཞག་ཅིག ཕཊ འཁོར་ཚེ་ཐོག་མ་མེད་པ་ནས ཤ་འཁོན་ཆགས་པའི་ལན་ཆགས་དང་ གློ་བུར་ལྷགས་པའི་སྙིང་རྗེའི་མགྲོན ཁས་ཉན་དབང་ཆུང་མ་ལུས་ལ སོ་སོ་གང་ལ་ཅི་འདོད་ཀྱི འདོད་ཡོན་མི་ཟད་གཏེར་དུ་བསྔོ འབྲེལ་པ་ཐོགས་ཚད་སངས་རྒྱས་ཤིང་ བུ་ལོན་ལན་ཆགས་བྱང་བར་ཤོག ཕཊ ཅེས་བརྗོད་ལྟོས་པ་མེད་པར་བྱིན སྟོང་ཉིད་ངང་ལ་མཉམ་པར་གཞག དེ་ཚེ་ལུས་ལ་གཅེས་འཛིན་དང་ འཇིགས་སྣང་འཁུ་འཕྲིགས་བློ་སྐྱེས་ན ལུས་ནི་ལྷ་འདྲེར་བྱིན་ནས་མེད སེམས་ནི་གཞི་མེད་རྩ་བ་བྲལ འདྲེ་བས་སངས་རྒྱས་ཉིད་ཀྱིས་ཀྱང་ གཟིགས་པ་མེད་སྙམ་གདེང་བསྐྱེད་ལ གང་ཤར་རང་ངོ་རྩ་གདར་བཅད ཐོགས་བཅས་བདུད་དང་ཕྱི་རྐྱེན་འབྱུང་བ་དང་གཅན་གཟན་མི་རྒོད་སོགས་དང་ཆགས་སྡང་གི་རྣམ་རྟོག་སོགས།

(༦༦)ཐོགས་མེད་བདུད ནང་རྐྱེན་དགའ་སྡུག་སེམས་ཚིག་པ་སོགས། དགའ་བྲོད་བདུད་དང་རང་མཐོང་བདེ་སྐྱིད་མངོན་རློམ་སོགས། བསྙེངས་བྱེད་བདུད ཐེ་ཚོམ་དང་ཁུ་འཕྲིགས་ལ་སོགས། ཕཊ ཅེས་དབྱིངས་སུ་གཅོད་པ་ཡིན དེ་ཡང་དུས་ཚོད་ལ་མཚོན་ན ཐོ་རངས་ཚོགས་གཉིས་རྫོགས་པའི་ཕྱིར དཀར་འགྱེད་བདུད་རྩིའི་ངོ་བོར་སྤར ཉིན་གུང་ལན་ཆགས་སྦྱང་བའི་ཕྱིར ཁྲ་འགྱེད་གང་ལ་འཚམས་པར་བསྔོ ནུབ་མོ་བརྟུལ་ཞུགས་ལམ་སློང་ཕྱིར བདག་འཛིན་ཚར་གཅོད་དམར་འགྱེད་གཏོང་ སྲོད་ལ་སྡིག་སྦྱོང་ནག་འགྱེད་བྱ ཀུན་ཀྱང་བདུན་པ་བསྒྱུར་བ་སྟེ གཙོ་བོ་དམིགས་པས་ཉམས་སུ་བླང་ དེ་ཚེ་ཆོ་འཕྲུལ་ཅི་བྱུང་ཡང་ ཉམས་དང་བྲལ་བའི་ལྟ་བས་གཅུན གལ་ཏེ་རྣལ་འབྱོར་དབྱིངས་ཆུང་ནས ལྷོངས་འཚུབས་འཆུན་པར་དཀའ་བའམ ལྷ་འདྲེ་དབྱིངས་ཆེས་མ་ལྷོངས་ན ཀེང་རུས་དཀར་པོའི་དམིགས་པ་བྱ ཕཊ ཅེས་རང་ཉིད་སྐད་ཅིག་གིས ཀེང་རུས་དཀར་པོ་མེ་འབར་བ ཤིན་ཏུ་ཆེ་པོ་ལས་བྱུང་བའི མེ་ཡིས་སྟོང་གི་འཇིག་རྟེན་དང་ ཁྱད་པར་ལྷ་འདྲེའི་གནས་རྟེན་བསྲེགས མཐར་ནི་ཀེང་རུས་མེ་དང་བཅས འོད་ཡལ་སྟོང་པོའི་ངང་ལ་གཞག

(༦༧)འུྃ འགོ་ནད་སྲུང་བ་ལ་ཡང་ཟབ ཚར་ཚད་དུས་སུ་མ་བྱུང་དང་ གནོད་འདྲེ་གདུག་པ་ཡར་གཏོད་ན རིག་པ་ཁྲོས་མའི་སྐུར་གསལ་བས སྙིགས་མའི་ལུས་ཀྱི་པགས་པ་བཤུས སྟོང་གསུམ་ཁེངས་པའི་གཡང་གཞིའི་སྟེང་ ཤ་རུས་གཅལ་དུ་བཀྲམ་པ་ལ འདྲེ་གདོན་ཟས་ལ་གདུང་བའི་མོད ཁྲོས་མས་གཡས་བཞི་འུབ་ཀྱིས་དྲིལ སྤྲུལ་དང་རྒྱུ་མའི་ཞགས་པས་བསྡམས ཀླད་ལ་བསྐོར་ཞིང་བརྡབས་པ་ཡིས ཤ་མྱག་རུས་མྱོག་དག་ཏུ་སོང་ སྤྲུལ་པའི་གཅན་གཟན་དུ་མ་ཡིས ལྷག་མ་མེད་པར་ཟོས་པར་བསམ དབྱིངས་རིག་བསྲེས་ཏེ་མཉམ་པར་གཞག དེས་ནི་ཚར་ཚད་ངེས་འབྱུང་ཞིང་ འདྲེ་གདོན་གདུག་པ་ཆར་ཆོད་འགྱུར ཀུན་ལ་གཅེས་འཇོན་བློ་སྤངས་ཏེ ལྟ་བའི་གདེང་གིས་ཟིན་པ་གཅེས དེ་ཚེ་ཚར་ཆད་འདྲ་བའི་ལྷོངས ལྷོངས་ཚད་འདྲ་བའི་ཚར་ཚད་དང་ གཉིས་ཀ་འདྲ་བའི་འདྲེས་མ་དང་ འདྲེས་མ་འདྲ་བའི་བག་ཆགས་དང་ ཚར་ལྷོངས་གཉིས་ཀ་མཐར་ཕྱིན་གྱི རྟགས་རྣམས་ཉམས་དང་སྦྱར་ཏེ་སྤྱད དོན་ལ་བདག་མེད་ཀུན་བཟང་མོ ཡུམ་ཆེན་ཤེས་རབ་ཕར་ཕྱིན་མའི དགོངས་པ་ཀློང་དུ་གྱུར་ཙ་ན གཅོད་ཡུལ་ལམ་དུ་ལོངས་པའོ ས་མ་ཡ རྗེས་ལ་བསྔོ་སྨོན་བྱ་བ་ནི

(༦༨)ཨཱདགེ་དང་མི་དགེའི་རྟོག་ཚོགས་རང་གྲོལ་ལ རེ་དང་དོགས་པའི་མཚན་མ་མི་དམིགས་ཀྱང་ སྣང་ཆའི་རྟེན་འབྲེལ་བསླུ་མེད་དགེ་ཚོགས་རྒྱུན ཟག་མེད་ཆོས་ཀྱི་དབྱིངས་སུ་བསྔོ་བར་བྱ ཕཊ ཀུན་རྫོབ་ལུས་ཀྱི་སྦྱིན་པ་ལ་བརྟེན་ནས བསྐལ་པར་བསགས་པའི་བུ་ལོན་ལན་ཆགས་བྱང་ དོན་དམ་ཆོས་ཀྱི་བདེན་པས་རྒྱུད་འགྲོལ་ཚེ བདག་གི་འདུས་པ་དང་པོར་སྐྱེ་བར་ཤོག དེ་ཚེ་མ་བཅོས་རང་གཞག་གཉུག་མའི་དོན མི་བསྲུན་ལྷ་འདྲེའི་རྒྱུད་ལ་སྐྱེས་ནས་ཀྱང་ ངར་འཛིན་འཁྲུལ་པའི་རྗེས་སུ་མི་འབྲང་བར བྱམས་དང་སྙིང་རྗེས་ཤེས་རྒྱུད་བརླན་པར་ཤོག བདག་ཀྱང་བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནས སྐྱིད་སྡུག་རོ་སྙོམས་འཁོར་འདས་ཆོས་སྐུར་འབྱོངས ཕྱོགས་ལས་རྣམ་རྒྱལ་འབྲེལ་ཚད་དོན་ལྡན་གྱིས ཕྲིན་ལས་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག ཕཊ ཅེས་བརྗོད་ལྟ་བའི་ངང་མདངས་བསྐྱངས སྙིང་རྗེ་ཆེན་པོའི་རྩིས་ཟིན་པས བདེ་སྡུག་བདག་གི་བདེ་བ་ལྷ་འདྲེར་བཏང་ གཏོང་ལྷ་འདྲེའི་སྡུག་བསྔལ་རང་གིས་བླང་། ལེན་དམིགས་

(༦༩)འུྃ པ་དང་ཆོས་ཀྱི་སྦྱིན་པ་རྣམ་དག་བྱ འབྲེལ་ཐོགས་བཟང་ངན་ཐར་ལམ་ལམ་འགོད ས་མ་ཡ མ་མ་ཀོ་ལིང་ས་མནྟ ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། སོགས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། སོགས་དང་། འབྱུང་པོ་གང་དག་སོགས་ཀྱི་ཤིས་བརྗོད་བྱའོ།། །།ཨོཾ་སྙན་ལ་རིང་བ་བུང་བའི་སྐད་ལྟ་བུ། ཧཱུྃ། རྔམས་ལ་འཚེར་བ་རྟ་སྐད་ལྟ་བུ། ཏྲཱྃ་དྲག་ལ་གཏུམ་པ་སྟག་མོའི་ངར་སྐད་ལྟ་བུ། ཧྲཱི འགྱུར་ལ་ལྡེམ་པ་དྲི་ཟའི་སྐད་ལྟ་བུ། ཨཱ འགྱུར་ལྡེམ་གོང་འདྲ་ནས་གཤམ་འདེགས་ཙམ་བྱེད་པ་ལ་ཌཱ་ཀིའི་སྤྱུག་གླུ་ཟེར། །

(༧༠)

(༧༡)གཅོད་མཁན་རྣམས་ཀྱི་ཉེ་བར་སྤྱད་པའི་རྣམ་བཤད་ཕྱིན་དྲུག་ལང་ཚོ་བཞུགས། ཁྲག་འཐུང་གཅོད་པའི་དབང་པོ་ལ་ཕྱག་འཚལ་ལོ། །གཅོད་ཅེས་བྱ་བའི་ངོ་བོ་ནི། །ཕ་རོལ་ཕྱིན་པ་དྲུག་གི་དབྱིངས། །ངེས་ཚིག་བདག་ཏུ་འཛིན་པ་གཅོད། །དབྱེ་ན་ཐུན་མོང་ཁྱད་པར་རོ། །དེ་ལ་གཅོད་པའི་རྣལ་འབྱོར་གྱི། །ཆས་ལ་འོས་པའི་ཡོ་བྱད་ནི། །སྦྱིན་པའི་དྲ་བ་ཚུལ་ཁྲིམས་སྟན། །བཟོད་པའི་ཅོག་པུ་བརྩོན་འགྲུས་དུང་། །བསམ་གཏན་པུས་འཁྱུད་ཤེས་རབ་ནི། །ཌཱ་རུའི་རྣམ་པར་གཞག་པའོ། །ཀ། དྲྭ་ཕད་སྦྱིན་པའི་ཚོགས་རྣམས་སྡུད་བྱེད་ཅིང་། །ཆོག་ཤེས་དྲན་པའི་ཡོན་ཏན་སྣོད། །དྲྭ་བ་ཞེས་པ་མདོ་མདུད་འབྲེལ། །ཕད་བུའི་སྒྲ་ལས་ཡོལ་གོ་སྟེ། །རེག་འཇམ་གཡང་མོའི་འདབ་མ་ལ། །བྲམ་ཟེ་མ་ཡིས་སྲད་བུ་ལྟར། །ཐང་ལྷོད་འཚམས་པར་བསྒྲིམ་པ་བཞིན། །ལུ་གུ་རྒྱུད་དུ་ཡོངས་སུ་སྦྲེལ། །ཕྱི་ནང་མེད་པར་ཟང་ཐལ་ནི། །རྣལ་འབྱོར་འཛིན་པ་དག་པའི་རྟགས། །ནོར་ལ་བདག་ཏུ་ལྟ་བའི་སེམས། །མཉམ་པ་ཉིད་དུ་ལ་དོར་ནས། །འཕྲལ་གྱི་བཟའ་བཏུང་གྱི་ན་ཙམ། །ངོ་ལྐོག་མེད་པར་ཕྱིར་གསལ་བའི། །བརྟུལ་ཞུགས་འདི་ལ་སུ་གོམས་པ། །སྲིད་པའི་བཙོན་ར་དག་ལས་གྲོལ། །དགྲ་ཡིས་མཐོང་

(༧༢)ཀྱང་སྙིང་རྗེ་སྐྱེ། །སེར་སྣའི་བགེགས་དང་མཛའ་བ་མིན། །ཆོམ་རྐུན་དང་ནི་རྩོད་པ་ཅན། །གཞན་འབྱོར་དཔལ་ལ་ཕྲག་དོག་པའི། །ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་། །གློ་བུར་ཡེ་འགྲོག་གདོན་ལས་གྲོལ། །ཕྱག་མཛོད་འདི་ནི་རྣལ་འབྱོར་གྱི། །དབང་ཕྱུག་མི་ལ་རས་པར་འོས། །གང་ལ་གསོག་སེམས་བྲལ་བ་དེ། །སྦྱིན་པའི་ཕ་རོལ་ཕྱིན་པའོ། བ། ཀོ་སྟན། བརྟུལ་ཞུགས་ཀྱི་ལྟ་བའི་མཚོན་རྣོན་པོས། །མ་རིག་གཅན་གཟན་གྱི་སྲོག་བཅད་ནས། །མཉམ་ཉིད་ཀྱི་ངང་དུ་པགས་པ་བཤུས། །རིག་འཛིན་གྱི་སྡོམ་པའི་ཡན་ལག་ཅན། །བསྐྱེད་རྫོགས་ཟུང་འཇུག་གི་སྡེར་གཞི་མཛེས། །སྡོམ་པ་གསུམ་ལྡན་གྱི་སྟན་དུ་བཏིང་། །གྱོ་མོ་དང་གསེག་མ་ཚེར་ཅན་སོགས། །ཏིང་འཛིན་ལ་འཛེར་བའི་རྣམ་རྟོག་སྤོང་། །རྐང་མཐིལ་ལ་རླུང་ལྷ་ལྡང་བ་ཡི། །རྟེན་འབྲེལ་ཡང་སྲན་ཆུགས་ངང་དུ་རྫོགས། །ཚུལ་ཁྲིམས་ཀྱི་ཕ་རོལ་ཕྱིན་པའོ། །ག །ཅོག་པུ་ཅོག་ཞེས་བྱ་བ་པུ་རིའི་དངོས། །མཚོན་པ་རྟགས་ཀྱི་ཁང་བཟང་ཡིན། །བྱང་ཆུབ་སེམས་ཀྱི་རས་བ་ལ་ལ། །སྙིང་རྗེ་ཆེན་པོའི་བཀལ་བཏགས་བྱས། །སྨོན་འཇུག་བྱང་སེམས་ཀྱི་བཟོ་གྲ་བཙུགས། །ཕར་ཕྱིན་དྲུག་གི་རྒྱན་སྤྲོས་མཛེས། །ལྟ་བ་ཡེངས་མེད་ཀྱི་སྲོག་མཁར་བཙུགས། །

(༧༣)སྒོམ་པ་གཏད་མེད་ཀྱི་ཐ་གུས་སྦྲེལ། །སྤྱོད་པ་ཐུགས་ཕྲད་ཀྱི་ཕུར་བུས་བརྒྱངས། །ཐེག་པ་ཡས་འབུབས་ཀྱི་ཚུལ་དུ་ཕུབ། །སྤྱོད་པ་མས་འཛེགས་ཀྱི་གནས་མལ་བཅས། །ཀ་བཞི་གདུང་བརྒྱད་ཀྱི་སྤྲོས་པ་ཆོད། །འདུ་འཛི་རྣམ་གཡེང་གི་འཁྲུལ་པ་དོར། །ཆོས་བརྒྱད་རང་གྲོལ་གྱི་ཁང་བཟང་ཡིན། །ཚ་གྲང་གི་གདུང་བ་ཀུན་བཟོད་པས། །བཟོད་པའི་ཕ་རོལ་ཕྱིན་པའོ། །ད། རྐང་གླིང་། མཆོག་ཆེན་མི་རྐང་གླིང་བུ་ཡི། །བརྡ་དོན་རྟགས་གསུམ་བཤད་ཀྱིས་ཉོན། །རྟོག་མེད་རོ་ཡི་ཡན་ལག་ལས། །ཆགས་སྡང་མེད་པའི་སེམས་ཀྱིས་བྲེགས། །ལྷ་བ་ཕྱུང་ཤིང་བྲད་བརྡར་བྱས། །ཕྱི་ནང་གཟུང་འཛིན་སྤོང་བའི་བརྡ། །རྐང་གླིང་ཁ་སྒོ་གཅིག་པ་ནི། །ཆོས་ཀུན་དུ་མ་རོ་གཅིག་བརྡ། །རྩ་བ་མཛོ་སྣ་ཟུང་འབྲེལ་ཅན། །ཆོས་སྐད་ཟུང་འཇུག་གཅིག་ཏུ་སྟོན། །གཤམ་ལ་འབྲེང་ལྕག་ཅོད་པན་ཅན། །གྲུབ་ཐོབ་རྗེས་སུ་འབྲེང་བའི་དོན། །དྲང་ཞིང་སྟོང་པ་གཞུང་མིག་ཅན། །མཐའ་ལ་མི་གནས་དབུ་མའི་དོན། །འབུད་བ་རླུང་གི་རྟེན་འབྲེལ་ལས། །རོ་རྐྱང་དབུ་མར་ཡང་དག་འཛུད། །ཐོས་བས་ལྷ་འདྲེའི་ཡིད་རྩ་འཁོལ། །ཉན་པས་རང་སྣང་གཞན་སྣང་འགྱུར། །འབུད་སྟངས་དང་པོར་བླ་མ་མཆོད། །

(༧༤)གཉིས་པས་སྣང་བ་ཟིལ་གྱིས་གནོན། །གསུམ་པས་མགྲོན་རྣམས་སྤྱན་འདྲེན་བྱེད། །བཞི་པས་ཕམ་རྒྱལ་མེད་པར་བསྔོ། །ལྔ་པས་གཟུང་འཛིན་ཐད་ཀར་གཅོད། །ལེ་ལོའི་གཉིད་ལས་སད་པའི་ཕྱིར། །བརྩོན་འགྲུས་ཕ་རོལ་ཕྱིན་པའོ། །ཅ། སྒོམ་ཐག་གམ་པུས་འཁྱུད། །པུས་མོའི་ལྷ་ངར་ལུས་བརྟེན་ཕྱིར། །དེ་ལ་འཁྱུད་པར་ཕྱེད་པའོ། །རྣལ་འབྱོར་རོ་སྟོད་མཛེས་པའི་རྒྱན། །ཡུམ་གཅིག་རྡོ་རྗེ་ཕག་མོ་དངོས། །ཐིག་ལེ་ཉག་གཅིག་མཚོན་པར་འཁོར། །དབུ་རྐྱང་རོ་གསུམ་བདག་ཉིད་ལ། །རྩ་གནས་འཁོར་ལོའི་དྲྭ་བ་ཅན། །ཕྱི་རུ་སྣང་བ་མཛེས་པའི་རྒྱན། །ནང་ནི་རང་བཞིན་སྟོང་པ་ཉིད། །བོད་དུ་ལོ་ཆེན་བཻ་རོས་བསྟན། །རྡོ་རྗེ་ཟམ་པའི་ཆ་ལག་སྟེ། །དགོས་འགྲེལ་ཤེས་པར་མ་བྱས་ན། །མཚེར་སྒེག་སེམས་ཀྱིས་འཆང་བ་ཙམ། །ཁྱི་རྒན་ཚངས་སྐུད་འཆིང་བ་འདྲ། །གནད་དོན་ཤེས་ན་རྣམ་སྣང་གི། །ཆོས་རྣམས་མ་ལུས་སྡུད་པའི་ཕྱིར། །བསམ་གཏན་ཕ་རོལ་ཕྱིན་པའོ། །ཆ། གཅོད་ཌཱཾ། །ཌཱ་རུ་ལ་འཁོར་འདས་ལམ་གསུམ་ཚད། །འཁོར་བ་སྡུག་བསྔལ་གྱི་ནགས་ཁྲོད་ནས། །མྱང་འདས་ཀྱི་སྟྭ་རེ་རྣོན་པོ་ཡིས། །གཟུང་འཛིན་ལམ་གྱི་ལྗོན་ཤིང་བཅད། །མན་ངག་གདིང་ལྡན་གྱི་ཤིང་

(༧༥)མཁན་དེས། །འཁོར་འདས་རྒྱབ་གྱེས་ཀྱི་ཌཱ་རུ་བཟོས། །གཉིས་སྣང་འུབ་ཆུབ་ཀྱི་པགས་པས་གཡོགས། །སྣང་སྟོང་ཟུང་འཇུག་གི་སྐེད་ཆིངས་བཏང་། །ཐབས་དང་ཤེས་རབ་ཀྱི་དབྱུག་ཏོ་ཅན། །མཁའ་འགྲོ་བླ་ཆགས་ཀྱི་མགྲོན་ཚོམ་མཛེས། །ཡེ་ཤེས་ལྔ་ལྡན་གྱི་ལན་ཚར་གདགས། །གསོན་སྐྲས་མ་མོ་བྲན་དུ་བཀོལ། །ཤི་སྐྲས་མཁའ་འགྲོ་དབང་དུ་སྡུད། །སྣང་བ་ཟིལ་གནོན་སྟག་གཟིག་རས། མ་ཚོགས་དབང་འགྱུར་དྲིལ་གཡེར་ཅན། །དཱཀྐ་དཱཀྐིའི་ཕྱག་མཚན་ཏེ། །མཐོང་བས་སྲིད་པའི་རྣམ་རྟོག་འགག །འཁྲོལ་པས་གཞན་སྣང་དབང་དུ་འདུ། །བཅངས་པས་མ་ཚོགས་མཁའ་འགྲོ་ཉེ། །སྣང་སྲིད་ལྷ་འདྲེའི་སྲོག་ནས་འདྲེན། །གྲགས་སྟོང་དབྱེར་མེད་རང་སྒྲ་ཡིས། །བརྟན་གཡོ་མ་ལུས་འདར་ཞིང་འཁྲུགས། །ཤེས་རབ་ཕ་རོལ་ཕྱིན་པའོ།། །།ཞེས་གཅོད་པའི་ཉེར་སྤྱད་རྣམས་ཀྱི་རྣམ་པར་ངེས་པ་མདོ་ཙམ་བརྗོད་པ་འདི་ནི། འབྲུག་པ་ངག་དབང་རྡོ་རྗེས་བསྐུལ་ངོར། །ཀརྴ་པ་ཎིའི་རྣ་རྒྱན་འཛིན་པའི་བཀྱལ་ཀ་ལས་ཅུང་ཟད་གཞན་དུ་བྱས་ཏེ་བརྗོད་པ་བོ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་རོ།། །།

(༧༦)

(༧༧)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་བཞུགས

(༧༨)འུྃ རྒྱ་གར་སྐད་དུ མ་ཧཱ་སནྡྷི་ས་མནྟ་བྷ་དྲ་ཛྙཱ་ན་དྷཱ་རྟུ་ཏནྟྲ་ནཱ་མ བོད་སྐད་དུ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ཅེས་བྱ་བ བཅོམ་ལྡན་འདས་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ་ལོ ཆོས་ཉིད་མ་འཁྲུལ་པའི་དབྱིངས་རང་སྣང་དག་པའི་འོག་མིན་ཆེན་པོ་ན གདོད་ནས་མངོན་སངས་རྒྱས་པའི་རིག་པ་ཀུན་ཏུ་བཟང་པོ་ཉིད བཅོམ་ལྡན་འདས་གཟུགས་ཀྱི་རྒྱལ་པོ་དང་ ཚོར་བའི་རྒྱལ་པོ་དང་ འདུ་ཤེས་ཀྱི་རྒྱལ་པོ་དང་ འདུ་བྱེད་ཀྱི་རྒྱལ་པོ་དང་ རྣམ་པར་

(༧༩)འུྃ ཤེས་པའི་རྒྱལ་པོ་དང་ ས་ཆུ་མེ་རླུང་ནམ་མཁའ་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་དང་ དབང་པོ་ཡུལ་དུས་དག་པའི་སེམས་དཔའ་སེམས་མའི་ཚོགས་དང་ཐབས་གཅིག་གོ དེའི་ཚེ་རྟོག་པའི་རྡོ་རྗེ་ཞེས་བྱ་བའི་སེམས་དཔའ་ཆེན་པོ་སྟན་ལས་ལངས་ཏེ་འདི་སྐད་ཅེས་གསོལ་ཏོ ཀུན་གཞི་དང་ཡེ་ཤེས་ཆེན་པོའི་ཁྱད་པར་ལས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐ་དད་དུ་རྒྱབ་གྱེས་པར་སྟོན་པ་ཁྱོད་ཀྱིས་ཡང་ནས་ཡང་དུ་བཀའ་སྩལ་ན དེ་དང་དེའི་མཚན་ཉིད་སོ་སོར་ཕྱེ་བ་

(༨༠)ནི་གང་ སེམས་དང་སེམས་ཉིད་ཅེས་པའི་གདགས་གཞི་དང་ངོ་བོ་ཇི་ལྟ་བུ་ལགས བཀའ་སྩལ་པ ཀུན་གཞི་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་སྤྱི་གཞི་ཆེན་པོ་དབང་པོ་ཡུལ་ལ་མ་སད་པ་གཉིད་དུ་སོང་བའི་སྐབས་ལྟ་བུ་སྟེ སེམས་མེད་པའི་གནས་སྐབས་ལྔའི་དུས་ནའང་སེམས་དང་སེམས་ཉིད་ཀྱི་རྟེན་དང་བརྟེན་པའི་རང་བཞིན་བག་ལ་ཉལ་དུ་གནས་སོ འོག་མ་རྣམས་སུ་འདི་ཉིད་བདེ་གཤེགས་སྙིང་པོའི་རང་བཞིན་དུ་བསྟན་པ་ནི རེ་ཞིག་ཆོས་དབྱིངས་དྲི་མེད་ལ་ཐེ་ཚོམ་ཟ་བའི་བྱིས་པ་རྣམ་དྲང་བའི་སླད་དུའོ དེའི་ཕྱིར་འདིའི་གོ་ན་དག་པ་ཡེ་ཤེས་ཀྱི་སྒོ་མྱ་ངན་ལས་འདས་པའི་ལམ་དང་ ཐིག་ལེ་ཆེན་པོའི་སྣང་བ་དང་ འབྲས་བུའི་ཆོས་རྒྱ་མཚོ་ལྟ་བུ་དང་ མ་དག་པ་འཁོར་བའི་སྒོ་ལས་དང་ ཉོན་མོངས་པ་དང་ རྣམ་པར་རྟོག་པ་ཚོགས་བསམ་གྱིས་མི་ཁྱབ་པ་ལྟར་མི་མངོན་པ་བག་ཉལ་གྱི་ཚུལ་དུ་ཡོད་པས་ན སེམས་ཅན་དང་ སངས་རྒྱས་དང་ ལམ་གྱི་ཡེ་ཤེས་དང་ སེམས་

(༨༡)འུྃ ཉིད་གང་ཡང་མ་ཡིན་ཏེ་ཀུན་གྱི་སྣོད་དམ འཆར་གཞིར་གྱུར་པས་ན ཀུན་གཞི་ཞེས་བྱའོ དབྱེ་ན་རྣམ་པ་བཞི་ཡོད་དེ གདོད་མ་གཞིའི་ཀུན་གཞི སྦྱོར་བ་དོན་གྱི་ཀུན་གཞི བག་ཆགས་ལུས་ཀྱི་ཀུན་གཞི བག་ཆགས་སྣ་ཚོགས་པའི་ཀུན་གཞིའོ དེ་དག་གི་ངོ་བོ་མདོར་བསྡུ་ན ཀུན་གཞིའི་ཁམས་ནི་ཅི་ཡང་མི་སེམས་པ་སྒོ་ང་ལྟ་བུའོ རྩལ་སྣོད་དུ་མའི་འཆར་གཞིར་ལངས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དོ དེ་ལས་དགེ་མི་དགེ་ཆགས་སྡང་བར་མ་གསུམ་གྱིས་ཉེ་བར་ལེན་པའི་རླུང་གཡོས་པ་ནི་སེམས་ཀྱི་མཚན་ཉིད་དོ འདི་ལྟར་དབང་པོ་དྲུག་གི་ཡུལ་ལས་སད་པའི་ལས་གཟུང་འཛིན་གྱི་ཡིད་གཡོས ཉོན་མོངས་པའི་ཡིད་ང་ཡིར་འཛིན་པ་དང་འགྲོགས་ནས་རྩ་བའི་ཉོན་མོངས་པ་ལྔ ཉེ་བའི་ཉོན་མོངས་ཉི་ཤུསེམས་བྱུང་ལྔ་བཅུ རྟོགས་ཚོགས་བརྒྱད་ཁྲི་བཞི་སྟོང་ལྡང་འདུག་གི་ཚུལ་དུ་ཁྲིད་དེ་ཁམས་གསུམ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ལུས་ཤིང་ལུས་པ་མེད་པ་ཐམས་

(༨༢)ཅད་རྫོགས་པར་བྱའོ ཀྱཻ་རྟོགས་པའི་རྡོ་རྗེ་རིག་པའི་ཡེ་ཤེས་ནི་ཀུན་གཞིའི་ཁམས་ལས་རྒྱུན་ཆགས་ཀྱི་ཆ་ནས་རྫས་འགལ་བ་མ་ཡིན་ཀྱང་ ངོ་བོ་གནས་འགྱུར་བ་ཞེས་བྱ་སྟེ་གཉིད་དུ་སོང་བ་དེ་ལས་སད་པ་ལྟ་བུའོ འདི་ལྟར་དབང་པོ་ཡུལ་ལ་སད་ཀྱང་ཡུལ་གྱི་སྣང་བས་ནི་མ་གོས ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་ཀྱི་སྦུབས་སུའང་མ་ཆུད རྣམ་པར་མི་རྟོག་པ་ཙམ་གྱི་གཤིས་སུ་སེམས་དང་སེམས་ཉིད་གཉིས་མཚུངས་པ་ལྟར་སྣང་ནའང་ སེམས་ནི་འཛིན་པ་དང་བཅས་ཤིང་ཡུལ་གྱི་བག་ཆགས་དང་བལྟར་མི་མངོན་པར་འགྲོགས་ལ སེམས་ཉིད་ནི་ངོ་བོ་སྤྲོས་པ་དང་བྲལ རང་བཞིན་ཟང་ཐལ རྣམ་པ་ཐམས་ཅད་བའི་ཤེས་རབ་ཡུལ་དང་བྱིང་རྒོད་ཀྱིས་བརྫི་བར་མི་ནུས་པས་མྱ་ངན་ལས་འདས་པའི་རྟེན་ཅིང་འབྲེལ་འབྱུང་ཐམས་ཅད་རྫོགས་པའོ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ཅེས་བྱ་བ་ལས གཞི་དང་འཁོར་འདས་ཀྱི་སྒོ་བཤད་པའི་ལེའུ་སྟེ་དང་པོའོ ཡང་རྟོགས་པའི་རྡོ་རྗེས་གསོལ་

(༨༣)འུྃ པ འཁོར་བ་དང་མྱ་ངན་ལས་འདས་པའི་གྱེས་མཚམས་ལས་སྔ་ཕྱི་དང་དུས་ཚོད་ཀྱི་གཏན་ཚིགས་བཞག་ཏུ་རུང་ངམ་མི་རུང་༔ སྟོན་པ་ཀུན་ཏུ་བཟང་པོ་ཡང་གཞན་སྣང་དགེ་བའི་ངོར་སྒྱུ་མ་ལྟ་བུའི་རྣམ་པར་འཕྲུལ་པ་ལགས་སམ༔ རྒྱུད་གཞན་གྱིས་བསྡུས་པའི་དངོས་སྣང་བདེན་གྲུབ་ཇི་ལྟར་ལགས་སྟོན་པས་གསུང་དུ་གསོལ༔ བཀའ་སྩལ་པ སྤྲུལ་པའི་སྐུའི་སྣང་ཆ་ལ་འདས་པ་དང་ མ་འདས་པ་དང་ ད་ལྟ་བ་ཞེས་དུས་གསུམ་དུ་རྣམ་པར་གཞག་གིས ང་ཀུན་ཏུ་བཟང་པོ་ནི་ཆོས་ཉིད་བརྗོད་པ་དང་བྲལ་བ་ཡིན་པས་བསམ་གྱིས་མི་ཁྱབ་པའི་དུས་ཀུན་ཏུ་བཟང་པོ་ལ་ཐོག་མར་བྱས་ནས་ཐོག་མའི་མགོན་པོ་ཞེས་ཚིག་བླ་དགས་སུ་བཏགས་པ་ཙམ་མོ རྒྱུ་དེས་གང་དུ་འཁོར་བ་དང་མྱ་ངན་ལས་འདས་པའི་རྟོག་དཔྱོད་ཀྱི་ཤེས་རབ་ཤར་བ་ཙམ་ནས་འཁོར་འདས་རྒྱབ་གྱེས་པ་ཞེས་བྱ་སྟེ གཞི་གཅིག་ལ་ལམ་གཉིས་སུ་ཤར་བའི་ཕྱིར་རོ ཀྱཻ་རྟོགས་པའི་རྡོ་རྗེ སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཅན་ཐོག་མའི་མགོན་པོ་བཅོམ་ལྡན་

(༨༤)འདས་དཔལ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཉིད་སེམས་ཅན་གྱི་ཁམས་རྒྱ་མཚོ་ལྟ་བུ་ལས་རྒྱུད་གཞན་གྱིས་བསྡུས་པར་སེམས་ན འཁོར་བ་དང་མྱང་འདས་འབྲེལ་ལ་མ་འབྲེལ་བར་གནས་པའི་ལྟེ་ཆད་དེ སེམས་ཅན་ལ་སངས་རྒྱས་ཀྱི་ས་བོན་དང་བྲལ་བས་ཚོགས་གཉིས་ཀྱི་ལམ་རྒྱ་མཚོ་ལྟ་བུ་བསྟན་པ་དེ་དག་ཀྱང་ཚི་ཆད་པར་འགྱུར་རོ རྒྱུ་དེས་ངའི་རང་བཞིན་རྫོགས་པ་ཆེན་པོ་ལ་གཞི་ཐོག་ནས་གྲོལ་བ་དང་ འཁྲུལ་པའི་ལམ་གཉིས་ཀ་ཡོད་པས་གཞིའི་བཞུགས་ཚུལ་ལ་མཁས་པར་གྱིས་ཤིག འདི་ལྟར་རང་ངོའི་དྲི་མ་མཐའ་དག་ལས་རྣམ་པར་གྲོལ་བ་དང་ ལས་དང་ཉོན་མོངས་པས་ཀུན་ནས་དཀྲིས་པའི་ཆ་གཉིས་ལས་སངས་རྒྱས་དང་སེམས་ཅན་གྱི་ཁམས་སུ་རང་ཤར་བའི་ཆོས་ཤེས་པར་གྱིས་ལ་ང་ཀུན་ཏུ་བཟང་པོ་རྒྱུད་གཞན་གྱིས་བསྡུས་པའམ སྒྱུ་མ་ལྟར་སྣང་ཆ་ལ་འཕྲུལ་པ་བཅོས་མའི་སངས་རྒྱས་ལ་རེ་བ་མ་ཚོལ་ཅིག ཅེས་གསུངས་སོ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས

(༨༥)འུྃ འཁོར་འདས་ཀྱི་གྱེས་མདོ་བསྟན་པའི་ལེའུ་སྟེ་གཉིས་པའོ ཡང་རྟོག་པའི་རྡོ་རྗེས་གསོལ་བ རྣམ་པར་ཤེས་པའི་ཚོགས་དང་ཡིད་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་བྱེ་བྲག་ཇི་ལྟར་འབྱེད་པ་ལགས༔ བཀའ་སྩལ་པ༔ ཀུན་གཞི་ལས་རང་གི་རྩལ་སྣང་གཡོས་ཏེ་ཤེས་པ་ཡུལ་ལ་འཇུག་པར་རྩོམ་པ་ན་ཀུན་གཞིའི་རྣམ་པར་ཤེས་པ་ལྡང་སྟེ༔ དཔེར་ན་ཀུན་གཞིའི་ཁམས་གཉིད་འཐུག་པོ་ལྟ་བུ་ལས་ནི་སད༔ ཡུལ་ལྔའི་བཟུང་ཡུལ་ལ་དངོས་སུ་ནི་མ་ཤར༔ འཛིན་བྱེད་ཀྱི་ཤེས་པ་ཤིན་ཏུ་ཕྲ་བ་ཞིག་ལངས་པ་དེས་ཀུན་ཏུ་རྟོག་པའི་གཟུགས་བརྙན་འཛིན་པའི་རྟེན་འབྲེལ་རང་ཆས་སུ་སློང་སྟེ་མེ་ལོང་བཞིན་ནོ༔ དེ་སྒོ་ལྔ་སོ་སོའི་རྩ་རླུང་གི་བྱེད་པས་ཤེས་པ་ཡུལ་ལ་ཁྲིད་དེ༔ མིག་གི་ཡུལ་དུ་གཟུགས་དང་༔ རྣ་བའི་ཡུལ་དུ་སྒྲ་དང་སྣའི་ཡུལ་དུ་དྲི་དང་༔ ལྕེའི་ཡུལ་

(༨༦)དུ་རོ་དང་༔ ལུས་ཀྱི་ཡུལ་དུ་རེག་བྱ་སྟེ་རྣམ་པར་ཤེས་པའི་ཁམས་ལྔ་ལྡང་ངོ་༔ དེ་ཉོན་མོངས་པ་ཅན་དང་ཡིད་ཀྱི་ངོ་བོས་ཆགས་སྡང་རྨོངས་གསུམ་ལ་སོགས་པར་བཟུང་ནས་འཁོར་བའི་རྒྱུ་མ་རིག་པ་དང་༔ ལས་དང་༔ བག་ཆགས་དང་༔ འབྲས་བུ་ཐམས་ཅད་དུ་འདུ་བྱེད་པའོ༔ མདོར་བསྡུ་ན༔ དེ་ཐམས་ཅད་ཀྱི་སྣོད་དམ་གཞི་ལྟ་བུར་གྱུར་པས་ན་ཀུན་གཞི༔ གོ་འབྱེད་པའི་ཆ་ནས་ཀུན་གཞིའི་རྣམ་པར་ཤེས་པ༔ དེ་ཁ་ཕྱིར་བལྟས་ཏེ་ཡུལ་ལ་སད་པའི་ཆ་ནས་སྒོ་ལྔ༔ རང་ས་ནས་ཉོན་མོངས་ཉེ་བར་ལེན་པའི་ཆ་ནས་ཉོན་ཡིད༔ སྣ་ཚོགས་སུ་འབྱེད་པའི་ཆ་ནས་ཡིད་ཤེས་ཏེ༔ རྣམ་པར་ཤེས་པའི་ཚོགས་བརྒྱད་ཅེས་བྱའོ ཡང་གསོལ་བ༔ དེ་ལྟར་ན་སྣང་བའི་ཁམས་འདི་དག་འཁྲུལ་སྣང་ཡིན་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡུལ་ཁྱིམ་ལ་སོགས་པའི་དངོས་གཅིག་ཏུ་སྣང་བའི་རྒྱུ་ཇི་ལྟར་ལགས༔ བཀའ་སྩལ་བ༔ རྟོགས་པ་

(༨༧)འུྃ རྣམས་ཀྱི་སྣང་ངོར་ནི་འཁྲུལ་པའི་སྣང་བ་ཡེ་ནས་ཡོད་མ་མྱོང་སྟེ༔ མ་རྟོགས་པ་རྣམས་ལའང་སྤྱི་ཚན་དུ་རིགས་དྲུག་སོ་སོའི་སྣང་བས༔ ཆུ་གཅིག་པུ་ཉིད་ལའང་ལྷས་བདུད་རྩི༔ དམྱལ་བས་མེ་མདག ཡི་དྭགས་ཀྱིས་རྣག་ཁྲག་ལ་སོགས་པའི་རིགས་དྲུག་གིས་སྣང་ཚུལ་ཐ་དད་དེ༔ གནས་རིགས་དེ་དང་དེའི་ལས་སྣང་དང་རྩལ་གཟུགས་ཀྱིས་བསྡུས་པ་དག་ནི་ཁམས་དང་དབང་པོ་དང་བསམ་པའི་སྣང་ཚུལ་ཡང་རགས་པ་ཙམ་དུ་གཅིག་པའི་འཁྲུལ་སྣང་ལ་ལྷན་གཅིག་ཏུ་སྤྱོད་པའི་ཕྱིར་རོ རྟོགས་མ་རྟོགས་ཀྱི་ཆ་ནས་གཞལ་ན་དེ་ལྟར་སྣང་བ་ཡང་མི་རིགས་ཏེ༔ དཔེར་ན་ཆོས་ཉིད་ལ་མཉམ་པར་གནས་པའི་རྣལ་འབྱོར་པ་ལ་རི་དང་༔ ཁང་ཁྱིམ་ལ་སོགས་པ་སྣང་ངོ་ལ་མ་འགགས་ཀྱང་༔ རིག་ངོ་ལ་དེ་དང་དེར་འཛིན་གྱི་འདུ་ཤེས་མེད་པས་སྣང་སེམས་དུ་མ་རོ་གཅིག་གི་ངང་ནས ནམ་མཁའ་ལ་མཁའ་ལྡིང་བཞིན་བྱ་བ་དང་༔ ཆུ་ལ་ངང་པ་ལྟ་བུ་དང་༔ རི་བྲག་ལ་ཐལ་བྱུང་དུ་འགྲོ་བ་ལ་སོགས་ཀྱང་སྣང་བ་ལ་དེར་འཛིན་མེད་པ་ལས་བྱུང་བའོ༔ དེའི་ཕྱིར་ཀུན་བྱེད་

(༨༨)རྒྱལ་པོ་སེམས་ཀྱི་གནས་ལུགས་ཉིད་ཀུན་གཞིའི་ཀློང་ན་བལྟར་མི་མངོན་པར་ག་བ་ནས་འཁོར་འདས་ཐམས་ཅད་ཀྱི་གཞིར་གནས་པ་དང་ གཞི་ཐོག་ནས་གཞི་སྣང་བ་ཆེན་པོའི་འོད་གསལ་མུ་མཐའ་མེད་པར་ཤར་ཀྱང་༔ ཡུལ་དང་མ་འབྲེལ༔ རང་སར་མ་རྨུགས༔ འཛིན་པས་མ་བསླད༔ བཟུང་བས་མ་བཅིངས༔ ཤེས་དང་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་ཏེ་ཆོས་སྐུའི་དབྱིངས་ལ་བྱང་ཆུབ་པ་དང་༔ གཞི་ལས་ཤེས་པ་གཡོས་ཏེ་ཡིད་ཀྱི་རྣམ་ཤེས་སུ་གནས་འགྱུར༔ གཟུང་འཛིན་གྱི་གདོན་ཆེན་པོ་དང་འགྲོགས་ནས་ལས་དང་བག་ཆགས་ཀྱི་རྟེན་བྱེད་པའི་མཚང་ཆེན་པོ་འདི་ཤེས་ནས་ང་ཀུན་ཏུ་བཟང་པོས་ཟག་བཅས་ཀྱི་དགེ་བ་རྡུལ་ཙམ་ཡང་མ་བྱས་པར་སངས་རྒྱས་ཐམས་ཅད་ཀྱི་མེས་བོར་སངས་རྒྱས་པའོ༔ ཞེས་གསུངས་སོ༔ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས༔ རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་རང་བཞིན་བཤད་པའི་ལེའུ་སྟེ་གསུམ་པའོ༔ ༔དེའི་ཚེ་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་

(༨༩)འུྃ སྟན་ལས་ལངས་ཏེ རང་གི་སྟོན་པ་ལ་ཆོས་ཉན་ཅིང་རང་གི་ཉེ་འཁོར་ལ་འགྲོ་བ་མཛད་པའི་ངང་ནས་འདི་སྐད་ཅེས་གསོལ་ཏོ༔ ཀྱཻ་བཅོམ་ལྡན་འདས་ཀ་དག་ཞེས་བྱ་བ་ནི་རིག་པའི་སྟོང་ཆ་སྤྲོས་མཚན་དང་བྲལ་བ་འདི་ཁོ་ན་ལགས་སམ༔ དེ་ལས་འོད་གསལ་མ་བུའི་རྣམ་པར་དབྱེ་བ་ནི་གང་༔ རང་བཞིན་རྫོགས་པ་ཆེན་པོ་ཡེ་ཇི་བཞིན་གནས་ལུགས་བཤད་དུ་གསོལ༔ བཀའ་སྩལ་བ ངའི་སྙིང་ཏིག་གི་དགོངས་པ་གདོད་ནས་འཁྲུལ་མ་མྱོང་བའི་ཡེ་ཤེས་སངས་རྒྱས་བཟང་པོས་མ་བཅོས སེམས་ཅན་ངན་པས་མ་བསླད་པའི་ངང་དུ་སྣང་སྲིད་ཡེ་སངས་རྒྱས་པ་ལ་ཀ་དག་ཞེས་ཚིག་བླ་དགས་སུ་བཏགས་པ་ཙམ་སྟེ ངོ་བོའི་ཆ་ནས་སྣང་བ་དང་སྟོང་པའི་ཕྱོགས་གང་དུའང་ལྷུང་བ་མེད་པས་རྒྱུ་འབྲས་དང་བཅས་པའི་བསྐྱེད་བྱ་སྐྱེད་བྱེད་ལ་སངས་རྒྱས་སུ་རེ་བ་མ་འཚོལ་ཅིག༔ ཅིའི་ཕྱིར་ཞེ་ན ངས་བྱ་རྩོལ་ལས་འདས་པའི་ཐེག་པར་གཞི་དང་ལམ་གྱི་འོད་གསལ་དངོས་གཅིག་ཏུ་བཤད་པ་ལས༔ མ་དང་བུའི་བྱེ་བྲག་འབྱེད་པའི་རྟོག་ཆོས་

(༩༠)གཙོ་བོར་བསྟན་པ་ནི་མེད་དོ༔ འོན་ཏེ་གཉིས་སུ་མེད་པའི་དོན་ལ་གཉིས་སུ་བྱ་བའང་གདུལ་བྱ་ཁ་དྲང་བའི་སླད་དུ་ཡིན་ན་གདོད་མའི་གཞི་དབྱིངས་མཐར་ཐུག་གི་གྲོལ་ས་ཆེན་པོ་ནམ་མཁའི་དབྱིངས་ལྟ་བུ་ལ་འོད་གསལ་མའི་ཐ་སྙད་ཙམ་གདགས་སུ་རུང་ངོ་༔ ད་ལྟ་ལམ་གྱི་གནས་སྐབས་ན་རྣམ་པར་ཤེས་པའི་ཚོགས་དང་བཅས་ཤིང་༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་དབུས་ན་བུམ་པ་ནང་གི་ནམ་མཁའ་གུད་དུ་བཅད་པ་བཞིན་བདེ་གཤེགས་སྙིང་པོ་རང་བཞིན་གྱི་འོད་དུ་གསལ་བའི་བདག་ཉིད་ཅན་ལ་གོམས་པར་བྱེད་པ་ལ་བུའི་ཐ་སྙད་ཙམ་དུ་མཚོན་ཏེ༔ འདི་དག་ཀྱང་དོན་དམ་པར་ནི་མ་ཕྱིར་བཞག༔ བུ་ནང་དུ་བསྐྱིལ་བ་ལྟ་བུའི་གོ་མྱོང་ཡོད་ན་དེ་ཡང་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་ང་སྨྲའོ༔ ཀྱེ་ཡེ་ཤེས་རྡོ་རྗེ༔ ང་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་ཀློང་ནི ངོ་བོ་ལ་མཚན་ཉིད་མེད་པས་རྟག་པ་མ་ཡིན་ནོ༔ རང་བཞིན་ལ་གསལ་འགྲིབ་སྤངས་པས་ཆད་པ་མ་ཡིན༔ ཐུགས་རྗེ་ལ་ཕྱོགས་རིས་མེད་པས་མུ་དང་མཐའ་མ་གཏུགས༔ ནམ་མཁའི་ཁམས་སུ་གྱུར་ཡང་སྟོང་པས་

(༩༡)འུྃ དཔེར་མ་བཏུབ༔ ཉི་ཟླའི་འོད་དང་འདྲ་སྟེ་རིག་པས་གོ་ཕྱེད ངའི་སྣང་བ་ལ་བཟུང་བའི་ཡུལ་མེད་པས་ཕྱི་སྟོང་པ་ཉིད་དོ ངའི་སྟོང་པ་ལ་འཛིན་པའི་སེམས་མེད་པས་ནང་སྟོང་པ་ཉིད་དོ རིག་པའི་ཀློང་ན་ཡེ་ཤེས་རྒྱ་མ་རལ་བས་དོར་བ་མེད་པ་སྟོང་པ་ཉིད་དོ མདོར་ན་ཁས་ལེན་གྱི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྫོགས་པས་གཞི་ཀ་དག་ཆེན་པོ༔ ལམ་ལྷུན་གྲུབ་ཆེན་པོ༔ འབྲས་བུ་རང་གྲོལ་ཆེན་པོ༔ བསྒོམས་པས་སངས་རྒྱས་མ་ཐོབ༔ མ་བསྒོམ་པས་འཁོར་བར་མ་འཁྱམས སོ་མ་རང་གྲོལ་རྒྱ་ཡན་ལྷུན་འབྱམས་ངང་གཞག་ཆེན་པོ་སྟེ་ཆོས་ལྔ་དང་ལྡན་པ་ཀ་ནས་དག་པའི་ཡེ་ཤེས་ཆེན་པོ་དུས་གསུམ་འཕོ་འགྱུར་མེད་པ་ཞེས་བྱའོ༔ དེའི་ངང་ལས་གཞི་སྣང་བ་ཆེན་པོ་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུ་ཐོད་རྒལ་གྱི་སྣང་བ་བཀོད་དེ༔ ཤེས་རབ་རང་བྱུང་གི་སྒྲོན་མས་འཆར་བའི་གཞི་བྱས་སོ༔ རྒྱང་ཞག་ཆུའི་སྒྲོན་མས་འཆར་བྱེད་ཀྱི་སྒོ་བྱས་སོ༔ དག་པ་དབྱིངས་ཀྱི་སྒྲོན་མས་ཤར་བའི་རྒྱན་བྱས་སོ ཐིག་ལེ་སྟོང་

(༩༢)པའི་སྒྲོན་མས་ཤར་བའི་མཚན་ཉིད་བྱས་སོ༔ དེ་ལྟར་སྒྲོན་མ་རྣམ་པ་བཞིའི་རྟེན་དེ་ཡང་བརྟེན་པ་རིག་པའི་གདངས་ཆེན་པོ་རྡོ་རྗེ་ལུ་གུ་རྒྱུད་ཆོས་ཉིད་མངོན་སུམ་པའི་སྣང་བ་དང་འགྲོགས་པ་ལས༔ ཉམས་གོང་འཕེལ་དང་༔ རིག་པ་ཚད་ཕེབས་དང་ ཆོས་ཉིད་ཟད་པ་སྟེ་སྣང་བ་ཆེན་པོ་བཞི་མཐར་ཐུག་པས་འབྲས་བུའི་ཆོས་ལམ་གྱི་སྣང་བ་ལ་རྫོགས་པ་ནི་ཀུན་ཏུ་བཟང་པོའི་གསང་བ་བསམ་གྱིས་མི་ཁྱབ་པའོ༔ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས༔ གཞི་སྣང་བ་ཆེན་པོའི་ལམ་བཤད་པའི་སྐབས་ཏེ་ལེའུ་བཞི་པའོ༔ ཡང་སངས་རྒྱས་ཀུན་དང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེས་གསོལ་བ ཀྱེ་སྟོན་པ་དགོངས་ཤིག༔ ངོ་བོ་ཉིད་ཀྱི་སྐུ་འབྲས་བུའི་ལོངས་སྐུ་ཆེན་པོ་དང་༔ ངོ་བོ་ཉིད་ཀྱི་སྣང་བ་ཆོས་ཉིད་ཀྱི་ལོངས་སྐུའི་ཁྱད་པར་གསུང་དུ་གསོལ༔ བཀའ་སྩལ་པ༔ ལོངས་སྤྱོད་རྫོགས་པའི་སྐུའི་འཆར་གཞི་ནི་ཆོས་ཀྱི་སྐུའི་རྩལ་སྣང་སྟེ༔ དེའི་མཚན་ཉིད་ནི་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའོ ངོ་བོ་ནི་ཆོས་སྐུའི་རང་བཞིན་ལས་

(༩༣)འུྃ གཡོ་བ་མེད་པའོ ངེས་ཚིག་ནི་སྐུ་གསུམ་དང་ཡན་ལག་བདུན་གྱི་རྒྱུ་དང་འབྲས་བུའི་ཆོས་མ་ལུས་ཤིང་ལུས་པ་མེད་པའི་སྣང་བ་ལ་རྟག་པ་རྒྱུན་གྱི་འཁོར་ལོར་ལོངས་སྤྱོད་པས་ན་བཅུ་གཅིག་ཀུན་ཏུ་འོད་ཀྱི་སའི་སྣང་བ་སྟེ་འབྲས་བུའི་ལོངས་སྐུ་ཞེས་བྱའོ༔ དེ་ལས་གདུལ་བྱའི་སྣང་ཚུལ་གྱི་སྐུའམ༔ གཟུགས་བརྙན་ལོངས་སྐུའི་སྟོན་པ་ནི་ངེས་པ་ལྔ་ལྡན་འབྲས་བུའི་སྐུ་ལས་བྱད་དང་མེ་ལོང་གི་གཟུགས་བརྙན་བཞིན་སྟོན་པ་རྡོ་རྗེ་འཆང་གི་ཐུགས་རྗེ་ལས་རང་བཞིན་དུ་སྤྲུལ་པ་མངོན་པར་དགའ་བ་དང་༔ དཔལ་ལྡན་བརྩེགས་པ་དང་༔ པདྨ་བརྩེགས་པ་དང་༔ ལས་རབ་གྲུབ་པ་དང་༔ མེ་རི་འབར་བ་ལ་སོགས་ཏེ་ཕྱོགས་བཅུ་སྦྲུལ་པའི་ཞིང་དུ་རྣམ་པར་འཕྲུལ་ལོ༔ འདི་ལྟར་གསང་བ་མཆོག་གི་ཐེག་པ་འདིའི་ལམ་གྱི་སྒོ་མཐོང་ཞིང་དམ་ཚིག་ཆེན་པོའི་གནས་ལ་བསླབ་པ་དག་ནི་གལ་ཏེ་སྐྱེ་བ་འདི་ལ་སྣང་བཞི་ཚད་དུ་མ་ཕྱིན་ཀྱང་༔ ཁམས་བདེ་གཤེགས་སྙིང་པོའི་ཁྱབ་བྱེད་རང་གི་སྙིང་ཁ་ན་གཞི་སྣང་བ་ཆེན་པོའི་འོད་གསལ་ཆོས་ཀྱི་དབྱིངས་དང་༔ མེ་ལོང་ལྟ་བུ་དང་

(༩༤)མཉམ་པ་ཉིད་དང་༔ སོ་སོར་རྟོགས་པ་དང་ བྱ་བ་གྲུབ་པ་དང་ལྔའི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཆེན་པོའི་འཆར་གཞིར་བཞུགས་པས་ལམ་སྣང་དུ་རིག་པ་ཚད་ཕེབ་ཀྱི་མཚན་དཔེ་འགོད་ཅིང་༔ ཆོས་ཉིད་ཀྱི་ལོངས་སྐུས་བར་དོའི་ལམ་དུའང་གདུལ་བྱའི་དོན་རྨི་ལམ་ལྟར་བྱེད་པའི་ཕྱིར་ཕྱེད་སྤྲུལ་ལོངས་སྐུ་ཞེས་བྱ་སྟེ༔ རང་སྣང་ལ་འབྲས་བུའི་ལོངས་སྐུ་དང་ངོ་བོ་ཐ་དད་པ་མ་ཡིན་ཀྱང་༔ ཞིང་ཁམས་དང་འཁོར་ལ་སོགས་པ་སྤྲུལ་པའི་སྣང་བས་བསྡུས་པའི་ཕྱིར་རོ། དེའི་ཕྱིར་ཞིང་ཁམས་འདི་དག་ཏུ་དབུགས་ཕྱུང་བ་དག་ནི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡིན་ལ༔ དབྱིངས་ཀྱི་ལོངས་སྐུ་ཆེན་པོ་ནི་སངས་རྒྱས་ཉིད་ཀྱི་སྣང་ཆར་སྟོང་གཟུགས་རྟགས་པ་རྒྱུན་གྱི་འཁོར་ལོའི་ཆོས་ཉིད་ལ་སྤྱོད་ཅིང་༔ རྒྱུད་གཞན་དུ་ས་བཅུའི་དབང་ཕྱུག་གིས་ཀྱང་མི་མཐོང་བའི་ཁྱད་པར་རོ༔ ཞེས་གསུངས་པས༔ འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རང་སྣང་ཉིད་ལ་རང་སྣང་དུ་སྤྱོད་པའི་སྐལ་བ་ཆེན་པོ་ལ་རྗེས་སུ་ཡི་རང་བའི་ངང་ནས་གསོལ་

(༩༥)འུྃ བ ཀྱཻ་སྟོན་པ་ཀུན་ཏུ་བཟང་པོ ཉིད་ཀྱི་དགོངས་པ་ལ་གཅིག་དང་ཐ་དད་པའི་མཚན་མ་མི་དམིགས་ན ངོ་བོ་ཉིད་ཀྱི་ཡེ་ཤེས་ངོ་བོ་ཉིད་ཀྱི་ཀློང་ན་འཁྱིལ་པ་ཆོས་དབྱིངས་གཞོན་ནུ་བུམ་པའི་སྐུའི་གནས་ལུགས་གསུང་དུ་གསོལ ཞེས་ཞུས་པས བཅོམ་ལྡན་འདས་དཔལ་གདོད་མའི་མགོན་ོས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་དོན་ལ་དགོངས་པ་ཙམ་ནས་ཅང་མི་གསུང་བའི་གནས་སྐབས་སུ་གྱུར་ཏེ་ཅང་མ་གསུང་བའི་དོན་གྱིས་ལན་བཏབ་ནས་ཞལ་ཕྱག་མཚན་དཔེར་སྟོན་པའི་སྤྲོས་པ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་རྡོ་རྗེམངོན་པར་བྱང་ཆུབ་པའི་དབྱིངས་སུ་ཐིམ་པར་གྱུར་རོ དེའི་ཚེ་སངས་རྒྱས་ཀུན་དང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་དེ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེས་བསྐུལ་ཏེ་ངོ་བོའི་བཞུགས་ཚུལ་ཚིག་གི་ལམ་དུ་སྟོན་པའི་སྤོབས་པའི་གཏེར་ཆེན་པོ་ཡོངས་སུ་གྲོལ་ནས་བཀའ་སྩལ་པ༔ ཨེ་མ་ཧོ༔ རྟག་པ་མ་ཡིན་ཡེ་ཤེས་

(༩༦)སྐུ ཆད་པ་མ་ཡིན་གསལ་བའི་གདངས གཉིས་ཀ་མ་ཡིན་ཟུང་འཇུག་སྦུབས སོ་སོ་རང་རིག་ངོ་བོའི་སྐུ མཐའ་དང་དབུས་མེད་ནམ་མཁའི་ངང་ ཆོས་ཉིད་གསལ་བའི་གཞལ་ཡས་ན སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག ནང་གསལ་གཞོན་ནུ་བུམ་པའི་སྐུ བགྲེས་རྒུད་མེད་པའི་གཞོན་ནུ་ལ མཁྱེན་ཆ་ནང་གསལ་བུམ་པའི་སྐུ འགྱུར་བ་མེད་པའི་ཡེ་ཤེས་དང་ འགག་མེད་ཐབས་ཀྱི་ཤེས་རབ་རྩལ ངང་དང་རང་བཞིན་ཆོས་ཉིད་ཀློང་ ཐིམ་ལམ་རྨུགས་ཕྲ་བའི་སྐུ གནམ་སྟོང་དག་གི་ཟླ་བ་བཞིན གཟུགས་སྐུ་གཉིས་ཀྱི་ཡོན་ཏན་ཀུན སྣང་ཆར་མི་གསལ་དབྱིངས་སུ་འཁྱིལ གདུལ་བྱའི་དོན་ལ་སོ་སོར་སྣང་ ཆོས་སྐུའི་ཀློང་ན་གཅིག་ཏུ་འདྲེས ལོངས་སྐུའི་ངང་ནས་མཚན་དཔེར་རྫོགས སྤྲུལ་པས་གདུལ་བྱ་དཔག་མེད་འདྲེན མདོར་ན་དེ་བཞིན་གཤེགས་པ་ཡི སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི གསང་བ་བསམ་གྱིས་མི་ཁྱབ་པའི ཡེ་ཤེས་ཆེན་པོ་གང་ཡིན་པ ངོ་བོ་ཉིད་ཀྱི་ཀློང་ནའོ ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་

(༩༧)འུྃ རྒྱུད་ཅེས་བྱ་བ་ལས འབྲས་བུའི་གྲོལ་ས་ཆེན་པོ་བཤད་པའི་ལེའུ་སྟེ་ལྔ་པ་སྐུ་དང་ཡེ་ཤེས་ཀྱི་ངེས་བརྗོད་བསྟན་པ་རྫོགས་སོ རྒྱུད་འདི་སོར་མོ་དྲུག་པའི་ཚད རིན་ཆེན་དང་པོའི་ཁུ་བས་བྲིས འདི་ནི་ཆོས་སྐུའི་རིང་བསྲེལ་དངོས གཞན་གསུམ་དག་ཀྱང་ལྡན་པར་བྱ སེལ་མེད་བདུད་རྩི་ཨ་མྲྀ་ཏ བདེ་བསྐྱེད་མ་ཡི་ལྕང་ལོར་བཅས སྤྱི་ལ་གླེགས་བམ་ཚུལ་དུ་བྱས༔ མགུལ་དུ་དྲོད་དང་མ་བྲལ་བཅ རྣལ་འབྱོར་ལྡན་ལ་ཙན་དན་གྱི དྲིལ་ཤིང་བཅས་ཏེ་ཞབས་ནས་དྲིལ དར་སྣ་ལྔ་ཡིས་རྒྱ་ཆིང་གདབ མཁའ་འགྲོ་ཚོགས་ཀྱིས་མཉེས་བྱས་ལ༔ ཐོད་རྒལ་རིག་པའི་རྩལ་དབང་དང་ འབྲེལ་བར་བདེ་ཆེན་འཁོར་ལོར་བཟུང་ ཆོས་ཕུང་བརྒྱད་ཁྲི་བཅངས་དང་མཉམ༔ འཁོར་འདས་ལམ་གསུམ་ཀུན་གྱི་མཚང་ རིག་འཛིན་དཔའ་བོ་མཁའ་འགྲོ་ཡི བླ་རྡོ་ཡིན་པས་དད་གུས་བསྐྱེད རྩ་གསུམ་ལྷ་ཚོགས་སྤྲིན་བཞིན་འདུ ཉམས་དང་རྟོགས་པ་ཤུགས་ལ་འབར བགྲོད་པ་གཉིས་དང་ས་གཡོ་སོགས༔ རྣལ་

(༩༨)འབྱོར་རང་ཉམས་འབར་བའི་ཚེ རྒྱུད་འདི་ཀླག་ཅིང་དོན་ལ་བསམ འདི་དོན་བདེ་བླག་སུས་རྟོགས་པ ཐོག་མའི་ཀུན་ཏུ་བཟང་པོ་དང་ སྐལ་པ་མཉམ་པར་འགྱུར་བས་ན ལྟ་སྒོམ་དམན་དང་ཐེག་དམན་ལ༔ གཙུག་གིས་མི་འདུད་ལག་གི་བརྡ འདི་ནི་རྒྱུད་ཀུན་སྙིང་པོ་སྟེ དད་དང་ངེས་ཤེས་སུ་ལྡན་པ དེ་ལ་སྦྱོར་བའི་དངོས་གྲུབ་ཡོད ཐེ་ཚོམ་ཅན་ལ་སྐལ་བ་ཆད དེ་ཕྱིར་འབྲས་བུ་གསང་སྔགས་ཀྱི ལམ་ལ་ཡིད་གཉིས་མེད་པ་དང་ མོས་པ་བརྟན་པ་ཁག་ཆེ་བས ཐབས་ཀྱི་ལམ་མཆོག་དམ་པའོ ས་མ་ཡ རྒྱ་རྒྱ་རྒྱ གཏེར་རྒྱ སྦས་རྒྱ དམ་རྒྱ ཟབ་རྒྱ རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ནི་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲའི་གསང་བ་གསུམ་གྱི་སྒྱུ་འཕྲུལ་རྡོ་རྗེའི་བཀོད་པས ཐ་སྙད་དང་ཚིག་ལ་མ་བརྟེན་པར་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ནས་འགག་པ་མེད་པར་བཤད་ཅིང་༔ རིག་འཛིན་འཇིགས་མེད་གླིང་པས་སྐད་གཉིས་ཤན་སྦྱར་གྱི་རྟོག་ཆོས་ལ་མ་ལྟོས་བར་པུ་རི་དཀར་པོ་ཀློང་སྒོམ་འབར་བའི་

(༩༩)འུྃ མཁའ་འགྲོའི་ཡི་གེ་ལས་པར་གྱིས་བཏབ་པ་བཞིན་དུ་སྐད་ཅིག་ཉིད་ལ་གཏན་ལ་དབབ་པའོ༔ ཤིན་ཏུ་ཟབ་ཅིང་བཀའ་གཉན་པས་དབྱིངས་ཀྱི་མཁའ་འགྲོ་རྣམས་མཁྲེན་པའི་རྒྱུས༔ ཉིན་ཞག་གཅིག་ཏུ་བཙན་ཐབས་ཀྱི་འདུ་འཁྲུགས་དྲག་པོའང་བྱུང་༔ བུད་མེད་ཞིག་གིས་བྷོ་དྷི་ཙི་དང་༔ རཀྴའི་ཕྲེང་བ་སྨུག་པོ་རྒྱན་ལྡན་ལུ་གུ་རྒྱུད་དུ་སྦྲེལ་བ་གཉིས་ལས་རཀྴ་དང་ཆུ་དར་སྔོན་པོའི་རྒྱ་མདུད་ལྷན་ཅིག་པར་སྤྲད་ནས་གསང་བར་གདམས་པ་ཡིན་པས་རེ་ཞིག་གསུམ་རྒྱུད་དུ་གུ་ཧྱ༔

(༡༠༠)

(༡༠༡)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས་མན་ངག་རྫོགས་པ་ཆེན་པོའི་རྒྱུད་ཕྱི་མ་བཞུགས

(༡༠༢)འུྃ རྒྱ་གར་སྐད་དུ མ་ཧཱ་སནྡྷི་ཨུ་པ་དེ་ཤ་ཏནྟྲ་ནཱ་མ༔ བོད་སྐད་དུ༔ མན་ངག་རྫོགས་པ་ཆེན་པོའི་རྒྱུད་ཅེས་བྱ་བ༔ མ་བཅོས་རིག་པའི་ཀློང་ལ་ཕྱག་འཚལ་ལོ༔ ཐོག་མའི་མགོན་པོ་ཀུན་ཏུ་བཟང་༔ སངས་རྒྱས་ཀུན་གྱི་མེས་པོ་ངས༔ ཅི་ཡང་མ་ཡིན་འོད་གསལ་དང་༔ ཉེ་བར་ལེན་པའི་མ་རིག་ཀུན༔ དབྱིངས་སུ་བཅོམ་ནས་སངས་རྒྱས་ཏེ༔ འཁོར་བར་འཁྱམ་དུ་མ་མྱོང་བས༔ ང་ལ་ཐོག་མའི་མགོན་དུ་གྲགས༔ དེ་ཚེ་དབྱིངས་ལས་རིག་པའི་རྩལ༔ ལྷུན་གྲུབ་ཐུགས་རྗེའི་

(༡༠༣)འུྃ སྤྲིན་བཀོད་ཚེ༔ སྙིང་རྗེས་འཁོར་བའི་སེམས་ཅན་རྣམས༔ མ་བཟོད་ང་ཡི་གོ་འཕང་ལ༔ འགོད་ཕྱིར་འགགས་མེད་རང་བྱུང་རྩལ༔ གཞི་ལམ་འབྲས་བུའི་རྒྱུད་དུ་བཤད༔ གཞི་ནི་འཁོར་འདས་འདུས་མ་བྱས༔ ལམ་ནི་གསལ་དངས་ཕྱེད་པར་ཤར༔ འབྲས་བུ་མ་བཙལ་ལྷུན་གྲུབ་སྦུབས༔ བཅིངས་གྲོལ་མེད་པར་བུདྡྷའོ༔ ས་མ་ཡ༔ རྒྱུ་རྐྱེན་ལས་འདས་སྟོང་པ་ཉིད༔ འོད་དུ་གསལ་བའི་བདག་ཉིད་ཅན༔ སེམས་ཅན་ཀུན་གྱི་རང་རྒྱུད་ལ༔ གནས་ཀྱང་རང་ངོ་རང་གིས་བསྒྲིབས༔

(༡༠༤)ལས་དང་བག་ཆགས་མུན་ཀློང་འཐུམས༔ སྣ་ཚོགས་སྡུག་བསྔལ་ལས་ལ་སྤྱོད༔ དེ་དག་སྙིང་རྗེས་དྲང་བའི་སླད༔ ང་ཡི་གནས་ལུགས་ཆེན་པོ་ལ༔ བཞུགས་ཚུལ་ངོ་བོ་བརྟན་པའི་ཕྱིར༔ སྐྱེ་མེད་ཀློང་ནས་ཚིག་གི་རྒྱུད༔ འགགས་མེད་རྡོ་རྗེའི་རོལ་མོར་བསྒྱུར༔ ས་མ་ཡ༔ སེམས་ཞེས་སྣ་ཚོགས་སྣང་བའི་སྒོ༔ མི་དྲན་དགུ་དྲན་འཁོར་བ་དང་༔ མྱ་ངན་འདས་པ་ཀུན་གྱི་གཞི༔ བྱུང་ནི་དང་པོ་གང་ནས་བྱུང་༔ སྣང་བ་ས་རྡོ་རི་བྲག་དང་༔ སྟོང་པ་ཅང་མེད་ནམ་མཁའི་དབྱིངས༔ དེ་ལ་སོགས་ཏེ་སྣང་བརྟགས་ཀྱི༔ ཤེས་བྱས་ཁྱབ་བའི་ཡུལ་ཀུན་ལ༔ བརྟག་དཔྱད་གཞིག་འབྲེལ་ཅི་བྱས་ཀྱང་༔ ངོ་བོས་སྟོང་པའི་ཆོས་ཉིད་ལ༔ བྱུང་ས་སྟོར་བས་བྱུང་མཁན་མེད༔ རྒྱུ་ཡིས་དཔྱད་དུ་མེད་པའི་ཕྱིར༔ ངོ་བོ་སྟོང་པར་ང་ཡིས་བཤད༔ དེ་བཞིན་ལམ་གྱི་གནས་སྐབས་སུ༔ བག་ཆགས་ལས་གྲུབ་སེམས་ཅན་གྱི༔ སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན༔ གང་དུ་གནས་པའི་ཡུལ་བཙལ་བས༔ འཚོལ་བའི་མཁན་པོ་སྟོང་པར་

(༡༠༥)འུྃ ཤར༔ རྐྱེན་ལ་བལྟོས་པ་མེད་པའི་ཕྱིར༔ རང་བཞིན་གསལ་བ་ང་ཡིས་བསྟན༔ ཐ་མ་འཁོར་བ་སྟོངས་གྱུར་ནས༔ སྣོད་བཅུད་མིང་ཡང་མི་གྲགས་ཚེ༔ ཡུལ་དང་ཡུལ་ཅན་ལ་སོགས་ཏེ༔ རང་བཞིན་ཅི་ཡི་གནས་སུ་འགྲོ༔ བརྟགས་ཀྱང་འགྲོ་མཁན་རྣམ་དག་པས༔ འགྲོ་སའི་ཁུངས་དང་བྲལ་བའི་ཕྱིར༔ ཐུགས་རྗེ་ཀུན་ཁྱབ་ཆེན་པོའོ༔ ས་མ་ཡ༔ དེ་ལྟར་བྱུང་གནས་འགྲོ་གསུམ་གྱི༔ དཔྱད་དུ་མེད་པའི་སེམས་ཉིད་འདི༔ དངོས་པོ་ཅན་ནམ་དངོས་མེད་ཅན༔ གསལ་བ་ཅན་ནམ་སྟོང་པ་ཅན༔ འབྲས་བུ་ཅན་ནམ་འབྲས་མེད་ཅན༔ དོན་ལ་ཡོད་དམ་མེད་པ་སོགས༔ ཇི་ལྟར་གཞིགས་ཤིང་བློས་དཔག་ཀྱང་༔ བྱ་ལོང་ནམ་མཁའི་མཐའ་འཚོལ་བཞིན༔ ཤེས་བྱས་ཐུག་པར་མི་ནུས་ཤིང་༔ སྟོང་པའི་ངང་ལས་རིག་པར་ཤར༔ རིག་པའི་ངོ་བོ་སྟོང་པ་ཉིད༔ རིག་སྟོང་གཉིས་སུ་མི་ཕྱེད་ལ༔ གཅིག་ཀྱང་མ་ཡིན་ཀུན་གྱི་སྲོག༔ སངས་རྒྱས་བཟང་པོས་མ་བཅོས་ཤིང་༔ སེམས་

(༡༠༦)ཅན་ངན་པས་མ་བསྒྱུར་བའིད་ལྟའི་རིག་པ་བཟོ་མེད་པ༔ གཅེར་ཡན་དྲི་མེད་རང་གསལ་ནི༔ གདོད་མའི་མགོན་པོ་ང་ཉིད་དོ༔ དེ་ཉིད་མ་རིག་སེམས་ཅན་རྣམ༔ དེ་ལ་གཟུགས་སུ་རྟོགས་པར་བྱེད༔ བསྐལ་པར་བསྒྲུབས་ཀྱང་ང་མི་མཐོང་༔ ང་ལ་སྒྲ་རུ་རྟོགས་པར་བྱེད༔ རིག་པ་བགྲང་ཀྱང་ང་མི་འགྲུབ༔ ང་ལ་ཐུགས་རྗེའི་ཡེ་ཤེས་རྟོགདེ་ཡང་གཉིས་འཛིན་རྣམ་རྟོག་སྟེདགེ་སྡིག་ལས་དང་དེ་འབྲས་ཀྱིསཕན་གནོད་བཟང་ངན་མེད་པའི་དབྱིངས༔ སྤང་བླང་བྱ་རྩོལ་དག་པའི་ཀློང་༔ གནས་ལུགས་དོན་གྱི་ཀུན་བཟང་ང་༔ དུས་བཞི་མཉམ་པ་ཉིད་དུ་བཞུགས༔ མི་གསུངས་རང་གནས་ཆེན་པོར་བཞུགས༔ མི་འགྱུར་གཡུང་དྲུང་ལྟ་བུར་བཞུགས༔ སྤྲོས་པའི་ཚིག་གིས་བཅོས་པ་ལ༔ ང་ཡི་དགོངས་པར་ཉེ་མི་སྲིད༔ མངོན་སུམ་གནད་དུ་ཕེབས་པ་དེ༔ ང་དང་གཉིས་སུ་མེད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་དགོངས་པ་དོན་རྒྱུད་ལ༔ ཚིག་རྒྱུད་རྣམ་པ་གསུམ་དུ་བྱུང་༔ སེམས་ཀློང་མན་ངག་སྡེ་གསུམ་མོ༔ དང་པོ་

(༡༠༧)འུྃ༔ སེམས་སྡེའི་ངོ་བོ་ནི༔ མིག་གཉིས་ནམ་མཁའི་ཁམས་སུ་བལྟ༔ འགྱུ་བའི་དབུགས་ཀྱང་རང་སོར་གློད༔ སྐྱིལ་ཀྲུང་མཉམ་གཞག་ལྷོད་ཆ་ཅན༔ ཡང་ན་ལག་གཉིས་པུས་མོར་བཀབ༔ ཆོས་ཀུན་བྱང་ཆུབ་སེམས་ཀྱི་ངང་༔ གསལ་དངས་ཕྱེད་པའི་རིག་པ་ལ༔ འདུ་ཤེས་གྲུང་པོས་མི་ལྟ་བར༔ བལྟ་བྱ་བལྟ་བྱེད་གཉིས་མེད་པའི༔ གནས་ལུགས་ཡེ་གཞག་ཆེན་པོ་ལ༔ སྒྲིམ་པོའི་བློ་ཡིས་མི་འཆོས་སོ༔ དྲན་པའི་གཟེབ་ཀྱིས་མི་འཆིང་ངོ་༔ གཉེན་པོའི་ལྷད་ཀྱིས་མི་བསླད་དོ༔ དེ་ཚེ་དྲན་བསམ་ཅི་ཤར་ཡང་༔ སེམས་ལས་བྱུང་ཞིང་སེམས་ཀྱི་ངང་༔ འཁོར་འདས་མ་ལུས་སེམས་སུ་རྫོགས༔ དེ་ལྟར་གནས་པའི་ཆོས་ཉིད་ལ༔ ཐ་སྙད་ཚིག་གིས་སྨྲ་མ་ཤེས༔ བཅོས་མའི་མིག་གིས་མཐོང་མ་གྱུར༔ ཀ་དག་གཏིང་གསལ་ཆེན་པོའོ༔ ས་མ་ཡ༔ གཉིས་པ་ཀློང་སྡེའི་ངོ་བོ་ནི༔ ཕྱོགས་རིས་མེད་བ་ལྟ་བའི་ཀློང་༔ དམིགས་གཏད་མེད་པ་སྒོམ་པའི་ཀློང་༔ རེ་དོགས་མེད་པ་སྤྱོད་པའི་ཀློང་༔ ཐེ་ཚོམ་མེད་

(༡༠༨)པ་འབྲས་བུའི་ཀློང་༔ བཟང་ངན་མེད་པ་ཆོས་སྐུའི་ཀློང་༔ དྲན་འཛིན་མེད་པ་ལོངས་སྐུའི་ཀློང་༔ རྟག་ཆད་མེད་པ་སྤྲུལ་སྐུའི་ཀློང་༔ སྒོམ་དུ་མེད་པ་འོད་གསལ་ཀློང་༔ གཉེན་པོ་མེད་པ་དྲན་པའི་ཀློང་༔ བདེ་ཆེན་ཀུན་ཏུ་བཟང་མོ་ཡི༔ བྷ་ག་ཡངས་པའི་ཀློང་ཆེན་མོར༔ བཅོས་མའི་ཆོས་རྣམས་རྫོགས་སངས་རྒྱས༔ དེ་ཕྱི་རང་ཡི་མཁའ་ཀློང་དུ༔ རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ༔ འདུ་འབྲལ་མེད་པ་ཨེ་མ་ཧོ༔ ས་མ་ཡ༔ གསུམ་པ་འོད་གསལ་མན་ངག་སྡེ༔ གནད་ཀྱི་ཡང་ཟབ་ཐིག་ལེའི་སྐོར༔ དཔྲལ་པའི་མིག་ལས་གཅེས་པ་སྟེ༔ སྙིང་གི་ཁྲག་ལས་ཕོངས་པའི་དོན༔ ཅི་ཕྱིར་བློ་ཡིས་བྱས་པའི་ཆོས༔ ཐེག་བརྒྱད་ཚིག་གི་གྲུབ་མཐའ་དང་༔ རྟོགས་པས་བརྟགས་པའི་སྟོང་པ་ཉིད༔ རྩོལ་བས་གཅུན་པའི་ཤེས་ཉམས་ལ༔ གནས་ལུགས་ཡིན་དུ་མི་རེ་བར༔ ཁྲེགས་ཆོད་གདིང་དུ་གྱུར་པ་ལས༔ ནང་དུ་སྟོང་པའི་ཉམས་ཤར་པས༔ ཕྱི་རུ་གསལ་བའི་ཡེ་ཤེས་ནི༔ སྙིང་ནས་མིག་ཏུ་འབྲེལ་བ་ཡི༔ རང་བྱུང་གསང་

(༡༠༩)འུྃ༔ བ་ཆེན་པོའི་རྩ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ དར་དཀར་སྣལ་མ་ལྟ་བུའི་ལམ༔ བརྒྱུད་དེ་དབང་པོའི་མངོན་སུམ་པར༔ ལྷག་མཐོང་རྡོ་རྗེ་ལུ་གུ་རྒྱུད༔ མུ་ཏིག་བསྟར་ལ་བརྒྱུས་པ་ལྟར༔ གསལ་འཚེར་དངས་སྙིགས་ཕྱེད་པར་འཆར༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཡེ་ཤེས་ཆེན་པོའི་ལམ་ཡིན་པས༔ མཐོང་ཞིང་གནད་ལ་སུས་ཕེབས་པ༔ ཁམས་གསུམ་ལྡོག་པ་མ་ཡིན་ནོ༔ དེ་ཕྱིར་ལྷག་མཐོང་རིག་པ་དེ༔ སྐུ་གསུམ་བཞུགས་སྟངས་གཟིགས་སྟངས་དང་༔ སྒོ་ཡུལ་རླུང་གི་གནད་བསྟུན་ཏེ༔ སྒྲོན་མ་རྣམ་བཞིར་གཅུན་པ་ལས༔ ནང་དབྱིངས་རྣམ་དག་སྒྲོན་མའི་ཀློང་༔ རིག་པ་བཅུད་དུ་སྨིན་པ་ལ༔ ཕྱེད་སྐུར་འཆར་བ་ཉམས་གོང་འཕེལ༔ རིགས་ལྔའི་ཚོམ་བུ་ཚད་ཕེབས་ཉམས༔ དེ་ཡང་སྣང་དང་མི་སྣང་གི༔ འཛིན་པའི་ཆོས་ཉིད་ལས་འདས་ཤིང་༔ རགས་པའི་ལུས་དང་དབང་པོའི་ཡུལ༔ ཐམས་ཅད་དབྱིངས་སུ་དག་པ་ལ༔ ཆོས་ཉིད་ཟད་ཅེས་ང་ཡིས་བཤད༔ ཡིད་དཔྱོད་ཐེག་པའི་

(༡༡༠)སྐུ་གསུམ་གྱི༔ འབྲས་སྣང་འདི་ཡི་ལམ་སྣང་དུ༔ སྐད་ཅིག་ཙམ་ལ་རྩལ་རྫོགས་པས༔ སྟོང་ཆེན་གཞོན་ནུ་བུམ་པའི་སྐུ༔ ནང་གསལ་ཐིམ་ལ་མ་རྨུགས་པའི༔ དབྱིངས་སུ་མངོན་པར་སངས་རྒྱས་ཚེ༔ སྤངས་རྟོགས་མཐའ་རུ་ཕྱིན་པའོ༔ ང་དང་གཉིས་སུ་མེད་པའོ༔ ཆོས་སྐུ་རང་གསལ་ཆེན་པོའོ༔ དེ་ཕྱིར་ཤིན་ཏུ་གསང་ཆེན་གྱི༔ ལམ་མཆོག་བླ་ན་མེད་པ་འདིའི༔ ལམ་གྱི་ཁྲིད་ཚུལ་རྒྱ་ཆེན་རྒྱུད༔ འོད་ཀྱི་ཡང་ཞུན་བཅུ་བདུན་གྱི༔ གནས་རྣམས་འདས་རྗེས་གསུམ་དུ་བསྡུས༔ དེ་ཉིད་ལྟར་དུ་རིག་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ལས་རང་ཤར་བ་པཎ་ཆེན་དྲི་མེད་འོད་ཟེར་གྱི་བརྡས་བརྒྱུད་དེ༔ ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སྒྲ་རང་འགྱུར༔ དོན་དགོངས་བསྒྱུར༔ མན་ངག་གནད་བསྒྱུར་གྱི་ཚུལ་དུ་གཏན་ལ་ཕབ་པ་རྫོགས་སོ༔ དཔལ་ལྡན་སྔགས་ཀྱི་སྲུང་མས་དམ་ཉམས་བཀའ་ཀུན་གྱི་ལག་ཏུ་མ་གཏང་ཞིག༔

(༡༡༡)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ ཀུན་ཏུ་བཟང་པོའི་དགོངས་ཉམས་བཞུགས༔

(༡༡༢)འུྃ དྲན་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ རྩ་བ་ཆོད་པའི་སེམས་ཉིད་ནམ་མཁའ་འདྲ༔ ནམ་མཁའི་རང་བཞིན་ནམ་མཁའ་དམིགས་སུ་མེད༔ དེ་བཞིན་རིག་པ་དཔེ་ཡིས་མི་མཚོན་ཡང་༔ ཐབས་ལ་བརྟེན་ནས་གནད་ཀྱི་མན་ངག་བཤད་ཇི་ལྟར་དབུལ་པོའི་ཁྱིམ་གྱི་གཏེར་བཟང་པོ༔ རང་ལ་ཡོད་ཀྱང་དེ་ཉིད་མ་རིག་པས༔ དབུལ་པོའི་རང་བཞིན་འགྱུར་བ་མེད་པ་ལྟར༔ མ་རིག་རྟོག་པའི་དྲ་བར་འཐུམས་ཆེས་པའི༔ མ་རྟོགས་འཁོར་བའི་སེམས་ཅན་སྙིང་རེ་རྗེ༔ ཇི་ལྟར་རྣལ་མའི་ལམ་

(༡༡༣)འུྃ༔ ལ་རྒྱབ་ཕྱོགས་ནས༔ ལོག་པའི་འདུ་ཤེས་ཤིན་ཏུ་མི་བཟད་པས༔ རྟག་ཆད་ཁ་ན་མ་ཐོས་གྲུབ་པའི་མཐའ༔ ༔ཕྱོགས་གཅིག་ཁོ་ནར་འཛིན་པའི་དཀའ་ཐུབ་ཅན༔ ལོག་རྟོགས་མུ་སྟེགས་ཅན་དག་ཉོན་རེ་མོངས༔ གདོད་ནས་དག་པའི་སེམས་ཉིད་ནམ་མཁའི་ཁམས༔ ཤེས་བྱའི་ཆོས་ཀྱིས་ཇི་ལྟར་བཙལ་བྱས་ཀྱང་༔ སྲིན་བུའི་ཁ་ཆུས་དེ་ཉིད་འཆིང་བ་ལྟར༔ དོན་ལ་རྒྱབ་ཀྱིས་ཕྱོགས་པའི་མངོན་ཞེ་ན་ཅན༔ ཉན་ཐོས་འགོག་པའི་བློ་ཅན་ཨ་ཐང་ཆད༔ འཁོར་འདས་ཀུན་གྱི་རྩ་བ་རང་གི་སེམས༔ བཅས་

(༡༡༤)བཅོས་མེད་པའི་ངང་དུ་སངས་རྒྱས་པ༔ མ་རིག་རྟེན་འབྲེལ་འཁོར་བའི་ཆོས་འཁོར་ལ༔ འདུ་ཤེས་གཅིག་ཏུ་གཞུངས་པའི་ཕྱོགས་འཛིན་ཅན༔ རབ་རྒྱལ་བཅས་མའི་སངས་རྒྱས་ཉམས་རེ་དགའ༔ གདོད་ནས་རང་རྩལ་རྫོགས་པའི་སེམས་ཉིད་དེ༔ མ་བཅོས་གཉུག་མའི་ལྷུམས་སུ་ཞུགས་པ་ལ༔ བདེན་གཉིས་ཆིག་ལ་འཆེལ་བའི་རྟོག་དཔྱོད་ཀྱིས༔ ཡིན་ཚུལ་བཅོས་མར་གཏོང་བའི་ཚུལ་འཆོས་ཅན༔ བྱང་ཆུབ་སེམས་དཔའི་གྲུབ་མཐའ་ཕྱི་ཐག་རིང་༔ བཟང་ངན་བླང་དོར་མེད་པའི་སེམས་ཉིད་ལ༔ གཙང་བཙོག་སྤོང་ལེན་སྒྲིན་པོའི་ལྷད་ཀྱིས་བསླད༔ གཉིས་མེད་དོན་ལ་གཉིས་འཛིན་གཟུགས་ཀྱིས་བཅོས༔ ཐོབ་བྱ་མེད་ལ་གོ་འཕང་དོན་གཉེར་བའི༔ བྱ་རྒྱུད་ཀྲི་ཡའི་གྲུབ་མཐའ་ཉམས་རེ་མཚར༔ བཟང་ངན་འཕེལ་འགྲིབ་མེད་པའི་གནས་ལུགས་ལ༔ ལྟ་སྒོམ་སྤྱོད་པའི་ཐ་སྙད་འགགས་ན་ཡང་༔ ཐབས་དང་ཤེས་རབ་སྤྱོད་པའི་དངོས་འཛིན་བློས༔ བྱར་མེད་བྱ་བར་གཡེལ་བའི་གྲུབ་མཐར་ཅན༔ སྤྱོད་རྒྱུད་ཨུ་པའི་བརྟུལ་ཞུགས་

(༡༡༥)འུྃ༔ ཐང་རེ་ཆང་༔ ཕྱི་ནང་བར་མཚམས་མེད་པ་དྲན་པའི་གཤིས༔ བཅོས་མའི་བློ་དང་བྲལ་བའི་སེམས་ཉིད་ལ༔ ཟབ་གསལ་ཕྱག་རྒྱར་བཅོས་པའི་རྣམ་རྟོག་ཅན༔ རྣལ་འབྱོར་ཡོ་གའི་གྲུབ་མཐའ་ཆོད་རེ་ཆུང་༔ འབད་རྩོལ་རྒྱུ་ལ་མ་ལྟོས་སེམས་ཀྱི་ངང་༔ འབྲས་བུ་ལམ་དུ་བྱེད་པའི་ཆོས་ཉིད་ལ༔ རྩ་རླུང་སེམས་ཀྱི་ངལ་བསོས་དབུགས་འབྱིན་པའི༔ སྤྲོས་བཅས་ཨ་ནུའི་གྲུབ་མཐའ་ཐང་རེ་ཆད༔ ཞལ་ཕྱག་མཚན་མ་བྲལ་བའི་སེམས་ཉིད་ལ༔ སྣང་སྲིད་ལྷ་སྐུར་ལྟ་བའི་གོལ་ས་དང་༔ སྒྲར་གྲགས་སྔགས་སུ་གོལ་བའི་འཛིན་རྟོག་ཅན༔ མ་ཧཱ་ཡོ་གའི་ལམ་གྱིས་འདི་མི་མཐོང་༔ ཀུན་ཏུ་བཟང་པོའི་དགོངས་ཉམས་ལས༔ ཐེག་བརྒྱད་བློ་ཡི་གྲུབ་མཐའ་གཞག་པའི་ལེའུ་སྟེ་དང་པོའོ༔ ཀྱེ་ཧོ༔ ང་ཡི་རང་བཞིན་རྫོགས་པ་ཆེན་པོ་ལ༔ འཁོར་འདས་ཆོས་རྣམས་སྤངས་ཐོབ་བྲལ་བར་རྫོགས༔ མན་ངག་གནད་རྣམས་རང་གྲོལ་ཆེན་པོར་རྫོགས༔ ལྟ་བའི་གནད་རྣམས་རྟག་ཆད་མེད་པར་རྫོགས༔ སྒོམ་པའི་ལམ་རྣམས་འབད་རྩོལ་

(༡༡༦)མེད་པར་རྫོགས༔ སྤྱོད་པའི་ཆོས་རྣམས་གནང་བཀག་མེད་པར་རྫོགས༔ འབྲས་བུའི་ངོ་བོ་ཡིད་སྨོན་བྲལ་བར་རྫོགས༔ རྫོགས་ཞེས་བྱ་བའང་བློས་བཏགས་ཙམ་དུ་ཟད༔ ཆོས་རྣམས་ཀུན་གྱི་ངོ་བོ་བྱང་ཆུབ་སེམས༔ སངས་རྒྱས་ཀུན་གྱི་ཐུགས་ཀྱང་བྱང་ཆུབ་སེམས༔ སེམས་ཅན་ཡོངས་ཀྱི་སྲོག་ཀྱང་བྱང་ཆུབ་སེམས༔ བྱང་ཆུབ་སེམས་ལ་ཀུན་རྫོབ་དོན་དམ་མེད༔ མེད་ཅེས་སྨྲ་ནས་སྟོང་པར་རྒྱས་མི་གདབ༔ ཡོད་ཅེས་བཟུང་ནས་རྟག་པར་བློ་མི་འཆོས༔ མ་བཟུང་མ་བཏང་རང་གར་བློ་འདས་དབྱིངས༔ བསམ་ཡུལ་སྦོས་པ་ཀུན་དང་བྲལ་བའི་ཀློང་༔ ང་ལ་བཅོས་མའི་རྣམ་རྟོག་མེད་པའི་ཕྱིར༔ དགེ་སྡིག་ལས་དང་འབྲས་བུ་གཏན་ནས་ཟད༔ ལྷ་སྔགས་ཏིང་ངེ་འཛིན་གྱིས་ཅི་ཞིག་བྱ༔ བསྒྲུབས་པས་འགྲུབ་པའི་སངས་རྒྱས་ང་མ་ཡིན༔ ང་ཡི་རང་བཞིན་ཀུན་ཁྱབ་ཆེན་པོ་ལ༔ ས་ལམ་བགྲོད་པས་མཐོང་བ་ག་ལ་སྲིད༔ དེ་ཕྱིར་རེ་དོགས་འཇུར་བུས་མི་འཆིང་བར༔ ལྟ་བ་བཟང་པོའི་ངར་དང་ཕྲོལ་ལ་ཞོག༔ སྒོམ་

(༡༡༧)འུྃ པ་ཟབ་མོའི་ཤུབས་ནས་ཐོན་ལ་ཞོག༔ སྤྱོད་པ་འཇུར་བུའི་ཚུལ་འཆོས་ཤིག་ལ་ཞོག༔ འབྲས་བུ་ཆེན་པོའི་རེ་དོག་བསྒྱུར་ལ་ཞོག༔ སྒོམ་དང་མི་སྒོམ་ལས་འདས་དྲན་པའི་ངང་༔ བྱ་དང་མི་བྱའི་རྩིས་གདབ་དབྱིངས་སུ་ཡལ༔ སྟོང་དང་མི་སྟོང་ལས་འདས་བྱང་ཆུབ་སེམས༔ ཡོད་དང་མེད་པའི་ཕྱོགས་ཞིག་གཉུག་མའི་ཀློང་༔ སྨྲ་བསམ་བརྗོད་དུ་མེད་པའི་རིག་པ་ལ དེར་འཛིན་གཉེན་པོ་མེད་པའི་སྲོག་ཤིང་ཅན གཅེར་བུ་ལྷིང་བ་རང་གྲོལ་སོ་མའི་གཤིས འབད་རྩོལ་སྤྲོས་པ་ཀུན་དང་བྲལ་བའི་ཀློང་ དུས་གསུམ་འཕེལ་འགྲིབ་མེད་པའི་རང་ལ་གནས ཀུན་ཏུ་བཟང་པོའི་དགོངས་ཉམས་ལས རྫོགས་པ་ཆེན་པོ་ཡེ་གྲོལ་སོར་གཞག་ཏུ་བསྟན་པའི་ལེའུ་སྟེ་གཉིས་པའོ ཀྱཻ་ཧོ དེ་ལྟར་སྤངས་ཐོབ་བྲལ་བའི་བྱང་ཆུབ་སེམས བདེ་བར་གཤེགས་པ་རིག་པའི་སྙིང་པོ་ཅན རྒྱུད་ལ་གནས་ཀྱང་བཅོས་མའི་གཟེབ་ཀྱིས་བཅིངས ཇི་ལྟར་སྒོམས་བཞིན་སྙིང་པོའི་དོན་ལ་སྒྲིབ རྩ་བྲལ་ངོ་བོ་མེད་པའི་ཆོས་ཉིད་ལ

(༡༡༨)ཤེས་བྱ་སྐྱེ་འགག་མེད་པར་སྒྲོ་བཏགས་པས གཟུགས་མེད་གཟུགས་སུ་བཅོས་པ་ཇི་བཞིན་དུ རྣལ་མའི་དོན་ལས་གཡེལ་བ་ཉོན་རེ་མོངས འགའ་ཞིག་དྲན་བསམ་འཕྲོ་འདུ་ཆད་པའི་རྗེས ཆེད་འཛིན་གཉེན་པོས་བསླད་པའི་སྟོང་སྒོམ་གཟུགས འབད་པས་གཅུར་གྱིས་སྒོམ་པས་ཨ་ཐང་ཆད སྲོག་རྩར་ལས་རླུང་འཇུག་པའི་གེགས་སུ་ཆེ ལ་ལ་རྣལ་མའི་ངོ་བོ་མ་མཐོང་བཞིན རྣལ་མའི་ཚིག་གིས་བསླུས་པའི་ལུང་མ་བསྟན དྲན་བསམ་ལྐོག་ཏུ་གྱུར་པའི་གཏི་མུག་ལ སྒོམ་གྱི་ངོ་བོར་འཛིན་པ་ཤིན་ཏུ་འཁྲུལ ཁ་ཅིག་འགྱུ་དྲན་སེམས་སུ་ཤེས་པའི་བློས དྲན་བསམ་འཕྲོ་འདུའི་ཕྱི་ལ་རྣམ་རྟོག་ཅིང་ སྐྱེ་འགག་གྲངས་སུ་འདེབས་པའི་བསམ་གཏན་དེས ལོ་བརྒྱར་བསྒོམས་ཀྱང་འཁྲུལ་པའི་འཁོར་ལོར་འཕྱན ཕལ་ཆེར་རྩོལ་སྒྲུབ་ཁོ་ན་དགྲར་ལངས་ཏེ བསྒོམས་ན་མི་བདེ་སྣ་ཚོགས་ཟུག་རྔུ་ལྡང་ མ་བསྒོམས་རང་ངོ་མ་ཤེས་འཁྲུལ་བར་འབྱམས དེས་ཀྱང་མ་བཅོས་རྣལ་མའི་དོན་ལ་གཡེལ ཀྱཻ་ཧོ

(༡༡༩)འུྃ དེ་ཀུན་སོ་སྐྱེའི་ཉམས་ལས་མི་འདའ་བས༔ ད་ནི་སྒོམ་དང་མི་སྒོམ་གཉིས་ཀའི་བློ༔ བཅོས་མའི་རྣམ་རྟོག་ཡིན་པར་ངེས་བྱས་ཏེ༔ ད་ལྟའི་སེམས་ལ་བསྒྱུར་བཀོད་མེད་པར་ཞོག༔ དེ་ཡང་འདུ་བྱེད་བློ་ཡིས་འཚོལ་འཕྲོ་དང་༔ བཏང་བཞག་ཆེད་འཛིན་མཐའ་དག་སྤངས་བྱས་ནས༔ ཐད་ཀའི་ཤེས་པ་རྩིས་མེད་རང་ཡན་འདི༔ བཅས་བཅོས་ཕྲི་བསྣན་སྤངས་ལ་རང་སོར་ཞོག༔ དེ་ཚེ་མཚན་མའི་རྣམ་རྟོག་ཅི་ཤར་ཡང་༔ གང་ཤར་མི་ལྟ་ཤར་མཁན་ངོས་བཟུང་ལ༔ སྤང་ལ་ཕི་ཕུར་བཏབ་པ་ཇི་བཞིན་དུ༔ ཤེས་རིག་རང་ཚོ་བཟུང་བ་གནད་དུ་ཟབ༔ ཇི་ལྟར་གཤིས་ཀྱི་གནས་ཚུལ་རྗེན་པ་ལ༔ འགྲོ་འོང་འཕེལ་འགྲིབ་མེད་པར་གནས་ན་ཡང་༔ དེར་འཛིན་གཉེན་པོའི་གཟེབ་དང་མ་བྲལ་ན༔ ཡིད་དཔྱོད་ཐེག་པའི་གནས་ལུགས་དག་ཏུ་གོལ༔ དེ་ཕྱིར་ལྟ་སྒོམ་སྤྱོད་པའི་ཐ་སྙད་ཀུན༔ ༔རྣལ་མའི་དོན་ལ་བློ་ཡིས་སྤུན་པ་སྟེ༔ དྲན་འཛིན་རྩོལ་བའི་གཉེན་པོ་དབྱིངས་སུ་ནུབ༔ ཡེངས་དང་མ་ཡེངས་མེད་པའི་བརྟུལ་ཞུགས་ཅན༔ སྤྲོ་བསྡུ་བསལ་

(༡༢༠)བཞག་མེད་པའི་རང་ཡན་པ༔ འབད་རྩོལ་སྤྲོས་པ་ཀུན་ལས་འདས་པའི་དབྱིངས༔ བསམ་དང་བསམ་བྱེད་མེད་པའི་གཏེར་ཆེན་པོ༔ གདོད་ནས་སངས་རྒྱས་མེད་པར་ཤེས་པ་དེ༔ འདོད་པ་ཡེ་ནས་ཟད་པའི་ཆོས་ཉིད་ཅན༔ འཁོར་བའི་རྩ་བ་རུལ་པའི་ཁྱད་ཆོས་ཀྱི མྱ་ངན་དབྱིངས་སུ་སངས་པའི་གུ་ཡངས་པ༔ བདེན་རྫུན་མཐའ་ལས་འདས་པའི་སྟོང་པ་ཉིད༔ ཤར་གྲོལ་རང་གྲོལ་ཅེར་གྲོལ་ཆེན་པོའི་དོན༔ རྟོགས་ན་སངས་རྒྱས་ཀུན་དང་གཉིས་སུ་མེད༔ ང་དང་ཐ་དད་མེད་པར་སངས་རྒྱའོ༔ རྩོད་དུས་གསང་བ་ཆེན་པོའི་མན་ངག་གནད༔ ཡིད་དཔྱོད་ཐེག་པའི་གཞུང་དང་འདྲེས་པའི་ཚེ༔ ང་དང་གཉིས་སུ་མེད་པའི་རིག་འཛིན་གྱི༔ ང་ཡི་དགོངས་པ་གཏན་ལ་འབེབས་པར་བྱེད༔ རིགས་གསུམ་སེམས་དཔའི་རྣམ་སྤྲུལ་ཆོས་འདིའི་བདག༔ ལས་འཕྲོ་སྐལ་བ་ཅན་གྱིས་སྤྱོད་པར་ཤོག༔ ཀུན་ཏུ་བཟང་པོའི་དགོངས་ཉམས་ལས༔ གོལ་ས་བཅད་པའི་ལེའུ་སྟེ་གསུམ་པའི་བདག་ཉིད་ཅན་གྱིས་རྫོགས་སོ༔ ས་མ་ཡ༔ དྷ་ཐིམ༔

(༡༢༡)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ རྫོགས་པ་ཆེན་པོའི་གནད་གསུམ་ཤན་འབྱེད་བཞུགས༔ འུྃ༔ ཀུན་ཏུ་བཟང་པོའི་ཀློང་ལ་ཕྱག་འཚལ་ལོ༔ སྙིགས་མའི་དུས་ན་རྫོགས་ཆེན་སྒོམ་པ་རྣམས༔ གཞི་ལམ་འབྲས་བུའི་གནད་ལ་རྨོངས་གྱུར་བས༔ འདོད་ཁའི་ལྟ་སྒོམ་མཐོན་པོར་ཕྱོགས་འཛིན་ལས༔ ཡིད་དཔྱོད་སྒྲོག་ལས་གྲོལ་བ་ཉིན་སྐར་ཙམ༔ དེ་ཕྱིར་འདི་ན་གནད་གསུམ་ཤན་འབྱེད་མ༔ ༔སེམས་རིག་དབྱེ་བ་སེང་གེ་རྩལ་རྫོགས་བསྟན༔ ས་མ་ཡ༔ ཀུན་གཞི་འཁོར་འདས་ཀུན་གྱི་གཞི་ཡིན་ཏེ༔ རྙོག་མ་ཅན་གྱི་ཆུ་དང་ཁྱད་པར་མེད༔ བག་ལ་ཉལ་གྱི་གཏི་མུག་མགོ་རྨོངས་ནས༔ ཡེ་ཤེས་རིག་པའི་དངས་ཆ་ལྐོག་ཏུ་གྱུར༔ ཆོས་སྐུ་རྙོག་མ་དངས་

(༡༢༢)པའི་ཆུ་དང་འདྲ༔ གློ་བུར་དྲི་མ་སྤངས་པའི་བདག་ཉིད་ཅན༔ རྣམ་གྲོལ་ཡོན་ཏན་ཀུན་གྱི་ངོ་བོ་སྟེ༔ ཕྱིན་ཆད་འཁྲུལ་མི་ཤེས་པའི་ཡེ་ཤེས་ཡིན༔ དེ་ཕྱིར་ཆུ་དང་རྙོག་མ་ཕྱེ་བ་བཞིན༔ ལུང་མ་བསྟན་གྱི་ཆ་ལས་ལྡོག་པ་ཡིན༔ རང་རིག་ཆོས་སྐུའི་ཀློང་དུ་བཙན་ས་ཟུང་༔ ཡེ་ཤེས་དྲི་མེད་དབྱིངས་ལ་ལྟད་མོ་ལྟོས༔ ཀུན་གཞིའི་རྣམ་ཤེས་ཆུ་ནང་ཆབ་རོམ་འདྲ ངོ་བོའི་གཤིས་ལ་འཛིན་པའི་རྩལ་ཤར་ཏེ༔ གཟུང་བའི་ཡུལ་ལ་ཆགས་པས་ཕལ་ཆེར་བསླུ༔ དེ་ཕྱིར་གཟུགས་ཚོར་འདུ་ཤེས་ལ་སོགས་པའི༔ ཡུལ་སྣང་རང་སྟོང་ཤེས་པའི་ཡེ་ཤེས་ཀྱི༔ རྣམ་རིག་ཆོས་སྐུར་འཕོ་བ་སྙིང་ཏིག་གནད༔ འདི་ལྟར་མ་རྟོགས་ཀུན་གཞི་ཆོས་སྐུར་འཁྲུལ༔ ལོང་བ་བཤེས་མེད་ཐང་ལ་འཁྱམ་པ་བཞིན༔ འདི་ནི་ཁ་ཕྱིར་བལྟས་ཀྱི་གཟུགས་རང་སྟོང་དུ་འདོད་པ་མ་ཡིན་ཏེ༔ བློ་ཡུལ་སྟོང་པས་གཟུགས་སྟོང་ཡུལ་གྱི་རྣམ་པ་བློ་ལ་ཤར་ཡང་གཟུགས་སྣང་རང་ཚན་པ་མེད་པས་གཟུགས་དེས་བློ་དང་མ་འདྲེས་པའི་ཕྱིར། གཟུགས་ལས་སྟོང་པ། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་པའི་གོ་དོན་བླང་ངོ་། །གཞི་དང་འབྲས་བུའི་གནད་

(༡༢༣)འུྃ ལ་རྨོངས་གྱུར་པས༔ ཚེ་གཅིག་སངས་རྒྱས་འགྲུབ་པའི་ལམ་སྣ་འགགས༔ ས་མ་ཡ༔ སེམས་དང་རིག་པ་རླུང་དང་ནམ་མཁའ་འདྲ༔ སེམས་ནི་དམིགས་གཏད་གྱ་གྱུའི་རྣམ་པ་ཅན༔ ཝལ་ལེར་འཁྱིལ་བ་བླུད་བུ་དགང་པའམ༔ ཡང་ཡུད་འཕྱོ་བ་འཐོར་རླུང་ལྟ་བུ་སྟེ༔ བྱུང་ཚོར་སྣ་ཚོགས་རྐྱེན་གྱི་རྟེན་གཞི་ཅན༔ རིག་པ་རྟེན་དང་བྲལ་ཞིང་ཀུན་ལ་ཁྱབ༔ སྟོང་ལ་གོ་འབྱེད་ནམ་མཁའི་དབྱིངས་ལྟ་བུགསལ་ལ་རྟོག་མེད་དངས་ཤེལ་གཙང་མ་འདྲ༔ དེ་ཕྱིར་སེམས་ལས་རྣམ་གྲོལ་རིག་པའི་ཀློང་༔ གནས་ལུགས་བཙན་ས་འཛིན་པ་སྙིང་ཏིག་གནད༔ འདི་ལྟར་མ་རྟོགས་ཐམས་ཅད་སེམས་ཡིན་ཞེས༔ ཡུལ་གྱི་སྣང་བས་གོས་དང་མ་གོས་མཚམས༔ ཆུ་དང་དངུལ་ཆུ་ས་ལ་ལྷུང་བ་ལྟའི༔ རང་བཞིན་མི་ཤེས་མཚུངས་བར་ལྟ་བ་རྣམས༔ འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པའི་རྩེས༔ གཅིག་ཆར་གྲོལ་བའི་གནས་ལ་རྨོངས་པའོ༔ ས་མ་ཡ༔ ཞི་གནས་དབང་པོ་མེད་པའི་མི་དང་འདྲ༔ ལྷང་ངེ་ཐོམ་མེ་བུན་ནེ་ཡོར་རེ་

(༡༢༤)བ༔ ཤེས་པ་མདུང་ཚུགས་དྲན་པ་དམིགས་གཏད་ཅན༔ ལྷག་མཐོང་སྒོ་ལྔ་ཚང་བའི་སྐྱེས་བུ་འདྲ༔ རང་བཞིན་ཤེས་ཤིང་ངོ་བོའི་ཆོས་ཉིད་མཐོང་༔ ཧ་ཅང་དཔྱད་དྲགས་ཡུལ་སོགས་བློ་ཡིས་བསྒྲོད༔ དེ་ཕྱིར་གདོད་ནས་ཟུང་འཇུག་ཐ་མལ་གྱི༔ གནས་ལུགས་རྗེན་པ་བློ་ཡིས་མ་བཅོས་པ༔ རྩ་བྲལ་ངོ་བོ་མེད་པའི་ཆོས་ཉིད་ལ༔ དུས་གསུམ་མཉམ་པར་འཇོག་པ་སྙིང་ཏིག་གནད༔ འདི་ཉིད་མ་རྟོགས་ཡིད་དཔྱོད་ཐེག་པའི་ལུགས༔ ཡོད་མེད་སྟོང་པར་རྒྱས་བཏབ་བྱང་ཆུབ་བས༔ རླུང་གི་སྣང་ཁྱིམས་དྲན་བསམ་ཆད་པ་ལྟའི༔ གནས་ཆ་འཐུག་པོ་བག་ལ་འབེབས་པ་དང་༔ ལུང་རིག་ཤེས་བྱས་དཔྱད་པའི་ལྷག་མཐོང་གཟུགས༔ དེར་འཛིན་གཉེན་པོ་དང་བཅས་ཡུལ་ཕྱིར་འབྲེང་༔ ཡིད་སྨོན་སེམས་འཛིན་ལམ་དུ་བྱེད་པ་རྣམས༔ ཐེག་པ་འདི་ལ་མོས་པའི་བློ་ཙམ་ལས༔ ཇི་བཞིན་མཐོང་བའི་སྐལ་བ་མེད་པའོ༔ ས་མ་ཡ༔ མ་འོངས་སེམས་ཅན་བསོད་ནམས་དམན་པའི་ཕྱིར༔ དམ་པའི་བླ་མ་རྙེད་པ་ཤིན་ཏུ་དཀའ༔ ཤེས་

(༡༢༥)འུྃ རབ་ཆུང་བས་རྒྱུད་ཀྱི་དོན་མི་རྟོགས༔ མོས་གུས་ཆུང་བས་དགོངས་རྒྱུད་ལོན་པ་དཀོན༔ བློ་མཐུ་ཞན་པས་མན་ངག་གནད་མི་ཤེས༔ ཉན་ལོ་ཐོས་ལོ་ཙམ་ལ་གདིང་བཅས་ནས༔ རི་ལ་མི་ཚེ་སྡུག་བསྐྱེལ་བྱེད་པའི་ཚེ༔ སྔོན་སྦྱངས་ལས་འཕྲོ་སད་པའི་སྐལ་བ་ཅན༔ དགོངས་པའི་བཙན་ས་ཟིན་པའི་རིག་འཛིན་ལ༔ མཁའ་འགྲོས་ཀློང་བྱང་བརྡའ་རིས་མངོན་དུ་སྤྲོད༔ ཚིག་ཉུང་དོན་འདུས་གནད་ཀྱི་ཡང་ཟབ་འདིས༔ ལས་འཕྲོ་སྐལ་བ་ཅན་རྣམས་འདུལ་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

(༡༢༦)

(༡༢༧)ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན་གྱི་དོན་ཁྲིད་ཐར་བའི་ཐེམ་སྐས་ཞེས་བྱ་བ་བཞུགས།། །།

(༡༢༨)དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ཤིན་ཏུ་རྣམ་དག་རྒྱ་ཆད་ཕྱོགས་སུ་མ་ལྷུང་ཞིང་། །མ་སྐྱེས་མི་འགག་སྤྲོས་པ་ཀུན་བྲལ་ཡེ་བབས་གཉུག་མ་བྱང་ཆུབ་སེམས། །དུས་གསུམ་དུས་མེད་རྣམ་ཀུན་མཆོག་ལྡན་འཕོ་མེད་འདུས་མ་བྱས་ཀྱི་སྐུ། །འཁོར་འདས་བདག་མེད་ཁྱད་ཆོས་དྲུག་ལྡན་གདོད་མའི་མགོན་པོ་དེ་ལ་འདུད། །གང་གི་གཞི་སྣང་རོལ་པ་ཆུ་ཟླའི་གར། །སྲིད་མཚོར་བཅུད་དུ་སྨིན་པའི་དཔལ་ཡོན་ཅན། །འོད་ལུས་སྒྱུ་འཕྲུལ་དྲྭ་བའི་སྐུར་བཞེངས་པ། །སངས་རྒྱས་གཉིས་པ་པདྨ་འབྱུང་གནས་མཆོད། །རྐང་གཉིས་གཙོ་བོ་མི་ཡི་སེང་གེ་

(༡༢༩)ཤཱཀྱའི་རྒྱལ་དང་དེ་ཡི་སྲས། །ཤིང་རྟ་གཉིས་སོགས་རྒྱན་དྲུག་མཆོག་གཉིས་འཇིག་རྟེན་མིག་གཅིག་ཞི་བ་འཚོ། །སད་མི་བདུན་དང་མར་མེ་མཛད་དཔལ་ཤཱཀ་ཤྲཱི་ཀུན་མཁྱེན་ལྔ་པ་སོགས། །བསྟན་པའི་གཞི་རྟེན་ཚུལ་ཁྲིམས་གསུམ་གྱི་བདག་པོ་རྣམས་ལ་ཅིས་མི་དད། །གསང་བདག་དཔའ་བོས་རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་བྱིན་པའི་ཐེག་མཆོག་སྟོན་པ་དགའ་རབ་རྗེ། །དམ་པའི་རིགས་ཅན་དྲྭ་མ་ལྔ་དང་ཏནྟྲ་བཅོ་བརྒྱད་གླེགས་བམ་དབང་ཐོབ་རྒྱལ་པོ་ཛརྣམ་གསུམ་ཡོ་གའི་དོན་བརྒྱུད་བདག་པོ་བི་མ་ལ་དང་བཻ་རོ་ལ་སོགས་ཉི་ཤུ་ལྔ། །ཀློང་ལྔའི་མཛོད་ནས་ཟབ་རྒྱའི་

(༡༣༠)སྒོ་འབྱེད་བཅུ་ཕྲག་བཅུ་ཡི་ཕ་མཐར་བརྒལ་བ་སྙིང་ནས་དད། །བརྗོད་བྱ་གསུང་རབས་ཡན་ལག་བཅུ་གཉིས་དང་། །བརྗོད་དོན་རང་བཞིན་མེད་པའི་སྟོང་པ་ཉིད། །ཐུབ་པའི་ལུང་རྟོགས་བསྟན་པ་གངས་ཅན་འདིར། །གསལ་མཁས་ཀུན་མཁྱེན་ངག་གི་དབང་པོར་ངེས། །མདོ་སྔགས་ཆོས་རྣམས་བསྟན་པ་ཡོངས་རྫོགས་སུ། །སྟན་ཐོག་གཅིག་གིས་གོ་ན་བསྟན་པའི་མཐར། །བྱ་རྩོལ་མེད་པ་ཆོས་སྐུའི་དགོངས་པ་ལ། །སྦྱོར་བ་རྫོགས་པ་ཆེན་པོའི་ཁྱད་ནོར་ཡིན། །དེའི་ཕྱིར་དེ་ཡི་འཁྲིད་ཚུལ་རབ་འབྱམས་ཀྱི། །ཐུན་མོང་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན། །རྒྱས་བསྡུས་གཉིས་ཀའི་ཕྱོགས་སུ་མ་ལྷུང་བར། །ཚད་མ་གསུམ་གྱིས་གཉེར་ཁས་བཤད་པར་བྱ། །དེ་ལ་འདིར་བརྒྱུད་པའི་ཁྱད་པར་དྲུག་དང་ལྡན་པའི་སྒོ་ནས་མདོ་སྔགས་ཀྱི་ཆོས་ཚུལ་རབ་འབྱམས་མཐའ་དག་སྟན་ཐོག་གཅིག་ཏུ་འཆད་ནུས་པའི་ཐེག་པའི་རྩེ་རྒྱལ་རང་བཞིན་རྫོགས་པ་ཆེན་པོ་ལ་འཇུག་པའི་ལམ་སྟེགས་ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན་གྱི་དོན་འཁྲིད་ནི་ཇི་སྐད་དུ། བདག་གི་བླ་མ་རྒྱལ་དབང་པདྨའི་དོན་གྱི་རྒྱལ་ཚབ་ཀུན་མཁྱེན་ཤཱནྟ་པུ་རི་པས། མངོན་མཐོ་སྒྲུབ་བྱེད་རྒྱལ་བའི་གསུང་རབས་ཀུན། །དོན་རྣམས་སྐྱེས་

(༡༣༡)བུ་ཆུང་ངུའི་ལམ་དང་ནི། །ཐར་པ་བསྒྲུབ་པའི་ཐབས་ལ་བརྩོན་པ་ཡི། །ཆོས་ཀྱི་རྣམ་གྲངས་ཀུན་གྱི་བརྗོད་བྱའི་དོན། །སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་སྟེ། །ཞེས་གསུངས་པ་ལྟར་འདི་ཉིད་ས་བཅད་ཀྱི་དབང་གིས་སྐྱེས་བུ་འབྲིང་མན་ཆད་ཀྱི་ལམ་དུ་བཞག་ནའང་། དངོས་གཞིར་སྟོན་བྱའི་ལམ་གྱི་ངོ་བོ་ཐེག་པའི་མཆོག་རབ་ཡིན་པར་ཡང་མ་ཟད་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་འཕེན་པ་ལན་རེ་རེའི་ནུས་སྟོབས་ཀྱང་བསམ་གྱིས་མི་ཁྱབ་པ་ཉིད་ལ་དཔགས་ནས་ལམ་གྱི་ཐོག་མ་ཉིད་ནས་སེམས་བསྐྱེད་ཁྱད་པར་བ་ཡོད་པའི་ཕྱིར་སྐྱེས་བུ་ཆེན་པོའི་ལམ་དུ་བཞག་ཀྱང་མི་འགལ་ལོ། །དེ་ལྟ་བུའི་སྐྱེས་བུ་གསུམ་གྱི་རྣམ་པར་བཞག་པ་ནི་ཚེ་དབང་རིག་འཛིན་སླར་ཡང་སྡེ་སྣོད་གསུམ་གྱི་སྤངས་རྟོགས་ཀྱི་བསྟན་པ་སྤེལ་བའི་སླད་དུ་ཚངས་པར་མཚུངས་སྤྱོད་ཀྱི་བརྫུ་ལ་ཞུགས་པ་ལྷ་གཅིག་དཱི་པ་མ་ཀཱ་རས་བྱང་ཆུབ་ལམ་གྱི་སྒྲོན་མར་བསྟན་པ་ལྟར་ལས། དོན་གྱི་ས་ཟིན་ཟུར་པ་མེད་ཅིང་ངོ་བོ་ལ་ཆོས་སྐད་ཀྱི་འཇུག་ལྡོག་ཙམ་ཡིན་པ་ལ་དགོངས་ནས་སྔ་འགྱུར་བའི་ཕྱོགས་ལ་གྲགས་ཆུང་བ་ཡིན་ནོ། །དེ་ལྟ་ནའང་རྣམ་པར་ཤེས་བྱ་འབྱེད་པའི་བློ་གྲོས་དཔྱད་གཟོད་པ་ཉིད་དང་སྔོན་གྱི་ལམ་སྟོན་ཆེན་པོ་རྣམས་ནས་སྲོལ་བཏོད་པའི་ཕྱིར་མདོ་

(༡༣༢)སྔགས་ཀྱི་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པས་བཀའ་ལུང་རང་དབང་དུ་བཀྲལ་བའི་ནུས་པ་འཇོག་ཕྱིར་དང་། མདོ་ལས། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །འཇམ་དཔལ་གང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤོང་པའོ། །ཞེས་གསུངས་པ་ལྟར་བསྟན་པའི་བར་སྐབས་སུ་ཕྱོགས་རེའི་མིག་ཅན་འགའ་ཞིག་གིས་བསྟན་པ་རྣམ་དག་ལ་རྟོག་བཏགས་འགལ་འདུའི་རྫུན་ཕྲེང་གིས་དྲི་བཅས་སུ་བསྒྲུབས་པས་རྐྱེན་བྱས་ཤིན་ཏུ་གསང་བ་ཆེན་པོའི་ཐེག་པ་ལ་ལམ་གྱི་གོ་རིམ་ཙམ་ཡང་མེད་པར་སྤྱོད་ཕྱོགས་ཁྱད་དུ་བསད་སྙམས་པའི་བཙན་ཐབས་ཉིད་དུ་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པར་གོ་ནས་ཡང་དག་པའི་ལམ་ལ་ཆོས་མ་ཡིན་པར་འདུ་ཤེས་ཏེ་གཤེ་ཞིང་སྡང་བའི་ཉེས་སྤྱོད་ཆེན་པོའི་གཡང་ས་ལས་སྐྱོབ་ཕྱིར་ཡང་ཡིན་ནོ། །དེ་ཡང་རྟེན་འབྲེལ་གྱི་སྒོ་དང་པོ་སྟོན་པ་དང་ཆོས་ལ་རིམ་གྲོ་དང་བཀུར་བསྟི་བྱ་བར་རྒྱལ་བའི་ཡུམ་དང་སའི་སྙིང་པོའི་མདོ་སོགས་ལས་རྒྱ་ཆེར་བཤད་ཅིང་དེ་སྐད་དུ་ཀུན་ཏུ་བཟང་པོའི་ཏནྟྲ་ལས། དང་པོར་སློབ་མས་བླ་མ་ལ། །སྡོམ་ཆོས་ཞུ་ཚེ་འདི་ལྟར་བྱ། །སྔ་བར་

(༡༣༣)ལངས་ལ་ཁ་ལག་བཀྲུས། །ལུས་ཀྱི་ཆས་རྣམས་ལེགས་པར་གཟབས། །མཆེད་གྲོགས་དམ་ཚིག་ལྡན་མི་ལྡན། །སྟ་གོན་རྣམ་དབྱེར་ལེགས་པར་བྱ། །ཆོས་རར་ཆག་ཆག་བྱི་དོར་བྱ། །ཞེས་པ་ལྟར་ཁྲུས་བྱ་ཞིང་གོས་གཙང་མ་གྱོན། །མཆེད་དམ་ཚིག་དང་མི་ལྡན་པ་དག་ཕྱིར་བསལ་ཏེ་ཐབས་ཀྱིས་སྤངས། ཆོས་རར་ཡུལ་དུས་དང་བསྟུན་པའི་བྱི་དོར་བྱ་བ་སོགས་བྱི་དོར་རྣམ་པ་གསུམ་དུ་ངེས་པར་བྱ་ཞིང་། དེ་ནས་བཞུགས་ཁྲི་བླ་ཡོལ་ལྡ་ལྡི་དང་། །ཕྱི་ནང་མཆོད་པ་རྒྱས་པར་བཤམ། །བཀོད་པས་ཁྱད་པར་འཕགས་པ་ནི། །ངག་གི་དང་འདྲེན་བློ་ཕེབས་བཅའ། །དེ་ནས་ཆོས་འཁོར་བསྐུལ་བའི་སྒྲ། །ཆོས་ཀྱི་དུང་ཆེན་ལན་དགུ་པོ། །བླ་མའི་ཕྱོགས་སུ་ཁ་བལྟས་འབུད། །ཀུན་གྱི་གསོལ་འདེབས་དུང་བར་བྱ། །བླ་མ་སྤོས་དང་རོལ་མོས་བསུ། །བདེ་བའི་སྟན་ལ་བཞུགས་སུ་གསོལ། །ཅེས་པ་ལྟར་བརྙས་སྟབས་སུ་མ་སོང་བར་བླ་མ་དང་དཀོན་མཆོག་མཉེས་པའི་མཆོད་པ་དང་ཁྲི་སྟན་མཐོན་པོར་བཤམས་པ་སོགས་བྱ། ཆོས་ལ་བསྐུལ་བའི་དུང་འབུད་པའི་ཚེ་ཡང་བླ་མ་ལ་ཁ་བསྟན་ཏེ་བུས་པས་མཆོད་པའི་ཚུལ་དུ་འགྲོ། སྒྲ་དེ་ཐོས་པའི་སེམས་ཅན་མང་པོ་ཡང་ངན་སོང་ལས་ཐར་བར་བཤད་པས་སངས་རྒྱས་དང་

(༡༣༤)བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་དང་ཐབས་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱས་ལ་ཐུན་ཐམས་ཅད་ཀྱི་བརྡར་དུང་འབུད་པ་ལ་ཡང་གནད་ཆེན་པོ་དེ་ལྟ་བུ་ཡོད་པ་ཡིན་ནོ། །དེའི་ཚེ་བླ་མས་ཀྱང་གདུལ་བྱ་དང་བ་འདྲེན་པའི་སྤྱོད་ལམ་ལ་བསླབ་དགོས་ཏེ་ཀློང་གསལ་ལས། སློབ་མའི་མོས་གུས་ཆེ་ཆུང་དེ། །བླ་མའི་མཛད་སྤྱོད་ལེགས་ཉེས་ཡིན། །འགྲོ་འཆག་ཉལ་དང་ཟ་བ་སོགས། །སྤྱོད་ལམ་ཐབས་ལ་ལེགས་པར་བསླབ། །ཅེས་གསུངས་ཤིང་རྒྱུད་སྡེ་རྒྱ་མཚོ་ནས་དམ་ཚིག་གི་རྣམ་བཤད་སྟོན་པའི་སྐབས་སུའང་། དཔོན་གྱིས་ཉམས་ན་སྦྱང་ཐབས་མེད། །གཉིས་ཀ་ན་རག་ཆེན་པོར་འགྲོ། །ཞེས་གསུངས་པས་སྤྱིར་རྣམ་པ་ཐམས་ཅད་དུ་ཤིན་ཏུ་རིགས་པའི་སྤྱོད་ལམ་ལ་བསླབ་ཅིང་ཁྱད་པར་ཆོས་སྟོན་པ་ལ་སོགས་འདི་དག་གི་ཚེ་སྦོམ་ཡོར་ཡོམ་ཡུགས་སུམ་སོང་བ་ཞིག་དགོས་ཏེ། ཀློང་གསལ་ལས། དེ་ལྟར་སྣོད་ལྡན་སློབ་མ་ལ། །ཟབ་ཆོས་བསྟན་པའི་དུས་ཀྱི་ཚེ། །བླ་མའི་སྤྱོད་ལམ་འདི་ལྟར་བྱ། །བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅས། །རང་ཉིད་ཐེག་པ་གང་སྟོན་པའི། །དཀྱིལ་འཁོར་གཙོ་བོར་གསལ་བཏབ་ལ། །འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །མདུན་དུ་སྐད་ཅིག་འཁོད་པར་བསམ། །རང་རང་སྐད་དང་བློ་འཚམ་པའི། །ཐེག་

(༡༣༥)ཆེན་ཆོས་སྟོན་སེམས་ཀྱང་བསྐྱེད། །ཆོས་སྐྱོང་དཀར་ཕྱོགས་ཐམས་ཅད་ལ། །ལགས་སྦེལ་བར་ཆད་སྲུངས་ཤིག་ཅེས། །རང་རང་ལས་ཀྱི་ཕྲིན་ལས་བཅོལ། །ཆོས་གྲལ་དབུས་སུ་སྟོང་པར་གཞག །མི་དང་མི་མིན་དཀར་ཕྱོགས་ཀུན། །མོས་པས་དམ་ཆོས་ཉན་པར་བསམ། །མིག་གིས་སློབ་མ་ཀུན་ལ་བལྟ། །ལག་པ་ཆོས་འཆད་མཉམ་གཞག་བྱ། །ངག་གིས་ཚིག་གསལ་གདངས་སྙན་པོས། །དཔེ་དོན་རྟགས་གསུམ་འབྲེལ་བར་བཤད། །དབང་པོ་གང་ལ་འཚམ་པ་ཡི། །ཆོས་སྒོ་ཐེག་པ་རིམ་པར་བསྟན། །ཞེས་འདི་ལྟ་བུའི་ཆོས་འཆད་ལུགས་ནི་ཐེག་པ་གང་དང་གང་སྟོན་པ་ཐམས་ཅད་ཀྱི་ཁོག་འབུབས་ཀྱང་ཡིན་ལ། །དེའི་ཕྱིར་ལུས་ཀྱི་སྤྱོད་ལམ་བག་མེད་པ་འགྱེལ་བུབ་གཞོགས་སྙེས་ལ་སོགས་པ་སྤངས། །གཡོན་མཉམ་གཞག་དང་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་བཅའ་བ་སྔོན་དུ་འགྲོ་བས་སྔོན་འགྲོའི་ཚེ་ཤཱཀྱ་ཐུབ་པ་དང་དངོས་གཞིའི་ཚེ་རྒྱུད་ལུང་མན་ངག་ཇི་ལྟར་དུ་སྟོན་པའི་དཀྱིལ་འཁོར་གྱི་བདག་པོར་གསལ་བཏབ་ནས་སེམས་ཅན་ཐམས་ཅད་རྣམ་བྱང་ལ་འགོད་པའི་སེམས་བསྐྱེད་ཀྱིས་འཕེན་པས་གཞི་བཟུང་། དེའི་ཚེ་རིག་དྲུག་གི་སེམས་ཅན་ཐམས་ཅད་

(༡༣༦)རང་གི་མདུན་དུ་ཆོས་ཉན་པའི་ཕྱིར་འཁོད་པར་བསམ་ཞིང་། ཁྱད་པར་ཆོས་རའི་དབུས་སྟོང་པར་བཞག་པ་ལ་མི་མ་ཡིན་དཀར་ཕྱོགས་པ་ཀུན་ཀྱང་འདུས་ནས་མོས་པས་ཆོས་ཉན་པར་བསམ་ཞིང་། བར་ཆད་ཞི་བ་དང་ལེགས་སྤེལ་གྱི་ཕྲིན་ལས་བཅོལ། འདོད་ལྷ་སྡེ་བཅས་ཀྱི་གཉེན་པོར་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བདུད་ཚར་གཅོད་པའི་སྔགས་བཏོན་ན་དཔག་ཚད་བརྒྱ་ཚུན་ཆད་དུ་གླགས་ལྟ་བར་མི་ནུས་པར་བཤད་པས་དེ་ལྟར་འདོན། ངག་བུལ་མགྱོགས་ལྡབ་ལྡིབ་ལ་སོགས་པས་ཐོས་འཛིན་གྱི་ཚེར་མར་གྱུར་པ་སྤངས་ལ་གསལ་དག་སྙན་པའི་སྒྲས་དཔེ་དོན་རྟགས་གསུམ་འབྲེལ་བར་བཤད་ཅིང་། དེ་ཡང་ངེས་དོན་གྱི་ཚིག་ཐོག་མ་ཉིད་ནས་འཆད་པ་དང་ཏན་གན་གྱི་སྤྱོད་པ་ཟུར་འཕྲིག་པ་ལ་སོགས་ཀྱིས་གདུལ་བྱའི་བློ་ལས་སུ་མི་རུང་བར་འགྱུར་ཕྱིར་སྤང་བར་བྱ་ལ་དེ་སྐད་དུ། ཀློང་གསལ་ཉི་མ་ལས། །བླ་མས་སློབ་མ་གསོ་བའི་ཚེ། །སློབ་མ་གསར་བུ་དད་ལྡན་དེ། །ཐོག་མར་ཐབས་ཀྱིས་འཁྲིད་པར་བྱ། །ངེས་དོན་སྙིང་པོ་མ་གོའི་བར། །རྒྱུ་འབྲས་གཉིས་ཀྱི་ཆོས་རྣམས་བཤད། །སྒྲུང་དང་དཔེ་དང་བསྟན་བཅོས་དང་། །མགུར་གླུ་ལ་སོགས་འཁོར་བ་ལ། །ཡིད་དབྱུང་ངན་སོང་སྡུག་བསྔལ་

(༡༣༧)དང་། །སངས་རྒྱས་ཡོན་ཏན་ལ་སོགས་བཤད། །བླ་མ་ཉིད་ཀྱང་སྤྱོད་ལམ་གཟབས། །གལ་ཏེ་ཏན་གན་ཟུར་འཕྲིག་ན། །བློ་ཆུང་དད་ལོག་རྫ་མི་དོས། །དེ་ལ་བྱིན་རླབས་གཞན་མི་འགོ། །ཞེས་སོ། །དེའི་ཕྱིར་ཚུལ་འདི་ལྟ་བུའི་སེམས་སྦྱོང་ལུགས་ནི་ལས་དང་པོ་པ་བློ་སྦྱོང་བའི་ཐབས་ཁྱད་པར་ཅན་ཡིན་པར་ཡང་ཤེས་པར་བྱ་ལ། དངོས་གཞིའི་ཚེ་དེ་ཉིད་ལས། རྡོ་རྗེའི་ཚིག་རྐང་བཀྲོལ་ལ་བཤད། །རྒྱུད་དཀྲུགས་པ་རྣམས་བསྡེབས་ལ་བཤད། །ལུང་གཅུས་པ་རྣམས་བརྐྱངས་ལ་བཤད། །དྲང་པོར་དགོངས་དང་ལྡེམ་པོར་དགོངས། །མ་འོངས་འཇུག་དོན་དགོངས་པ་དང་། །དྲང་དོན་ངེས་དོན་སྙིང་པོའི་དོན། །གཉིས་སུ་མེད་པའི་དོན་ཚིག་རྣམས། །རྒྱུད་ལུང་མན་ངག་ཕྱེ་ལ་བཤད། །མུན་ནག་འཛུབ་གཡུག་མ་སོང་བར། །སློབ་བུའི་རྒྱུད་ལ་ཐེབས་པར་གདབ། །དམུས་ལོང་མིག་ཕྱེ་ཇི་བཞིན་དུ། །ལག་ལེན་མྱོང་བས་ཡིད་ཆེས་འཇུག། ཅེས་པ་ལྟར་རྡོ་རྗེའི་ཚིག་རྐང་རྣམས་དོན་བརྒྱུད་ཀྱི་དགོངས་པས་བཀྲལ་ཞིང་། དེ་ཡང་རྒྱུད་དཀྲུགས་པ་རྣམས་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་དུ་བསྡེབས། ལུང་གཅུས་པ་རྣམས་སྦྲུལ་གྱི་མདུད་པ་བརྐྱངས་པ་ལྟར་བསྲང་། མན་ངག་གབ་པ་རྣམས་ཉི་མས་

(༡༣༨)མུན་པ་བསལ་བ་བཞིན་མངོན་དུ་ཕྱུང་ནས་དྲང་ངེས་ལྡེམ་དགོངས་ཀྱི་ལུང་དོན་རིག་པས་འབྱེད་པ་ལ་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞི་དང་མདོ་སྒྱུ་སེམས་གསུམ་གྱི་བཤད་པའི་རྒྱུན་མ་ཉམས་པ་ཀུན་མཁྱེན་ངག་གི་དབང་པོའི་མན་ངག་གི་བསྟན་བཅོས་རྒྱ་མཚོ་ལྟ་བུས་བཤད་དགོས་པ་ཉིད་དོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་ལམ་གྱི་རིམ་པ་ཇི་ལྟ་བུ་འཆད་པ་ནའང་། ཆོས་མཚམས་ལེའུ་འམ་ཐུན་གྱི་མཚམས་སོ་སོར། ཇི་ལྟར་བཤད་པའི་ཚིག་ཐམས་ཅད་དོན་ཐོག་ཏུ་ཧྲིལ་གྱིས་བསྡུས་ལ་བསྒོམ་བྱའི་དམིགས་པའི་ཐོག་ཏུ་དྲིལ་ནས་སློབ་བུའི་རྒྱུད་ལ་འདྲེས་ངེས་པར་བྱ། སྐབས་ཅི་རིགས་པར་གྲུབ་ཐོབ་གོང་མའི་རྣམ་པར་ཐར་པ་དང་། དགོས་འབྲེལ་གཉིས་དང་ལྡན་པའི་སྒྲུང་རྒྱུད་ངོ་མཚར་བས་བྱིང་བ་བསང་ཞིང་སློབ་བུའི་སྐྱོན་མཚང་འདོན་པ་སོགས་ཐབས་ཀྱིས་འདུལ་བའི་མན་ངག་ལ་མཁས་པར་བྱས་པས་བསྐོས་ཕོར་ལས་སཙྪ་འབྱུང་བ་བཞིན་དུ་བླ་མའི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་སློབ་མའི་རྒྱུད་ལ་བསྲེ་ནུས་པ་ཡིན་ནོ། །ཁྱད་པར་ཐུན་སོ་སོའི་མགོར་སེམས་བསྐྱེད་དང་མཇུག་ཏུ་དམིགས་པ་མེད་པའི་བསྔོ་སྨོན་གྱིས་མཚམས་སྦྱོར་བ་ཡང་ནང་པ་སངས་རྒྱས་པའི་ཁྱད་ཆོས་ཡིན་ལ་དེ་

(༡༣༩)སྐད་དུ། ཀློང་གསལ་ལས། ཆོས་མཚམས་ལེའུའི་ཐུན་གྱི་དུས། །ཡས་དྲིལ་མས་དྲིལ་དོན་ཀུན་བསྡུ། །བསྒོམ་བྱའི་དམིགས་པ་བརྟན་དུ་གཞུག །བསམ་བྱའི་གོ་བ་ལེན་དུ་གཞུག །སྐབས་སུ་སྒྲུང་རྒྱུད་ལ་སོགས་པ། །ངོ་མཚར་གཏམ་གྱིས་བྱིང་བ་བསྲེབས། །སློབ་བུའི་སྐྱོན་མཚངས་འདོན་པའི་ཕྱིར། །སྔོན་གྱི་སྒྲུང་རྒྱུད་ལྡེའུ་ཆུང་བརྡེག །རྗེས་སུ་བསྔོ་བ་སྨོན་ལམ་གདབ། །ཀུན་ལ་བྱང་སེམས་བརྩེ་ལྡན་གཅེས། །དེ་ལྟར་ལག་ལེན་སྟོན་མཁས་ན། །བླ་མ་སངས་རྒྱས་བརྐོས་ཕོར་ལ། །དམ་པ་ཆོས་ཀྱི་རི་མོ་ཡོད། །སློབ་མ་སྣོད་ལྡན་བྷི་བྷི་བཅུག །བསྐོས་ཕོར་རི་མོ་དེ་ལ་ཐེབ། །སྐུ་གསུམ་ཚ་ཚྭར་དཀྲོང་གིས་འགྱུར། །དེ་ལྟར་སློབ་དཔོན་ལག་ལེན་གཅེས། །ཞེས་གསུངས་པའི་སྟ་གོན་དང་ཕྱག་ལེན་ཆེ་ཕྲ་མཐའ་དག་ལ་ཆོས་ལ་དབང་ཟ་བའི་རང་བཟོའི་དྲི་མས་མ་སྦགས་པ་ཉིད་སྔོན་དུ་སོང་ནས་མཎྜལ་འབུལ་དུ་གཞུག༈ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་བའི་ཕྱིར་དུ། སྟོན་པ་བདེ་བར་གཤེགས་པའི་གསུང་གི་བདུད་རྩི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མཐའ་དག་གི་ཡང་ཞུན་

(༡༤༠)ཐེག་པའི་རྩེ་རྒྱལ་རང་བཞིན་རྫོགས་པ་ཆེན་པོའི་འབྲས་བུ་དོན་དུ་གཉེར་བའི་ལམ་ལ་འཇུག་གོ་སྙམ་པའི་མོས་པ་མི་ཕྱེད་པས་གཞི་བཟུང་། དེ་ཡང་མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་པ་ལྟར་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ་རང་ལ་ནད་པ་ཆོས་ལ་སྨན། སྟོན་པ་ལ་སྨན་པ། ནན་ཏན་ཉམས་སུ་ལེན་པ་ལ་ནད་གསོ་བ། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པ། །ཆོས་ཀྱི་ཚུལ་ལ་རིངས་སུ་གནས་པ་སྟེ་འདུ་ཤེས་དྲུག་དང་། ཀུན་ཏུ་བཟང་པོའི་རྒྱུད་ལས། །བདེ་བའི་ས་ལ་སྐྱིལ་ཀྲུང་བཅའ། །ས་གཅིག་དག་ལས་གནས་མི་སྤོ། །ཞྭ་མོ་ཡོད་ན་མདུན་དུ་བཞག། སྐྲ་ལོ་ཡོད་ན་མདུན་དུ་ཕབ། །ལག་པ་ཐལ་སྦྱར་མཉམ་གཞག་བཅའ། །ལག་གིས་འདུ་བྱེད་ཐམས་ཅད་སྤང་། །མིག་གིས་བླ་མའི་ཞལ་ལ་བལྟ། །རྣ་བས་བླ་མའི་གསུང་ལ་ཉན། །སེམས་ཀྱིས་ཚིག་དོན་གཏན་ལ་འབེབས། །ཐེ་ཚོམ་དུས་སུ་ལོག་ལ་ཞུ། །ངག་ཏུ་ཤུབ་བུའི་ཚིག་རྣམས་སྤང་། །རྐང་བརྐྱང་གཞོགས་སྙེས་ཆེ་བཅོས་དང་། །མ་གནང་ཁྲི་དང་སྟན་སྟེགས་སྤང་། །མི་ན་བ་ལ་མགོ་གཡོགས་དང་། །དགྲ་མེད་པ་ལ་མཚོན་ཐོགས་དང་། །མ་རྒས་པ་ལ་དབྱུག་ཐོགས་དང་། །ཚུལ་དང་མི་མཐུན་ཐམས་ཅད་སྤང་། །ཚིག་

(༡༤༡)དོན་རེ་རེ་གཞག་འབྲེལ་བྱ། །ཆོས་ཐུན་མཇུག་གི་དམིགས་པ་ལ། །ནན་ཆགས་ཆེན་པོས་གོང་འོག་མཐུད། །ཐ་མལ་སྤྱོད་པ་ཐམས་ཅད་སྤང་། །ཆོས་ཁྲིམས་ལུང་བཞིན་བག་ཡོད་སྤྱད། །ཅེས་གསུངས་པས་ཀུན་སློང་དང་ཀུན་སྤྱོད་ཐམས་ཅད་གསལ་བཏབ་སྟེ་གསན་འཚལ། སྐབས་འདིར་སྙིང་ཐིག་ཡ་བཞི་ལ་སོགས་ཏེ་མན་ངག་གི་གཞུང་གཞན་གྱིས་འཆད་ན། །ཆོས་ཀྱི་ཆེ་བ་དང་བརྒྱུད་རིམ་སློབ་མའི་དབང་པོ་དང་བསྟུན་ནས་དང་བ་འདྲེན་པར་བཤད་རྗེས། བུ་ཡིག་ལས། འདུས་བྱས་ཐམས་ཅད་མི་རྟག་པར་བསམ་པ་དང་། ཞེས་པས་དང་པོ་ལུང་ལ་རྗེས་སུ་དཔགས་ནས་བསམ་པ་ནི། དེ་ཡང་རང་རེ་སྔོན་གྱི་བསགས་པ་ཕུལ་དུ་ཕྱིན་པའི་མཐུ་ཁོ་ན་ལ་བརྟེན་ནས་དཔེ་གྲངས་ངོ་བོའི་སྒོ་ནས་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་སྐལ་བ་བཟང་སྟེ། །བསམས་ན་གློ་བུར་གྱི་རྐྱེན་མི་ཟད་པས་དོ་ནུབ་ཤི་ནས་སང་ནངས་པར་མལ་དུ་རོལ་སོང་ན་ཇི་ལྟར་བྱེད། བླུན་རྨོངས་ཕལ་ནི་འཆི་བ་འོང་མི་འོང་གི་རྟོག་དཔྱོད་ཙམ་ཡང་མི་བྱེད་པར་སྣང་བ་གདོང་འདེད་ཁོ་ནའི་ངང་ལ་ཐུག་སྟེ་འཆི། །འགའ་ཞིག་འཆི་བ་འོང་སྙམ་པ་ཡོད་ཀྱང་མ་རྒས་ཀྱི་བར་ལ་དགའ་རབ་ཡོད་རེའི་བསམ་

(༡༤༢)པས་རིམ་གྲོ་དང་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཕྱི་ཚིག་དང་རེ་དོགས་ཁོ་ན་ལྷུར་ལེན་ཅིང་ཚེ་འདིའི་འདུན་མ་འབའ་ཞིག་གི་དབང་དུ་འགྲོ། །དེ་ལྟ་མི་ཀུན་ཟླ་བ་རྟིང་མའི་བྱ་བྱེད་ཀྱི་གཤོམ་ར་དང་རྒྱགས་ཕྱེ་སོགས་འོག་གྲབས་བྱེད་ཀྱང་དེའི་དུས་ན་རང་རེའི་ལུས་རྟེན་འདི་འདྲ་མིན་པའི་མགོ་དང་ཁ་ལ་རྭ་ཅོ་ཡོད་པ་ཞིག་ཏུ་སྐྱེས་ནས་ལུས་རྟེན་འདིའི་རུས་པ་ཙམ་ཡང་ཤུལ་མེད་དུ་མི་བྱེད་པའི་གདེང་ཨེ་འདུག །གདེངས་མི་འདུག་ན་དེའི་ཚེ་ཐབས་ནི་གང་ཡང་མེད་དེ་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། དཔེར་ན་ཕྱོགས་བཞི་ནས་རི་སྲ་བ། བརྟན་པ། དཔང་མཐོ་བ་བཞི་འགྱེལ་ནས་རྩྭ་དང་། ཤིང་གེལ་པ་དང་། སྲོག་ཆགས་ཐམས་ཅད་ཕྱེ་མར་འཐག་ཅིང་རུབ་རུབ་བྱུང་ན། དེ་ལ་མགྱོགས་པར་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བསླུ་བའམ། རྫས་དང་སྔགས་དང་སྨན་གྱིས་བཟློག་པ་སླ་བ་མ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ། ན་བ་དང་། རྒ་བ་དང་། འཆི་བ་དང་། རྒུད་པ་ཞེས་བྱ་བའི་འཇིགས་པ་ཆེན་པོ་བཞི་འབྱུང་སྟེ། དེ་ལ་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བསླུ་བའམ། རྫས་དང་སྔགས་དང་། སྨན་གྱིས་བཟློག་པར་སླ་བ་མ་

(༡༤༣)ཡིན་ནོ། །ཞེས་གསུངས་ལ། དེའི་ཕྱིར་ན་རང་ཅག་རྣམས་ངེས་པར་འཆི་སྟེ། མྱ་ངན་བསལ་བའི་མདོ་ལས། ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྡོང་པོ་ལྟ་བུ་ཡི། །ལུས་ཅན་རྣམས་ལྟ་སྨོས་ཅི་དགོས། །ཞེས་པས་སྐྱེ་འཆི་ལ་རང་དབང་ཐོབ་པའི་འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པ་ཡང་གདུལ་བྱ་རྟག་འཛིན་ཅན་གདུལ་བའི་ཕྱིར་ཐ་མའི་གཟིམ་ཁྲི་ལ་མནལ་བས་ཡིད་སྐྱོ། དེ་བཞིན་དུ་རྒྱ་བོད་ཀྱི་པཎ་གྲུབ་རྒྱལ་བློན་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་དེ་དག་ཀྱང་བྱོན་ནས་བསྟན་པ་ལ་བྱ་བ་འདི་ལྟར་མཛད་ཅེས་པའི་གཏམ་རྒྱུད་ཆོས་འབྱུང་། དེབ་ཐེར། རྣམ་ཐར་སོགས་ལ་བཤད་པའི་མཛུབ་མོ་རི་སྟོན་ལས་དེ་དག་གཅིག་ཀྱང་མ་བཞུགས་པ་མངོན་སུམ་ཚད་མས་གྲུབ་པས་སྙིང་རླུང་ལྡང་། རང་གི་གཉེན་བཤེས་བར་མའི་འགྲོ་བ་ལ་སོགས་ཏེ་ཇི་སྙེད་ཅིག་ན་ནིང་དང་། ཁ་སང་ཟླ་བ་སྔོན་མ་ཕན་ཆད་ཡོད་པ་འཇིག་རྟེན་ཕ་རོལ་ཏུ་སོང་སྟེ་རོ་མེད་པར་ཟིན་པ་དང་མིང་ཙམ་ཤུལ་དུ་ལུས་པས་རང་རེ་ཡང་ངེས་པར་འཆི། ད་ནི་བསྐལ་པའི་སྙིགས་མ་ལ་ཐུག་ཅིང་ཚེ་ཚད་ཇི་བཞིན་ཐུབ་ནའང་དབུགས་ཉི་ཁྲི་ཆིག་སྟོང་རྒྱུ་རིང་ལ་ཞག་

(༡༤༤)གཅིག་གི་མི་ཚེ་ཐུང་དུ་སོང་ངོ་། །ཞག་སུམ་ཅུས་ཟླ་བ། ཟླ་བ་བཅུ་གཉིས་ཀྱིས་ལོ་འཛད་པས་ཚེ་འཛད་པ་ལ་ཚེགས་མེད་དེ། རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་སྐད་ཅིག་ཀྱང་སྡོད་དབང་མེད་པ་ལ་ལེགས་པར་བསམས་ནས་སྙིང་པོ་ལེན་པ་ལ་མགོ་ལ་མེ་ཤོར་གྱི་བརྩོན་འགྲུས་བསྐྱེད་པར་བྱའོ། །གཉིས་པ་དེ་ཉིད་མན་ངག་གི་སྒོ་ནས་རྒྱུད་ལ་སྒོམ་པ་ནི། །གང་ཟག་ཆོས་ཀྱི་གོ་རྟོགས་ཅན་ལ་ལུང་ལ་དཔགས་ནས་སྐྱོབ་བསྐུལ་པ་ཉིད་རྣམ་པ་གཙང་ཞིང་རྒྱུད་ལ་འཕྲོད། ལས་དང་པོ་པ་རྣམ་པར་ཤེས་པ་ཤིན་ཏུ་ལྐོག་ཏུ་གྱུར་པའི་རིགས་ཅན་འགའ་ཞིག་ལ་དཔེ་ཆོས་དང་། སྒྲུང་རྒྱུད་དང་། བློ་འདྲིད་པ་འདི་གནད་ཟབ་པ་ཡིན་པས་སློབ་མའི་ཁམས་དང་སྦྱར་རོ། །དེ་ཡང་བདག་ཉིད་ཡིད་ལ་མེད་པ་ཞིག་ལ་ངོ་མི་ཤེས་པའི་ལུང་པ་འཇིགས་སུ་རུང་བ་ཐང་ཤིན་ཏུ་རྒྱ་ཆེ་བ། མིའི་རྒྱུ་འགྲུལ་ཙམ་ཡང་མེད་པ། རླུང་སི་རི་རི་སྒྲོག་པ། འཇག་སྐྱ་དབུ་རུ་རུ་ཟར་བའི་ས་ཆ་ཞིག་ཏུ་སླེབས་ནས་ཅི་བྱ་བརྟོལ་མེད་ཅིང་ཡིད་སློང་སློང་པོར་ཡོད་ཙ་ན། གང་ནས་འོངས་ཆ་མེད་པའི་

(༡༤༥)སྐྱེ་བོ་ཕོ་མོ་ཁ་དོག་དཀར་ནག་གཉིས་བྱུང་ནས་ཚོགས་དྲུག་སྒྱུ་མའི་གྲོང་ཁྱེར་བྱ་བ་ན་ཡིད་བཞིན་ནོར་བུ་མཆིང་བུ་བྱ་བ་ཡོད། དེ་ལེན་པ་ལ་ཆུ་བོ་ཆེན་པོ་ལ་གཟིངས་སུ་ཞུགས་ནས་འགྲོ་དགོས། རང་རེ་གསུམ་ལྷན་དུ་འགྲོགས་པར་འདོད་དམ་ཞེས་ཟེར། དེ་ལ་རང་ཉིད་བློ་ཡིད་ཕྱོགས་ཏེ་ཁོང་གཉིས་ཀྱི་རྗེས་སུ་འབྲངས་ནས་སོང་སོང་བ་ལས། ཅི་ཞིག་ན་རྒྱ་མཚོ་ཆེན་པོ་གནམ་ཐང་ལ་བབ་པ་འདྲ་བ། རྒྱ་ཁྱོན་བློས་མི་ཆོད་པ། དབའ་རླབས་བར་སྣང་ལ་འཕྱོ་བ། དེའི་ནང་ན་ཆུ་སྲིན་དང་། ཉ་བོ་ཆེ་དང་། ཆུ་མི་དང་། ཆུ་རྟ་ལ་སོགས་པ་མདོར་ན་མིག་གིས་སྔར་མ་མཐོང་བ་སྐྱི་གཡའ་བའི་སྲོག་ཆགས་མགོ་ལུས་མི་མཚུངས་པ་མང་པོས་ཁེངས་ཤིང་། རླབས་ཀྱི་གཉེར་མ་ལ་འཇུག་ལྡོག་བྱེད་པ་ཞིག་གི་རྩར་སླེབས་དེར་རང་ཉིད་ཤིན་ཏུ་འཇིགས་ཤིང་བྲོས་འཚལ་ནའང་ནོར་བུ་ལོན་དུ་རེ་བའི་འདོད་པས་གདུངས་ཏེ་ཁོང་གཉིས་ཀྱིས་གཏང་བའི་གཟིངས་སུ་ཞུགས་ཏེ་རྒྱ་མཚོ་ཆེན་པོ་ལ་བརྒལ་བ་ལས་མཚོ་ཆེན་པོ་དེའི་དཀྱིལ་ཙམ་དུ་སླེབས་པ་དང་། རླུང་དམར་ཤིན་ཏུ་མི་བཟད་པ་ཞིག་ལངས། དེའི་འཇིགས་སྐྲག་གིས་མ་བཟོད་པར་སྐྱབ་ཤིན་ཏུ་དུབ་ཅིང་རྩོལ་བར་བརྒྱབ་པ་ལས་དེ་གཉིས་ཀྱི་ལག་པའི་སྐྱ་བཟུང་ཀྱང་དུས་གཅིག་ལ་ཐུག་སྟེ་ཆག །ཆུའི་དབའ་

(༡༤༦)རླབས་ནམ་མཁའ་ལ་འཕྱོ་བ་ལྟ་བུས་རེས་འགའ་གྲུ་གཟིངས་སྲིད་པའི་རྩེ་མོ་ལ་ལྡིང་བ་སྙམ་བྱེད། །རེས་འགའ་ཆུ་བོ་བར་སྣང་ལ་འཕྱོ་ཞིང་གྲུ་གཟིངས་རྒྱ་མཚོའི་གཏིང་དུ་ཆུད་པ་སྙམ་བྱེད། དེའི་ཚེ་བྲོས་པས་ཐར་བ་དང་། ར་མདའ་སྦྲན་པ་དང་། ལག་པ་འཇུ་ས་ནི་མེད། འཆི་བ་འཆི་བ་ཟེར་བའི་འཇིགས་པ་ཅན་དེ། དབུགས་འབྱུང་འཇུག་ཙམ་གྱི་ཁོངས་སུ་བཙན་ཐབས་སུ་སླེབས། སྔོན་ཆད་འཆི་བ་ཡེ་མ་དྲན་པས་ཆོས་བྱས་པའི་གདེང་ནི་མེད། བུ་དང་ནོར་རྫས་གཉེན་འདུན་ཡུལ་མི་ཁྱིམ་མཚེས་དང་། དེ་རིང་ནས་བྲལ་ཞིང་དེ་དག་གི་ཕན་པ་ནི་ཏིལ་ཙམ་མེད། ཨ་ཙི་འཇིགས་པ་ལ། ད་ཅི་དྲག །ཨ་ཙ་མ། ཀྱི་ཧུད། ཀྱི་ཧུད་ཀྱི་ཧུད། ཅེས་སྨྲེ་སྔགས་དང་འོ་དོད་དྲག་པོ་འདོན་གྱིན་ཡོད་པའི་ཚེ། མདུན་གྱི་ནམ་མཁའ་སྐུ་དྲིན་ཅན་གྱི་བླ་མ་དེ་ཉིད་ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱི་རྣམ་འགྱུར་ཅན་དུ་གར་སྟབས་ལིང་ལིང་བྱོན་ནས། ཀྱེ་ཁྱོད་ཀྱིས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་མཐོང་སྟེ་འཆི་ཆོས་ཡེ་ནས་མ་དྲན་པས་ལན། ཁྱོད་རང་གི་ད་ལྟའི་སྣང་བ་ཨ་འཐས་མངོན་ཞེན་ཅན་འདི་ནི་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ལས་བྱུང་ངོ་། །བསླུ་བྲིད་མཁན་གྱི་སྐྱེ་བོ་ཕོ་མོ་གཉིས་ནི་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པའོ། །རྒྱ་

(༡༤༧)མཚོ་ཆེན་པོ་ནི་འཁོར་བའི་རྒྱ་མཚོ་མཐའ་མེད་པའོ། །གྲུ་གཟིངས་ནི་དབུ་བ་རྡོས་པ་ལྟ་བུའི་ཟག་བཅས་སྒྱུ་ལུས་ཀྱི་ཕུང་པོའོ། །སྐྱེ་བ་གཉིས་ཐུག་གི་ཆག་པ་ནི་ཉིན་མཚན་ལྟེབ་བསྣོལ་གྱི་མི་ཚེ་བཅར་གྱིས་ཟད་ནས་བསབས་ཐེབས་ཅིས་ཀྱང་མེད་པའོ། །ཀྱེ་རིགས་ཀྱི་བུ། ད་ནི་ཤི་བས་ཀྱང་མི་ཆོག་ཤི་ཚར་ནས་གཅེར་བུ་རྒྱང་འཕེན་པའི་འདོད་པ་བཞིན་ཁྲོན་པའི་ནང་དུ་རྡོ་འཕང་བ་བཞིན་སོང་ན་དེ་ཀས་ཆོག་སྟེ། དཀར་ནག་གི་ལས་ཁྲའུར་བསགས་པ་ཐམས་ཅད་གནམ་ཐིག་དྲང་པོར་བཏང་པ་བཞིན་དུ་འཕྱུགས་པ་མེད་པར་འཕབ་པས་ཇི་ལྟར་བགྱི། ཞེས་གསུངས་པས་སླར་འཇིགས་སྐྲག་དང་སྡུག་བསྔལ་ཤིན་ཏུ་ཆེར་སོད། བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་ཤིང་ཅི་བྱ་བ་རྟོལ་མེད་པར་ཡོད་ཙ་ན། བླ་མའི་ཐུགས་ཀ་ནས་འོད་ཟེར་བ་ཐག་འཛིངས་པ་ལྟ་བུ་ཞིག་སྐྱ་ནར་གྱིས་བྱུང་། རང་གི་སྙིང་གར་ཟུག་པ་དང་གྲུ་གཟིངས་མགོ་མཇུག་ལྡོག་པ་དུས་མཉམ་སྟེ་བེམ་རིག་བྲལ། སྐུ་གསུམ་པདྨ་འོད་ཀྱི་ཕོ་བྲང་དུ་ཨོ་རྒྱན་ཆེན་པོ་དང་གཉིས་སུ་མེད་པར་སངས་རྒྱས། དེ་ལྟ་བུའི་རྒྱུ་མཐུན་གྱི་འཇིགས་པས་མནར་བའི་སེམས་ཅན་ཐམས་ཅད་བདག་གིས་འདྲེན་ནུས་པའི་སྐལ་བ་རྒྱུད་ལ་བཞག་པར་བསམས་རྗེས་དུས་གསུམ་

(༡༤༨)གྱི་རྣམ་རྟོག་ཐམས་ཅད་རྟེན་མེད་ཁ་ཡན་དུ་གློད་ལ་འཕྲོ་གནས་སོ་སོའི་ཐོག་ཏུ་དྲན་པའི་བྱར་བཞག་གོ། །སེམས་སྦྱོང་གཉིས་པ་ནི། བུ་ཡིག་ལས། བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་སྣང་བ་བསམ་པ་དང་། ཞེས་པས། དང་པོ་ལུང་ལ་རྗེས་སུ་དཔག་ནས་བསམ་པ་ནི། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག། ལས་ཀྱི་དྲ་བ་འདི་ཆེའོ། །ཞེས་གསུངས་པས་རང་རེ་རྣམས་ཀྱི་བདེ་སྡུག་བཟང་ངན་ལེགས་ཉེས་ཐམས་ཅད་ནི་ལས་ཁོ་ནའི་རྗེས་སུ་འབྲང་བར་གདོན་མི་ཟ་ན། དེའི་མི་མཐུན་ཕྱོགས་ཚེ་འདིའི་བྱ་བཞག་དགྲ་འདུལ་གཉེན་སྐྱོང་སོ་ནམ་ཚོང་ཁེ། ཁེ་དྲག་ལོ་འདོད་ཆགས་སྡང་ཁོང་ཁྲོ། གཞན་ལ་ཤ་ཚ་གྲོས་འདེབས། ཆེ་ཐབས་དང་སྙན་གྲགས་བསྒྲུབ་པ་ལ་སོགས་ཅི་དང་ཅི་བྱས་ཀྱང་ཡིད་བརྟན་དང་བློ་ལྟོས་རུང་བ་མི་འདུག །ཡོ་བྱད་ཐབས་སྣ་ཚོགས་ཀྱིས་བསགས་ཀྱང་དགྲ་རྐུན་གྱི་འདོད་པ་བསྒྲུབས་པ་ཡོད། ཞིམ་དུ་རེ་བའི་ཟས་སྐོམས་ཟོས་ཀྱང་ནད་རོ་སློང་ཅིང་འཆི་བའི་རྐྱེན་དུ་གྱུར་པ་དང་། ཕན་དུ་རེ་ནས་གཉེན་བཤེས་

(༡༤༩)མཛའ་གཅུགས་སུ་བཏགས་ཀྱང་དགྲའི་དངས་མར་གྱུར་པ་དང་། གཞན་ལ་གནོད་པ་ལ་སོགས་མ་བྱས་ཀྱང་དོན་མེད་ལ་ངན་སྨྲས་དང་། འཕྱ་ཚིག་དང་། སྐུར་འདེབས་ཟུར་ཟས་ཤེས་རྒྱུད་བསྲེགས་པ་སོགས་སྣང་ཚུལ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དང་། སྡུག་བསྔལ་བསྐྱེད་པའི་རྒྱུ་ཁོ་ནར་འདུག་པས་ད་ལྟ་ཕན་དེ་ལྟར་མ་གོ་བ་མཚང་རེ་ཆེ། ད་ལེགས་པར་བསམ་ན་ཁ་སང་ཕན་ཆད་ཀྱི་བྱ་བྱེད་ཐམས་ཅད་ཀྱང་ཡིད་ཡུལ་དུ་དྲན་པ་ཙམ་ལས་རྗེས་སུ་མི་འབྲང་བས་མདང་གི་རྨི་ལམ་དང་འདྲ། །དེ་རིང་གི་སྣང་བ་ཡང་དོ་ནུབ་ཀྱི་རྨི་ལམ་དང་མཚུངས། སང་ཕན་ཆད་ཀྱི་བྱ་བྱེད་རྣམས་ཀྱང་སང་ནུབ་ཀྱི་རྨི་ལམ་དང་འདྲ་བ་ཞིག་ཡིན་པ་ལས་རྟག་ཐུབ་པ་ཞིག་མི་འདུག་ཀྱང་། དོན་མེད་མངོན་ཞེན་གྱི་སྣང་བས་ཆགས་སྡང་འཐབ་རྩོད་སྙན་མི་སྙན། གསོག་འཇོག །བདེ་སྡུག །ཁ་འཛིན་གྱི་སྤྱོད་པས་དུས་འདའ་བ་འདི་རང་རེ་སྐྱོན་གྱི་གོང་བུར་འདུག །འཇིག་རྟེན་གྱི་སྣང་བ་འདི་ཀུན་བསླུ་བྲིད་སྒྱུ་མའི་རང་བཞིན་དུ་འདུག་པ་ལ་རྟག་བརྟན་ཐེར་ཐུག་ཏུ་བལྟ་བ་ད་རེ་འགྱོད། ད་ནི་སང་ཕན་ཆད་ཀྱི་བསམ་མནོ་གང་ཡང་མི་གཏོང་བར་བདག་ཏུ་འཛིན་པ་ལ་སྐྱོན་དུ་བལྟ་བར་བྱའོ་སྙམ་དུ་ཞེ་ཐག་པ་ནས་བསམ་མོ། །གཉིས་པ་

(༡༥༠)བློ་བྲིད་དེ་ཐབས་ཀྱིས་སྒོམ་པ་ནི། ཡང་རང་ཉིད་གང་ནས་ཕྱིན་ཆ་མེད་པའི་ལུང་པ་ཐག་རིང་ངོ་མི་འཚལ་བ་ཞིག་ཏུ་སླེབས། གར་འགྲོའི་གཏད་སོ་མེད་པར་ཐོམ་ཐོམ་ཡོད་ཙ་ན། ངོ་མི་ཤེས་པའི་ཕོ་སྐྱེས་གཞོན་ནུ་བརྒྱད་འབྱུང་ནས་དེ་དག་ན་རེ། བདག་ཅག་ནི་ཀུན་གཞི་མུན་པའི་གླིང་བྱ་བ་ནས་འོངས། འདི་ནས་ཕར་ལ་ལོ་ཟླ་མང་པོ་བརྒལ་བའི་ས་ན་ཡུལ་རིན་པོ་ཆེའི་གླིང་བྱ་བ་ན་ནོར་བུའི་རིགས་བྱེད་བསམ་གྱིས་མི་ཁྱབ་པ་མཆིས། དེ་དག་ལེན་པ་ལ་ངལ་བ་ཁྱད་དུ་བསད་ནས་འགྲོ་བ་ཡིན། །ཁྱོད་ཅག་ཀྱང་དེ་ལྟར་མི་བགྱིའམ་ཟེར་བས་བློ་འགྱུར་ཏེ་དེ་དག་དང་བསྡོངས་ནས་བསྐྱོད་དེ། རེས་ནི་རྫི་ངར་ཅན་གྱི་རླུང་ལ་འགམས། རེས་ནི་གཅན་གཟན་གདུག་པའི་འཕྲང་ལ་བཤར། རེས་ནི་ཆུ་བོ་ཆེན་པོའི་དཔའ་ལ་བཤམས། རྒྱུ་སྟོང་རྐེད་པར་དཀྲིས། མི་ཚེ་རིང་པོ་ལ་དུས་ཀྱི་ཚད་བཙུགས་ནས་ཉིན་མཚན་བར་མེད་དུ་ཤིན་ཏུ་ཐང་ཆད་པའི་ངང་ལ་ཕྱིན་ཕྱིན་པ་ལས། ཅི་ཞིག་ན་མི་ཚེ་ཡང་ཕལ་ཆེར་ཟད། སྐྲ་དང་ཁ་སྤུ་ཡང་དཀར་པོར་སོང་བའི་སྐབས་ཤིག་ན་འདོད་པའི་དོན་གྲུབ་སྟེ་རིན་པོ་ཆེའི་གླིང་ནས་ནོར་བུའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཐོབ། དགའ་སྤྲོ་ཡང་དཔག་ཏུ་མེད་པ་བཅས་རང་གི་ཡུལ་དུ་ལྡོག་ནས་ཡོད་ཙ་ན། ཞག་

(༡༥༡)གསུམ་གྱིས་སླེབས་རྒྱུའི་སའི་ཆ་འདུ་བ་རྣམ་བཞིའི་ཐང་བྱ་བ་དེར་ཇག་པ་ཤིན་ཏུ་མི་བསྲུན་པ་སྤུན་བདུན་དང་ཕྲད་དེ། དཀའ་བས་བཙལ་བའི་ནོར་བུ་རྣམས་ཕྲོགས། །ལུས་ལ་འཇག་པའི་གོས་ནི་བཤུས། ཡན་ལག་ཐམས་ཅད་སྒྲོག་དམ་པོས་བཅིངས། །མདའ་མདུང་རལ་གྲི་ལ་སོགས་པའི་མཚོན་ཆ་ཤིན་ཏུ་རྣོན་པོ་ཐོགས་ནས་བརླང་པོའི་ངག་གིས་ལས་ངན་ཁྱོད་ལ་བླ་མ་ཡོད་ན་གསོལ་བ་ཐོབ། ཡི་དམ་ཡོད་ན་ཐུགས་རྗེ་བསྐུལ། མཁའ་འགྲོ་དང་ཆོས་སྐྱོང་ཡོད་ན་ར་མདའ་སྤྲོན། དེ་དག་གར་ཡང་མེད་ན་འཆི་བ་ཟེར་བའི་སྒྲ་བོ་ཆེ་དེ་སྒོམ། ཚེ་འདི་ཕྱི་ཟེར་བའི་མཚམས་སུ་སླེབས་པ་ཡིན་ནོ། །ཟེར་བ་ཐོས་པས་སྙིང་རྩེ་ཤུམ་གྱིས་སོང་། ཨ་ཙ་མ། བདག་གིས་མི་ཚེ་ཁོ་ན་ལ་ཚད་བཙུགས་ནས་དཀའ་བ་དེ་ཙམ་ཞིག་བྱས་པ་དོན་མེད་དུ་སོང་བས་མཆོག་ད་ནི་རིན་ཆེན་སྲོག་དང་བྲལ་བ་ལ་ཐུག །བདག་མེད་ཀྱི་ལུང་པར་གཤེད་མ་འདི་ལྟ་བུ་དང་འཕྲད་དུས་སྐྱབས་མགོན་དང་དཔུང་གཉེན་རེ་ས་ནི་མེད། སྔར་དཀའ་བ་སྤྱད་པའི་ལས་ཐམས་ཅད་ཀྱིས་ཕན་པ་ནི་མ་བྱུང་། ཚེ་ཟད་ལོང་མེད་པར་འཆི་བ་བཙན་ཐབས་སུ་སླེབས་ནས་གདའ། ཨ་ཙ་མ། འཇིགས་པ་ལ། ཀྱི་ཧུད་ཀྱི་ཧུད། ཅེས་སྨྲེ་སྔགས་དང་འོ་དོད་དྲག་པོ་

(༡༥༢)འབོད་ཀྱིན་ཡོད་པའི་ཚེ། མདུན་གྱི་ནམ་མཁར་ཨོ་རྒྱན་ཆེན་པོ་ཕྱག་རྒྱ་བཞི་ལྡན་གྱི་རྣམ་པར་བྱོན་ནས་འོད་ཟེར་སྤྲོ་བསྡུས་མི་རྒོད་རྣམས་རྒྱང་རིང་པོར་བསྐྲད་རྗེས། ཀྱེ་ལས་ངན་གྱི་སེམས་ཅན་ཁྱོད་ཀྱིས་འཁོར་བའི་བྱ་བ་བཙན་དུག་ལྟ་བུ་ལ་རོ་བརྒྱ་དང་ལྡན་པའི་བདུད་རྩི་ལྟ་བུར་ཆགས་པས་ལེན། སྔར་ངོ་མ་ཤེས་པའི་ཕོ་སྐྱེས་བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད་ཀྱི་བཞོན་པས་རིགས་པའི་ཡེ་ཤེས་བསླུས་པ་ཡིན། རིན་པོ་ཆེའི་གླིང་གི་ནོར་བུ་ནི་ཚེ་འདིའི་བདེ་སྐྱིད་རྨི་ལམ་ལྟ་བུ་རྟག་མི་ཐུབ་པ་ཡིན། དཀའ་བ་སྣ་ཚོགས་སྤྱད་པ་ནི་སྡུག་བསྔལ་དང་དུ་བླངས་པས་བསླུ་བའི་གཞི་བསྒྲུབ་པ་ཡིན། སྐྲ་དང་ཁ་སྤུ་མདོག་འགྱུར་བ་ནི། སྡུག་བསྔལ་བདེ་བར་འཛིན་པ་ལ་འཁྲུལ་བཞིན་པའི་ངང་དུ་མི་ཚེ་འཛད་པ་ཡིན། འདུ་བ་རྣམ་བཞིའི་ཐང་དུ་ཇག་པས་སྲོག་ལ་རྒོལ་བ་ནི་བཞི་བརྒྱ་རྩ་བཞིའི་ནད་ཀྱིས་གཙེས་ཏེ་འཆི་བདག་གཤིན་རྗེས་དབང་མེད་དུ་སྲོག་གཏོར་བ་ཡིན། ཀྱེ་ཁྱོད་འདྲ་བའི་ལས་ངན། ཁྱོད་ཀྱིས་སྲིད་པ་ལ་ཞེན་པའི་བྱ་བ་ཇི་སྙེད་ཅིག་བྱས་ཀྱང་འགག་ལ་ཐུག་ན་དེ་དང་འདྲ་བ་ཡིན་ཞེས་གསུངས་པ་ཐོས་པས་སྔར་བྱས་ལ་ལྷག་པར་འགྱོད། ཚེ་འདིའི་བྱ་བ་ཐམས་ཅད་སྡུག་བསྔལ་ཁོ་ནའི་རང་བཞིན་དུ་ཤེས་ནས། ཨོ་རྒྱན་ཆེན་པོ་ལ་གསོལ་བ་ཕུར་ཚུགས་སུ་འདེབས་

(༡༥༣)པའི་སྣང་བ་ཤར་བ་ན་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིག་བྱུང་བ་རང་གི་སྙིང་གར་ཟུག་པ་དང་དུས་མཉམ་དུ་པདྨ་འོད་ཀྱི་ཞིང་དུ་སྐད་ཅིག་ལ་སྐྱེས་ནས་སེམས་ཅན་ཐམས་ཅད་འདྲེན་པའི་དེད་དཔོན་དམ་པར་གྱུར་པར་བསམ་ལ་ཤེས་པ་རང་བབས་སུ་ངལ་བསོ་བར་བྱའོ།། །།གསུམ་པ་ནི། བུ་ཡིག་ལས། རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་སྐྱེ་ཞིང་། ལས་སུ་དཀོན་མཆོག་མཆོད་ཅིང་དཀར་པོ་དགེ་བའི་ལས་བསྐྱེད་བ་དང་། ཞེས་པས་དེ་ལྟར་འཆི་བ་མི་རྟག་པ་དང་བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་གོ་བ་ཙམ་གྱི་བློ་ཡོད་ཀྱང་ཆོས་བྱེད་ལུགས་ཀྱི་གནད་འགག་མ་གོ་ན། ཆོས་ཀྱི་མཐུན་རྐྱེན་དུ་མིང་བཏགས་པའི་ཟས་གོས་ལོངས་སྤྱོད་སྲིད་པའི་ཕུན་ཚོགས་ལ་ཆོག་མི་ཤེས། གཅིག་ཟླར་གཅིག་དགོས། བློ་ངན་ལང་ཤོར་གྱི་ཡོ་བྱད་སྣ་ཚོགས་ལ་ཐབས་དུ་མས་རྩོལ་སྒྲུབ་ལ་རེམ། ཆོས་བརྒྱད་ཁོ་ནས་མི་ཚེ་འཛད་པ་མང་བས་དེའི་ཕྱིར་འཁོར་བའི་སྡུག་བསྔལ་བསམ་ཞིང་རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་བསྐྱེད་པར་བྱ། དེ་ཡང་མདོ་དྲན་པ་ཉེར་བཞག་ལས། འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་འཁོར་བ་ལ་སྡུག་བསྔལ་ཁོ་ན་ལས་བདེ་བ་ཡོད་པར་མ་གསུངས། དེའི་ནང་ནས་ཀྱང་ངན་འགྲོའི་སྡུག་

(༡༥༤)བསྔལ་ནི་སློབ་དཔོན་ཞི་བ་ལྷས། དམྱལ་སོགས་སྡུག་བསྔལ་བསམ་བྱས་ན། །འདོད་པ་རྣམས་ལ་མཚོན་དང་ནི། །དུག་དང་མེ་དང་གཡང་ས་དང་། །དགྲ་རྣམས་ཀྱིས་ཀྱང་དཔེར་མི་ཕོད། །ཅེས་སྡུག་བསྔལ་ཤིན་ཏུ་མི་བཟད་པར་གསུངས་པ་ལྟར་ལས་རང་ཉིད་ཀྱང་ཤི་བའི་འོག་ཏུ་མར་མེ་ཤི་བའམ་རྩྭ་ཕུང་མེས་བསྲེགས་པ་ལྟར་ཤུལ་མེད་དུ་སོང་ན་དེ་ཀས་ཆོག་ཀྱང་། སྐྱེ་བ་ཞིག་མི་འདོད་ཀྱང་ལེན་དགོས། སྐྱེ་བ་དེ་ཡང་བདེ་འགྲོར་ལེན་པའི་རྒྱུ་སྔོན་ཆད་རང་གིས་བློ་བདེ་སིང་ངེ་བ་བྱས་པའི་རིགས་ནི་ཆེར་མི་གདའ། །ཚེ་རབས་སྔ་མ་རྣམས་སུའང་ཆེར་མ་བསགས་པའི་རྒྱུ་མཐུན་གྱི་འབྲས་བུས་ད་ལྟ་སླེབས་གདའ་མོད། མི་དགེ་བའི་ལས་ནི་རྩེད་མོའི་ཞོར་ཙམ་དུའང་བསམ་གྱིས་མི་ཁྱབ་པ་བསགས་ཚར། དེའི་འབྲས་བུས་ངན་འགྲོའི་སྡུག་བསྔལ་མྱོང་དགོས་པ་བྱུང་ན་ཚེ་འདི་ཀ་ལ་བྱུང་བ་དང་། ལུས་རྟེན་ཕྱི་མ་ལ་བྱུང་བ་གཉིས་ཁྱད་པར་རྡུལ་ཙམ་མེད། འདི་ལྟར་དམྱལ་བའི་སྡུག་བསྔལ་ནི། བཤེས་སྤྲིང་ལས། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་སམ་གཟུགས་སུ་བགྱིས་པས་ཀྱང་། །སྡུག་བསྔལ་སྐྱེ་བར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་བ་སྨོས་ཅི་དགོས། །ཞེས་གསུངས། དེ་ལྟ་

(༡༥༥)བུའི་སྡུག་བསྔལ་རང་གི་རྒྱུད་ཐོག་ཏུ་མ་བསམས་ན་གཞན་གྱི་སྡུག་བསྔལ་ལ་ལྟད་མོ་བལྟ་བ་ལྟ་བུས་རང་རྒྱུད་ལ་མི་སྐྱེ། ལས་དང་པོ་པས་རུང་མཐུན་གྱི་སེམས་ཅན་ལ་སྙིང་རྗེ་ཡང་སྐྱེ་དཀའ་བས་སྡུག་བསྔལ་དེ་རང་ཐོག་ལ་བྱུང་བར་བསམ་པའི་བློ་ནང་དུ་བཀུག་ནས་སྒོམ་དགོས་ཏེ་རྫོགས་པ་ཆེན་པོའི་འདས་རྗེས་ལས་ཀྱང་། རིགས་དྲུག་སྡུག་བསྔལ་བློ་ལ་བླངས། །ཞེས་གསུང་པའི་ཕྱིར་རོ། །དེའི་དོན་བསམ་པར་བྱ་བ་ནི། གནས་དབེན་པར་སོང་སྟེ། གང་ན་ཕྱིན་ཆ་མེད་པའི་གངས་རི་ཆེན་པོའི་སྟོངས། ཞབས་ཐམས་ཅད་འཁྱགས་སྦུག་གིས་གང་ལ། ཆར་རླུང་ཤིན་ཏུ་མི་བཟད་པས་མུན་པ་ནོག་ནོག་པོར་བྱེད་པ་ཞིག་ཏུ་སླེབས་པས་ཤིན་ཏུ་གྲང་བའི་སྣང་བ་ཤར་ཏེ་ཚ་བ་དོན་དུ་གཉེར་བའི་བསམ་པ་ཤར་བ་ན་སྐད་ཅིག་ལ་རྨི་ལམ་འཁྲུལ་པ་ལྟར་ཚ་དམྱལ་དུ་སྐྱེས་ཏེ་འོག་ཐམས་ཅད་ལྕགས་བསྲེགས་ཀྱི་ས་གཞི། འཁོར་ཡུག་ཐམས་ཅད་ཀྱང་ལྕགས་བསྲེགས་ཀྱི་ང་བ། སྟེང་འོག་གོ་མཚམས་མེད་པ་མེ་ལྕེ་དམར་ལྷབ་ལྷབ་བས་ཁེངས་ཤིང་འཁྲུགས་པའི་ཀློང་དུ་ཡང་སོས་ཀྱི་ཚེ་ཚད་མི་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉིས་སྟོང་སྡུག་བསྔལ་མྱོང་བའི་སེམས་ཅན་རང་དང་རང་འདྲ་དཔག་ཏུ་མེད་པ་དེ་དག་ཞེ་སྡང་གི་དབང་ལས་ཕན་ཚུན་

(༡༥༦)གཅིག་གིས་གཅིག་ལ་མཚོན་ཆ་སྣ་ཚོགས་བརྡེག་རེས་བྱས་པས་ལུས་ཚལ་པ་བརྒྱ་སྟོང་དུ་སོང་བས་ན་ཚ་མ་བཟོད་པར་རེས་འགའ་དྲན་མེད་དུ་བརྒྱལ་ཞིང་། ཤི་བ་སྙམ་བྱེད་པའི་ཚེ་ནམ་མཁའི་དཀྱིལ་ནས། ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་སྐད་ལྷང་ལྷང་བྱུང་བས་རྐྱེན་བྱས། ཡང་སྔར་ལྟར་སོས་ཏེ་སྡུག་བསྔལ་ཤིན་ཏུ་མི་བཟོད་པ་ཁོར་ཡུག་ཏུ་མྱོང་ངོ། དམྱལ་བ་ཐིག་ནག་ནི་མི་ལོ་བྱེ་བ་ཕྲག་ས་ཡ་ཉིས་འབུམ་དགུ་ཁྲི་དྲུག་སྟོང་བཅུ་གཉིས། དམྱལ་སྲུང་འཇིགས་སུ་རུང་བས་རང་ལུས་ལ་ཐིག་བརྒྱད་བཏབ་སྟེ་སོག་ལེ་རྣོན་པོས་གཤགས། དེའི་ན་ཚ་ཤིན་ཏུ་མ་བཟོད་ནས་འོ་དོད་འབོད་ཅིང་འབྲོས་པའི་སྣང་བ་ཤར་རོ། །དེ་ནས་བསྡུས་འཇོམས་ མི་ལོ་བྱེ་བ་ཕྲག་གསུམ་འབུམ་ཕྲག་དྲུག་ཁྲི་བརྒྱད་སྟོང་རྩ་གཅིག །སྒོམ་སྟེ། རི་བོ་གླང་སེང་ར་ལུག་ལྟ་བུའི་གདོང་དབྱིབས་ཅན་གྱི་བར་དུ་ཚུད། ལུས་དེ་དག་གི་བར་དུ་སྒོང་ལྤགས་གཅར་བ་ལྟར་བཙིར་བས་བ་སྤུའི་བུ་ག་ཚུན་ཆད་ནས་ཁྲག་གི་རྒྱུན་ཆི་ལི་ལི་འབབ། ན་ཚ་དང་སྡུག་བསྔལ་མ་བཟོད་པར་དེ་ནས་འབྲོས་པའི་སྣང་བ་ཤར་རོ། །དམྱལ་བ་དུ་འབོད་ནི། མི་ལོ་བྱེ་བ་ཕྲག་ས་ཡ་གཉིས་དང་བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་སྟོང་བྱེ་བ་བདུན། ལྕགས་ཀྱི་ཁང་པའི་ནང་དུ་སླེབས་པ་དང་སྒོ་དབྱེར་མེད་དུ་འགྲིག །ཕྱོགས་མཚམས་

(༡༥༧)ཐམས་ཅད་ནས་ནས་མེ་འབར་བས་ལུས་རྡུལ་ཕྲན་ལྟ་བུར་བསྲེག་གོ། །ད་ནི་འབྲོས་ས་ཡང་མི་འདུག་སྙམ་ནས་དུ་སྐད་ལྷང་ལྷང་འབོད་པའི་ཚེ། དུ་འབོད་ཆེན་པོ་མི་ལོ་བྱེ་བ་ཕྲག་ས་ཡ་གསུམ་དང་བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་དྲུག་ཅུ་རྩ་དྲུག །ཞེས་ལྕགས་ཁང་དེ་ལ་སླར་ཡང་ལྕགས་ཁང་རིམ་པ་གཅིག་གིིས་གཏུམས་པའི་ནང་དུ་ཚུད་པས་ད་ནི་ནང་མ་ནས་ཐོན་ཀྱང་ཕྱི་མ་ནས་མི་ཐོན་སྙམས་པའི་སྡུག་བསྔལ་སྔ་མ་ལས་ཉིས་འགྱུར་གྱིས་ཆེ་བ་མྱོང་ཞིང་ཤིན་ཏུ་ཉམ་ཐག་གོ། །ཚ་བ་ནི་མི་ལོ་བྱེ་བ་ཕྲག་ས་ཡ་བརྒྱད་དང་བཞི་འབུམ་བྱེ་བ་ཕྲག་ཁྲི་དྲུག་སྟོང་ལྔ་བརྒྱ་སུམ་ཅུའོ། ལྕགས་ཀྱི་གསལ་ཤིང་མེ་འབར་བས་འཕོངས་ནས་སྤྱི་བོའི་བར་ཏལ་མར་ཕུག་སྟེ་དབང་པོའི་སྒོ་ཐམས་ཅད་ནས་མེ་ལྕེ་དམར་ལྷབ་ལྷབ་འབར་བ་དང་། རེས་འགའ་ལུས་རིལ་པོ་ཁྲོ་ཆུ་ཁོལ་མའི་ནང་དུ་བཙོས་ནས་ཤ་རུས་སྐྱ་ཁྲོལ་གྱིས་འབྲལ་བའི་སྡུག་བསྔལ་མྱོང་ངོ་། །ཡང་རབ་ཏུ་ཚ་བའི་དམྱལ་བ་ཚེ་ཚད་བར་གྱི་སྐལ་བ་ཕྱེད་དེ་མིའི་ལོ་གྲངས་ཀྱི་གཞལ་བའི་ཡུལ་ལས་འདས། གསལ་ཤིང་རྩེ་གསུམ་གྱི་དབུས་མ་སྤྱི་བོ་དང་ལོགས་གཉིས་པོ་ཕྲག་པ་གཡས་གཡོན་དུ་ཏལ་མར་ཕུག་པ་དང་། ལྕགས་བསྲེགས་ལེབ་མོས་ལུས་ལ་སྣམ་བུ་ལྟར་དཀྲི་བ་དང་། ཁྲོ་ཆུ་ཁོལ་མའི་ནང་དུ་ཤ་རྗེན་ལ་

(༡༥༨)བཙོས་པས་ཤ་ལྤགས་རྣམས་འཐོར་ཀེང་རུས་ལྟར་སྐྱ་ཁྲོལ་གྱི་འགྲོ་བར་སྐྱེས་ནས་སྔ་མའི་སྡུག་བསྔལ་ལས་བརྒྱ་འགྱུར་གྱི་ཆེ་བས་ཟུག་རྔུ་མ་བཟོད་པར། ཨ་ར་དང་། ཨུ་ཁྱུ་དང་། ཀྱི་ཧུད་ཀྱི་སྒྲ་དྲག་པོས་འབོད་ཅིང་དེ་ནས་འབྲོས་པའི་སྣང་བ་ཤར་རོ། །མནར་མེད་པའི་དམྱལ་བ་ཕྱོགས་འཇིག་རྟེན་ཆགས་འཇིག་གནས་སྟོངས་ཏེ་བསྐལ་ཆུང་བཞིར་བར་བསྐལ་གཅིག་སྟེ་དེའི་ཚེ་ཚད་ཡུན་ནོ། །མཚམས་དང་མུ་མེད་པར་རབ་ཏུ་ཚ་བའི་མེ་འབར་བས་ལུས་དང་མེ་གཉིས་སུ་མེད་པར་བསྲེག་ཅིང་དུ་བའི་སྐད་ལྷང་ལྷང་ཐོས་པ་ཙམ་ལས་ལུས་ཀྱི་དངོས་པོ་འདི་ཞེས་མི་མངོན་པའི་སྡུག་བསྔལ་བཟོད་བླག་མེད་པར་མྱོང་ཞིང་། ཨ་ཙ་མ། ཨ་ར་ར། ཨུ་ཁྱུ། ཀྱི་ཧུད་ཀྱི་ཧུད། ཞེས་འོ་དོད་དང་སྨྲེ་སྔགས་དྲག་པོ་འདོན་གྱིན་ཡོད་པར་སྒོམ། སླར་མདུན་གྱི་ནམ་མཁར་ཨོ་རྒྱན་བདེ་ཆེན་རྒྱལ་པོ་སྐད་ཅིག་ལ་བྱོན་ནས། ཀྱེ་མ་ལས་ངན་གྱི་སེམས་ཅན། ཁྱོད་ཀྱིས་རྒྱུ་ཞེ་སྡང་གིས་ཀུན་ནས་བླངས་པའི་ལས་རྔམ་པོ་ཆེ་བསགས། ཡུལ་ཁྱད་པར་ཅན་ལ་ཁོང་ཁྲོ་དྲག་པོ་བྱས་པས་འབྲས་བུ་དམྱལ་བའི་སྡུག་བསྔལ་དེ་ལྟ་བུ་མྱོང་བ་ཡིན། ད་མི་དགེ་བའི་ལས་རྣམས་འགྱོད་པ་དྲག་པོས་བཤགས། རང་དང་རིགས་མཐུན་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་པོ་བསྒོམ།

(༡༥༩)གཞན་གྱི་སྡུག་བསྔལ་ཡང་རང་གིས་ལེན་པའི་སྙིང་སྟོབས་བསྐྱེད་ན་འདི་ལས་ཐར་བ་སྲིད་དེ། སྔོན་ཤཱཀྱ་ཐུབ་པ་དམྱལ་བའི་གནས་སུ་གྱད་པཀྴི་ཏ་བྱ་བར་སྐྱེས་ནས་ཤིང་རྟ་འདྲེན་པ་ལ། གྲོག་ཀ་མ་རུ་པས་ཤིང་རྟ་མ་འདྲོངས་ནས་དམྱལ་སྲུང་ཁྲོས་ཏེ་མགོ་ལ་ལྕགས་ཀྱི་ཐོ་ལུམ་བསྣུན་པས་གྲོགས་པོ་ལ་སྙིང་རྗེ་ཚད་མེད་པར་སྐྱེས། འདིའི་ཤིང་རྟའི་ཐག་པ་ཡང་བདག་གི་གཉའ་བར་ཐོགས་ཤིག་ཅེས་བདེ་སྡུག་བརྗེ་བར་ཐུགས་བསྐྱེད་པས། དམྱལ་སྲུང་ན་རེ་རང་རང་གི་ལས་ལ་སྤྱོད་པ་སུས་ཅི་བྱ་ཞེས་དབུ་ལ་ཐོ་བས་བསྡེགས་པ་སྐད་ཅིག་ལ་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་དུ་སྐྱེས་ཏེ་སྡུག་བསྔལ་ལས་གྲོལ་ལོ། །ཞེས་གཏམ་རྒྱུད་དང་བཅས་གསུང་པ་ཐོས་པས། རང་འདྲའི་སེམས་ཅན་ཐམས་ཅད་སྡུག་བསྔལ་འདི་ལས་ཐར་ན་བདག་ད་དུང་འདི་ཁར་གནས་ནའང་བཟོད་པར་བྱའོ་སྙམ་པའི་སེམས་བསྐྱེད་མ་ཐག་ཨོ་རྒྱན་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ལྕགས་ཀྱུ་ལྟ་བུ་ཞིག་སྐྱ་ཏལ་གྱིས་བྱུང་། དེ་དང་གཉིས་སུ་མེད་པར་སངས་རྒྱས་དོན་གཉིས་ལྷུན་གྲུབ་ཀྱི་མཐུ་ཅན་དུ་གྱུར། རང་གི་ཐུགས་ཀ་ནས་སྔར་ལྟར་འོད་ཟེར་སྤྲོས་པས་སེམས་ཅན་དེ་དག་སྐད་ཅིག་ལ་འདྲོངས་ཏེ་དམྱལ་བའི་

(༡༦༠)གནས་སྟོངས་པར་བསམ་མོ། །ཞར་ལ་དམྱལ་བ་དེ་དག་གི་ཚེ་ཚད་ནི། ཐུན་མོང་གི་མདོ་སྡེ་དྲན་པ་ཉེར་གཞག་དང་། ལས་རྣམ་འབྱེད། མངོན་པ་མཛོད་ལ་སོགས་ལས་བགྲང་བྱར་གསུངས་ཀྱང་། འདིར་གཉེན་པོས་ཟིན་པའི་དབང་དུ་བྱས་ཏེ་ངེས་པ་མེད་པར་བཤད་པ་སྟེ། ཀུན་མཁྱེན་ཆེན་པོས། གཉེན་པོ་དྲག་པོ་རྒྱུད་ལ་སྐྱེས་པ་ལ་སོགས་པས་གློ་བུར་དུའང་འཕོ་བ་དང་། རྡོ་རྗེ་སློབ་དཔོན་ལ་བརྙས་པ་ལ་སོགས་པས་བསྐལ་ཆེན་དུ་མར་གནས་དགོས་པར་བཤད་པས་ལས་ཀྱི་སྒྲིབ་པས་ཕྱེ་བ་ཡིན་ནོ། །ཞེས་དང་། གོང་དུ་བཤད་མ་ཐག་པའི་གྱད་པཀྴི་ཏ་དང་། མཛའ་བོའི་བུ་མོའི་གཏམ་རྒྱུད་ལ་སོགས་པས་ཀྱང་ཤེས་སོ། །དེ་ནས་གྲང་དམྱལ་བསམ་པ་ནི། ཡང་རང་ཉིད་གང་ན་ཕྱིན་ཆ་མེད་པའི་ས་གཞི་ཐམས་ཅད་བྱེ་ཚན་གྱི་རང་བཞིན་ལ་བསེར་བུའི་རླུང་ཙམ་ཡང་མི་འགུལ་ཞིང་། ཉི་མའི་ཚ་གདུང་གིས་ཤིན་ཏུ་དུབ་པའི་ལུང་པ་ཞིག་ཏུ་སླེབས། ཤེས་པ་ལུང་མ་བསྟན་དུ་ཐོམ་ཐོམ་འགྲོ་ཞིང་འདི་ལས་ཅུང་ཞིག་བསིལ་བ་ཞིག་ཡོད་ན་སྙམ་པས་རྐྱེན་བྱས། ཚ་གདུང་གི་སྣང་བ་འགགས་ནས་སྐད་ཅིག་ལ་གྲང་དམྱལ་བརྒྱད་དུ་སྐྱེ་བ་སྒོམ་སྟེ་ས་གཞི་ཐམས་ཅད་ཁ་བའི་རང་བཞིན། ཅོང་རོང་དང་ངམ་གྲོག་ཐམས་ཅད་

(༡༦༡)འཁྱགས་རམ་གྱིས་གང་བ་མཐའ་ཐམས་ཅད་གངས་རི་ཆེན་པོས་བསྐོར་ཞིང་། སྟེང་ནས་ཁ་བ་བུ་ཡུག་འཚུབ་པ་མུན་པ་ནག་ཐུམ་ཐུམ་བྱེད་ཅིང་རླུང་གི་ངར་སྒྲ་འུ་རུ་རུ་སྒྲོགས་པའི་ནང་དུ། ཆུ་བུར་ཅན་གྱི་དམྱལ་བ་ཁ་བའི་བུ་ཡུག་དང་རླུང་གི་རེག་བྱས་ལུས་ལ་བཏབ་པས་སྐད་ཅིག་སྐད་ཅིག་ལ་ལུས་ལ་ཆུ་བུར་མི་བཟོད་པ་འཆར་ཞིང་ཤ་ལྤགས་ཐམས་ཅད་འཁུམས་ནས་སྐྱི་བུང་བྱེད་པའི་སྡུག་བསྔལ་མི་བཟད་པ་དང་། དེ་ལས་ཆུ་བུར་དེ་དག་བརྡོལ་ནས་རྣག་ཁྲག་ཆི་ལི་ལི་འཛག་པ་དང་། དེ་བས་སྡུག་བསྔལ་ཆེར་སོང་སྟེ་ཨ་ཆུ་ཞེས་སྐད་ཀྱི་གདངས་དྲག་པོར་འདོན་པ་དང་། ད་དུང་སྔར་བས་སྡུག་བསྔལ་ཇེ་ཆེར་སོང་བས་སྐད་ཀྱི་ཟུངས་ཀྱང་ཆག་སྟེ་ཀྱི་ཧུད་ཅེས་རྐན་གྱི་ཕུགས་ནས་འདོན་པ་དང་། དེ་བས་ཀྱང་ཇེ་ཆེར་འཕེལ་བས་སྐད་ཀྱང་མ་ཐོན་པར་སོ་ཐམ་ཐམ་བྱེད་པ་དང་། དེ་ལ་རླུང་ཆེན་པོའི་ངར་གྱིས་བཏབ་པས་ཁ་དོག་ཀྱང་སྔོ་ལྷང་གི་སོང་ཞིང་ཨུཏྤལ་ལྟར་སེར་ཁ་ཕྲ་མོ་དྲུག་ཏུ་གས་པ་དང་། ད་དུང་གྲང་ཟུག་གིས་པགས་པ་རྣམས་ཀྱང་བཤུས་ཏེ་ཤའུ་དམར་ཧུ་རེ་པདྨ་ལྟར་ཚལ་བ་བཅུར་གས་པ་དང་། སླར་སེར་ཁ་དེ་བས་ཀྱང་མང་དུ་སོང་སྟེ་པདྨ་ལྟར་ཆེར་གས་ནས་སྔ་མ་རྣམས་ཀྱི་སྡུག་

(༡༦༢)བསྔལ་ལས་བརྒྱ་འགྱུར་གྱིས་ཆེ་བ་མྱོང་ཞིང་། སྡུག་བསྔལ་དེ་ཡང་གྲོང་ཁྱེར་མ་ག་དྷའི་བྲེ་བོ་ཆེའི་ཁལ་བརྒྱད་ཅུ་ཤོང་བའི་ཏིལ་གྱི་གང་བ་ནས་ལོ་བརྒྱ་བརྒྱའི་མཚམས་སུ་ཏིལ་རྡོག་རེ་ཕྱུང་བས་དེ་ཟད་པའི་ཚེ་ཆུ་བུར་ཅན་གྱི་ཚེ་ཚད་དུ་བཤད་པ་སོགས་གོ་ནས་ཤིན་ཏུ་ཡི་མུག་ཅིང་སྒྱིད་ལུག་པར་སྒོམ། སླར་མདུན་གྱི་ནམ་མཁའ་རྩ་བའི་བླ་མ་དེ་ཉིད་ཨོ་རྒྱན་ཆེན་པོའི་ཆ་ལུགས་སུ་བྱོན་ནས་བུ་རང་གི་སྡུག་བསྔལ་ལས་སུ་ཤེས་པར་གྱིས་ལ་ཟད་པའི་དགའ་བ་སྒོམ། གཞན་གྱི་སྡུག་བསྔལ་སྙིང་རྗེ་དྲག་པོའི་བསམ་པས་ད་དུང་བསྣོན་མར་ལོང་ལ་གཉེན་པོ་ཁྱད་པར་ཅན་བརྟེན་ཅིག་ཅེས་གསུང་ཐོས་པ་ཙམ་གྱིས། བདག་ལྟ་བུའི་སྡུག་བསྔལ་མྱོང་བའི་གྲང་དམྱལ་གྱི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། བདག་གིས་དེ་དག་གི་སྐལ་བ་མྱོང་ནས་འདི་བས་སྡུག་བསྔལ་འབུམ་འགྱུར་གྱིས་ཆེ་བ་བྱུང་ཡང་བཟོད་པར་བྱའོ། །སེམས་ཅན་དེ་དག་སྡུག་བསྔལ་ལས་ཐར་བར་ཤོག་ཅིག་ཅེས་པའི་སེམས་བསྐྱེད་མ་ཐག་ལས་ངན་སྐད་ཅིག་ལ་ཟད་དེ་ཨོ་རྒྱན་ཆེན་པོའི་ཐུགས་ཀར་ཡེར་གྱིས་འཕོས་ནས་འགྲོ་བ་འདྲེན་པའི་དེད་དཔོན་དམ་པར་གྱུར་པར་བསམས་ལ། བདེ་སྡུག་གང་ཤར་གྱི་རང་ངོ་ལ་ལྟ་ཞིང་ཤེས་པ་རྣལ་དུ་དབབ་བོ། །དེ་ནས་ཡི་དྭགས་ཀྱི་སྡུག་

(༡༦༣)བསྔལ་བསམ་པ་ནི། བཤེས་པའི་སྤྲིང་ཡིག་ལས། ཡི་དྭགས་ནའང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་ལ། གྲང་དྲོ་དལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟན་འཚལ་ལོ། །ཞེས་ཡི་དྭགས་ལ་རིགས་གསུམ་དུ་ཡོད་པར་བཤད་པའི་སྡུག་བསྔལ་རགས་པ་ཙམ་བློ་ལ་བླང་བ་ནི། ཡང་རང་ཉིད་ཟས་གོས་དང་དངོས་པོ་ལ་ཆགས་སྲེད་ཞེན་པའི་དབང་གིས་ཡུལ་ཁྱད་པར་ཅན་མཆོད་པ་དང་བཀུར་སྟི་ལྟ་བུ་ལ་སེར་སྣ་སྐྱེས་པའི་བསམ་པས་རྐྱེན་བྱས་སྐད་ཅིག་ལ་ཡི་དྭགས་ཕྱིའི་སྒྲིབ་པ་ཅན་དུ་སྐྱེ་བ་བསྒོམ་སྟེ། ལྗོན་ཤིང་གི་འབྲས་བུ་དང་། ཆུ་ཀླུང་སོགས་ལ་ལོངས་སྤྱོད་པའི་བསམ་པས་ཐག་རིང་པོར་ཐང་ཆད་ཆད་ཕྱིན་པ་ན། སྐྱེ་བོ་མཚོན་ཆ་ཐོགས་པས་བསྲུངས་བ་དང་། རྣག་ཁྲག་ལ་སོགས་ཡིད་དུ་མི་འོངས་པར་སོང་ནས་ཤིན་ཏུ་སྐྱེངས་ཤིང་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་མི་ཕོད་པ་དང་། ཡང་ནང་གི་སྒྲིབ་པ་ཅན་གྲོང་ཁྱེར་སེར་སྐྱ་ཆུ་དང་རྩི་ཤིང་སོགས་འདོད་པའི་དངོས་པོ་ཅི་ཡང་མེད་པའི་མྱ་ངམ་གྱི་གནས་དེར་ཟས་སྐོམ་ལོ་ཟླའི་བར་དུ་མི་རྙེད་པའི་སྡུག་བསྔལ། གལ་ཏེ་སྨན་ཙམ་རྙེད་ཀྱང་ཁ་ཁབ་མིག་ཙམ་གྱི་ནང་དུ་མི་ཤོང་། ཅུང་ཟད་ཤོང་ཡང་མགྲིན་

(༡༦༤)པ་རྟ་རྔ་ཙམ་གྱི་སྦུབས་ལ་མི་ཐར། ཐར་ཀྱང་ལྟོ་བ་རི་རབ་ཙམ་པ་མི་ཁེངས་ཤིང་ཡན་ལག་འཇག་མ་ཙམ་གྱིས་ལུས་མི་ཐེག་པ་སོགས་ཀྱི་སྡུག་བསྔལ་ཤིན་ཏུ་ཉམ་ཐག་པ་མྱོང་། གྱི་སྒྲིབ་པ་ཅན་ཟས་སྐོམ་ལྟོ་བའི་ནང་དུ་ཚུད་པ་དང་དེ་དག་ཀྱང་མེ་འབར་ནས་ལུས་ཚིག །རང་ཤ་རང་གིས་ཟ་བ་དང་། བཤང་གཅི་ཟ་བས་ཉམ་ཐག །སོ་ཀ་དྲོད་དང་ལྡན་པའི་ཚེ་ཟླ་བའི་རེག་བྱ་གྲང་བ་དེ་ཡང་ཚ་བར་འགྱུར། དགུན་གྲང་བའི་ངར་དང་ལྡན་པའི་ཚེ་ཉི་མའི་འོད་ཟེར་ཡང་བསིལ་བར་གྱུར་ནས་ཚ་གྲང་ཁོད་མི་སྙོམས། ཆུ་ཀླུང་གི་རིགས་བལྟས་པ་ཙམ་གྱིས་སྐམས་ཏེ་ངམ་གྲོག་ཉམས་མི་དགའ་བར་འཆར་བ་སོགས་བསྐྲེས་སྐོམ་གྱི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་། དེ་ལྟ་བུའི་སྡུག་བསྔལ་ཡང་ཡུན་ཐུང་དུས་མི་ཆོག་པར་མི་ལོ་ཆིག་ཁྲི་ལྔ་སྟོང་མྱོང་དགོས་པར་ཤེས་པས་ཡི་མུག་ཅིང་སྒྱིད་ལུག་པར་སྒོམ། སླར་མདུན་གྱི་ནམ་མཁར་རྩ་བའི་བླ་མ་དེ་ཉིད་ཨོ་རྒྱན་ཆེན་པོའི་ཆ་བྱད་ཅན་དུ་བྱོན་ནས། ཀྱེ་ཁྱོད་ཀྱིས་སེར་སྣས་བསགས་པའི་སྡུག་བསྔལ་རང་ཐོག་ཏུ་འཕྱུགས་པ་མེད་པར་བབས་པ་ལ་དུས་གསུམ་སངས་རྒྱས་ཀྱིས་ཀྱང་སྐྱོབ་བར་དཀའ། རྒྱལ་བ་ཤཱཀྱ་ཐུབ་པས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གསུངས་པ་ལྟར་ལས་བདག་གིར་བྱོས་ལ་

(༡༦༥)ལས་ངན་ཟད་པའི་དགའ་བ་སྒོམ། རང་འདྲའི་སེམས་ཅན་གྱི་སྡུག་བསྔལ་སྙིང་རྗེའི་བསམ་པས། རང་གི་སྡུག་བསྔལ་གྱི་ཁ་བསྣོན་ལ་ལེན་པའི་སྙིང་སྟོབས་བསྐྱེད་ལ་གཉེན་པོ་བརྟེན་ཅིག །ཅེས་གསུང་ཐོས་པ་ཙམ་གྱིས་ཨ་ཙ་མ། བདག་འདྲ་བའི་སེམས་ཅན་གཅེས་འཛིན་ཁོ་ནས་ད་ལྟ་ཕན་འཁོར་བ་མཐའ་མེད་དུ་འཁྱམས་ཤིང་སྡུག་བསྔལ་འདི་ལྟ་བུ་མྱོང་། བདག་དང་རིགས་མཐུན་པའི་ཡི་དྭགས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྡུལ་གྲངས་དང་ལྡན་པ་དག་ལའང་སྡུག་བསྔལ་འདི་ཁོ་ན་ཡོད་པས་ཤིན་ཏུ་སྙིང་རྗེ། ད་ནི་རང་གི་སྡུག་བསྔལ་བཟོད་པར་བྱས་ནས་སེམས་ཅན་གཞན་གྱི་སྡུག་བསྔལ་ཡང་དང་དུ་བླང་བར་བྱ། ཡི་དྭགས་ཀྱི་གྲོང་ཁྱེར་རྨང་ནས་སྟོངས་པར་ཤོག་ཅིག་བསམས་པའི་མོད་ལས་ངན་སྐད་ཅིག་ལ་ཟད་དེ་ཨོ་རྒྱན་ཆེན་པོའི་དགོངས་པ་དང་གཉིས་སུ་མེད་པར་སངས་རྒྱས། སེམས་ཅན་དེ་དག་ཀྱང་བདག་གི་ཐུགས་ཀའི་འོད་ཟེར་གྱིས་དྲངས་པར་བསམས་ལ་འཕྲོ་གནས་ཀྱི་མཁན་པོ་ལ་བརྟག་གོ། །དེ་ཡང་གོང་གི་དམྱལ་བ་ལ་ཇི་སྐད་དུ། འདུལ་བ་ལུང་ལས། དེ་ནས་མོའུ་གལ་གྱི་བུས་རྒྱ་མཚོའི་མཐར་ཕྱིན་པ་ལས། ཉི་ཚེ་བའི་སེམས་ཅན་དམྱལ་བ་གཏུན་ལྟ་བུ་དང་། ཕྱགས་མ་

(༡༦༦)ལྟ་བུ་དང་། ལྗོན་ཤིང་ལྟ་བུ་རབ་ཏུ་མང་པོ་སྡུག་བསྔལ་གྱིས་གདུངས་པ་མཐོང་སྟེ། ཞེས་དང་། ཉེ་འཁོར་བ་ནི་བརྒྱད་ཚན་གཉིས་ཀྱི་ཁོངས་ན་ཡོད་པ་སོ་སོའི་གནས་ནི་ཐེག་མཆོག་མཛོད་དུ། ཉི་ཚེ་བ་ནི་ས་ཆུ་མེ་རླུང་སྣ་ཚོགས་ན་ངེས་པ་མེད་པར་ཡོད་ལ། ཉེ་འཁོར་བ་ནི་བརྒྱད་ཚན་གཉིས་ཀྱི་འཁོར་ན་ཡོད་དོ། །ཞེས་རིགས་གཅིག་གིས་བསྡུས་པ་དང་། །བཤད་མ་ཐག་པའི་ཡི་དྭགས་ལའང་ཀུན་མཁྱེན་ཆེན་པོས། ཡི་དྭགས་དབྱིངས་མཁར་རྒྱུ་བའི་དབྱིངས་གནས་པ། །ཞེས་པའི་དབྱིངས་ན་གནས་པ་སྔ་མའི་གསུམ་པོ་ཡིན་ལ། མཁའ་ལ་རྒྱུ་བའམ་ཕྲན་ཚེགས་པ་ནི་ཤིང་རྟ་རྩ་བར། མཁའ་ལ་རྒྱུ་བའི་ཡི་དྭགས་འདྲེ་རྣམས་དང་། །གནོད་སྦྱིན་སྲིན་པོ་བཙན་དང་རྒྱལ་པོ་སོགས། །ཞེས་པ་ལ་སོགས་པས་བསྟན་པ་ལྟར་སློབ་མ་དབང་པོ་རྣོན་པོ་ལ་སྤྲོས་ནས་འཆད་ཤེས་པར་བྱ་ཞིང་གཞན་དུ་ནི་དཀྱུས་སུ་བཤད་པས་དོན་འགྲུབ་བོ། །དེ་ནས་དུད་འགྲོའི་སྡུག་བསྔལ་བསམ་ཞིང་བློ་སྦྱང་བ་ནི། བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། དགེ་བ་གསུམ་གྱི་དོན་ཁྲིད་ནང་། བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་

(༡༦༧)བཟད་པ། །ཞེས་དུད་འགྲོ་ལ་བྱིངས་དང་ཁ་འཐོར་བ་སྟེ་རྣམ་གྲངས་གཉིས་སུ་རིགས་བསྡུས་ཏེ་ས་སྡེ་ལས་བཤད་པའི་སྡུག་བསྔལ་བསམས་ཤིང་བློ་ལ་བླང་བ་ནི། ཡང་རང་ཉིད་གཏི་མུག་མུན་པ་ལྟ་བུའི་ཉོན་མོངས་པས་རྐྱེན་བྱས་ཏེ་སྐད་ཅིག་ཉིད་ལ་ཕྱིའི་རྒྱ་མཚོ་ཆེན་པོའི་ནང་དུ་བྱིངས་ན་གནས་པའི་དུད་འགྲོ་ཉ་དང་། དུང་དང་ཆུ་སྲིན་ལ་སོགས་པས་གོ་མཚམས་མེད་པ་ཆད་འགག་གི་སྦང་མ་ལྟར་ལྕིག་ལྕིག་ཡོད་པའི་ནང་དུ་སྐྱེས་པར་སྒོམ། རེས་འགའ་རང་ཉིད་ཆེ་བར་གྱུར་པའི་ཚེ་ཆུང་བ་རྣམས་ཀྱིས་ལུས་ཏལ་མང་ཕུགས་ནས་སྙིང་ལ་མདའ་ཕོག་པ་ལྟ་བུའི་ན་ཚ། རེས་འགའ་ཆུང་བར་གྱུར་པའི་ཚེ་ཆེ་བ་རྣམས་ཀྱིས་ཁྱུར་མིད་དུ་ཟོས་ནས་ལུས་ལྕགས་ཀྱི་བར་བུར་བཅུག་པ་ལྟ་བུའི་སྡུག་བསྔལ། གླིང་འདི་དང་གླིང་གཞན་གྱི་ཕྱི་མཐའི་ལྕགས་རི་གཉིས་ཀྱི་གོ་དབར་ཉི་ཟླའི་སྣང་བ་མེད་པའི་མུན་ནག་གི་ཁྲོད་རང་གི་ལག་པ་བརྐྱང་བསྐུམ་ཙམ་མི་མཐོང་བའི་ཁྲོད་དུ་སྡུག་བསྔལ་དུ་བྲོ་བ་དང་། ཁ་འཐོར་བའི་དུད་འགྲོ་བྱ་རི་དྭགས་འབུ་སྦྲང་གཅན་གཟན་ལ་སོགས་ཏེ་བདག་ཏུ་མ་བཟུང་བ་རྣམས་ལ་རང་བཞིན་གྱི་སྡུག་བསྔལ་ཚ་གྲང་བཀྲེས་སྐོམ་གཅིག་གིས་གཅིག་ཟ་བས་དོ་ནུབ་ད་ལྟ་སེ་གོལ་གཏོགས་ཡུན་ཙམ་གྱི་རིང་

(༡༦༨)ལ་ཚེ་འདི་ཕྱིའི་མཚམས་སུ་ཡོད་ཅིང་མི་སོགས་མིག་གིས་མཐོང་ཚད་གཤེད་མ་ཁོང་ལག་ཅན་དུ་མཐོང་ནས་སྣང་བ་ཐམས་ཅད་དོགས་པར་འཆར་བས་ལྟོ་ཁམ་རེ་ཟ་བའི་རིང་ལ་མགོ་བོ་ཕྱོགས་མཚམས་བརྒྱད་དུ་བྱ་རར་གཡེང་བ་དང་། ཁྱད་པར་དུ་རྔོན་པ་དང་། ཉ་བ་དང་། བྱ་གཤོར་བ་དག་གིས་བརྩེ་བ་མེད་པའི་འཇིགས་པ་དུ་མས་སྐད་ཅིག་ལ་གསོད་པ་དང་། བདག་ཏུ་བཟུང་བའི་དུད་འགྲོ། རྟ་ནོར་དང་། ར་ལུག། བ་གླང་ལ་སོགས་པ་ཐམས་ཅད་ཀྱང་། ཁ་ལ་ལྕགས་ཀྱི་སྒྲོག་གཡོགས་ཏེ་ཞོན་ནས་རྒྱང་རིང་པོར་མནར་བ་དང་། འགའ་ཞིག་ལུས་གནམ་ས་བསྒྱུར་ཏེ་བྲང་དྲོན་མོའི་ཁ་གྲི་རྣོན་པོས་གཤགས་ནས་ལྟོ་ལག་བཏང་སྟེ་སྲོག་དབུགས་ཀྱི་རྒྱུ་བ་གཅོད་པ་དང་། གཞན་དག་སྣ་འབིགས་པ་དང་། བྱ་གཅོད་པ་དང་། བརྡེག་པ་དང་། གསོན་ཁྲག་འབྱིན་པ་དང་། ཁལ་ཐེག་ཚད་འགེལ་བ་དང་། དེ་བཞིན་དུ་ཀླུ་རྣམས་ལ་ཡང་བྱེ་ཚན་དང་། ནམ་མཁའ་ལྡིང་གི་འཇིགས་པ་དང་། རིགས་སྔགས་དང་། གཅིག་གིས་གཅིག་སྤོང་སྟེ་ཁྱུར་མི་ཚུད་ཅིང་གྲོགས་མེད་པ་དང་། སྤྱི་མཐུན་དུ་རྨོངས་པ་ལ་སོགས་པའི་སྡུག་བསྔལ་དང་ཚེ་ཚད་མ་ངེས་པ་མྱོང་བ་སོགས་དུད་འགྲོ་དེ་དག་ཐམས་ཅད་ཀྱང་བླང་དོར་མི་ཤེས་པའི་རང་བཞིན་ཅན་ཏེ་དེ་དག་

(༡༦༩)གི་སྡུག་བསྔལ་རེ་རེ་ནས་བསམ་སྟེ་འཁོར་བ་ལ་སྐྱུགས་ལོག་གི་འགྲོ་བར་བྱ་དགོས་ཏེ། ཀུན་མཁྱེན་གྱིས། འདི་དག་བསམས་ནས་བྱོལ་སོང་འཇིག་རྟེན་ལས། །ཐར་འདོད་རྣམས་ཀྱི་ཕན་བདེ་བསྒྲུབ་པའི་ཕྱིར། །མངོན་མཐོ་ངེས་ལེགས་ལམ་བཟང་སྲོལ་གཏོད་ལ། ཉིན་མཚན་བརྩོན་པས་དགེ་ལ་གཞོལ་བར་མཛོད། །ཅེས་གསུངས་སོ། །དེ་དག་ཀྱང་མཐར་ཆགས་སུ་སྡུག་བསྔལ་མྱོང་ཟིན་པའི་མཐར་རང་ཉིད་ཀླུར་སྐྱེས་པ། ནམ་མཁའ་ལྡིང་གིས་བར་སྣང་ལ་ཁྱེར་ནས་ད་ནི་དབུགས་ཕྱི་ནང་གང་གི་མཚམས་ཀྱང་ཚེ་འདི་ཕྱིའི་སོ་མཚམས་སུ་སླེབས་པ་ཨ་རེ་འཇིགས། སྟོབས་ལྡན་གྱི་འདབ་ཆགས་འཇིགས་པ་ཅན་འདི་ལྟ་བུས་བདག་ཉིད་གསོན་ཟས་བྱེད་པ་ཨ་ཙི། འཇིགས་པ་ལ། འཇིགས་པ་ལ། ཀྱི་ཧུད། ཀྱི་ཧུད། ཅེས་དྲན་པ་འཐོར་བ་ཙམ་གྱིས་འཇིགས་སྐྲག་གི་རོ་མྱོང་། སླར་སྟེང་གི་ནམ་མཁའ་ལ་རྩ་བའི་བླ་མ་དེ་ཉིད་ཨོ་རྒྱན་ཆེན་པོའི་ཆ་ལུགས་སུ་བྱོན་ནས། ཀྱེ་ལས་ངན་གྱི་སེམས་ཅན་འདི་ལྟ་བུའི་སྡུག་བསྔལ་དང་འཇིགས་སྐྲག་མྱོང་དགོས་པའང་འཁོར་བ་མཐའ་མེད་དུ་བདག་གཅེས་འཛིན་ཁོ་ན་ལྷུར་བླངས་པས་ལེན། ད་ནི་བདག་བས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་

(༡༧༠)སེམས་ཁྱད་པར་ཅན་སྒོམ་ན་འདི་ལས་གྲོལ་བའི་ཐབས་ཡིན་ཏེ། སྔོན་བསྟན་པའི་བདག་པོ་ཤཱཀྱ་སེང་གེས་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབས་པའི་ཚེ་མཛའ་བོའི་བུ་མོ་ཞེས་བྱ་བར་སྐྱེས་ནས་མས་བསྲུངས་ཀྱང་མ་ཉན་པར་མའི་མགོ་ལ་འགོངས་ནས་རྒྱ་མཚོར་ནོར་བུ་ལེན་དུ་ཕྱིན་པས་གྲུ་གཟིངས་ཞིག །ཤིང་ལེབ་གཅིག་ལ་འཇུས་པས། མཚོ་གླིང་ཞིག་ཏུ་འཐོན། དེ་ནས་རིམ་པར་ཕྱིན་པའི་ཅི་ཞིག་ན་ལྕགས་ཀྱི་ཁང་པ་ཞིག་ཏུ་མི་ཞིག་གི་མགོ་ལ་ལྕགས་ཀྱི་འཁོར་ལོ་བསྐོར་ནས་ཀླད་པའི་དཀྱིལ་དུ་འབུགས་ཅིང་འདུག །ཅི་བྱས་པ་ཡིན་དྲིས་པས་མའི་མགོ་ལ་འགོངས་པའི་རྣམ་སྨིན་ཡིན་ཟེར། འོ་ན་ང་ཡང་ལས་ཀྱིས་འདིར་འཁྲིད་པ་ཡིན་སྙམ་པ་དང་། ནམ་མཁའ་ལས་སྒྲ་བྱུང་སྟེ་བཅིངས་པ་གང་ཡིན་པ་གྲོལ་བར་འགྱུར་རོ། །གྲོལ་བ་གང་ཡིན་པ་བཅིང་པར་འགྱུར་རོ་ཟེར་ནས་འཁོར་ལོ་རང་གི་མགོ་ཐོག་ཏུ་བྱུང་སྟེ་བསྐོར་བས་བཟོད་ཐབས་མེད་པའི་སྡུག་བསྔལ་བྱུང་ངོ་། །དེའི་རྐྱེན་གྱིས་རང་འདྲའི་སེམས་ཅན་རྣམས་ལ་སྙིང་རྗེ་དྲག་པོ་སྐྱེས། འདི་ལྟ་བུའི་སྡུག་བསྔལ་མྱོང་བའི་སེམས་ཅན་མང་པོ་ཡོད་པས་སྙིང་རེ་རྗེ། དེ་དག་གི་སྡིག་པ་དང་སྡུག་བསྔལ་བདག་ལ་འབྱུང་བར་ཤོག་ཅིག་སྙམ་དུ་དགོངས་པ་དང་དེ་མ་ཐག་འཁོར་ལོ་ནམ་མཁའ་ལ་

(༡༧༡)འཕུར་ཏེ་སྡུག་བསྔལ་ལས་གྲོལ་ལོ། །དེས་ན་བདག་བས་གཞན་གཅེས་ཀྱི་བསམ་པ་འདི་ནུས་པ་ཤིན་ཏུ་ཆེ་བ་ཡིན་པས་རང་འདྲའི་སེམས་ཅན་དཔག་ཏུ་མེད་པ་ཡོད་པ་དེ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་དོ། །དེ་དག་གི་སྡུག་བསྔལ་ཁྱོད་རང་གི་འདིའི་བསྣོན་མར་ལོངས་ལ་དགའ་བ་སྒོམས་ཤིག །ཅེས་གསུང་ཐོས་པ་ཙམ་གྱིས་རང་འདྲའི་སེམས་ཅན་ལ་སྙིང་རྗེ་དྲག་པོ་བསྐྱེད་ཅིང་བདེ་སྡུག་གཏོང་ལེན་གྱི་སྙིང་སྟོབས་བསྐྱེད་པ་ཙམ་གྱིས་ལས་ངན་སྐད་ཅིག་ལ་ཟད། འཇིགས་པ་ལ་རྨི་ལམ་གྱི་སྣང་བ་ལྟར་བདེན་མེད་དུ་ཡལ་ནས་ཨོ་རྒྱན་ཆེན་པོ་དང་གཉིས་སུ་མེད་པར་སངས་རྒྱས། དུད་འགྲོའི་རིགས་ཀྱི་སེམས་ཅན་ཐམས་ཅད་ལ་འོད་ཟེར་སྤྲོས་པས་དེ་དག་གཅིག་ཀྱང་མ་ལུས་པ་བྱ་ཁྱུ་ལ་འུར་རྡོ་འཕངས་པ་ལྟར་རིག་འཛིན་རྣམ་པ་བཞིའི་གྲལ་དུ་དྲངས་པར་བསམས་ལ་རྟོགས་པའི་སྦུན་ཐག་བཅད་ནས་དྲན་ཤེས་ཁ་ཡན་དུ་གློད་པར་བྱའོ། ༈ །དེ་ནས་བདེ་འགྲོ་ལའང་བདེ་བ་མེད་པར་བསམ་པ་ནི། འོ་ན་ངན་སོང་གསུམ་ལ་སྐྱེས་ན་དེ་ལྟར་ཡིན་ཀྱང་བདེ་འགྲོ་ཐོབ་ན་སྡུག་བསྔལ་མེད་པའི་བདེ་བ་འབའ་ཞིག་གོ་སྙམ་ན་མ་ཡིན་ཏེ་བཤེས་སྤྲིང་དུ། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི། །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་

(༡༧༢)ཆེ། །ཞེས་དང་། ལྷ་ཡི་འཇིག་རྟེན་དག་ན་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང་། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཞེས་དང་། མདོ་དྲན་པ་ཉེར་གཞག་ལས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་མཐོ་རིས་མིའི་བདེ་འགྲོ་ཐོབ་ཀྱང་། སྡུག་བསྔལ་གྱི་སྡུག་བསྔལ་བརྩེགས་མར་འབྱུང་བ་ཕ་ཤི་བའི་ཐོག་ཏུ་མ་ཡང་འདས་པ་ལྟ་བུར་འགྱུར་བའི་སྡུག་བསྔལ་ད་ལྟ་བདེ་བ་ལྟར་ཡོད་འཕྲོ་ཁོ་ན་ལ་གློ་བུར་གྱི་སྡུག་བསྔལ་དུག་དང་འདྲེས་པའི་ཁ་ཟས་ཟོས་པའམ། རྩེད་མོའི་ཆེད་དུ་ཆུ་བརྒལ་བས་བྱིང་སྟེ་སྐད་ཅིག་ལ་སྲོག་འདོར་བ་ལྟ་བུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་ཟས་གོས་དང་སྤྱོད་ལམ་ཉེས་པས་ཤིན་ཏུ་དོས་དྲག་པའི་ནད་མྱོང་བའམ། མི་བཙན་པོ་ལ་རྒོལ་བ་བྱས་པས་ཕྱིས་གནོད་པའི་ལན་འདུ་བྱེད་པ་ལྟ་བུ་སྟེ། རྩ་བའི་སྡུག་བསྔལ་ཆེན་པོ་གསུམ། དེ་སྐད་དུ་འདུལ་བ་ལུང་ལས། འཁོར་བ་སྡུག་བསྔལ་ཅན་ཕུང་པོ། །སྡུག་བསྔལ་སྡུག་བསྔལ་འདུ་བྱེད་དང་། །འགྱུར་བ་ཉིད་གསུམ་བརྒྱད་

(༡༧༣)རྣམས་ཀྱིས། །མི་རྣམས་ཤིན་ཏུ་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟར་རྩ་བའི་སྡུག་བསྔལ་གསུམ་གྱི་སྟེང་དུ་སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་དང་། དགྲ་མི་སྡུག་པ་དང་འཕྲད་པ་དང་། གཉེན་བྱམས་པ་པོ་དང་བྲལ་བ་དང་། །འདོད་པ་ཐོག་ཏུ་མ་ཁེལ་བས་ཕོངས་པ་དང་། ཉེར་ལེན་གྱི་ཕུང་པོ་ལྔས་སྡུག་བསྔལ་གཏན་དུ་འཛིན་པ་སྟེ་རྣམ་པ་བརྒྱད་ཀྱིས་མནར་བས་ཤིན་ཏུ་སྡུག་བསྔལ་ལོ། །དེའི་ཕྱིར་ཀུན་མཁྱེན་ཆེན་པོས། དེ་ལྟར་མི་ཡི་འཇིག་རྟེན་མཐའ་དག་ནའང་། སྡུག་བསྔལ་རྒྱུ་འབྲས་ཉིད་ཕྱིར་བདེ་བ་མེད། །དེ་ལས་ཐར་ཕྱིར་ལེགས་པའི་ཆོས་བསམ་སྟེ། །འཁོར་བའི་གནས་ལས་ཐར་པའི་ཐབས་འཚལ་ལོ། །ཞེས་གསུངས་སོ། །དེ་བཞིན་དུ་འདོད་ལྷའི་གནས་ནའང་སྡུག་བསྔལ་ཚད་མེད་དེ། འདི་ལྟར་རྒྱལ་ཆེན་རིགས་བཞི་དང་། ཨངྐི་རྣམས་ནི་མིའི་ལོ་གྲངས་ཏེ། ལྷ་གནས་སོ་སོའི་ཞག་རེ་ཡིན་ལ། དེའི་ལོ་ཟླའི་འགྱུར་གྱིས་རྩིས་ནས་རྒྱལ་ཆེན་རིགས་བཞིའི་ལོ་ལྔ་བརྒྱ་ལ་ཡང་སོས་ཀྱི་ཞག་གཅིག །སུམ་ཅུ་རྩ་གསུམ་པ་ནས་རིམ་པར་ལོ་སྟོང་དང་། ཉིས་སྟོང་དང་། བཞི་སྟོང་དང་། བརྒྱད་སྟོང་དང་། ཁྲི་དྲུག་སྟོང་རྣམས་ཐིག་ནག་དང་། བསྡུས་འཇོམས་དང་། དུ་འབོད་དང་། དུ་འབོད་ཆེན་པོ་དང་། ཚ་བ་རྣམས་ཀྱི་ཞག་རེ་ཡིན་ལ། རབ་ཏུ་ཚ་

(༡༧༤)བ་དང་མནར་མེད་པ་ནི་གཞལ་བྱ་དེས་མ་ཡིན་ཏེ་གོང་དུ་བཤད། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་བར་དེ་དག་བདེ་བ་ལྟར་སྣང་ཡང་། འགྱུར་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནས་མནར། འཆི་བའི་ཚེ་ལུས་ཀྱི་མདོག་མི་སྡུག་པ་དང་། མེ་ཏོག་རྙིངས་པ་དང་། ཉམས་མི་དགའ་བ་དང་། ལྷ་ཟླ་བོསསྤོང་ཞིང་འདུ་ཤེས་འཁྲུགས་པ་དང་། ཕྱི་མ་གང་དུ་སྐྱེ་བའི་གནས་ལྷའི་མིག་གིས་མཐོང་བས་རྐྱེན་བྱས་སྐྲག་སྟེ་བརྒྱལ་བ་ན་ལྷ་ཕ་མའམ། མཛའ་བཤེས་ལ་སོགས་པས་རྒྱང་རིང་པོ་ནས་བོས་ཏེ། འཛམ་བུའི་གླིང་དུ་མི་རྣམས་ཀྱི་ནང་དུ་སྐྱེ་བར་ཤོག་ཅིག །དེར་ཡང་དགེ་བ་བཅུ་སྤྱད་ནས་ཕྱིས་ཀྱང་ལྷའི་གནས་འདིར་སྐྱེ་བར་ཤོག་ཅིག །ཅེས་ཡིད་སྨོན་ཁར་བཏོན། །མེ་ཏོག་གཏོར་ནས་རྒྱང་རིང་པོར་འབྲོས་པ་དེ་ལྟ་བུའི་སྡུག་བསྔལ་ལྷའི་ཞག་བདུན་དུ་སྤྱོད་པས་ཉམ་ཐག །འོ་སྐོལ་མི་རྣམས་འཆི་བའི་ཚེ་གཉེན་བཤེས་ཀྱིས་མལ་མཐའ་བསྐོར་ནས་དེའི་འདོད་པ་ཐབས་དུ་མས་སྐོང་ནའང་ཤིན་ཏུ་སྡུག་བསྔལ་ཅིང་ཡི་མུག་ན་ལྷ་དག་འཆི་འཕོའི་སྡུག་བསྔལ་ལྟ་ཅི་སྨོས། གཞན་ཡང་ཚངས་རིས་ནས་འབྲས་བུ་ཆེན་པོའི་བར་ཏེ་གཟུགས་ཁམས་བསམ་གཏན་གྱི་ལྷ་གཟི་

(༡༧༥)བྱིན་གྱི་དཔལ་དང་ལྡན་པ་དེ་དག་ཀྱང་འཆི་བའི་ཚེ། ད་ལྟའི་བདེ་བ་དེ་ཉིད་འགྱུར་ནས་སྲིད་པ་ཕྱི་མར་འཇུག་པའི་སྡུག་བསྔལ་དཔག་ཏུ་མེད་དེ་འཕགས་པ་ཀླུ་སྒྲུབ་ཀྱིས་ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །འོད་དང་ཁ་དོག་གཟི་བརྗིད་མཐོང་བས་ཀྱང་། །བདག་རྟོག་བག་ལ་ཉལ་བ་མ་གཟིགས་ནས། །ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། །ཞེས་གསུངས་ལ། དེ་བཞིན་དུ་གཟུགས་མེད་སྐྱེ་མཆེད་མུ་བཞི་ནི་ཐམས་ཅད་མཁྱེན་པའི་ཉེ་རྒྱུ་མ་ཡིན་པའི་ལུང་མ་བསྟན་གྱི་བསམ་གཏན་ཉི་ཚེ་བར་འབྱམས། ཅི་ཞིག་ན་འཆི་འཕོས་ནས་སྲིད་པ་ཕྱི་མའི་སྡུག་བསྔལ་ནམ་མཁའ་ལ་འཕུར་བའི་འདབ་ཆགས་ངེས་པར་ས་ལ་བབས་པ་བཞིན་ངེས་མེད་དུ་མྱང་ན་གནས་སྐབས་ཀྱི་བདེ་བ་ལ་ཡིད་བརྟན་པར་བྱེད་པ་ནི་མཚང་རེ་ཆེ་སྟེ། སློབ་སྤྲིང་ལས། སྡུག་བསྔལ་མེ་ཚོགས་ཕུང་པོས་འཇིགས་པའི་འཇིག་རྟེན་འདིར། །སྐྱེ་བོ་བདེ་སྙོམས་མངོན་པའི་ང་རྒྱལ་བྱེད་པ་གང་། །དེ་ནི་གཤིན་རྗེའི་ཁ་ཡང་འབྱེད་པ་བྱེད་པ་སྟེ། །དེ་ནི་སྐྱེ་བ་ཕྱི་མའི་ལྗོན་ཤིང་ས་བོན་ཡིན། །ཞེས་གསུངས་སོ། །གཞན་ཡང་འདི་ལྟར་ལྷ་མིན་རྣམས་ལ་ནི་སྡུག་བསྔལ་དེ་བས་ཀྱང་དབལ་ཚ་སྟེ། བཤེས་སྤྲིང་ལས། ལྷ་མིན་དག་ནའང་རང་བཞིན་

(༡༧༦)གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ནའང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་སུམ་ཅུ་རྩ་གསུམ་པའི་སྐྱིད་པ་དང་འབྱོར་པ་མཐོང་ནས། ཁོང་ཁྲོ་དང་ཕྲག་དོག་གི་མེས་གདུངས་ནས་ལྷ་དང་འཐབས་བའི་ཚེ་གཡུལ་དོར། རྡོ་རྗེ་དང་། མདའ་དང་། འཁོར་ལོ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པས་མགོ་དང་ཡན་ལག་གཅོད་ཅིང་། སྲོག་འགག །ལུས་ཤིན་ཏུ་སྣད་པ་དང་། འཆི་བ་ལ་ཐུག་པའི་སྡུག་བསྔལ་ཤིན་ཏུ་མི་བཟད་པས་མནར་རོ། །གལ་ཏེ་བློ་དང་ལྡན་པ་དག་ཡོད་ཀྱང་སྒྲིབ་པའི་དབང་གིས་ཉན་ཐོས་རང་གི་མཐོང་ལམ་མི་ཐོབ་པས་བདེན་པ་མི་མཐོང་ཞེས་བཤད་ལ་ཐེག་པ་ཆེན་པོའི་ལུགས་སུ་ནི་དེ་ལྟར་མ་ཡིན་པར་དཀོན་ཅོག་བརྩེགས་པ་ལས་གསུངས་པ་ཀུན་མཁྱེན་ཆེན་པོས་ལུང་འདྲེན་མཛད་མོད། ཇི་ལྟར་ཡང་དེར་སྲིད་པ་སྤོང་བའི་ཐབས་ལ་འབད་དགོས་པ་ནི་ཀུན་མཁྱེན་གྱིས། ལྷ་མིན་པ་དག་ཤིན་ཏུ་སྡུག་བསྔལ་ན། །དེ་བས་དགེ་ལས་ཞི་བའི་འགྲོ་བ་དག །མྱུར་བ་ཉིད་དུ་དམ་པའི་ཆོས་མཛོད་ཅིག །ཅེས་གསུངས་པ་ལྟར་རོ། །དེ་ལྟར་འཁོར་བའི་སྡུག་བསྔལ་མཐའ་མེད་ཅིང་དོས་དྲག་པ་གཅིག་ནས་ཐར་ཀྱང་གཅིག་ཏུ་

(༡༧༧)འཛུད་པ་ཟོ་ཁྱུའི་ཁྱུད་མོའམ། བུམ་ནང་གི་བུང་བ་བཞིན་སྡུག་བསྔལ་ཁོ་ནའི་རང་བཞིན་ཅན་ཏེ། སློབ་སྤྲིང་ལས། །གང་ཞིག་འཁོར་བའི་འཁོར་ལོར་རྟག་ཏུ་འཁོར་འགྱུར་བའི། །ནང་དུ་ཞུགས་ནས་བསྟི་བ་ཙམ་ལ་བདེར་སེམས་པ། དེ་ནི་ངེས་པར་དབང་མེད་རིམ་གྱིས་བརྒྱ་ཕྲག་ཏུ། །འགྲོ་བ་མཉམ་དང་མི་མཉམ་ཀུན་ཏུ་འཁྱམས་པར་འགྱུར། །ཞེས་གསུངས་སོ། །འོ་ན་ངན་འགྲོའི་གནས་དང་རིགས་དྲུག་ཐུན་མོང་གི་སྡུག་བསྔལ་ཐམས་ཅད་སངས་རྒྱས་ཀྱིས་སྐྱོབས་པས་ཨའུ་ཙི་མོད་སྙམ་ན། དེ་ལྟར་མ་ཡིན་ཏེ། འདུལ་བ་ལུང་ལས། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་གསུངས་པས་རང་ཅག་རྣམས་བླང་དོར་ལ་རྨོངས་པའི་ཕྱིར་བདེ་བར་གཤེགས་པས་ཐབས་དུ་མའི་སྒོ་ནས་ཐར་པའི་ལམ་བསྟན་པ་ཙམ་ལས། འཁོར་བ་དང་ངན་སོང་ལས་ཐར་བ་ནི་རང་གི་བརྩོན་པ་ཁོ་ན་ཡིན་པས་དཔེར་ན་གཉིད་ཀྱིས་མྱོས་པའི་ཚེ་རྨི་ལམ་སུས་ཀྱང་དགག་མི་ནུས་པ་བཞིན་ནོ། །གལ་ཏེ་དེ་ལྟ་མིན་ན་སངས་རྒྱས་ཐུགས་རྗེ་ཅན་དེ་དག་གཅིག་གི་ཐུགས་རྗེའི་འོད་ཟེར་གྱིས་ཀྱང་སྲིད་པ་འདི་དཔག་ཏུ་མེད་པའི་སྔ་རོལ་ནས་སྟོངས་པར་མཛད་

(༡༧༨)ཟིན་ངེས་སོ། །དེ་བས་ན་འོ་སྐོལ་འཁོར་བའི་དོང་དུ་ནི་ལྷུང་། གཟུང་འཛིན་གྱི་སྒྲོག་དམ་པོས་ནི་བཅིངས། ཉོན་མོངས་པའི་མཚོན་གྱིས་ནི་བསྣུན། །ད་ལྟའི་སྡུག་བསྔལ་ལ་སྤྱོད་ཅིང་ཕྱི་མའི་སྡུག་བསྔལ་འདྲེན་པ་ལས་འོས་མེད་པ་འདིར་ལེགས་པར་བསམས་ནས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དཔག་ཏུ་མེད་པར་བསྐྱེད། སེམས་ཅན་དེ་དག་ཐམས་ཅད་ཐར་པའི་ལམ་ལ་བཀྲི་བའི་ཆེད་དུ་ཉི་མ་དེ་རིང་ནས་བཟུང་ཡོན་ཏན་ཐམས་ཅད་འབྱུང་གནས་དཀོན་མཆོག་གསུམ་ཐབས་དུ་མའི་སྒོ་ནས་མཆོད་པ་དང་། མི་དགེ་བའི་བསམ་པ་སྐད་ཅིག་མ་ཡན་ཆད་ལ་གཉེན་པོ་དྲག་པོས་གཅུན་ནས་བཤགས་སྡོམ་བྱ་སྟེ། འདུལ་བ་ལུང་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། མེ་སྟག་ཕྲ་མོ་དག་གིས་ཀྱང་། །རྩ་ཕུང་རི་ཙམ་སྲེག་པར་བྱེད། །ཅེས་གསུངས་ལ། དགེ་བའི་བསམ་པ་ཆ་ཤས་ཕྲ་མོ་ཚུན་ཆོད་ནས་གསག་ཅིང་དཀར་པོ་དགེ་བའི་ལས་འབའ་ཞིག་གིས་དུས་འདའ་བར་བྱེད་དགོས། འགའ་ཞིག་བདག་ཤེས་རབ་ཆུང་བས་ཐོས་བསམ་མི་ནུས་སྐད་པ་དང་། འགའ་ཞིག་བདག་ལོངས་སྤྱོད་དམན་པས་ཟག་བཅས་ཟང་ཟིང་གི་མཆོད་སྦྱིན་མི་འགྲུབ་སྐད་པ་དང་། འགའ་ཞིག་བདག་ན་སོ་

(༡༧༩)འུྃ རྒས་པས་ཆོས་མི་ཡོང་སྐད་པ་སོགས་སྨྲ་ཞིང་སེམས་པའང་གཙོ་བོར་སེམས་ཁོ་ནས་མ་ནུས་པ་ཡིན་ཏེ་བརྩོན་འགྲུས་དང་སྤོབས་པ་བསྐྱེད་ན་དུད་འགྲོས་ཀྱང་ཐར་པ་བསྒྲུབ་ནུས་པར་གསུངས་ན་མི་ཡིས་ལྟ་ཅི་སྨོས་ཏེ། ཤཱནྟ་དེ་བས། བདག་གི་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པར་གསུངས་པས་བདེན་འདི་གསུངས། །སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའི་བླ་མེད་ཐོབ། །བདག་ལྟའི་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་ནས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་ཐོབ། །ཅེས་དང་། མདོ་སྡེ་རྒྱན་ལས། གལ་ཏེ་སེམས་ཅན་མིར་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དགེ་བའི་ལས་ཇི་སྙེད་པ་ལའང་ཆོག་ཚོད་དང་། རྩིས་གྲངས་ཀྱིས་ཁྲིགས་སུ་བཅད་པར་མི་བྱ་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་རྩ་བ་གཅིག་ལ་ཆགས་པར་མ་བྱེད་ཅིག །ཆོས་ཀྱི་སྒོ་

(༡༨༠)གཅིག་དང་། སྤྱོད་པ་གཅིག་ཡོངས་སུ་རྫོགས་པས་ཆོག་པར་མ་འཛིན་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ནི་དགེ་བའི་རྩ་བ་ཚད་མེད་པ་ཡོངས་སུ་བསྡུ་བར་བྱ་དགོས་སོ། །ཞེས་གསུངས། ད་ལྟ་འོ་སྐོལ་གྱི་དགེ་བ་ཅི་ཙམ་ཞིག་འབད་ཀྱང་དེ་ཉིད་སྡིག་པ་མི་དགེ་བའི་ལས་དང་མ་འདྲེས་པའང་རྣམ་པར་དཔྱད་ན་འོང་མི་ཐང་བའི་ཕྱིར་དང་། གལ་ཏེ་རེ་རེ་ཙམ་སྲིད་ནའང་ཡིད་ཅན་ཕལ་ཆེར་བློ་མིག་མ་དག་པས་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པའི་དམ་པ་གསུམ་དང་འབྲེལ་བའི་དགེ་བའི་རྩ་བ་གསོག་པ་ཤིན་ཏུ་དཀོན་ལ། དེའི་ཕྱིར་བསོད་ནམས་ཆ་མཐུན་གྱི་དགེ་འབྲས་ལན་གཅིག་སྨིན་ནས་ཟད་པར་གྱུར་པ་དག་ནི་དབུས་ཀྱི་རི་བོ་མཆོག་རབ་ཙམ་ཡོད་པར་རློམ་ཡང་སྟོན་ཀའི་སྤྲིན་དང་འདྲ་སྟེ་ཤིན་ཏུ་ཡ་མ་བརླབས་ལག་པ་བརྐྱང་བསྐུམ་ཙམ་གྱི་བསམ་པའང་དགེ་བའི་ལས་འབའ་ཞིག་ཏུ་འགྲོ་བར་བྱ་དགོས་སོ།། །།སེམས་སྦྱོང་བཞི་པ་ནི། བུ་ཡིག་ལས། བླ་མའི་གདམས་ངག་གཅིག་ཅི་ནས་ཀྱང་ཐོབ་པར་བྱ་ཞིང་། ཐབས་གང་གི་སྒོ་ནས་ཀྱང་ཐོབ་པར་བྱ་དགོས་སྙོམ་པ་དང་། ཞེས་པས། དེ་ལྟར་སྔར་བཤད་མ་ཐག་པའི་རིགས་དྲུག་གང་དུ་འཁོར་ཀྱང་སྡུག་བསྔལ་འབའ་ཞིག་ལས་བདེ་བ་ཁབ་ཀྱི་རྩེ་ཙམ་མ་མཆིས་པར་ཤེས་པ་དང་། གོ་བ་ཙམ་

(༡༨༡)ཡོད་ཀྱང་དེ་ལ་ཡི་མུག་བྱས་པ་གཅིག་པུས་སྡུག་བསྔལ་དེ་ལས་ཐར་བ་མ་ཡིན་ཏེ། དེ་ལ་ཕན་པའི་ཐབས་ཁོ་ནར་ལྷུར་ལེན་དགོས། དེ་གང་ཡིན་ན། གསལ་རྒྱལ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་དེའི་ཚེ། དེའི་དུས་ན་དམ་པའི་ཆོས་མ་གཏོགས་མགོན་དང་སྐྱབས་མེད་དོ། །དམ་པའི་ཆོས་ནི་དེའི་ཚེ་མགོན་དང་སྐྱབས་དང་རྟེན་དང་གླིང་དང་དཔུང་གཉེན་ཡིན་ནོ། །ཞེས་གསུངས་ཤིང་དེ་ཡང་ཡིག་ནག་ཀློག་པ་ཙམ་ནི་མ་ཡིན་ཏེ་དཔེར་ན་འོ་མ་ལས་མར་དང་། མེ་ལས་དུ་བ་འབྱུང་བ་ལྟར་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་ཁོ་ན་བསྟེན་ནས་སྙིང་པོ་ལེན་པར་བྱ་སྟེ། སྡུད་པ་ལས། བླ་མ་མཁས་པ་རྣམས་ནི་རྟག་ཏུ་བསྟེན་བྱ་སྟེ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཞེས་གསུངས་པ་དེ་ལ་བསྟེན་བྱ་བླ་མའི་མཚན་ཉིད་ནི། རིན་པོ་ཆེ་ཕུང་པོའི་མདོར། བྱམས་སས་གསོལ་པ། དགེ་བའི་བཤེས་གཉེན་ཇི་ལྟ་བུར་བསྟེན་པར་བགྱི། །བཀའ་སྩལ་པ། དགེ་བའི་བཤེས་གཉེན་ནི་ཆོས་ཅི་དང་ཅི་སྟོན་པ་ཐམས་ཅད་ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་འབའ་ཞིག་སེམས་ཏེ་སྟོན་པར་བྱེད་གསལ་བར་བྱེད་

(༡༨༢)པ་དེ་ནི་དགེ་བའི་བཤེས་གཉེན་ལམ་དྲང་པོ་ནས་འཁྲིད་པར་བྱ་བ་ཡིན་ནོ། །ཞེས་གསུངས་པ་དེ་གཞིར་བཞག་ནས་མདོ་སྡེ་རྒྱན་ལས་གསུངས་པ་ལྟར་ལྷག་པའི་བསླབ་པ་གསུམ་གྱིས་རྒྱུད་ལེགས་པར་དུལ་བ་ཕྱོགས་རེ་ཙམ་མ་ཡིན་པར་མང་དུ་ཐོས་པ་ལུང་གི་ཡོན་ཏན། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་སློབ་མ་རྣམས་ལས་ཆེས་ལྷག་པའི་ཁྱད་པར་གྱི་ཡོན་ཏན། །ལུང་དོན་རིག་པས་འབྱེད་པ་ལ་རྣམ་དཔྱོད་ཀྱི་མཐུ་ཕུན་སུམ་ཚོགས་པས་གདུལ་བྱའི་རྣ་བར་འཇེབས་ཤིང་དོན་དམ་པའི་ལམ་ལ་བཀྲི་བར་མཁས་པས། རྙེད་པ་དང་བཀུར་སྟི་སོགས་ལ་མི་གཟིགས་པར་འགྲོ་བ་ཉམ་ཆུང་བ་ལ་བརྩེ་བའི་སྙིང་རྗེ་ཅན། གཞན་དོན་བསྒྲུབ་པ་ལ་སྐྱོ་དུབ་མེད་པའི་བརྩོན་འགྲུས། ཡང་ཡང་འཆད་པ་ལ་སྐྱོ་ངལ་མེད་ཅིང་ལོག་སྒྲུབ་བཟོད་པའི་སྙིང་སྟོབས་ཅན་གྱི་བླ་མ་དམ་པ་ཞིག་བསྟེན་དགོས། དེ་ལ་ནང་གསེས་སུ་དབྱེ་ན་སྤྱི་མདོ་དགོངས་པ་འདུས་པ་ལས། ཕྱི་སྒྲོ་འདོགས་གཅོད་པ་ལ་མཁས་པའི་བླ་མ། ནང་གསང་སྔགས་ཀྱི་གདམས་ངག་སྟོན་པ་དྲིན་ཅན་གྱི་བླ་མ། གསང་བ་སེམས་ཉིད་སྐྱེ་བ་མེད་པ་སྟོན་པ་རྩ་བའི་བླ་མ། རང་བཞིན་གཞིའི་བླ་མ། དག་པ་རང་སེམས་ཀྱི་བླ་མ། སྣང་བ་བརྡའི་བླ་མ། གང་ཟག་བརྒྱུད་པའི་བླ་མ་རྣམས་ལ་འདུས་པའོ། །

(༡༨༣)ཞར་ལ་སློབ་མའི་མཚན་ཉིད་ཀྱང་། རྒྱུད་ཀློང་གསལ་ལས། སྣོད་དང་མི་ལྡན་སློབ་མ་ནི། ཤེས་ཆུང་ཁ་གསགས་གདོང་ལྟས་ཆེ། །ཁ་མཁས་ལག་དམ་གཡོ་སྒྱུ་ཆེ། །བླ་མའི་གསུང་བཅག་དྲིན་ལ་རྩོད། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོག །རིགས་བརྒྱུད་དང་རྒྱུད་ངན་པ་དང་། །བཀའ་དྲིན་ཁྱད་གསོད་རང་ལ་བསྟོད། །དོན་དམ་དམ་ཚིག་ཉམས་ལེན་འཆལ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཅེས་གསུངས་པ་ལ་བརྟགས་པ་སྔོན་དུ་འགྲོ་བས་བསྟན་བྱ་མཚན་ཉིད་དང་ལྡན་པ་ནི། འོད་གསལ་གྱི་རྒྱུད་རིག་པ་རང་ཤར་ལས། །དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མོད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཞེས་གསུངས་པ་ཁོ་ན་ལས། གཞན་དུ་མ་ཡིན་ལ། དེ་ལྟ་བུའི་དཔོན་སློབ་ཟུང་དུ་འབྲལ་ན་གཤོག་པ་གཉིས་ལྡན་གྱི་འདབ་ཆགས་མཁའ་ལ་འཕུར་བ་ལ་ཚེགས་མེད་པ་བཞིན་བྱང་ཆུབ་བསྒྲུབ་པ་ལ་དེ་ཙམ་གྱི་དཀའ་ལས་མེད་པས་སློབ་མས་ཀྱང་བླ་མ་མཚན་ཉིད་དང་ལྡན་པ་བསྟེན་ཞིང་། རང་ཉིད་ལའང་ལུང་དང་འགལ་བའི་ཉེས་པའི་སྐྱོན་གང་ཆེ། ངོས་ཙིར་གྱིས་བཟུང་ནས་གཉེན་པོས་རྒྱུད་བསྡམས་

(༡༨༤)རྗེས་བཤེས་གཉེན་བསྟེན་པ་དངོས་ལ་བསམ་པས་བསྟེན་པའི་ཚུལ་དང་། སྦྱོར་བས་བསྟེན་པའི་ཚུལ་གཉིས་ཀྱི་སྔ་མ་ནི་དཀོན་མཆོག་ཏ་ལའི་གཟུངས་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ་ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་སྙོག་པ་མེད་ཅིང་སེམས་དངས་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་དེ་ལ་མཉམ་འགྲོགས་མ་ཡིན་པར་ཞེ་ཐག་པ་ནས་མི་ཕྱེད་པའི་དད་པ་དང་ལྡན་པ་འཕགས་པ་རྟག་ཏུ་དུས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཡོན་ཏན་མཐོང་བ་ལྟ་བུ་ཞིག་ངེས་པར་དགོས། འོ་སྐོལ་ལས་མ་དག་པའི་དབང་གིས་བླ་མ་མཚན་ལྡན་ལའང་དེ་དག་གིས་དྲང་ངེས་ལྡེམ་དགོངས་རྣམ་པ་བཞིའི་མཛད་པ་སྣ་ཚོགས་བསྟན་པའི་གནད་མ་གོ་བར་སྐྱོན་ཡོན་འདྲེས་མར་སྣང་བ་སྲིད་པས་དེའི་ཚེ་སྐྱོན་རྟོག་ཤར་བའི་བློ་དེ་དགག་དགོས། །དེ་དགག་ནུས་ན་ཅི་མཛད་ལེགས་མཐོང་ངང་ངམ་ཤུགས་ཀྱིས་འོང་བ་ལས་འོས་མེད། །དེའི་ཕྱིར་འདི་ལྟར་བླ་མ་དེའི་མཛད་པ་སྐྱོན་ལྟར་སྣང་བ་ཐམས་

(༡༨༥)ཅད་ལ་ཆེད་དུ་གཉེར་ནས་གཉེན་པོའི་གསལ་འདེབས་བྱ་བ་ནི། བླ་མ་དེའི་མཛད་པ་ལེགས་ཉེས། གསུང་བགྲོས་གནང་ལུགས། ཐན་ན་བཟའ་བཞེས་ལུགས་ལྟ་བུ་ཞིག་གི་མཚམས་སུ་ཡང་འདི་ལྟར་མ་ལེགས་སྙམ་པའི་བསམ་པ་ཞིག་ཐུར་གྱིས་ཤར་བྱུང་ན། དེ་མ་ཐག་རྣམ་རྟོག་དེ་ལ་བདག་འཛིན་རྗེས་གཅོད་མི་བྱ་བར་བདག་ལྟ་བུའི་ལས་ངན་གྱི་སེམས་ཅན། འདི་ལྟ་བུའི་བླ་མ་ཁྱད་པར་ཅན་ལ་དེ་འདྲའི་ཉེས་སྐྱོན་ཡོད་པ་མི་སྲིད། རང་ཉིད་ཐོག་མ་མེད་པ་ནས་གོམས་པའི་ལས་ཉོན་གྱི་མཐུས་སྐྱོན་དུ་ཤར་བར་འདུག །ཐང་ཕྲོམ་ཟོས་པའི་རྒན་མོའི་མིག་སྔར་ནམ་མཁའ་ནས་སྐྲ་ཤད་འཛག་པ་དང་། མཁྲིས་ནད་ཀྱིས་གདུངས་བའི་མིག་ཤེས་ལ་དུང་གི་ཁ་དོག་ཀྱང་སེར་པོར་སྣང་བ་དང་ཁྱད་པར་ག་ལ་ཡོད། རང་རེ་འདོད་པའི་མདའ་ལྔས་སྙིང་ཕུགས་པའི་འགྲོ་བ་དག་གི་སྤྱོད་ཚུལ་དང་བསྟུན་ཀྱིན་དགོངས་པ་ཅན་གྱི་ཚུལ་དུ་མ་དག་པའི་མཛད་པ་དེ་དག་ཆེད་དུ་མ་བསྟན་པའི་ངེས་པ་ཅི་ཆ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་འདྲེན་པ་ཤཱཀྱ་ཐུབ་པ་ལའང་དགེ་སློང་ལེགས་སྐར་དང་ལྷས་བྱིན་མུ་སྟེགས་ཀྱི་སྟོན་པ་དྲུག་ལ་སོགས་པ་དག་གིས་སྐྱོན་གྱི་གོང་བུར་མཐོང་བ་དང་། །སྔོན་གྱི་པཎ་གྲུབ་མཁན་སློབ་རྒྱལ་

(༡༨༦)བློན་བྱང་ཆུབ་སེམས་དཔའ་དེ་དག་ལའང་། བོན་དང་སྡིག་བློན་མ་རུངས་པ་དེ་དག་གིས་ཉེས་པའི་གོང་བུར་མཐོང་བ་དང་། འཕགས་པ་ཐོག་མེད་ཀྱིས་མི་ཕམ་མགོན་པོ་ཁྱི་མོ་ཁོག་སྨད་འབུས་གཡེང་བར་གཟིགས་པ་དང་ཁྱད་པར་མེད། ཡབ་སྲས་མཇལ་བའི་མདོ་ལས་བདེ་བར་གཤེགས་པས་བདུད་དུ་སྦྲུལ་ནས་སེམས་ཅན་གྱི་དོན་མཛད་པར་ཡང་གསུངས་པའི་ཕྱིར་ན་སངས་རྒྱས་ལ་བདུད་དུ་མཐོང་བའང་རང་གི་སྣང་བ་མ་དག་པ་ཁོ་ན་ལས་ཡུལ་དེ་དག་ལ་སྐྱོན་ཡེ་ནས་མེད་པར་ངེས་ཤེས་བསྐྱེད་ཡང་ཡང་བསམས་ནས་སྐྱོན་དུ་ལྟ་མཁན་གྱི་ཀུན་རྟོག་དེ་ཟིལ་གྱིས་གནོན་དགོས་ཏེ། རྒྱུད་དོན་མདོར་བསྡུས་ལས། བླ་མའི་མཛོད་པ་ཐམས་ཅད་ལ། །སངས་རྒྱས་མཛད་པ་ཉིད་དུ་བསམས། །གལ་ཏེ་གཟིམས་སམ་བཞེངས་པ་ནི། །འོད་གསལ་སྒྱུ་མར་སྣང་བར་བལྟ། །ཕྱག་དང་བསྐོར་བ་གང་མཛད་ཀྱང་། །སངས་རྒྱས་རོལ་པ་ཉིད་དུ་སྟོན། །གར་དང་རྣམ་འགྱུར་བཞད་པ་ན། །སངས་རྒྱས་དགོངས་པའི་མཛད་པ་ཅན། །ཁྲོ་དང་ཆགས་པ་ཅིར་སྟོན་ཡང་། །སངས་རྒྱས་བྱང་ཆུབ་ཉིད་དུ་བསམས། །མི་བརྒྱ་དུས་གཅིག་བསད་ན་ཡང་། །སངས་རྒྱས་འགྲོ་ལ་ཕན་མཛད་ཉིད། །བཙུན་མོ་བརྒྱ་དང་རོལ་ན་ཡང་། །བདེ་

(༡༨༧)ཆེན་ཡེ་ཤེས་ཕྱག་རྒྱ་ཆེ། །འདོད་པ་འདུན་པ་ཅིར་སྣང་ཡང་། །སངས་རྒྱས་འདོད་པ་བྲལ་བ་ཡིན། །ཐམས་ཅད་སངས་རྒྱས་མཛད་པ་སྟེ། །ཅི་མཛད་མཐོང་བ་ལེགས་པའི་ལམ། །ཅི་གསུངས་ཐོས་པ་དམ་པའི་ཆོས། །ཅི་དགོངས་ཐམས་ཅད་མཁྱེན་པའི་དཔལ། །བླ་མར་འཁྲུལ་པ་སྲིད་མཐར་ཡང་། །འབྱུང་བ་མེད་ཀྱི་གལ་ཏེ་ན། །མཐོང་སྣང་འཁྲུལ་པ་ལྟར་སྣང་སྟེ། །རང་སྣང་བསམ་པ་མ་དག་པས། །མིག་སྐྱོན་ཅན་གྱིས་གངས་ཉིད་ལ། །རྒྱུན་དུ་ནག་པོར་མི་སྲིད་ཀྱང་། །ནག་པོར་དངོས་སུ་མཐོང་དང་མཆུངས། །མཁྲིས་ནད་ཅན་གྱིས་དུང་ཉིད་ལ། །རྒྱུན་དུ་དཀར་པོ་ཉིད་ཡིན་ཀྱང་། །སེར་པོར་མཐོང་བ་ཉིད་དང་མཚུངས། །ལོག་སྲེད་ཅན་གྱིས་ཆུ་ཉིད་ལ། །ཁྲག་རྣག་མཚོན་ཆ་མེད་ན་ཡང་། །རྣག་ཁྲག་མཚོན་ཆར་མཐོང་དང་མཚུངས། །དེ་ཕྱིར་བླ་མའི་རྣམ་ཐར་ལ། །ལོག་ལྟ་སྐྱེས་ན་ཐར་ལམ་འགག །འགྲོ་འདུལ་ཐབས་མཁས་སྤྱོད་པས་ཏེ། །བརྡ་དང་ཐབས་སུ་ཤེས་པར་བྱ། །ཞེས་གསུངས་སོ། །དེའི་ཕྱིར་ངེས་པའི་དོན་དུ་དམ་པ་དེ་ལ་སྐྱོན་ཡེ་ནས་མི་མངའ་བར་ངེས་ཤེས་གཏིང་ཚུགས་པ་ཞིག་སྐྱེས་ཕྱིན་ཆད་ལེགས་པའི་ཡོན་ཏན་ཐམས་ཅད་ངང་ངམ་ཤུགས་ལ་འབྱུང་བ་ནི། སློབ་དཔོན་ནཱ་གརྫུ་ནས།

(༡༨༨)རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ནས། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་གསུངས་སོ། །གུས་པ་ཆེན་པོ་བསྐྱེད་པར་བྱེད་པ་ལ་བཀའ་བཀྱོན་ཡང་ཆོས་བཤད་པ་དང་། །བརྡུང་བཙོག་མཛད་ཀྱང་བྱིན་གྱིས་བརླབ་པར་མཐོང་བ་ཞིག་དགོས་ཏེ། ལུང་གིས་དབྱེ་བར། །མདོར་ན་བརྡུང་བཙོག་བཀའ་བཀྱོན་དང་། །དྲག་སྔགས་གཡུལ་སྤྲོད་མཚོན་ཕུགས་བརྡེབ། །ཅི་ལྟར་མཛད་ཀྱང་རང་སྐྱོན་གྱི། །དྲི་མ་སེལ་བའི་ཐབས་ཡིན་གྱི། །དེ་ལ་མ་གུས་སྤང་བྱ་སྟེ། །སྐུ་གསུང་ཐུགས་ཀྱི་མཛད་པ་ནི། །ཅི་ལྟར་མཛད་ཀྱང་སངས་རྒྱས་ཀྱི། །གར་གྱི་ཆོ་འཕྲུལ་རོལ་པ་ལས། །གཞན་དུ་ཅི་ཡང་བསམ་མི་བྱ། །བྱས་ན་དངོས་གྲུབ་རྒྱབ་ཀྱིས་ཕྱོགས། །མོས་གུས་ལོག་པས་བདུད་ཀྱིས་འཛིན། །ནད་མང་ཚེ་ཐུང་ངན་འགྲོར་ལྟུང་། །ཞེས་སོ། །དེའི་ཕྱིར་འདི་ལྟར་བདག་གི་བླ་མ་འདི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས། སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་རྣམས་དང་ཁྱད་པར་མེད་ཀྱང་། རང་རེ་བསོད་ནམས་དང་སྐལ་བ་དམན་པས་བླ་མ་འདིའི་སྐུ་གསུམ་གྱི་སྣང་ཆ་ཇི་བཞིན་པ་རང་ངོར་སྣང་དབང་མ་མཆིས་པས་ཐ་མལ་གྱི་ཚུལ་

(༡༨༩)བསྟན་པ་སྟེ། རིག་འཛིན་འདུས་རྒྱུད་ལས། །སངས་རྒྱས་རྣམས་དང་དེ་ཡི་སྲས། །གང་གིས་གདུལ་བྱ་དེ་ཉིད་ལ། །དེ་དང་མཐུན་པའི་གཟུགས་སྟོན་ཏོ། །ཞེས་སོ། །དེའང་འདི་ལྟར་སངས་རྒྱས་ཆོས་ཀྱི་སྐུ་ནང་གསལ་གཞོན་ནུ་བུམ་པའི་སྐུ་ཀུན་གཞིའི་སྟེང་ནས་ཁྱད་ཆོས་དྲུག་གིས་འཕགས་པའི་གདོད་མའི་མགོན་པོ་དེ་ནི། སྤངས་རྟོགས་ཕུལ་དུ་ཕྱིན་པའི་ཡེ་ཤེས་ཀྱི་མཐོང་བ་ལས་གཞན་གྱིས་སྤྱོད་ཡུལ་དུ་མ་གྱུར། ལོངས་སྤྱོད་རྫོགས་པའི་སྐུ་ངེས་པ་ལྔ་དང་ཁ་སྦྱོར་ཡན་ལག་བདུན་ལྡན་དེ་ནི་ཐུན་མོང་མ་ཡིན་པའི་གདུལ་བྱ་ས་བཅུའི་དབང་ཕྱུག་ཁོ་ན་ལས་གཞན་ལ་མི་སྣང་། སངས་རྒྱས་སྤྲུལ་པའི་སྐུ་སྟོབས་བཅུ་མི་འཇིགས་རྣམ་བཞི་ལ་སོགས་པའི་རྩལ་མངའ་བ་དེ་ནི་ཉན་རང་གི་སྟོན་པར་གྱུར་ཀྱང་དེ་དག་ལས་བཀའ་དྲིན་ནོད་པའི་བསོད་ནམས་ཀྱིས་ཕོངས། དེའང་སྐུ་གསུམ་སྟོན་པ་དེ་དག་ལ་ཉེ་རིང་མདའ་ནས་རང་རེ་རྣམས་ཆེད་དུ་དོར་བ་མ་ཡིན་ཀྱང་། བྲག་ཕུག་ཁ་བྱང་བསྟན་ལ་ཉི་མའི་སྣང་བ་མི་འཆར་བ་བཞིན་རང་ཉིད་ལས་དང་སྐལ་བ་དམན་པས་སངས་རྒྱས་དེ་དག་མཇལ་བ་དང་གསུང་ཐོས་པའི་སྣོད་དུ་མ་གྱུར་པས་ད་ལྟ་ཕན་མཐའ་མེད་ཀྱི་འཁོར་བ་བཙོན་དོང་ལྟ་བུར་ལྟུང་བ་འདི་ཙམ་དུ་ཟད། དེ་ལྟར་ནའང་

(༡༩༠)ད་རེས་མི་ལུས་ཐོབ་པའི་དུས་འདིར་བཤེས་གཉེན་དམ་པ་འདི་ལྟ་བུ་དང་མཇལ་བ་བསོད་ནམས་ཤིན་ཏུ་ཆེ། །རང་རེ་ལྔ་བརྒྱ་ཐ་མའི་སེམས་ཅན་རྣམས་ཀྱི་དོན་དུ་སངས་རྒྱས་དེ་དག་སོ་སོའི་སྐྱེ་བོའི་སློབ་དཔོན་གྱི་ཚུལ་དུ་སྤྲུལ་ནས་གདུལ་བྱ་འདུལ་བར་མདོ་རྒྱུད་མང་པོ་ནས་གསུངས་པས་བདག་གི་བླ་མ་དམ་པ་འདི་ཡང་ངེས་པའི་དོན་དུ་ཐ་མལ་མ་ཡིན་ལ། རང་ངོས་ནས་དངོས་ཀྱི་གདམས་པ་བསྟན་པས་སངས་རྒྱས་ལས་ཀྱང་ལྷག །མཚན་དཔེས་སྤྲས་པའི་སངས་རྒྱས་དངོས་སུ་མཇལ་ཡང་ཟབ་པ་དང་རྒྱ་ཆེ་བའི་དམ་ཆོས་བསྟན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀྲི་བ་ཉིད་ལས་ལྷག་པ་ནི་མཛད་རྒྱུ་མེད། དེའི་ཕྱིར་དགེ་བའི་བཤེས་གཉེན་ལེགས་པར་བསྟེན་པའི་དོན་རང་གིས་ཉམས་སུ་ལེན་ནུས་ན་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཐོབ་པར་ཐེ་མི་ཚོམ། ཚེ་འདིའི་ཟས་གོས་གྱིན་དང་དགྲ་གདོན་སོགས་ལས་སྐྱོབ་པ་དག་ལའང་བཀའ་དྲིན་ཆེ་བར་རྩི་ན། འཁོར་བ་མཐའ་མེད་ཀྱི་སྡུག་བསྔལ་སེལ་ཞིང་གཏན་གྱི་བདེ་བ་ལ་བཀོད་པར་མཛད་པའི་བཀའ་དྲིན་ནི་དབང་ཆེན་གསེར་གྱི་ས་གཞི་འཛམ་བུ་ཆུ་བོའི་གསེར་གྱིས་བཀང་ཡང་གཞལ་བར་གལ་ནུས། དེའི་ཕྱིར་གདུལ་བྱ་རང་ངོས་ནས་སངས་རྒྱས་ཐམས་ཅད་ལས་བླ་མ་དམ་

(༡༩༡)བ་བཀའ་དྲིན་ཆེ་ཞིང་ལྷག་གོ་སྙམ་པའི་དད་གུས་དང་མོས་པ་སྙིང་ཁུང་རུས་པའི་གཏིང་ནས་བསྐྱེད་དགོས་ཏེ། མ་རྒྱུད་ཀློང་གསལ་ལས། །ནད་གདོན་ཞི་བྱེད་སྨན་པའི་མཆོག །དགོས་འདོད་འབྱུང་བའི་རིན་པོ་ཆེ། །ཐམས་ཅད་དབང་དུ་སྡུད་བྱེད་རྩི། །འགྲོ་བ་མ་ལུས་སྒྲོལ་བའི་གྲུ། །ཕྲིན་ལས་ཀུན་གྱི་མངའ་བདག་མཆོག །ཐོག་མར་བླ་མ་གལ་ཆེའོ། །གང་ཟག་འཁོར་བར་ཞེན་པ་རྣམས། །ཞེན་པ་ལྡོག་ཐབས་བླ་མ་གཙོ། །གང་ཟག་དམ་ཆོས་མ་དྲན་ཞིང་། །དགེ་སྡིག་ངོ་མི་ཤེས་པ་རྣམས། །ཆོས་སྟོན་དགེ་སྡིག་ངོས་སྟོན་ཕྱིར། །བླ་མ་དམ་པ་ཤིན་ཏུ་གཅེས། །སྒོམ་སྐྱེས་གེགས་ཀྱིས་ཐུམས་པ་ལ། །གེགས་སེལ་འབྲས་བུ་འབྱུང་བ་ཡང་། །བླ་མ་དག་གི་དྲིན་ལས་འབྱུང་། །ཞེས་དང་། རྒྱུ་དང་འབྲས་བུའི་ཆོས་རྣམས་ཀུན། །བླ་མའི་ཞལ་ལས་འབྱོན་པ་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བླ་མ་དམ་པ་བསྟེན་ལས་བྱུང་། །ཞེས་གསུངས་ལ། །དེའི་ཕྱིར་ཐོག་མ་ཉིད་ནས་བདུད་དང་བསླུ་བ་མཁན་མ་ཡིན་པའི་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་ཞིག་དང་མཇལ་བའི་རྗེས་ཐོག་ཏུ་ཅི་མཛད་ལེགས་མཐོང་གི་མོས་གུས་སྐྱེ་བ་ནི་ཞེ་ནས་སྐྱེས་པའི་དད་པ་སྟེ་བྱིན་རླབས་ཞུགས་པའི་རྟགས་སུ་དེས་ལ། བཅོས་མའི་མོས་གུས་

(༡༩༢)ཀྱིས་ནི་དད་པ་ཚུགས་མི་ཐུབ་ཅིང་སྤྱོད་ལམ་མ་དག་པ་བག་ཙམ་མཐོང་བས་ལྡོག་པའི་ཕྱིར་ཡིད་བརྟན་རུང་བའི་དད་པ་མ་ཡིན་ནོ། །གཉིས་པ་སྦྱོར་བས་བསྟེན་ཚུལ་ནི། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བཅུ་ཚན་གསུམ་གྱི་དམ་ཚིག་བསྲུང་མཚམས་དེའི་རྗེས་འབྲེལ་དང་བཅས་པ་ནི། རང་བྱུང་རང་ཤར་གྱི་རྒྱུད་ལས། དང་པོ་སྐུ་ཡི་དམ་ཚིག་ནི། དང་པོ་ལུས་ཀྱི་བསྲུང་བྱ་བཅུ། །བླ་པའི་གདོད་ནས་འགྲོ་མི་བྱ། །ཅི་ཕྱིར་ཁྲེལ་ནས་རྒྱབ་ཕྱོགས་འདྲ། །ཆོས་མེད་དུད་འགྲོའི་གནས་སུ་སྐྱེ། །བླ་མའི་གཞུག་ནས་འགྲོ་མི་བྱ། །ཅི་ཕྱིར་ཞབས་རྗེས་གནོན་པའོ། །སྐྱབས་མེད་མགོན་དང་བྲལ་བར་སྐྱེ། །བླ་མའི་གཡས་ནས་འགྲོ་མི་བྱ། །ཅི་ཕྱིར་བརྡེག་པའི་སྟབས་སུའོ། །ཚེ་ཐུང་ནད་མང་དམྱལ་བར་ལྟུང་། །དབུའི་གྲིབ་མ་མནོན་མི་བྱ། །ཅི་ཕྱིར་ཁྱད་དུ་བསད་པ་ཡིན། །ངུ་འབོད་ཆེན་པོའི་དམྱལ་བར་ལྕང་། །དབུ་སྐྲ་རྡོག་བས་བརྫི་མི་བྱ། །ཀྱི་ཕྱིར་སངས་རྒྱས་གཤུང་པ་འདྲ། །ཐིག་ནག་འདྲི་བའི་དམྱལ་བར་སྐྱེ། །དབུ་སྔས་བཞུགས་གདན་བརྫི་མི་བྱ། །ཅི་ཕྱིར་སངས་རྒྱས་བླ་མེད་སྨད། །བཤལ་མ་རི་ལ་འཛེགས་པ་སྐྱེ། །སྐུ་ལ་མཐོ་ཡིས་གཞལ་མི་བྱ། །ཅི་ཕྱིར་ལག་གིས་བརྒྱ་བ་དང་མཚུངས། །མདུང་ཐུང་སུམ་བརྒྱས་འཇོམས་པར་འགྱུར། །བླ་མའི་

(༡༩༣)བཞེངས་ཕྱག་ཚུར་མི་བླང་། །མཐོ་རིས་ཐར་པའི་ལམ་སྣ་འགག །འདུ་ཤེས་མེད་པའི་དམྱལ་བར་སྐྱེ། །ཟབ་མོའི་མན་ངག་ཚིག་གསུམ་ཡང་། །མཉན་ནས་དེ་ཡི་གོང་དུ་མིན། །ཤེས་རབ་འཆལ་བའི་འདམ་དུ་འཛུད། །བླ་མའི་ཞལ་དུ་མ་གསོལ་བར། །ལོངས་སྤྱོད་ཟས་ལ་ཕུད་བཅད་ན། །ཤ་ཁྲག་འབར་བའི་ལུས་སུ་སྐྱེ། །གཞན་ཡང་བཞེངས་ཚེ་བསྡད་པ་ན། །མགོ་ལུས་བྲལ་བའི་དམྱལ་བར་སྐྱེ། །བཞུགས་ཚེ་སྟེགས་ལ་བསྡད་པ་ན། །དམྱལ་བ་མགོ་འཕྱང་ལུས་སུ་སྐྱེ། །དེ་རྣམས་སྐུ་ཡི་དམ་ཚིག་བཅུ། །ཉམས་ན་བསྐལ་པ་ཆེན་པོ་གཅིག །ཚ་གྲང་ལས་ཀྱི་དམྱལ་བར་སྐྱེ། །ཉམས་པ་སྐོང་ན་མཆོད་རྟེན་བཞེངས། །བུམ་པར་བླ་མའི་སྐུ་གཟུགས་བཞེངས། །མཆོད་ཅིང་བསྐོར་བ་རྒྱུན་མི་གཅད། །ཅེས་དང་། ངག་གི་སྒོ་ནས་དམ་བཅུ་བསྲུང་། །བླ་མ་སངས་རྒྱས་ཀུན་ལས་ལྷག །དེ་ལ་རྟོགས་བཅས་བྱ་མི་རུང་། །རྒྱབ་ནས་འཕྱ་གཏམ་ཟེར་བ་དེ། །སངས་རྒྱས་རྒྱབ་ཀྱིས་ཕྱོགས་པ་ཡིན། །འབྲས་བུ་མེད་པར་ངན་སོང་ལྟུང་། །ལུས་རུལ་མགུལ་འགག་ནད་ཀྱིས་འདེབས། །བླ་མ་བླུན་ཞེས་བརྗོད་མི་རུང་། །བརྗོད་ན་བསྐལ་བ་ཕྲ་མོ་གཅིག །བྱང་ཆུབ་ལམ་དང་ཕྲད་མི་སྲིད། །བླ་མ་ཟོག་ཆེ་

(༡༩༤)བྱ་མི་རུང་། །རལ་གྲི་སོ་མས་ལྕེ་གཏུབས་ནས། །ལྐུགས་པའི་གནས་སུ་སྐྱེ་བར་འགྱུར། །བླ་མ་རྡོ་རྗེ་སློབ་དཔོན་ལ། །ཞེ་ལ་འབབ་བའི་ཚིག་མི་སྨྲ། །སྨྲས་ན་རི་འཐབ་བར་དུ་སྐྱེ། །ལེགས་པར་གསུངས་པའི་བཀའ་མི་བཅག །བཅག་ན་མནར་མེད་གནས་སུ་སྐྱེ། །ངག་ཚིག་བརླང་པོས་ཞེ་འགེམས་ན། །འོ་དོད་འབོད་པའི་གནས་ངན་དུ། །བསྐལ་པ་སྟོང་ཕྲག་དྲུག་ཏུ་གནས། །སྨྲས་པའི་ཚིག་ལ་མི་གནས་པ། །སྡུག་བསྔལ་ལས་ལ་ཡུན་རིང་སྤྱོད། །སྒྲོ་སྐུར་མང་པོ་འདོགས་པ་དེ། །དགེ་སློང་འབུམ་ཕྲག་བསད་དང་མཉམ། །མནར་མེད་དམྱལ་བ་ཁོ་ནང་ལྷུང་། །ཁྱོད་བསང་བཟང་ཟེར་བ་དེ། །དམྱལ་བར་བསྐལ་པ་ཡུན་རིང་གནས། །དམོད་པའི་གཡོ་སྒྱུ་སྣ་ཚོགས་སྨྲ། །རྟག་ཏུ་རྐེ་བཅད་དམྱལ་བར་ལྟུང་། །དེ་ཡང་སྐུ་ཡི་དམ་ཚིག་ཡིན། །ཉམས་པ་སྐོང་ན་གཟུང་སྔགས་འབུམ། །བྲིས་ལ་མཆོད་རྟེན་ནང་དུ་གཞུག །དྲིལ་བུ་ཟུང་འབྲེལ་མང་དུ་བཏགས། །ཅེས་དང་། །ཡིད་ཀྱི་སྒོ་ནས་དམ་བཅའ་བསྲུང་། །བླ་མའི་དཀོར་ལ་བརྣབ་སེམས་བྱེད། །ཡི་དྭགས་གནས་སུ་བསྐལ་པ་གཉིས། །བཀྲེས་སྐོམ་མི་བཟོད་མྱོང་བར་འགྱུར། །བླ་མ་དག་ལ་འགྲན་སེམས་བྱེད། །འཁོར་བའི་གཅོད་རོང་ཐར་མེད་དུ། །ཆོས་

(༡༩༥)སྤྱོད་བརྩོན་ཡང་སྐྱེ་བར་འགྱུར། །ཞེ་འགྲས་པ་ཡི་སེམས་བྱེད་ན། །རལ་གྲིས་གཅོད་པའི་དམྱལ་བར་སྐྱེ། །རྡོ་རྗེ་སློབ་དཔོན་འདོད་ཆགས་ཆེ། །སེམས་ན་ངན་སོང་ཀུན་ཏུ་འཁྱམས། །རྡོ་རྗེ་སློབ་དཔོན་ཞེ་སྡང་ཆེ། །སེམས་ན་དམྱལ་བ་དྲུག་ཅུར་འཚོད། །རྡོ་རྗེ་སློབ་དཔོན་འདུ་ཤེས་ཆུང་། །སེམས་ན་དུ་འབོད་དམྱལ་བར་སྐྱེ། །རྡོ་རྗེ་སློབ་དཔོན་བྲོད་པ་ཆེ། །སེམས་ན་མནར་མེད་དམྱལ་བར་སྐྱེ། །རྡོ་རྗེ་སློབ་དཔོན་ང་རྒྱལ་ཆེ། །སེམས་ན་ཁ་འཐབས་གནས་སུ་སྐྱེ། །རྡོ་རྗེ་སློབ་དཔོན་ཁ་ཞན་དུ། །སེམས་ན་བླ་མེད་ལམ་མི་རྙེད། །རྡོ་རྗེ་སློབ་དཔོན་སྐྱོན་བཞིར་སེམས། །སྐྱོན་བཞི་ནི་བླ་མ་འདི་འཇིག་རྟེན་གྱི་བྱ་བ་ལ་མི་མཁས་སྙམ་པ་དང་། རང་བས་ན་ཚོད་གཞོན་སྙོམ་པ་དང་། བཟའ་ཚོ་དང་ཉེ་འབྲེལ་ཡིན་སྙམ་པ་དང་། རང་ལས་རིགས་དམན་པ་ཡིན་སྙམ་པའི་ལོག་པའི་འདུ་ཤེས་བཞིའོ། །རྟག་ཏུ་བསམ་ངན་མཚང་འབྲུ་བ། །ལྷ་ཀླུ་གདུག་པས་སྲོག་བཅད་ནས། །མྱུར་དུ་དམྱལ་བའི་གནས་སུ་ལྟུང་། །འདི་ཡང་སྐུ་ཡི་དམ་ཚིག་ཡིན། །ཉམས་པ་གསོན་མཚན་གྱི་མཐར། །གསོལ་འདེབས་བསྟོད་པ་བྲིས་པ་འབུམ། །བཤགས་པའི་ཚིག་བྲིས་འབུམ་ཐེར་གཞུག །ལོ་ཟླ་དུས་མཆོད་རྒྱུན་དུ་བཟུང་། །ཞེས་སོ། །དེ་བཞིན་དུ་བླ་མའི་གནང་བ་མ་ཐོབ་ཀྱི་བར་ལ་ལུང་དང་རྟོག་པའི་ཡོན་ཏན་གྱིས་གཞན་དོན་བྱེད་པའི་ནུས་པ་མངའ་བ་ཡིན་ནའང་སྨོན་

(༡༩༦)པའི་ཡུལ་དུ་བྱ་བ་ལས་འཇུག་པས་དངོས་སུ་མི་བྱ་སྟེ། རྒྱུད་དེ་ཉིད་ལས། གཞན་ཡང་རྡོ་རྗེ་སློབ་དཔོན་གྱི། །བྱ་བའི་ལས་རྣམས་སློབ་མས་མིན། །བླ་མའི་སློབ་བུ་སློབ་མ་རུ། །བཅུག་ན་སྐྱབས་མེད་དམྱལ་བར་ལྟུང་། །རྡོ་རྗེ་སློབ་དཔོན་ཆོས་ཀྱི་རྒྱལ། །རྒྱལ་པོའི་བྱ་བ་མངའ་ཐང་སྐྱོང་། །དེ་བཞིན་ཆོས་ཀྱི་རྩ་བ་དྲུག །ཐེག་པ་འོག་མའི་རྩ་བ་གཉིས། །སེམས་བསྐྱེད་པ་དང་སྡོམ་པ་འབོགས། །ཐེག་པ་གོང་མའི་རྩ་བ་གཉིས། །དབང་བསྐུར་བ་དང་ངོ་སྤྲོད་པ། །ཐེག་པ་ཐུན་མོང་རྩ་བ་གཉིས། །རབ་ཏུ་གནས་དང་གནས་སྤོར་བའོ། །རྡོ་རྗེ་སློབ་དཔོན་རྒྱལ་པོ་ཡི། །མངའ་ཐང་སྐྱོང་བའི་ཆོས་ཡིན་པས། །ཕྱོགས་བཞིར་དཔག་ཚད་བཅུ་གཉིས་ཏེ། །མ་འདས་པར་ལ་རྩ་བ་དྲུག །དེ་ཡི་སློབ་མས་བསྙེན་པ་ན། །བསྐལ་པ་དྲུག་ཅུ་རྩ་བརྒྱད་དུ། །རི་རབ་ཆེན་པོའི་འོག་ཏུ་སྐྱེ། །ཅི་ཕྱིར་ཞེ་ན་རྒྱལ་པོ་ཡི། །རྒྱལ་སྲིད་འབངས་ཀྱིས་ཕྲོགས་པ་ལྟར། །བླ་མའི་ཡོན་ཏན་སློབ་མས་བསྣུབས། །དེ་ཡི་ཕྱི་མ་དམྱལ་བ་ལས། །འགྲོ་ས་མེད་པ་རང་ཡིས་བཤད། །དཔག་ཚད་བཅུ་གཉིས་ཕར་ཚད་དུ། །སློབ་དཔོན་དེ་ཡིས་མ་ཁྱབ་ན། །རྒྱལ་ཚབ་བསྐོས་ལ་གནང་བ་བྱིན། །དེ་ཡང་ལོ་ཡི་དུས་སུ་མཇལ། །མཉེས་པའི་ལོངས་སྤྱོད་དད་པས་

(༡༩༧)འབུལ། །ཞེས་དང་། །རྒྱུད་དོན་མདོར་བསྡུས་ལས་ཀྱང་། །རང་ཉིད་ཡོན་ཏན་བསམ་ཡས་ཀྱང་། །བླ་མས་རྗེས་སུ་མ་གནང་ན། ཁ་རོག་འདུག་ལ་མཁས་པ་དང་། །གྲུབ་པའི་སྤྱོད་པ་ཐམས་ཅད་སྤངས། །ལོངས་སྤྱོད་ལྡན་ཞིང་ཕུན་ཚོགས་ཀྱང་། །ལྟོ་གོས་སྤོང་ཞིང་སྡུག་སྲན་གྱིས། །དམའ་ས་བཟུང་ལ་སྒེག་ཆོས་སྤོང་། །གསུང་ཡང་དེ་ཉིད་དོན་བཞིན་བསྒྲུབ། །ཅེས་གསུངས་སོ། །གལ་ཏེ་བླ་མས་བཀའ་གནང་ན། །འཇིག་རྟེན་གྱི་སྣང་ངོར་མི་རིག་པ་ལྟར་སྣང་བའི་ངན་སྤྱོད་མི་རུང་བ་ཡང་བསྒྲུབ་དགོས་ཏེ། རང་བྱུང་གི་རྒྱུད་ལས། ཁྱོད་ཀྱིས་བརྐུས་ཕྲོགས་དམག་ཁྱེར་དང་། །བརྡུང་བཙོག་གཞན་བརྙས་སྨྱོན་བཅོས་དང་། །ཁྲེལ་མེད་ངོ་ཚ་མེད་པའི་ལས། །བྱ་རུ་མི་རུང་སྣ་ཚོགས་པ། །གྱིས་ཞེས་བཀའ་སྩལ་ལུང་བཞིན་བསྒྲུབ། །ལས་ཀ་ཚོང་ཁེ་བག་མ་ལེན། །ཕྲག་དོག་འཐབ་འཛིང་ཞིང་གཞིས་དང་། །བེའུ་ལུག་སྦྲེལ་ཞེས་བཀའ་སྩལ་ཡང་། །ཐེ་ཚོམ་མེད་པར་གསང་བཞིན་བསྒྲུབ། །ཅེས་སོ། །གང་ཟག་ཐོས་པ་ཉུང་ཞིང་རྟོག་པ་ཅན་ཁ་ཅིག་དེ་ལྟར་སློབ་ན་བཤེས་གཉེན་ཚུལ་ལྡན་དུ་མི་འགྱུར་རམ་སྙམ་ན་མ་ཡིན་ཏེ། །བླ་མའི་མཚན་ཉིད་ཀྱང་རྒྱུད་སྡེ་ནས་གསུངས་པ་ལྟར་བཙལ་བ་ལས་འདོད་ཁ་དང་ཉོན་མོངས་གང་ཆེ་སྙན་པ་ཙམ་གྱི་རྗེས་སུ་

(༡༩༨)ཕྱོགས་ནས་འཚོལ་མ་ཉེས་པ་དགོས་ཏེ། བཀའ་བརྒྱད་ཡོངས་འདུས་ལས། །ཕྱི་མར་གྱུར་པ་དུས་ཀྱི་ཚེ། །བསོད་ནམས་དམན་པའི་སེམས་ཅན་གྱིས། །དམ་པ་རྙེད་པར་མི་འགྱུར་ཞིང་། །ཚུལ་མིན་སློབ་དཔོན་ནག་པོའི་བདུད། །འབྱུང་བར་འགྱུར་གྱི་དེ་བས་ན། །ནོར་བ་སྤང་བ་ཉིད་དུ་བྱ། །ཞེས་གསུངས་ལ། དེ་ལྟར་མིན་ཕྱིན་ཆད་མཚན་ཉིད་ཚང་བའི་བླ་མ་དེ་ཉིད་ཆ་ལུགས་དང་ལྟར་སྣང་ཇི་ལྟར་སྣང་ཡང་སྐྱེས་བུ་དམ་པ་ཡིན་པར་ངེས་ལ། དེས་ལོག་པའི་སྤྱོད་པ་མི་སློབ་ཅིང་གལ་ཏེ་སློབ་ན་རང་རྒྱུད་གདུལ་བའི་ཕྱིར་ངེས་པར་དགོངས་པ་ཅན་གྱིས་སློབ་པའི་ཕྱིར། པཎ་ཆེན་ནཱ་རོ་པས་ཏེ་ལོའི་ཞབས་པད་བསྟེན་པ་བཞིན་ཐེ་ཚོམ་མེད་པར་བྱ་དགོས་པ་ཉིད་དོ། །དེའི་ཕྱིར་རིག་པ་ལྟར་རྗེས་སུ་གནང་བ་ནི་ཤིན་ཏུའང་བསྒྲུབ་དགོས་ཏེ། རྒྱུད་དེ་ཉིད་ལས། བླ་མའི་ཞབས་ཏོག་ཆོས་བཤད་དང་། །སྡོམ་པ་འབོག་ཅིང་སྡེ་དགོན་བཟུང་། །འཁོར་དང་སློབ་མ་ཚོགས་སུ་བསྡུས། །འགྲོ་ཕན་སྐྱིད་སྡུག་རོ་མཉམ་ཀྱང་། །རི་ཁྲོད་བསྟན་པ་སྐྱོང་སྤེལ་གྱིས། །ནའམ་ཤི་ཡང་བྱ་བ་ལ། །ཐང་ལྷོད་མེད་པར་གྱིས་གསུངས་ཡང་། །ཇི་ལྟར་བཀའ་སྩལ་དེ་བཞིན་བསྒྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེ་བཞིན་གཤེགས་བཞུགས་གང་གི་ཐད་དུ་བསྙེན་བཀུར་བྱ་ཚུལ་ཡང་རྒྱུད་ལས། །གཤེགས་

(༡༩༩)ན་འདས་པའི་མཆོད་པ་འབུལ། །བཞུགས་ན་མཉེས་པའི་མཆོད་པ་བྱ། །གཤེགས་ནས་འདས་མཆོད་མི་འབུལ་ན། །རྩ་བའི་ཉམས་པ་ཆེན་པོ་སྟེ། །ངན་སོང་གནས་ནས་ཐར་མི་སྲིད། །དེ་དག་ཉམས་ན་བླ་མའི་སྐུ། །བརྒྱ་རྩ་བཞེངས་ལ་མཆོད་པ་གསུམ། །རྒྱུན་མི་ཆད་པ་ཟླ་དྲུག་འབུལ། །སྐུ་ཡི་མཆོད་པ་ཕྱག་འཚལ་འབུམ། །གསུང་གི་མཆོད་པ་བཤགས་ལ་སྟོང་། །ཐུགས་ཀྱི་མཆོད་པ་མར་མེ་བརྒྱ། །དང་པོར་ཟླ་བ་དྲུག་ཏུ་འབུལ། །ཕྱིན་ཆད་དུས་ཀྱི་མཆོད་པ་བཟུང་། །ཞེས་དང་། བླ་མའི་ཡུམ་དང་སྲས་པོ་དང་། །མཆེད་དང་ལྕམ་ལ་ཡང་རིམ་པ་ལྟར། །མཉམ་དང་འདྲ་དང་སུམ་ཆ་ཡིས། །བཀུར་སྟི་རིམ་གྲོ་བརྩོན་པར་གྱིས། །ཉམས་ན་བཤགས་པ་བརྒྱ་རྩ་འབུལ། །ཞེས་སོ། །དེ་ལྟར་གནང་བཀག་གི་རིམ་པ་ལ་བསོད་ནམས་ཀྱི་འཕེན་པས་བློ་ལས་སུ་རུང་བའི་བསམ་སྦྱོར་གཉིས་ཀྱིས་ཤིན་ཏུ་རིགས་པར་དཔྱད་པས་ལམ་ལྔའི་ཡོན་ཏན་ལག་པའི་མཐིལ་དུ་ཟིན་ནས། གནས་སྐབས་སུ་མངོན་མཐོའི་དཔལ་ལ་སྤྱོད་ཅིང་མཐར་ཐུག་ངེས་ལེགས་ཀྱི་ས་ལ་ཐོག་པ་མེད་པར་ཕྱིན་པར་འགྱུར་ཏེ། །དེའང་འདི་ལྟར་བླ་མ་དམ་པ་ལ་བསོད་ནམས་ཀྱི་ཚོགས་ཆེན་པོས་བསྙེན་བཀུར་ཡོངས་སུ་རྫོགས་བཞིན་པས་དྲུང་ན་གནས་ཤིང་དེའི་ཚེ་ཐོས་བསམ་གྱི་ཚོགས་

(༢༠༠)རྒྱ་ཆེན་སྤྱོད་པས་ཚོགས་ལམ། ཇི་ལྟར་བསྟན་པའི་གསུང་གི་བདུད་རྩིའི་རོ་མྱོང་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བཙན་ཐབས་སུ་སྦྱོར་བས་སྦྱོར་ལམ། ཆོས་ཉིད་ཀྱི་རང་བཞིན་ཅི་ཡང་མ་ཡིན་པ་དཔེ་གང་གིས་ཀྱང་མཐོང་བར་དཀའ་བའི་ངེས་པའི་བདེན་པ་ཆེན་པོ་བརྡ་ཐབས་རྣམ་པ་བཞི་ལ་སོགས་པས་མངོན་སུམ་པར་སྟོན་པས་མཐོང་ལམ། དེའི་རང་བཞིན་སྒོམ་པ་དང་མི་སྒོམ་པ་ལ་སོགས་ཏེ་མཐའ་གཉིས་ཀྱི་ཕྱོགས་སུ་ལྟུང་བའི་གེགས་དང་གོལ་ས་ཚར་བཅད་དེ་འདུ་འབྲལ་མེད་པའི་སྒོམ་པ་ཁྱབ་གདལ་རང་བྱུང་དུ་ཤེས་པས་སྒོམ་ལ། གདེང་ཆེན་བཞིས་དགོངས་པ་ཚད་དུ་སྐྱོལ་བས་བསླབ་བྱ་མཐར་ཐུག་སྟེ་སྒོམ་དུ་མེད་པའི་རང་ས་ཟིན་པ་མི་སློབ་པའི་ལམ་སྟེ་རྒྱུད་ལས། བླ་མ་བསྙེན་བསྐུར་ཡོངས་རྫོགས་ནས། །དམ་པའི་དྲུང་ན་གནས་པ་ནི། །ཚོགས་ཀྱི་ལམ་ཞེས་དེ་ལ་བྱ། །བླ་མ་དམ་པས་དོན་བཤད་ཅིང་། །གདམས་ངག་གཉིས་ཀྱང་རྒྱུད་ལ་སྦྱོར། །སྦྱོར་བའི་ལམ་དུ་ང་ཡིས་བསྟན། །ངོ་སྤྲོད་རྣམ་པ་བཞིའི་སྒོ་ནས། །ཚེ་འདིར་ངེས་པའི་བདེན་པ་མཐོང་། །མཐོང་བའི་ལམ་དུ་ང་ཡིས་བཤད། །སྒོམ་དུ་མེད་པའི་སྒོམ་པ་དང་། །སྒོམ་དུ་ཡོད་པ་མེད་པ་གཉིས། །འདུ་འབྲལ་མེད་པར་གནས་པ་ནི། །སྒོམ་པའི་ལམ་དུ་ང་ཡིས་

(༢༠༡)བསྟན། །སངས་རྒྱས་དགོངས་པ་གདིངས་ཆེན་བཞི། །མི་གནས་ཚུལ་གྱི་མཐར་ཕྱིན་པས། །མཐར་ཕྱིན་ལམ་དུ་ང་ཡིས་བཤད། །ཅེས་གསུངས་སོ། །དེའི་ཕྱིར་ན་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཉིད་བླ་མ་དམ་པ་ཁོ་ན་ལས་བྱུང་བ་ཡིན་ཕྱིར། །བྱང་ཆུབ་སེམས་དཔའ་རྟག་ཏུ་དུས་འཕགས་པ་ཆོས་འཕགས་བསྟེན་པ་དང་། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་མོས་གུས་ཆེན་པོ་བྱས་པས་ཐུན་གཅིག་གིས་གྲོལ་བ་དང་། ཨ་ཏི་ཤས་བླ་མ་གསེར་གླིང་པ་ལ་བྱང་སེམས་ཞུ་བའི་ཕྱིར་རྒྱ་མཚོ་ཆེན་པོར་དཀའ་བ་དཔག་མེད་སྤྱད་པ་དང་། ནཱ་རོས་ཏེ་ལོ། །རྗེ་བཙུན་བཞད་པ་རྡོ་རྗེས་མར་པ་བསྟེན་པ། དཀའ་བ་ཇི་ལྟར་སྤྱད་པ་ལྟར་ཅི་གསུངས་དང་དུ་བླང་། །ཅི་ཡོད་བླ་མར་འབུལ། གང་ཤར་མོས་གུས་སུ་འཁྱེར་ཤེས་པ་ཞིག་གི་བློ་དང་ལྡན་པས་བླ་མ་འདི་གདམས་པའི་གནད་ལ་མཁས། ཉམས་མྱོང་ལ་དྲོད་ཐོབ། བྱིན་རླབས་དང་ནུས་པ་ཆེ། །རྟོགས་པ་ཡང་མཆོག་ཏུ་མཐོ། །ད་ལྟའི་དུས་སྐབས་ན་ཀུན་ཏུ་བཟང་པོ་འདི་ཁ་ཡིན་པས་རང་རེ་སྐལ་བ་བཟང་། ད་ནི་གཡག་འདྲོགས་མི་བྱ་བར་གུས་པ་ཆེན་པོས་བསྟེན་ཏེ་གདམས་ངག་ཟབ་མོ་ཅི་ནས་ཐོབ་པར་བྱས་ནས་བླ་མ་དང་དགོངས་པ་མཉམ་པ་ཞིག་མི་

(༢༠༢)བྱེད་རེ་སྙམ་དུ་ཡང་ཡང་བསམ་མོ། །དེ་ལྟར་རྒྱུད་ལ་སྐྱེས་ཅན་བླ་མའི་བྱིན་རླབས་ཞུགས་ནས་དང་པོར་འཁོར་བ་ལ་བློ་ལྡོག །གཉིས་པ་ཡེ་ཤེས་ཀྱི་མཐོངས་ཕྱེད། །གསུམ་པར་ལྷན་ཅིག་སྐྱེས་པའི་རྟོག་པ་ཤར་ནས། ཐ་སྙད་ཤེས་བྱའི་ཆོས་ཐམས་ཅད་སྒྲོག་རང་གྲོལ་ལ་སོང་སྟེ། དོན་དམ་ཡེ་ཤེས་ཀྱི་རིག་པའི་སྒྲོ་འདོགས་ནང་ནས་ཆོད་པ་ཞིག་ཡོད་པ་ཡིན་ལ། །དེ་ལྟར་བཤད་མ་ཐག་པ་དེ་དག་གི་བསྟེན་ཚུལ་ནི་གཙོ་བོར་ལས་དང་པོ་པའི་སྤྱོད་པ་ཁོ་ན་ཡིན་པས། དངོས་གཞིའི་དུས་སུ་མཉེས་པ་རྣམ་པ་གསུམ་ལས་སྒྲུབ་པའི་མཆོད་པ་ཁོ་ནས་མཉེས་པར་བྱ་དགོས་ཏེ་བཀའ་བརྒྱད་ཡོངས་འདུས་ལས། ད་ལྟར་བླ་མ་དེ་མཉེས་པའི། །ཐབས་ཀྱིས་བྱེ་བྲག་ཁྱད་པར་ཅན། །བྱང་ཆུབ་སྒྲུབ་པ་ལྷུར་ལེན་པ། །ཇི་ལྟར་བཀའ་སྩལ་བསྒྲུབ་པའི་ཕྱིར། །ཟླ་གཅིག་དྲུག་དང་བཅུ་གཉིས་དང་། །དེ་བཞིན་ལོ་གཅིག་དྲུག་དང་ནི། །བཅུ་གཉིས་བསྒྲུབ་པའི་ཞེ་དམ་འབུལ། །དེ་བཞིན་བླ་མའི་ཞབས་ཏོག་དང་། །སེམས་ཅན་དོན་དུ་གང་འགྱུར་པའི། །ལུང་དང་མཐུན་པའི་འགྲོ་དོན་དང་། །སངས་རྒྱས་བསྟན་པ་རྣམ་པ་གསུམ། །སྐྱོང་དང་བྱི་དོར་གྱིས་ཤིག་ཅེས། །བཀའ་སྩལ་དེ་ལ་བཀའ་བཞིན་དུ། །མི་སྒྲུབ་སྙོམ་པའི་བློ་སྤངས་ལ། །དོགས་པ་མེད་པར་བསྒྲུབ་བྱས་ན། །ཅི་བསམ་དོན་ལ་

(༢༠༣)ཐོགས་མེད་འགྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་ཇི་ལྟར་ཐོབ་པའི་ཆོས་རྣམས་ཀྱང་ཐོས་པས་ཁོག་དབུབ། བསམ་པས་དམར་ཐག་བཅད། སྒོམ་པས་རྒྱུད་ལ་བཀལ་ཏེ། ཤེས་རབ་རྣམ་པ་གསུམ་གྱིས་གཏན་ལ་ཕབ་ནས་གྲུབ་པའི་དབང་ཕྱུག་གི་སར་ཕྱིན་པར་བྱ་དགོས་ལ། དེ་ལྟར་ནའང་རེ་ཞིག་ལས་དང་པོ་པ་རྣམས་ཀྱིས་དངོས་སུ་བསྒྲུབ་མི་ནུས་པས་སྨོན་པའི་ཡུལ་དུ་བྱ་ཞིང་། ཇི་ལྟར་སྒྲུབ་ནུས་པ་དག་ཡུལ་དུས་གནས་སྐབས་དང་བསྟུན་ནས་ལག་ཏུ་བླངས། ཚུལ་འདི་ནི་སྡོང་པོ་བཀོད་པའི་མདོ་དང་། ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད། དམ་ཚིག་ས་མ་ཡ་འབུམ་སྡེ་བཀོད་པ་སོགས་སྔ་འགྱུར་གྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ། གཞན་ཡང་ཁ་འཐོར་མན་ངག་ཇི་སྙེད་ལས་གསུངས་པ་ལྟར་བླང་བྱ་དོར་ན་ཉེས་དམིགས་ཐམས་ཅད་ཀྱི་རྩ་བ་དང་། བསྒྲུབ་བྱ་བླངས་ན་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ལམ་གྱི་རྩ་བ་ཡིན་པར་བཟུང་ངོ་།། །།སེམས་སྦྱོང་ལྔ་པ་ནི། བུ་ཡིག་ལས། གདམས་པ་རྙེད་ནས་མ་བསྒོམས་ན་སངས་མི་རྒྱ་བར་ངེས་ནས། རྩེ་གཅིག་ཏུ་ལེ་ལོ་སྤངས་ནས་བསྒོམ་པ་དང་། །ཞེས་པས། དེ་ལྟར་དགེ་བའི་བཤེས་གཉེན་མིག་བཞིན་དུ་བསྟེན་ནས་ཟབ་པ་དང་རྒྱ་ཆེ་བའི་གདམས་

(༢༠༤)པ་ཇི་སྙེད་ཅིག་ནོད་ནའང་དེ་ཉིད་རྣམ་གཡེང་སྤངས་ནས་རྩེ་གཅིག་ཏུ་མ་བསྒོམས་ན་ཞུས་བློ་དང་ཐོས་བློ་ཙམ་གྱིས་རྣམ་ཀུན་མཆོག་ལྡན་གྱི་དོན་ལ་རེག་པར་མི་འགྱུར་ཏེ། ཕལ་པོ་ཆེ་ལས། ཇི་ལྟར་མཉན་པ་མཁས་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །རང་ཉིད་དེ་ན་འཆི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཞེས་སོགས་དང་། སློབ་དཔོན་འཕགས་པ་ལྷས། །བསྐལ་པ་བྱེ་བ་དུ་མ་རུ། །ཐོས་པའི་ཕ་རོལ་སོན་གྱུར་པ། །བདག་བྱིན་རླབས་ལ་ཕྱིར་བལྟས་པས། །དེ་ཡིས་དེ་ཉིད་རྟོགས་མི་འགྱུར། །ཞེས་གསུངས་ལ། འདི་ལྟར་ཐུབ་པའི་ཞམ་རིང་ཀུན་དགའ་བོས་ཀྱང་ཤཱཀྱ་ཐུབ་པའི་ཞབས་པད་བསྙེན་ཅིང་ཐོས་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཀྱང་བཀའ་བསྡུ་དང་པོ་ལ་ཐུག་གི་བར་རྒྱུན་ཞུགས་ཁོ་ན་ལས་དགྲ་བཅོམ་པའི་གོ་འཕང་མ་ཐོབ། འཕགས་པ་འདི་ཉིད་ངེས་པའི་དོན་དུ་རྡོ་རྗེ་འཛིན་པའི་སྤྲུལ་པར་ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས་གསུངས་ན། རང་ཅག་བྱིས་པ་སོ་སོ་སྐྱེ་བོས་མ་བསྒོམས་པར་འཚང་རྒྱ་བར་འདོད་པ་ཤིན་ཏུ་རྨོངས་པའི་རང་བཞིན་ཅན་ཏེ། དེའི་ཕྱིར་རང་རྒྱུད་ལ་གདོད་ནས་གནས་པའི་ཡེ་ཤེས་ཟབ་མོ་སད་པར་བྱ་བའི་ཕྱིར་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་དམ་པས་

(༢༠༥)བརྡ་དོན་རྟགས་གསུམ་གྱི་ལམ་ཟབ་མོ་ནས་འཁྲིད་པའི་རྗེས་སུ་གཡེལ་བ་མེད་པར་སློབ་ཅིང་། ལེ་ལོ་དང་སྙོམས་ལས་ཀྱི་དབང་དུ་སྐད་ཅིག་ཀྱང་གཏོང་རེ། ཟླ་དགའ་དང་ཟས་འཚོལ་གྱི་དབང་དུ་ཕྱི་བཤོལ་དུ་འཇོག་རེ། ཕྱི་ཚིག་དང་རེ་དོགས་ཀྱི་དབང་དུ་བཏང་སྙོམས་སུ་ལུས་རེ། སྙམ་པས་རྒྱུད་ལེགས་པར་བསྡམས་ཤིང་མ་གཅིག་བུ་གཅིག་གི་མ་བུ་སྟོར་བ་འཚོལ་བའི་འདུ་ཤེས་ལྟར་ཚེ་འདིའི་རྗེས་སུ་སྐད་ཅིག་ཀྱང་མི་འབྲེང་བར་ལེ་ལོ་རྡོག་པས་བརྫིས། ཕྱི་བཤོལ་ཁྱུར་མིད་བཏང་། སྙོམས་ལས་ཟིལ་གྱིས་མནན་ནས་རི་དྭགས་སྨས་མ་དང་། བསེ་རུ་ལྟ་བུར་དབེན་པ་བརྟེན་ནས་ཇི་ལྟར་ཐོས་པའི་གདམས་པ་འདི་ཉིད་རྩེ་གཅིག་ཏུ་ཉམས་སུ་མི་ལེན་རེ་སྙམ་དུ་ཞེ་ཐག་པ་ནས་བསམ་མོ།། །།སེམས་སྦྱོང་དྲུག་པ་ནི། བུ་ཡིག་ལས། འཇིག་རྟེན་གྱི་ལོངས་སྤྱོད་ནི། དུག་གིས་བསྐྱེད་པའི་སྦྲང་རྩི་དང་འདྲ་སྟེ། ཇི་ཙམ་ལོངས་སྤྱད་པ་ཙམ་གྱིས་སྡུག་བསྔལ་བསྐྱེད་པར་བསམ་པ་དང་། ཞེས་པས། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར། རང་རེ་རྣམས་བླང་དོར་ལ་ཤིན་

(༢༠༦)ཏུ་རྨོངས་པས་འདོད་པ་བདེ་བ་འདོད་ཀྱང་སྒྲུབ་པ་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་སྒྲུབ་པ་ནི། དཔེར་ན་ཕྱེ་མ་ལེབ་མར་མེའི་འོད་ལ་དགའ་ནས་དེར་ཕྱིན་པས་གསོན་པོར་འཚིག་ནས་ཤི་བ་དང་། བུང་བ་སྦྲང་རྩིའི་བཅུད་ལ་ཆགས་ནས་མེ་ཏོག་ལ་འཇིབས་པས་དེར་འབྱར་བའམ། ཁ་ཟུམ་ནས་ཤི་བ་དང་། རི་དྭགས་གླིང་བུའི་སྒྲ་ལ་ཉན་པས་བསད་པ་དང་། ཉ་རྣམས་རྔོན་པའི་ལྕགས་ཀྱུའི་རྩེའི་ཟས་ཀྱི་རོ་ལ་ཞེན་པས་བྱེ་ཚན་ལ་འཆི་བ་དང་། གླང་པོ་ཆེ་བསིལ་བའི་རེག་བྱ་འདོད་ནས་མཚོར་ཞུགས་ནས་ཤི་བ་ལྟ་བུ་སྟེ། དོ་ཧ་མཛོད་ལས། ཉ་དང་བྱེ་སླེབ་གླང་ཆེན་བུང་བ་དང་། འདི་ན་རི་དྭགས་བཞིན་དུ་ལྟ་བར་བྱོས། །ཞེས་གསུངས་པ་ལ། དེའི་ཕྱིར་ན་རང་ཅག་རྣམས་ཀྱི་སེམས་རྒྱུད་ལའང་ལྐོག་གྱུར་བག་ལ་ཉལ་གྱི་ཉོན་མོངས་པ་དཔེར་ན་ཆུ་ནང་དུ་ལན་ཚྭ་ཞུ་བ་བཞིན་མཆིས་པ་དེ་ཉིད། ནད་རོ་ཅན་གྱི་མི་དེ་ལྟ་ཐང་བ་ལྟར་སྣང་ཡང་ནད་སློང་བྱེད་ཀྱི་ཟས་སྤྱོད་ཕྲན་བུ་དང་འཕྲད་ཚེ་ནད་དེ་མངོན་གྱུར་དུ་ལྡང་བ་བཞིན་འདོད་པའི་ཡུལ་ལྔ་ལ་ཆགས་ཤིང་ཞེན་པས་མཚམས་སྦྱར་ཏེ། ངན་སོང་གསུམ་གྱི་རྒྱུ་མི་དགེ་བ་ཁོ་ན་འབད་པས་བསྒྲུབས་པས་དེའི་འབྲས་བུ་མི་འདོད་བཞིན་དུ་སྡུག་བསྔལ་ཁོ་ན་མྱོང་བ་ལས་ངོས་མ་མཆིས། ད་སྡུག་བསྔལ་དེ་སྤོང་པ་ལ་

(༢༠༧)དེའི་རྒྱུའམ། འབྱུང་བའི་ཁུངས་སྡིག་པ་དེ་ངེས་པར་སྤངས་དགོས། དེ་ཡང་དཔེར་ན་ན་ཚ་ཟུག་རྔུ་ཡིན་ཞེས་སྨན་བཏང་བ་གཅིག་པུས་མི་ཆོག །ནད་དེའི་རྒྱུ་རྐྱེན་ངོ་བོ་ཚ་གྲང་སོགས་ཅར་ཕོག་ཏུ་ངོས་ཟིན་པར་བྱས་ལ་དེའི་གཉེན་པོའི་སྨན་གཏོང་བ་བཞིན་སྡིག་པའི་ཕྱི་མོ་མི་དགེ་བ་ངོ་ཤེས་དགོས། དེ་ཡང་མཛོད་ལས། དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་པ་ལྟར་བསྡུ་ན་མི་དགེ་བཅུར་འདུ་བས། དེ་ལ་ལུས་གྱི་གསུམ་སྲོག་གཅོད། །མ་བྱིན་ལེན། ལོག་གཡེམ། ངག་གི་རྣམ་པ་བཞི་རྫུན། ཕྲ་མ། ཚིག་རྩུབ། ངག་བཀྱལ། ཡིད་ཀྱི་གསུམ་བརྣབ་སེམས། གནོད་སེམས། ལོག་ལྟ་རྣམས་ལས། སྤྱིར་སེམས་ཅན་གྱི་རིགས་གང་བསད་ཀྱང་སྲོག་གཅོད་ཀྱི་མི་དགེ་བ་ཡིན་པ་སྨོས་མ་དགོས། ནང་གསེས་ཀྱིས་དབྱེ་ན། བསམ་པས་བསད་པ། སྦྱོར་བས་བསད་པ། མཐར་ཐུག་ཚང་བ་སྟེ། གསུམ་ཀ་རྫོགས་ན་སྲོག་གཅོད་ཀྱི་མི་དགེ་བ་མཐའ་དག་ཆང་བས་རྣམ་སྨིན་ཤིན་ཏུ་ལྕི་ལ། བསམ་པས་བསད་པ་ནི་གསོད་སེམས་སྐྱེས་ཚད་དོ། །སྦྱོར་པས་བསད་པ་ནི་འདུ་ཤེས་འཁྲུལ་པ་དང་། གསོད་སེམས་མེད་པར་རྐང་འོག་ཏུ་ཤི་བ་སོགས་ཡིན་ཕྱིར། ད་ལྟར་རང་རེས་སེམས་ཅན་བསད་པའི་

(༢༠༨)གྲངས་མི་ཆོད། དེ་དག་ལ་ཡང་མི་དགེ་བའི་འབྲས་བུ་གཅིག་མྱོང་བས་མི་ཆོག །རྣམ་སྨིན་གྱི་འབྲས་བུ་མཚམས་མེད་ལྔའི་ཆར་གཏོགས་པ་ཕ་མ་དང་སློབ་དཔོན་དགྲ་བཅོམ་པ་ལ་སོགས་གསོད་པས་མཚོན་ཏེ་ལྕི་ཡང་གིས་ཁྱད་པར་ཕྱེ་བས། དམྱལ་བ་ལ་སོགས་ངན་སོང་གསུམ། རྒྱུ་མཐུན་གྱི་འབྲས་བུས་རེ་ཞིག་བདེ་འགྲོ་ཐོབ་ཀྱང་ཚེ་ཐུང་། བདག་པོའི་འབྲས་བུར་བཟའ་བཏུང་དང་སྨན་ཟོས་ཀྱང་ནུས་པ་མི་འབྱུང་། མ་བྱིན་ལེན་ནི། གཞི་རང་ཉིད་མི་དབང་ཞིང་གཞན་གྱིས་བདག་ཏུ་བཟུང་བའི་དངོས་པོ་གསེར་ལ་སོགས་རིན་ཐང་ཅན་མཐུས་ལེན་པ་དབང་ཤེད་ཀྱིས་འཕྲོག་པའམ་ཆད་པས་ལེན་པ། གཡོ་སྒྱུས་ལེན་པ་ཚོང་དང་འབུན་བསྐྱེད་བྲེ་ལོག་སྲང་ལོག་བྱེད་པ། འཇབ་བུས་ལེན་པ་བརྐུ་བའམ། དེད་ལ་དངོས་པོ་འདི་ལྟ་བུ་ཞིག་དགོས་གནད་ཆེ་ཡང་མ་བྱུང་ཟེར་བ་ལྟ་བུའི་གཡོ་ཐབས་སོགས་ཐབས་སྣ་ཚོགས་ཀྱིས་བླངས་ཤིང་མཐར་ཐུག་ཐོབ་བློ་སྐྱེས་པ་སྟེ། དེའི་རྣམ་སྨིན་གྱི་འབྲས་བུ་སྔ་མ་དང་མཚུངས། རྒྱུ་མཐུན་གྱི་འབྲས་བུར་ལོངས་སྤྱོད་དབུལ། བདག་པོའི་འབྲས་བུར་ལོ་འབྲས་ཉུང་ངུར་འགྱུར། ལོག་གཡེམ་ནི། སྡོམ་ལྡན་ནམ། གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་ལ་སྤྱོད་པ་དང་། གཞན་ཡང་རང་གི་ཉེ་དུ་དང་། དེ་ཡང་དེང་སང་གི་ཉེ་

(༢༠༩)དུས་མཚམས་ཕྱེད་པ་དཀའ་བས་འདུལ་བ་ལས་ཕྱི་མོ་དང་། མེས་པོ་དང་། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ཞེས་གསུངས་པས་མི་རབས་བདུན་བརྒྱུད་ཚུན་ཆད་དུ་སྤང་བྱ་ཡིན་ལ། གཞན་ཡང་རང་གི་ཆུང་མ་སོགས་བགྲོད་ཡུལ་ཡིན་ཡང་རྟེན་གྱི་དྲུང་དང་། ཁ་དང་བཤང་ལམ་སོགས་བགྲོད་བྱ་མ་ཡིན་པ་དང་། སྦྲུམ་མ་དང་བསྙེན་གནས་པ་ལྟ་བུའི་ཚེ་དེར་འདུ་ཤེས་ཏེ་ཉོན་མོངས་ཀྱི་སྒོ་ནས་མི་ཚང་བར་སྤྱོད་འདོད་ཀྱི་སྦྱོར་བ་དེའི་དོན་ལ་བརྩོན་པས། མཐར་ཐུག་དབང་པོ་གཉིས་སྦྱོར་ཚང་བ་སྟེ། དེའི་རྣམ་སྨིན་གྱི་འབྲས་བུར་ངན་སོང་གསུམ། རྒྱུ་མཐུན་གྱི་འབྲས་བུར་རང་གི་ཆུང་མ་བསྲུང་དུ་མི་བཏུབ། བདག་པོའི་འབྲས་བུར་འདམ་རྫབ་དང་ཡ་ང་བའི་གནས་སུ་སྐྱེ། རྫུན་དུ་སྨྲ་བ་ནི། ཡོན་ཏན་མེད་པར་ཡོན་ཏན་ཡོད་ཚུལ། གྲུབ་པ་མ་ཐོབ་པར་ཐོབ་ཚུལ། ཆོས་མི་ཤེས་པར་ཚུལ་སོགས་ལྷག་མའི་རྫུན་དང་ཕམ་པའི་རྫུན། ལྷ་མ་མཐོང་བར་མཐོང་། ས་མ་ཐོབ་པར་ཐོབ། མངོན་ཤེས་མེད་པ་ལ་ཡོད་ཅེས་སྨྲ་བ་མི་ཆོས་བླ་མའི་རྫུན་ལྟ་བུས་མཚོན་ཏེ་ཉོན་མོངས་པ་གང་རུང་གི་སྒོ་ནས་ཀུན་སློང་གི་གཏམ་སྨྲ་བར་འདོད་དེ། སྦྱོར་བ་ལུས་ངག་གང་ཡང་རུང་བས་རྣམ་འགྱུར་བསྟན་པས་མཐར་ཐུག་ཕ་རོལ་

(༢༡༠)པོས་དོན་གོ་བ་སྟེ། །དེའི་རྣམ་སྨིན་གྱི་འབྲས་བུར་ངན་སོང་གསུམ། རྒྱུ་མཐུན་གྱི་འབྲས་བུར་མི་ཁ་སྡང་། བདག་པོའི་འབྲས་བུར་བསླུ་བྲིད་དང་འཇིགས་པ་ཆེ་བའི་ཡུལ་དུ་སྐྱེའོ། །ཕྲ་མ་ནི་མདོ་ལས། ཁྱུ་མཆོག་དང་མ་ཧེ་མཛའ་བཤེས་སུ་གྱུར་པ་ཝ་སྐྱེས་ཀྱིས་དབྱེ་ན་བྱས་ཏེ་མི་མཛའ་བར་བྱས་པ་བཤད་པ་ལྟར་ཕན་ཚུན་སྙིང་ཉེ་ཞིང་ཡིད་གཅུགས་པའམ། མིན་ནའང་བཏང་སྙོམས་ལྟ་བུའི་འདུ་ཤེས་ལ་གནས་པ་དག་ཉོན་མོངས་གང་རུང་གི་ཀུན་སློང་དམ་པོས་དབྱེ་བར་འདོད་ནས། སྦྱོར་བ་འབྱེད་ནུས་ཀྱི་ཚིག་སྨྲས་པ་དང་། གཞོགས་ཕྲ་བའམ། ལྐོག་གྱུར་གྱི་ཕྲ་མའི་རིགས་རྫས་སྔགས་ལ་བརྟེན་པའི་ཉེ་འབྱེད་ལྟ་བུའི་དབྱེ་སྟེ་མཐར་ཐུག་ཕ་རོལ་པོས་དེའི་དོན་གོ་བའོ། །དེའི་རྣམ་སྨིན་གྱི་འབྲས་བུར་ངན་སོང་གསུམ། རྒྱུ་མཐུན་གྱི་འབྲས་བུར་མཛའ་བཤེས་ཉུང་། བདག་པོའི་འབྲས་བུར་ཕྱོགས་མི་སྙོམས་ཤིང་བསྒྲོད་དཀའོ། །ཚིག་རྩུབ་ནི། དཔེར་ན་སྐྱེ་བོ་བྱད་མི་མཛེས་པའམ། མིའུ་ཐུང་ལྟ་བུ་ལ་དེར་འདུ་ཤེས་ཤིང་ཉོན་མོངས་གསུམ་གང་རུང་གི་སྒོ་ནས་དེའི་སྐྱོན་མངོན་གྱུར་དུ་སྒྲོག་པར་འདོད་པའི་ངག་རྩུབ་མོའི་སྦྱོར་བས། ཕ་རོལ་པོའི་སྙིང་ལ་མདའ་གཟིར་བ་ལྟ་བུའི་མི་སྙན་པ་བརྗོད་པས་མཐར་ཐུག་དེའི་དོན་

(༢༡༡)གོ་བ་སྟེ། དེའི་རྣམ་སྨིན་གྱི་འབྲས་བུར་སྔ་མ་དང་མཚུངས། རྒྱུ་མཐུན་གྱི་འབྲས་བུར་མི་སྙན་པ་མང་དུ་ཐོས། །བདག་པོའི་འབྲས་བུར་སྡོང་དུམ་དང་ཚེར་མ་སོགས་ཡིད་དུ་མི་འོང་བའི་གནས་སུ་ཆགས་དགོས་པའོ། །ངག་བཀྱལ་ནི། དེ་དག་གསུམ་གང་རུང་དུ་མི་གཏོགས་པའི་དོན་ཆུང་དང་ལྡན་པའི་དོན་ཙམ་ལ་དེར་འདུ་ཤེས་ཏེ་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་མི་བཟད་པས་སྨྲ་བར་འདོད་དེ། །སྦྱོར་བ་བྲམ་ཟེའི་ངན་སྔགས་འདོན་པའམ། གཅེར་བུ་པའི་བསྟན་བཅོས། དམག་དང་ཆོམ་རྐུན་ལ་སོགས་འདུ་འཛིའི་གཏམ་འབྲེལ་མེད་བྱུང་རྒྱལ་དུ་སྒྲོག་པ། །ཆགས་སེམས་ཀྱིས་གླུ་ལེན་པ་དང་ཟློས་གར་གྱི་ཚིག་བརྗོད་ཅིང་། དགེ་སྦྱོང་གང་ཞིག་རྙེད་པ་འཚོལ་བའི་ཕྱིར་གཞན་གྱི་དྲུང་དུ་ཁ་གསག་སྨྲ་བ་བརྩམས་ནས་མཐར་ཐུག་དོན་གོ་བར་བྱས་པའོ། །དེའི་རྣམ་སྨིན་གྱི་འབྲས་བུར་ངན་སོང་གསུམ་རྒྱུ་མཐུན་གྱི་འབྲས་བུར་ཚིག་མི་བཙན། བདག་པོའི་འབྲས་བུར་ལྗོན་ཤིང་ལ་འབྲས་བུ་མི་ཆགས་པ་ཉིད་དུ་འགྱུར་རོ། །བརྣབ་སེམས་ནི། གཞན་གྱི་ནོར་ལ་དེར་འདུ་ཤེས་པས་ཆགས་སེམས་དང་འཁུ་སེམས་ཀྱི་རོ་མྱོང་བ། རང་ནོར་ལ་གཅེས་འཛིན་དང་གསོག་སེམས། ཆོས་ལྔ་ལྡན་ཀྱི་ཉོན་མོངས་མི་བཟད་པས་ངོ་ཚ་དང་ཉེས་

(༢༡༢)དམིགས་ཟིལ་གྱིས་གནོན་པའི་ཀུན་སློང་གིས་གཞན་ནོར་དེ་རང་ལ་བྱུང་ན་སྙམ་པའི་རྔམ་སེམས་ངམ་ངམ་གྱི་སྦྱོར་བ་ཡིད་ཀྱིས་རྩོལ་ནས་མཐར་ཐུག་དེར་སྨོན་པའོ། །དེའི་རྣམ་སྨིན་གྱི་འབྲས་བུ་སྔ་མ་དང་མཚུངས། རྒྱུ་མཐུན་གྱི་འབྲས་བུར་ཡིད་ཀྱི་རེ་བ་མི་འགྲུབ། བདག་པོའི་འབྲས་བུར་ཕུན་ཚོགས་ཐམས་ཅད་རིམ་གྱིས་འགྲིབ་པར་འགྱུར་རོ། །གནོད་སེམས་ནི། གཞི་ཡིད་དུ་མི་འཐད་པའི་འགྲོ་བ་ལ་དེར་འདུ་ཤེས་ཤིང་གནོད་སེམས་ཀྱི་ངོ་བོ་ལ་རྟག་ཆོས་ཐེར་ཟུག་ཏུ་འཛིན་པ་ཞེ་སྡང་གི་སེམས། ཚུལ་མ་ཡིན་པ་ཡིད་ལ་བྱེད་པ་ཡང་ཡང་དྲན་པ་འཁོན་འཛིན་གྱི་སེམས། གནོད་བྱེད་ལ་ཤིན་ཏུ་མི་བཟོད་པ་ང་རྒྱལ་གྱི་སེམས། འདི་དག་བསད་ན་དང་བརྡེག་ན་ཅི་མ་རུང་སྙམ་པ་འཁུ་བའི་སེམས། ངོ་ཚ་དང་ཉེས་དམིགས་ཟིལ་གྱིས་གནོན་པའི་སེམས་ལྔ་ལྡན་གྱི་ཉོན་མོངས་གང་རུང་གིས་ཀུན་ནས་བླངས་ཏེ། བཟུང་འཁྱིག་དང་གསོད་པ་ལ་སོགས་པའི་སྦྱོར་བ་བྱེད་པར་རྩོལ་ཞིང་མཐར་ཐུག་དངོས་སུ་ནུས་ན་བྱེད་པ་ཐག་ཆོད་པའོ། །དེའི་རྣམ་སྨིན་གྱི་འབྲས་བུར་ངན་སོང་གསུམ། རྒྱུ་མཐུན་གྱི་འབྲས་བུར་འཇིགས་སྐྲག་ཆེ། བདག་པོའི་འབྲས་བུར་ནད་འཁྲུག་དང་། མི་དང་མི་མ་ཡིན་པའི་གནོད་འཚེ་མང་བ་ཡིན་ནོ། །

(༢༡༣)ལོག་ལྟ་ནི། གཞི་ལས་རྒྱུ་འབྲས་ལྟ་བུའི་མི་བསླུ་བའི་ཆོས་ཅན་ལ་རྒྱང་འཕེན་པ་ལྟ་བུའི་འདོད་པས་དེ་མི་བདེན་པར་འདུ་ཤེས་ཤིང་ཉོན་མོངས་གང་རུང་གིས་ཀུན་ནས་བླངས་ཏེ་སྐུར་པ་འདེབས་པར་འདོད་པས་སྦྱོར་བ་ནི་ཇི་ལྟར་བསམ་པ་ལྟར་མེད་པ་ཉིད་དུ་གོ་ཞིང་མཐར་ཐུག་ཐག་བཅད་པའོ། །དེའི་རྣམ་སྨིན་ངན་སོང་ཅི་རིགས་པ་དང་། རྒྱུ་མཐུན་གྱི་འབྲས་བུར་ཡང་དག་པའི་ལྟ་བ་ལ་རྨོངས། བདག་པོའི་འབྲས་བུར་བཟང་ངན་གོ་ལྡོག་པར་འགྱུར་བ་ཉིད་དོ། །དེ་ལྟར་མི་དགེ་བའི་ལས་བཅུ་པོ་དེ་དག་ཀྱང་ནང་གསེས་ཀྱི་སྒོ་ནས་སྡིག་པ་ལྕི་ཡང་དབྱེ་ན། བསམ་པ་ཉོན་མོངས་པ་དྲག་པོས་ཀུན་ནས་བླངས་པ། །ལྷ་ཆོས་སུ་གཉན་པ་བླ་མ་དང་། །མི་ཆོས་སུ་གཉན་པ་ཕ་མ་སྟེ། ཡུལ་ཁྱད་པར་ཅན་དེ་ལྟ་བུ་བསད་པ་དང་། དེ་དག་བསླུས་ཤིང་དཀོར་ཕྲོགས་པ་དང་དབྱེ་བ། ཚིག་རྩུབས་བརྣབས་སེམས་གནོད་སེམས་བྱེད་པ། གཞན་ཡང་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་སོགས་བགྲོད་བྱ་མིན་པ་ལ་འདོད་པ་སྤྱོད་པ། ལྷས་བྱིན་ལྟར་དགེ་འདུན་འབྱེད་པའི་རྫུན་དང་ཕྲ་མ་བྱེད་པ། དགྲ་བཅོམ་པ་འབྱུང་བ་མེད་པར་འདོད་པ། དུད་འགྲོ་ལྟ་བུ་ལ་ཤ་ཁྲག་གི་རློམ་སེམས་ཀྱི་ལུས་བོངས་ཆེ་བ་གསོད་པ། དངོས་པོ་མང་ཞིང་

(༢༡༤)རིན་ཐང་ཆེ་བ་བརྐུ་བ། སྡིག་པ་ལ་བཤགས་སྡོམ་མེད་པར་དགའ་བཞིན་དུ་བྱེད་པ་སོགས་ཤིན་ཏུ་ལྕི་ལ། དེའི་ལྡོག་ཕྱོགས་རྣམས་ནི་ཡང་བ་སྟེ། ཇི་ལྟར་ཡང་རྒྱལ་སྲས་པདྨས། མི་དགེ་བཅུ་དང་མཚམས་མེད་རྣམ་པ་ལྔ། །ཉེ་བ་ལྔ་དང་ལྕི་བ་རྣམ་པ་བཞི། །ལོག་པའི་ལས་བརྒྱད་ཁ་ན་མ་ཐོའི་ལས། །སྲོག་ལ་བབ་ཀྱང་ཕྲ་མོའང་སྤང་བར་མཛོད། །དགེ་བ་བཅུ་དང་མཐུན་པར་འཇུག་པ་ཡི། །དགེ་བསྙེན་དགེ་ཚུལ་བསྙེན་གནས་དགེ་སློང་སོགས། །སོ་སོ་ཐར་དང་བྱང་སེམས་གསང་སྔགས་ཀྱི། །སྡོམ་པ་གང་བླངས་བླང་ཞིང་བསྲུང་བ་ལ། །ཐར་པ་འདོད་ཁྱོད་ནན་ཏན་སྲོག་ལྟར་སྲུངས། ཞེས་གསུངས་པ་ལྟར་བཤད་མ་ཐག་པའི་ལས་འབྲས་ཀྱི་རྣམ་གཞག་དེ་དག་ངེས་པར་བྱས་ཏེ། རང་རྒྱུད་ལ་དེ་དག་གང་ཤས་ཆེ་བ་བརྟགས་ནས་ངོས་ཚིར་གྱིས་བཟུང་། ག་རེ་སྔོན་ཆད་འདི་ལྟ་བུའི་སྡིག་པ་གྲངས་ཀྱིས་མི་ཆོད་པ་བསགས་ཡོད་འདུག་ཀྱང་ཤེས་བཞིན་གྱི་དྲན་པས་མ་ཟིན་པས་ལུང་མ་བསྟན་དུ་འཕྱན་ཏེ་ལས་བསགས་པ་ལ་བསགས་པར་ངོ་མ་འཕྲོད་པ་ཀླ་ཀློ་ལྟར་ནོངས་པ་ཤིན་ཏུ་ཆེ། ད་ནས་བཟུང་མི་དགེ་བཅུས་མཚོན་ཕྲ་རགས་ཀྱི་སྡིག་སེམས་ནམ་བྱུང་ཙ་ན་གཉེན་པོ་བསྟེན་ནས་གདོང་ཟློག་ཏུ་བྱོལ་ཐུབ་པ་ཞིག་དང་། དེ་ཙམ་གྱིས་ཀྱང་མི་ཆོག་པར་

(༢༡༥)དེའི་ལྡོག་ཕྱོགས་དགེ་བ་སྟོབས་ཆེན་གྱི་སྒོ་ནས་སྲོག་གཅོད་སྤོང་པ་སོགས་དགེ་བ་བཅུའི་ལམ་ལ་མགོའམ་གོས་ལ་མེ་ཤོར་བ་བཟློག་པའི་བརྩོན་པ་ལྟ་བུ་བསྐྱེད་པར་བྱའོ་སྙམ་དུ་མོས་པ་དང་སྤྲོ་བ་མ་བྱུང་བར་དུ་སྒོམ། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། མཐོང་བའི་ཆོས་ལ་སོགས་པ་ལ། །མྱོང་འགྱུར་ལ་སོགས་དེས་རྣམ་གསུམ། །ཞེས་གསུངས་པ་ལྟར་དཔེར་ན་སྡིག་ཅན་ལྷས་བྱིན་དང་། ཤ་ས་རཀྵི། དཔལ་འཛིན་ལ་སོགས་པ་རྣམས་ལུས་མ་སྤངས་པར་དམྱལ་བར་སོང་བའི་མཐོང་ཆོས་མྱོང་འགྱུར་གྱི་གཏམ་རྒྱུད་ལྟ་བུས་མཚོན་ཏེ་རང་ལ་ངན་སོང་གསུམ་དུ་སྐྱེ་ངེས་ཀྱི་ལས་ཞིག་ཡོད་པའི་སྡིག་ཅན་ཞིག་ཡིན་ན་མ་གཏོགས། གཞན་མ་འདི་སྙམ་དུ། ཀྱེ་མ་དེ་ལྟ་ན་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ལ་མི་དགེ་བ་དེ་དག་གི་རྩ་བ་སྟོངས་པ་ཞིག་དགོས་འདུག་ཀྱང་། བསམ་ན་རང་གི་ཚེ་འདི་ཁ་ལ་མངོན་སུམ་དུ་གྲུབ་པའི་སྡིག་པ་དེ་ཙམ་ཞིག་བསགས་མོད། དེས་ཆ་ཙམ་དུ་ཡང་མི་མཚོན་པའི་སྐྱེ་བ་སྔ་མ་རྣམས་སུ་རང་འཁོར་སློབ་འབངས་སྡེ་རིས་སོགས་ཀྱི་ཆེད་དུ་བསམ་གྱིས་མི་ཁྱབ་པའི་སྡིག་པ་བསགས་པ་ཚད་མས་གྲུབ། དེ་དག་གི་འབྲས་བུ་ཡང་རང་ཉིད་ཁོ་ནས་མྱོང་བ་མ་གཏོགས་གང་གི་ཆེད་དུ་བྱས་པ་དེ་དག་

(༢༡༦)ལ་བགོ་བཤའ་བྱ་རུ་མེད་པ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་གསུངས་འདུག་པས་ཧ་བྷོ་ཧ་བྷོ། ང་ནི་མེད་དོ། །ང་ནི་མེད་དོ། །འདི་ནས་འཕོས་ཏེ་ངན་སོང་མྱོང་བ་ལས་འོས་མེད་པ་ཞིག་འདྲའོ་འདྲའོ་སྙམས་ནས་ཡིད་སློང་སློང་པོར་མི་འགྱུར་བའི་ཐབས་མེད། དེའི་ཚེ་ལས་འབྲས་ཀྱི་མཚང་རིག་པ་ཡིན། །ད་ལྟ་མི་ཀུན་དགེ་སྡིག་གི་གླེང་མོ་ཙམ་བྱེད་པ་ལས་བླང་དོར་གྱི་རྩ་བ་བཅར་ཕོག་ཏུ་ངོ་ཤེས་པ་མེད་པས་ཀླ་ཀློ་ལས་དྲག་ཙམ་ལས་དོན་ལ་ལུང་མ་བསྟན་ཡིན། ད་རེས་རང་ཉིད་ཀྱི་བཤེས་གཉེན་དམ་པའི་བཀའ་དྲིན་ལ་ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་ཉིད་དུ་མཐོང་བ་དེ་བསོད་ནམས་ཆེ། དེ་ལྟར་མཐོང་བ་ལ་འཇིགས་སེམས་དང་ཡིད་ཁོང་དུ་ཆུད་པ་གཅིག་པོས་ཀྱང་མི་ཆོག །སྟོབས་བཞི་ཚང་བའི་སྒོ་ནས་བཤགས་སྡོམ་དྲག་པོ་དང་འགྱོད་སེམས་བརྟན་ཏེ་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་དགོས། དེའི་བླང་དོར་མ་ནོར་ན་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་སྔར་བྱས་ཀྱི་སྡིག་པ་མཚམས་མེད་པ་ལྟ་བུའི་ལས་རྔམ་ཆེན་བྱས་པ་ཡང་ཕྱི་ནས་བཤགས་སྡོམ་དྲག་པོས་འདག་པར་གསུངས་ཏེ། བཤེས་

(༢༡༧)སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སེར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གཅུང་དགའ་བོ་ཆུང་མ་པུནྡ་རི་ཀ་ལ་ལྷག་པར་ཡིད་ཆགས་པ་དེ་བཞིན་གཤེགས་པས་ལྷའི་གྲོང་ཁྱེར་དང་། དམྱལ་བའི་གནས་རྣམས་སུ་ཁྲིད་དེ་ཐབས་ཀྱིས་བཏུལ་བས་མཐར་དགྲ་བཅོམ་ཐོབ། །སོར་ཕྲེང་གིས་མི་དགུ་བརྒྱ་དང་གོ་དགུ་བསད། མ་སྐྱེས་དགྲས་ཡབ་གཟུགས་ཅན་སྙིང་པོ་བསད་དེ་མཚམས་མེད་ཀྱི་ལས་བྱས་པའང་བཤགས་སྡོམ་གྱིས་དག་ཅིང་སྔ་མས་དགྲ་བཅོམ། བདེ་བྱེད་ཀྱིས་རང་གི་མ་བསད་པ། ཕྱིན་ཆད་འགྱོད་སེམས་ཀྱི་སྒོ་ནས་བླང་དོར་ཚུལ་བཞིན་དུ་བྱས་པས་དམྱལ་བར་དར་གྱི་ཕོ་ལོང་བརྡབ་པ་ཙམ་ཞིག་སྐྱེས་ནས་མཐར་རྒྱུན་ཞུགས་ཐོབ་པར་བཤད་པས་སྡིག་པ་དེ་དག་དྲན་པའི་མོད་ལ་འགྱོད་པ་ཡང་ཆེ་ཞིང་བཤགས་པའི་ཐབས་ལ་འབད་པ་ནི། གནད་ཟབ་ཤོས་ཡིན་པས་ཕུང་པོ་གསུམ་པའི་མདོ་འདོན་པ་ལ་བསླབ་པར་བྱའོ། །དེ་ཡང་ཁྲིད་ཀྱི་སྐབས་འདིར་གོང་གི་མི་དགེ་བ་བཅུ་དང་དེའི་འབྲས་བུ་ངོས་མ་ཟིན་པར་བྱ་བ་ནི་སྤང་བྱ་ཡིན་ལ། །དེ་ཉིད་བློ་ལ་ནམ་འཆར་འཆར་གྱི་དུས་སུ་སྟོབས་བཞིའི་གནད་དང་ལྡན་པས་

(༢༡༨)ཕུང་པོ་གསུམ་པའི་མདོ་འདོན་པ་ནི། གཉེན་པོ་ཡིན་པས་འདི་གཉིས་རེས་འཇོག་ཏུ་ཡང་ཡང་སྒོམ། དུས་འདི་ནས་བཟུང་སྟེ་མི་དགེ་བའི་ཕྱོགས་ལ་ཤེས་བཞིན་གྱི་དྲན་པ་བརྟེན་ལ་དེ་དག་གི་བསམ་པ་ནམ་སྐྱེས་འབུར་འཇོམས་སུ་གཏོང་། དངོས་གཞིའི་སྐབས་དུས་རྟག་པར་ཡང་ཇོ་བོ་དཱི་པཾ་ཀཱ་རའི་རྣམ་ཐར་ལྟར། ནངས་པར་བསགས་པ་སྔ་དྲོ་བཤགས། ཕྱི་དྲོ་བསགས་པ་ཉལ་ཁར་བཤགས་ཏེ་སྡིག་ལྟུང་དང་ཞག་གཅིག་ཀྱང་མ་འགྲོགས་པར་བྱའོ། །ཁ་གཅིག་དེ་ལྟར་བཤགས་པ་ཁོ་ནས་ཆོག་པར་གོ་ནས་ཉེས་སྤྱོད་དང་མི་དགེ་བའི་ཕྱོགས་ལ་སྡོམ་སེམས་མེད་པར་འབྱོལ་ཉོག་ཏུ་སྤྱོད། ནངས་ནུབ་བཤགས་ཚིག་རེ་ཙམ་ཁ་ནས་བཏོན་པས་ཆོག་པར་བསམ་པ་ནི་ནོར་ས་རྔམ་པོ་ཆེ་ཡིན་ཏེ། བཤགས་པ་སྔ་མ་ལ་སྟོབས་བཞིས་བཤགས་པའི་འགྱོད་སེམས་ཟིལ་གྱིས་མནན་ཅིང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་ལས་འཕྲལ་དུ་ཉམས་པའི་ཕྱིར་ལས་དང་དེ་འབྲས་ཀྱི་རྟེན་འབྲེལ་མི་བསླུ་བའི་ཆོས་ཐམས་ཅད་བསྣུབས་པའི་ལོག་པར་ལྟ་བ་ཡིན་ནོ། །དེ་ལྟར་འདི་ཡན་ཆོད་ཀྱི་ཚིག་དོན་ལ་ཞེ་ཐག་པ་ནས་ལེགས་པར་བསམ་སྟེ་འཇིག་རྟེན་གྱི་བྱ་བ་མཐའ་དག་ལ་མཁྲིས་ནད་ཅན་གྱིས་ཟས་མཐོང་བ་ལྟར་སྐྱུགས་ལོག་པ་ཞིག་མ་བྱུང་ན། ཐོས་

(༢༡༩)བ་ལུང་ཡིན་ལ། ཀློག་པ་ཚིག་ཡིན་པས་བློ་ལ་འབྱོངས་པའི་སྐབས་མི་སྲིད་དེ། ཨོ་རྒྱན་ཆེན་པོས། སངས་རྒྱས་བཀའ་ལུང་ངམ་ཆོས་གང་ཡོད་དུ། །ལེགས་པར་བཙལ་ཞིང་དམ་ཆོས་ཐོས་པའི་ཚེ། །ཡང་དག་བསམ་པས་ཚིག་དོན་མ་བཟུང་ན། །ཁ་སྦུབ་སྣོད་དུ་ཆུ་རྒྱུན་མི་འཇུག་ལྟར། །འཁོར་བའི་ཚ་གདུང་རྒྱས་ཚེ་ཕན་པ་མེད། །ཅེས་སོ། །དེའི་ཕྱིར་འཇིག་རྟེན་གྱི་ལོངས་སྤྱོད་ཇི་ལྟར་ཕུན་སུམ་ཚོགས་ཀྱང་རླུང་ནང་གི་མར་མེའམ། དབྱར་གྱི་ཆུ་བྲན་ནམ། ནམ་མཁའི་གློག་གམ། མདང་གི་རྨི་ལམ་ལྟ་བུ་ཤིན་ཏུ་མི་རྟག་ཅིང་བདེན་པ་མེད་པ་ཡིན་པས་རྟག་ཏུ་དབེན་པ་བརྟེན་སྐྱོ་བའི་འདུ་ཤེས་བསྐྱེད། གང་བྱུང་དེས་ཆོག་ལ་བློ་ཕུགས་གཏད། ན་དགའ་ཤི་སྐྱིད་ལ་སྐྱབས་བཅོལ། མི་ཤི་བའི་ཤུལ་ལྟར་སུ་གང་ལབ་ལབ་ཏུ་བཅུག །མཛེ་སྤྲང་ཡུལ་ལ་འཁྱར་བ་ལྟར་འཁོར་མཁན་བྱ་དང་བྱིའུ་གཅིག་ཀྱང་མེད་པ་ལ་ཡིད་སྨོན་ནས་བླ་མ་དམ་པའི་གདམས་ངག་སྒོམ་པ་ལ་བློ་འཇུག་པ་ཞིག་དགོས་ཏེ། ཨོ་རྒྱན་ཆེན་པོས། འདི་ནི་འཇིག་རྟེན་སྐྱོ་བའི་ཡུལ་ཡིན་པས། །སྐྱེ་བོའི་བདེ་སྐྱིད་ཕུན་སུམ་ཚོགས་འདི་བ། །དབྱར་གྱི་ཆུ་དང་རྨི་ལམ་ནོར་རྫས་ལྟར། །བདེན་པ་མེད་ཅིང་མྱུར་དུ་མི་རྟག་པས། །སྐྱོ་བའི་འདུ་ཤེས་རྟག་ཏུ་བསྐྱེད་འཚལ་ལོ། །འདི་ཉིད་

(༢༢༠)ལས་ལོག་ཆགས་དང་འཁྱལ་བ་དང་། །སྐྱེ་དགུའི་དཔལ་ལ་ངོ་མཚར་ཆེར་བྱེད་པ། །དེ་ནི་བསོད་ནམས་དམན་པའི་རིགས་ཅན་ཏེ། །ཁྱེད་ཀྱི་སྙིང་ནི་ཤིང་སྡོང་ཁོང་རུལ་ལྟར། །ཕྱི་ནས་ཐར་པའི་ལོ་འབྲས་མི་འབྱུང་ངོ། །ཀྱེ་མ་ཀྱི་ཧུད་ཚེ་འདིའི་དཔལ་འབྱོར་ལ། །རྟག་ཅིང་ཕུན་སུམ་ཚོགས་འདྲར་ཤེས་པའི་བློ། །བྱིས་པའི་ནང་ནས་ཐ་ཤལ་སྐྱེས་བུ་སྟེ། །འཇིག་རྟེན་འདི་ན་དེ་ལས་བླུན་བ་སུ། །སྔར་ཡང་མ་བྱུང་ཕྱིས་ཀྱང་མི་འབྱུང་ངོ། །ཞེས་གསུངས་པ་ཡིན་ནོ།། །།སེམས་སྦྱོང་བདུན་པ་ནི། བུ་ཡིག་ལས། དེ་ལྟར་ཕྱི་ནང་གི་རྣམ་གཡེང་སྤངས་ནས་མི་རྟོག་པའི་བསམ་གཏན་ལ་བཞག་པས་ཉམས་མྱོང་འཕེལ་ནས་ཡུན་ཇེ་རིང་ལ་སོང་བས། དོན་འདི་ཉིད་དང་ནམ་ཡང་མི་འབྲལ་བར་བྱ་སྙམ་པའི་རྒྱུད་ལ་ངེས་ཤེས་བསྐྱེད་པ་དང་བདུན་གྱིས་སེམས་སྦྱང་བའོ། །ཞེས་མཇུག་བསྡུ་བ་ལས། རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་ནི། ཏིང་ངེ་འཛིན་གྱི་ལམ་ལ་འཇུག་པའི་སྒོ་བླ་ན་མེད་པ་ཡིན་ཏེ། གྲོལ་བའི་ཐིག་ལེ་ལས། སྟེང་རླུང་རྡུབས་པས་སྣང་བ་དབང་དུ་འདུ། །འོག་རླུང་རྡུབས་པས་སྟོང་པ་དབང་དུ་འདུ། །བར་རླུང་བསྐྱིལ་ཞིང་དཀྲུགས་པས་ཟུང་དུ་ཆུད། །ཅེས་གསུངས་པ་ལྟར་སེམས་ཅན་རྣམས་སྣང་

(༢༢༡)བ་ཕྱི་རུ་ལུས། རིག་པ་ནང་དུ་ལུས། བར་དུ་ལས་རླུང་གི་བཞོན་པས་སེམས་ཀྱི་རྟ་བྱས། གཟུང་བ་དང་། འཛིན་པའི་ངང་དུ་འཕྱིན་ཏེ་འཁོར་བ་ལུ་གུ་རྒྱུད་དུ་འཁྲུལ་པ་དག །རྡོ་རྗེ་ཐེག་པའི་མྱུར་ལམ་ཐབ་མོས་འགྲོ་འོང་ལས་ཀྱི་རླུང་གི་བྱེད་པ་བཅིངས་པ་ལ་བརྟེན་ཐེག་པ་འོག་མ་ལྟར་ཡུན་རིང་པོར་རྟོག་པའི་དྲྭ་བར་རིག་པས་རྗེས་སུ་དཔགས་པའི་བསམ་གཏན་ལ་མ་ལྟོས་པར་བཙན་ཐབས་སུ་གཉུག་མའི་ཡེ་ཤེས་ངོས་ཟིན་པར་བྱ་བའི་མན་ངག་སྟེ། དེ་ལ་གསུམ། དང་པོ་ནི། རང་ལུས་བསམ་གཏན་གྱི་ཆོས་བདུན་དང་ལྡན་པའི་ངང་ནས། ཁོང་པའི་ནང་སྟོང་སངས་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་དྲང་པོར་རྩ་དབུ་མ་ཆུ་ཤིང་གི་ལྡེམ་བུ་ལྟར་དྲང་བ། པདྨའི་འདབ་མ་ལྟར་སྲབ་པ། ནམ་མཁའ་སྤྲིན་བྲལ་ལྟར་སྔོ་བ། ཏིལ་ཞུན་གྱི་མར་མེ་ལྟར་གསལ་བ་སྟེ། ཆོས་བཞི་ལྡན་དུ་སྒོམ་པའི་སྤྱི་གཙུག་གི་ཡར་སྣར་ཧཾ་ཡིག་དཀར་པོ། ལྟེ་འོག་གི་མར་སྣར་ཨ་ཡིག་དམར་པོ་གསལ་བ་ལ་སྦྱོར་བ་བཞི་ལྡན་གྱི་ངང་ནས་སྟེང་རླུང་མནན། འོག་རླུང་ཐེན་པས་ལྟེ་བའི་ཨ་ལས་མེ་འབར། རིམ་གྱིས་ཡར་སྣའི་ཧཾ་ཡིག་ཞུ་བ་ལས་བདུད་རྩིའི་རྒྱུད་བབས་འཁོར་ལོ་བཞི་དང་རྩ་ཕྲན་ཐམས་ཅད་ཁྱབ་པས་བདེ་སྟོང་གི་ཡེ་ཤེས་སྐྱེས་པར་

(༢༢༢)བསམ་ཞིང་སྙིང་ཁར་ཡི་གེ་ཨ་དཀར་པོ་གཅིག་ལ་སེམས་བཟུང་སྟེ་རྩེ་གཅིག་ཏུ་འགྱུ་བ་སྤུན་ཐག་བཅད་ནས་བཞག་པས། བདེ་བས་ཐབས་བྱས་པའི་ཤེས་རབ་སྟོང་ཉིད་ཀྱི་ཡེ་ཤེས་སྐྱེ་བ་ཡིན། མ་གོམས་བར་དུ་ཡུན་ཐུང་གྲངས་མང་ལ་བསླབ་བོ། །གཉིས་པ་གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་ནི། རླུང་རོ་ལན་གསུམ་མམ་དགུ་ཕྲུགས་སུ་ཕུད་པས་འབྱུང་བའི་རླུང་དུག་ཐོན་པའི་དགོས་པ་ཡོད་དོ། །དེ་ནས་ནང་དུ་རྡུབ་པའི་ཚེ་ཕྱིའི་ཨ་འཐས་ཀྱི་སྣང་བ་ཐམས་ཅད་འོད་དུ་ཕྲི་ལི་ལི་ཞུ་སྟེ་ནམ་མཁའ་སྔོ་སངས་དང་འདྲེས། དེ་ཉིད་རང་གི་ལུས་ནང་དུ་བྱུང་བས་ལུས་ཐམས་ཅད་སྔོ་མེར་གྱིས་ཁེངས་པར་བསམ་སྟེ་རླུང་འོག་ཏུ་ཚིར་གྱིས་མནན། འོག་རླུང་ཅུང་ཟད་ཐེན་ལ་ཁ་སྦྱར་ཏེ་བསྒོམས་བས་གསལ་སྟོང་གི་ཉམས་སྐྱེའོ། །དེ་ཡང་གྲང་ཤས་ཆེན་རླུང་དེ་ཚ་བ། ཚ་ཤས་ཆེན་བསིལ་བའི་རེག་བྱ་ཡོད་པར་བསྒོམ་པ་ནི་གནད་དོ། །ཞེས་དཔལ་བསམ་ཡས་པས་གསུངས་སོ། །སྤྲོས་པ་ལ་དགའ་བ་རྣམས་འབྱུང་བ་སོ་སོའི་རླུང་སྒོམ་པར་འདོད་ན། བུ་ཡིག་ཡེ་ཤེས་གསལ་སྒྲོན་ལྟར་ཉམས་སུ་བླང་བར་བྱ་ལ། འོན་ཀྱང་བླ་མ་ཡང་ཏིག་གི་སེམས་སྦྱོང་དོན་ཁྲིད་དུ། ནམ་མཁའི་རླུང་ནི་ཀུན་གྱི་དུས་ན་ཤིས་ལ་རེག་བྱའང་གཉིས་པོ་དེར་འདུས་པས། ཉམས་ལེན་

(༢༢༣)ལ་འདིས་ཆོག་གོ། །ཞེས་གསུངས་སོ། །འདི་ལྟ་བུའི་བུམ་པ་ཅན་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་ཏེ། ཞལ་གདམས་ནོར་བུའི་ཕྲེང་བར། དེ་ཡང་དབུ་མ་མཆོག་ཡིན་པས་མཐོང་ཉམས་དེ་ག་མི་སྟོན། སླར་ཡང་རླུང་མི་གཏོང་བར་ནང་དུ་རྡུབ་ཅིང་བསྡམས་པས། རླུང་རོ་རྐྱང་གི་ལམ་བརྒྱུད་དེ། དབུ་མའི་མས་སྣ་ཡི་གེ་ཆའི་འཕོངས་ལྟ་བུ་ནས་ཞུགས། རྩ་དབུ་མའི་ལམ་ལ་འཇུག་པས། ས་དང་པོའི་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེའོ། ཞུགས་གནས་ཐིམ་གསུམ་གྱི་རྟགས་རེ་རེ་འཆར་བ་ལས། རྩ་དབུ་མའི་མདུད་པ་དང་པོ་ཞིག་སྟེ། རླུང་འཇུག་པ་ལས་ས་དང་པོའི་ཡོན་ཏན་སྐྱེ། དེར་རླུང་སེམས་གནས་པས་ས་གཉིས་པའི་ཡོན་ཏན་སྐྱེ། དེར་རླུང་སེམས་ཐམས་ཅད་ཐིམས་པས་གཟུང་འཛིན་གྱི་རྟོགས་ཚོགས་མཁའ་ལྟར་དག། མཁྱེན་པའི་ཡོན་ཏན་མཐའ་དག་རྒྱས་པའོ། །གནས་སྐབས་སུའང་ཚེ་རིང་། ནད་དཀོན། ལུས་བདེ་ཞིང་བྱ་ལྟར་མགྱོགས་པ་ལ་སོགས་པའི་ཡོན་ཏན་ནི། རླུང་བུམ་ཅན་གནད་དུ་བསྣུན་པའི་ཡོན་ཏན་ཡིན་ནོ། །དེས་ན་རླུང་གི་ཡོན་ཏན་ཐམས་ཅད་བུམ་ཅན་ལ་བརྟེན་ནས་སྐྱེ་དགོས་པས། འཚོ་རྒྱལ་གྱིས་རླུང་སྒོམ་པ་ཐམས་ཅད་བུམ་པ་ཅན་ལ་གནད་དུ་བསྣུན་ཅིག །ཅེས་གསུངས་

(༢༢༤)པའི་ཕྱིར་རོ། །གསུམ་པ་ཆོས་ཉིད་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བ་ནི། ལུས་སེམས་ཁོང་ཀློད། མིག་མི་འགུལ་བས་དྲན་བསམ་འཕྲོ་འདུའི་རྟོག་པ་ཐམས་ཅད་དང་བྲལ་བའི་ངང་ནས་རླུང་ཆེད་འཛིན་གྱི་འབད་རྩོལ་ལ་མ་ལྟོས་པར་བར་རླུང་ཐད་ཀར་རྒྱངས་པ་ཤིན་ཏུ་ཟབ་པའི་མན་ངག་ཡིན་ཏེ། ཞལ་གདམས་ནོར་བུའི་ཕྲེང་བ་ལས། འཚོ་རྒྱལ་ཉོན་ཅིག་ལུས་སྐྱིལ་ཀྲུང་དང་ལྡན་པའི་སྒོ་ནས། འོག་རླུང་གི་སྦྱོར་བ་ཅུང་ཟད་རྡུབ། སྟེང་རླུང་ཅུང་ཟད་མནན། བར་རླུང་ལྟེ་བའི་ཐད་ཀར་རྒྱངས་པའི་བསོད་ནམས་ནི། ཡེ་ཤེས་རང་སར་གནས་པའི་རླུང་སྦྱོར་ཡིན་ཏེ། ལུས་བསྐྱེད་རིམ་བསྒོམ་པ་དང་། སེམས་འོད་གསལ་དུ་བསྒོམ་པ་ལ་སོགས་གང་གི་ཡང་གྲོགས་སུ་འགྲོ། ཐིག་ལེ་འཛིན་འདྲེན་དགྲམ་གསུམ་ཐམས་ཅད་ཀྱང་ངང་གིས་འགྲུབ་པའི་རླུང་སྦྱོར་ཡིན། གཟུང་འཛིན་གྱི་རྟོགས་ཚོགས་ཀྱང་ངང་གིས་དག་རིག་པ་བྱིང་རྨུགས་རྒོད་གསུམ་གྱི་སྐྱོན་དང་བྲལ། མིག་འགྲིབ་པ་ལ་སོགས་དབང་པོའི་སྐྱོན་མི་འབྱུང་། བད་ཀན་དང་མཁྲིས་པའི་ནད་ཀྱིས་མི་ཚུགས། ཕོ་བ་སྦོས་འཁྲོག་ངང་གིས་སེལ། རིམས་ནད་ལ་སོགས་འགོ་བའི་ནད་བྱང་། སྲོ་མ་མི་འབྱུང་། ཚེ་ཉི་ཟླ་དང་མཉམ་པའི་རླུང་སྦྱོར་ཡིན་པས། རང་ལུས་

(༢༢༥)ཡི་དམ་གྱི་ལྷར་གསལ། ལུས་ཀྱག་ཀྱོག་དང་ཡ་ཡོ་མེད་པར་རླུང་ལྟེ་བའི་འོག་ཏུ་འཚིར་ཏེ་རྒྱངས། མིག་བར་སྣང་ལ་ལྟ་སྟངས་ཧར་རེ་བཞག །ཤེས་པ་ཀ་དག་གི་ངང་ལ་འཇོག་པ་ནི། ཡེ་ཤེས་ཆེན་པོའི་རླུང་སྦྱོར་ཞེས་ཀྱང་བྱ། སེམས་དང་རིག་པ་དབྱེ་བའི་རླུང་སྦྱོར་ཞེས་ཀྱང་བྱ། རླུང་སྦྱོར་འདིའི་དུས་སུ་སྐེད་པ་ཅུང་ཟད་ཉེག་བྱས། ལྟེ་བ་ཐད་ཀར་རྒྱངས། རྡུབ་དགང་རླུང་གི་ལས་ཐམས་ཅད་ཀྱི་དུས་སུ་ཡང་ཕྱིར་རྒྱངས་པའོ། །རྩེ་གཅིག་ཏུ་འདི་ལ་གནད་དུ་བསྣུན་པས། སྟེང་འོག་གི་རླུང་ཡང་ངང་གིས་འདྲེན། འདིའི་དུས་ཐམས་ཅད་དུ་ལྟེ་བ་ཐད་ཀར་རྒྱངས་པས། དྲན་པའི་རྟེན་དུ་ཡང་ལྟེ་བ་རྒྱངས་པས་བྱེད། ཡི་དམ་གྱི་ལྷ་བསྒོམ་ན་ཡང་ལྟེ་བའི་ཐད་ཀར་རྒྱངས་ཏེ་སྒོམ། སྙིང་པོ་བཟླས་བརྗོད་བྱས་ཀྱང་ལྟེ་བ་ཐད་ཀར་རྒྱངས་པའི་ངང་ནས་འདྲེན། ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་ཀྱང་ལྟེ་བ་ཐད་ཀར་རྒྱངས། འགྲོ་འཆག་ཉལ་འདུག་ལ་སོགས་སྤྱོད་ལམ་རྣམ་པ་བཞི་གང་གི་དུས་སུ་ཡང་། གསང་བ་ཡེ་ཤེས་ཆེན་པོ་འདི་དང་མ་བྲལ་བར་བྱའོ། །ཞེས་གསུངས་པས་འདི་ལྟ་བུའི་བར་རླུང་ནི་སེམས་སྦྱོང་གི་སྐབས་ཙམ་དུ་ཡང་མ་ཟད་བྱང་ཆུབ་བསྒྲུབ་པའི་ལམ་གྱི་སྟེགས་ཐམས་ཅད་ཀྱི་མཐུན་རྐྱེན་

(༢༢༦)ཕུན་སུམ་ཚོགས་པའི་གནད་ཆེན་པོར་ཡང་རིག་པར་བྱའོ། །དེ་ལྟར་རྣམ་པར་མི་རྟོག་པ་གསུམ་གྱི་སྒོ་ནས་སེམས་སྦྱངས་པས། ཤེས་པ་གར་གཏད་དུ་ཟིན་ཅིང་རྟོག་མེད་ནམ་མཁའ་ལྟ་བུའི་ངང་དུ་ཡུན་ཇེ་རིང་ལ་གནས་པ་ནི་རང་རང་གི་ས་གོམས་པའི་ཚད་དོ། །འདི་ལྟ་བུའི་སེམས་སྦྱོང་བདུན་པོ་ནི། ཁ་ཙམ་ཚིག་ཙམ་དུ་མ་སོང་བར་འཁོར་བའི་རང་བཞིན་ཁྲི་མུན་དུ་ཆུད་པ་ལྟ་བུའི་སྡུག་བསྔལ་དང་སྐྱོ་ཤས་ཡིད་ལ་དྲན་པས་སྤྱིར་དུས་རྣམས་ཐམས་ཅད་དང་། ཁྱད་པར་སྨིན་འཁྲིད་ལ་སོགས་པའི་ཚེ་ཞག་ཉི་ཤུ་རྩ་གཅིག་གམ། བཅུ་བཞིའམ་ཐ་ནའང་བདུན་ལ་སོགས་པར་ཉམས་སུ་བླངས་ཏེ་རྒྱུད་ལ་འདྲེས་པར་མ་བྱས་ན་ལུང་ཉན་པ་ལྟ་བུས་བློ་ལས་སུ་རུང་བར་མི་འགྱུར་ཏེ། ཨོ་རྒྱན་ཆེན་པོས། དེ་ལྟར་ཚིག་ཙམ་མ་ཡིན་པར་འཁོར་བའི་གནས་ཚུལ་འགྱུར་ཞིང་མི་རྟག་སྡུག་བསྔལ་བའི་རང་བཞིན་དང་། སྐྱོ་ཤས་དང་། ངེས་འབྱུང་ཉིད་དང་བསྲེས་ནས་ཉམས་སུ་མ་བླངས་ན། བཀྲེས་སྐོམ་གྱིས་ཉེ་བར་གདུངས་པ་དག་ལ། ཟས་སྐོམ་ལག་ན་ཡོད་པའམ། ལོངས་མ་སྤྱད་ན་དེ་ཉིད་ལ་ཕན་པར་ཤེས་པ་ཙམ་གྱིས་མི་ཡོང་ཞིང་། ངེས་པར་བཟའ་བཏུང་བྱེད་དགོས་པ་བཞིན། གོ་དོན་ཉམས་སུ་བླངས་པས་འཁོར་བ་ཁྲི་མུན་ནང་དུ་ཆུད་པ་

(༢༢༧)དང་འདྲ་བ་གོ་ནས། བློ་འཕྲལ་དང་། ཡུན་གྱི་བདེ་བ་ཁོ་ན་ལ་གོ་འཕོ་བའོ། །ཞེས་གསུངས་ལ། རིམ་པ་དེ་ལྟ་བུས་སློབ་མའི་རྒྱུད་ཤིན་ཏུ་དུལ་ཞིང་ལས་སུ་རུང་བར་གྱུར་པའི་ཚེ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་སྐྱབས་འགྲོ་ལ་སོགས་པ་དྲུག་དང་། ཁྱད་པར་ཅན་གྱི་སྔོན་འགྲོ་འཁོར་འདས་རུ་ཤན་དབྱེ་བ་ལ་སོགས་པར་གོ་ཕྱེ་སྟེ། དངོས་གཞིའི་ལམ་འགྲོ་བའི་ཁམས་ལ་རྡོ་རྗེ་བཞིའི་རིགས་གནས། བརྡ་ཐབས་རྟེན་འབྲེལ་གྱི་ཚོགས་སད་པར་བྱས་ཏེ་སློབ་མའི་རྒྱུད་དག་པ་རབ་འབྱམས་སུ་སྨིན་པར་བྱེད་པའི་དབང་གཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་དྲན་རིག་སྐྱེ་འགག་གནས་གསུམ་དང་བྲལ་བའི་རོལ་རྩལ་དུ་ངོ་སྤྲད་དེ་བྱ་རྩོལ་མེད་པ་ཆོས་སྐུའི་དགོངས་པ་ལ་སྦྱོར་བའི་གྲོལ་བྱེད་ཀྱི་ཁྲིད། སྣང་གྲགས་གློ་བུར་བའི་བག་ཆགས་རང་ཁ་མ་བརྡ་དོན་རྟགས་གསུམ་གྱི་སྒོ་ནས་དཀྱིལ་འཁོར་གསུམ་གྱི་རྣམ་རོལ་དུ་འཆར་བ་སྣང་སྟོང་ཟུང་དུ་འཇུག་པའི་བསྐྱེད་རིམ། རྒྱུད་ལུང་མན་ངག་གསུམ་གྱི་གནད་དོན་རྡོ་རྗེའི་ཚིག་གིས་བཅིངས་པ་མཐའ་དྲུག་ཚུལ་བཞིའི་སྒོ་ནས་གསལ་བར་སྟོན་པའི་བཤད་པ་སྟེ་རང་ལུགས་གསང་སྔགས་སྔ་འགྱུར་བའི་ཆུ་བོ་བཞིའི་བཤད་རྒྱུན་རྣམ་པར་དག་པས་སློབ་མའི་རྒྱུད་རྡོ་རྗེ་

(༢༢༨)གསུམ་གྱི་རང་བཞིན་དུ་བསྒྲུབ་པའི་ཐབས་ལ་མཁས་པར་བྱ་ཞིང་། དེའི་ཚེ་སློབ་མ་རབ་ཀྱིས་རང་རིག་མི་འགྱུར་བའི་གཟེར་ཐེབས་ནས་དགོངས་པ་ཚད་དུ་ཕྱིན་པ་ན་སྐྱོ་ངལ་དང་ལོག་སྒྲུབ་མཐའ་དག་བཟོད་པར་བྱས་ཏེ་གཞན་དོན་ཕྲིན་ལས་ཀྱི་འཇུག་པ་ལ་སྤྱོད་པའི་རྒྱལ་ཚབ་ཏུ་དབང་བསྐུར་ནས་རྡོ་རྗེ་རྒྱལ་པོའི་བཀའ་གཏད་འབོག །འབྲིང་སྣང་རིག་ཟུང་འཇུག་གི་རྩལ་མ་རྫོགས་ཤིང་སོ་ཀའི་ཚུ་བྲན་ལྟར་འཁྲུལ་གྲོལ་རེས་འཇོག་ཏུ་གྱུར་པ་རྣམས་བར་ཆད་དང་དངོས་གྲུབ་ནོར་བ་འདྲ་མིན་ལུང་བསྟན་གྱི་བདུད་ལ་སོགས་རྐྱེན་ཁར་ཤོར་ནས་རང་དོན་མ་འགྲུབ་པར་གཞན་དོན་ལ་རྔམས་ཤིང་ལོག་འཚོ་བྱུང་རྒྱལ་དུ་སྤྱོད་པས་འབྲེལ་ཚད་ངན་སོང་ལ་སྦྱོར་བ་དམྱལ་བའི་ལམ་མཁན་དུ་མི་འཕྱན་པར་བསྒྲུབ་པའི་རྒྱལ་མཚན་བཙུགས་ནས་དོན་གཉིས་མཉམ་སྒྲུབ་བྱེད་པའི་ལུང་ཕོག །ཐ་ནའང་ཟླ་དགའ་དང་ཟས་འཚོལ་ལྟོ་ཕྱིར་གནམ་རྡིབ་ལ་སོགས་པའི་སྤྱོད་པ་མི་རིགས་པས་བསྟན་པ་སྤྱི་དང་བྱེ་བྲག་གི་མིག་ལྟོས་ལ་གནོད་པའི་བློ་ངན་ལང་ཤོར་ཆོས་དྲེད་ཉམས་ཆག་གི་གོང་བུར་མ་སོང་བར་ཞི་དུལ་ཆོས་མཐུན་གྱི་སྤྱོད་པས་གཞན་སྣང་དང་བ་འདྲེན་པའི་སྤྱོད་ལམ་དང་ཆོས་སྤྱོད་ལ་བསླབ་པའི་འགག་བསྡམས་པ་སོགས་

(༢༢༩)མདོར་ན་སློབ་མ་རྗེས་སུ་འཛིན་པའི་ཐབས་དང་རྟེན་འབྲེལ་ལ་མཁས་ཤིང་སོ་སོ་ཐར་པ་ནས་བཟུང་རྡོ་རྗེ་ཐེག་པའི་བར་གྱི་དམ་ཚིག་དང་སྡོམ་པའི་གནས་ངེས་པའི་གནང་བཀག་གི་རིམ་པ་ཕྱེད་པས་རྒྱལ་བའི་གདུང་འཚོབ་པ་ལ་དཔའ་བ་པཎ་ཆེན་བི་མ་ལ་དང་། ཨོ་རྒྱན་སངས་རྒྱས་གཉིས་པ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། མངའ་རིའི་མ་ཧཱ་པཎྜི་ཏ་ལ་སོགས་པ་ལྟ་བུ་ནི་རྡོ་རྗེ་འཛིན་པའི་སྤྱོད་པའི་དཔེར་འོས་སུ་གྱུར་བ་སྟེ་ཐབས་དེ་ལྟ་བུ་ལ་རྨོངས་པ་དག་ནི་བསྟན་པའི་སྲོག་ཤིང་ལ་སོགས་པའི་མིང་བཟང་པོར་ཁུངས་ཕྱུང་ཡང་ཉོན་མོངས་པ་དང་གཏི་མུག་དང་ལོག་པའི་ལམ་དུ་རང་ཉིད་འཇུག་ཅིང་བསོད་ནམས་དམན་པ་དག་ཀྱང་སྒྲོལ་བ་ཙམ་དུ་ཟད་དེ། དེའི་ཕྱིར་རྒྱུད་དོན་རྒྱ་མཚོའི་དགོངས་པ་ཕྱིན་ཅི་མ་ལོག་པར་བཀྲལ་བ་འདི་ལྟ་བུའི་རིག་པས་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་རྒྱལ་མཚན་ཕྲག་པར་འཛིན་པར་འཚལ་ཅེས་རྡོ་རྗེའི་རིག་འཛིན་དམ་པ་གྲགས་པ་དང་། སྦས་པ་ཇི་སྙེད་མཆིས་པ་རྣམས་ལ་རློམ་སེམས་མེད་པའི་ཡིད་ཀྱིས་གསོལ་བ་བཏབ་པ་སྟེ། དེ་སྐད་དུ་རྫོགས་པ་ཆེན་པོའི་རྒྱུད་ལས། ཁྱད་པར་ཐེག་པ་འདི་ཉིད་ཀྱི། །ཆོས་སྤྱོད་ལག་ལེན་ཀུན་ལ་བསླབ། །འཁོར་བའི་བྱ་བ་

(༢༣༠)འབྲེལ་འཁྲིས་ཀུན། །ཐབས་ཀྱིས་སྤོང་ཞིང་དལ་དུ་གཞུག །སྤྲོས་བཅས་ལ་སོགས་དབང་བསྐུར་ནས། །དེ་ཡི་ལྷ་ལ་བསྙེན་སྒྲུབ་འཇུག །ཐེག་པ་རིམ་གྱིས་དབང་བསྐུར་ནས། །གཡའ་གངས་དུར་ཁྲོད་དབེན་པ་རུ། །ལུས་ངག་རུ་ཤན་དབྱེ་རུ་གཞུག །ཐོས་པའི་སྒྲོ་འདོགས་ཆོད་དུ་གཞུག །སྤྲོས་མེད་ལ་སོགས་དབང་བསྐུར་ནས། །དུས་དང་མཐུན་པའི་སྤྱོད་པ་བསླབ། །ལུང་དང་མཐུན་པའི་བསླབ་བྱ་བྱ། །དཔེར་ན་བུ་གཅིག་ཆུང་མ་དེ། །མ་ཡིས་ཇི་ལྟར་གསོ་བ་ལྟར། །བརྩེ་བའི་གདུང་ཤུགས་ཆེན་པོ་ཡིས། །དམ་ཚིག་བདུད་རྩིའི་ནུ་མ་བླུད། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རྩ་བ་ཐིག་ལེ་གཅིག་ལས་གྱེས། །གཅིག་པོ་ཐུགས་རྗེའི་རྩ་བ་ཡིན། །ཤེས་རབ་ཡེ་ཤེས་དབང་བསྐུར་ནས། །དབང་པོ་དང་འཚམས་རིག་པ་སྦྱིན། །དྲེད་མོ་ལྟ་བུའི་སྤྱོད་པ་བསླབ། །རང་ཡང་སློབ་བུའི་བློ་བསྐང་ཕྱིར། །དངོས་བསྟན་རྟགས་ཚད་དབྱུང་བར་བྱ། །ཚིག་དབང་རྩལ་གྱི་དབང་བསྐུར་ནས། །སྤྲོས་བཅས་བྱ་བ་ཀུན་བོར་ལས། །སྤྲོས་མེད་དང་དེར་ལྷོད་ཀྱིས་གློད། །རི་དྭགས་ལྟ་བུའི་སྤྱོད་པ་བསླབ། །ངེས་དོན་སྙིང་པོའི་ངོ་སྤྲོད་གདབ། །རང་རིག་མི་འགྱུར་གཟེར་ཐེབས་ནས། །རྒྱལ་ཚབ་དག་ཏུ་དབང་བསྐུར་ལ། །འགྲོ་དོན་གྱིས་ཞེས་བཀའ་ལུང་སྦྱིན། །རང་ཉིད་ཏིང་

(༢༣༡)ངེ་འཛིན་ལ་བཞུགས། །གཞན་དོན་བྱང་ཆུབ་སེམས་དཔའ་ཡི། །བསླབ་བྱ་ཐམས་ཅད་བསླབ་པར་བྱ། །དང་པོ་སློབ་མས་དམ་ཚིག་གི། །རྣམ་དབྱེ་བསྲུང་མཚམས་མ་ཤེས་པར། །བླ་མས་དམ་ཚིག་སུམ་གཉིས་སྲུང་། །རགས་པ་ཤེས་ན་སུམ་ཆ་སྟེ། །ཞིབ་པར་ཤེས་ན་སུམ་གཉིས་པོ། །སློབ་མ་ཉིད་ཀྱིས་བསྲུང་བར་བྱ། །དུས་དང་གནས་སྐབས་ཡུལ་ཉིད་དུ། །གནང་བཀག་རིམ་པ་མ་ལུས་པ། །བླ་མས་སློབ་བུ་འཁྲིད་པར་བྱ། །དེ་ཡི་ཡོན་ཏན་བསམ་མི་ཁྱབ། །སངས་རྒྱས་ཀུན་གྱི་གདུང་མི་ཆད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །དེ་ལྟར་བསླབ་པས་རིམ་གྱིས་བྱུང་། །རྒྱལ་ཚབ་སློབ་བུ་གཅིག་ཚར་ནས། །འཁོར་བ་དོང་ནས་སྤྲུགས་པར་འགྱུར། ཁམས་གསུམ་སེམས་ཅན་མ་ལུས་པ། །འདྲེན་པའི་ལྕགས་ཀྱུ་དེ་ལས་འབྱུང་། །དེ་ཕྱིར་སློབ་མ་བླ་མ་གཉིས། །ཕན་ཚུན་རྟེན་འབྲེལ་མ་འཕྱུགས་ཤིག །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཆོས་ཚུལ་ཐར་པའི་གྲུ་གཟིངས་བཤད་གྲོལ་མན་ངག་ལ་བརྟེན་ནས། །བདག་བློའི་རྣམ་དཔྱོད་དེད་དཔོན་གཞོན་ནུས་རྣམ་མཁྱེན་རིན་ཆེན་གླིང་མཆོག་ཏུ། །སྐྱོ་དུབ་ངལ་བ་མཐའ་དག་སྤངས་ཏེ་ལྷག་བསམ་ཁུར་གྱིས་བསྐྱོད་པ་ན། །རྒྱལ་དང་དེ་སྲས་དབྱིངས་ནས་དགྱེས་ཏེ་དོན་གཉིས་

(༢༣༢)གྲུབ་པའི་ནོར་བུ་བྱིན། །ཀྱེ་ཧོ་དལ་འབྱོར་རིན་ཆེན་ཉིན་སྐར་ཙམ། །གལ་ཏེ་རྙེད་ཀྱང་རླུང་ནང་མར་མེ་ལྟར། །སྐད་ཅིག་ཉིད་ལ་མི་རྟག་འདི་བསམས་ན། །སྐྱེ་བོ་ཕལ་ཆེར་སྨྱོན་པའི་དེད་དཔོན་འདྲ། །ཆོས་ལ་འཇུག་པའི་རྩ་བ་ངེས་འབྱུང་སྟེ། །དེ་ཡི་ཐར་པར་རེངས་པའི་ཤེས་རྒྱུད་ལ། །སེམས་སྦྱོང་གནད་ཀྱི་ཕྲུ་སློག་མ་བྱས་ན། །འཆི་ཁར་བྲང་ལག་འཐབ་ཆེ་འགྱོད་ཀྱང་འཕྱིས། །ལས་རླུང་ཡེ་ཤེས་ཁམས་སུ་གནས་འགྱུར་ཚེ། །འཁོར་འདས་གཉིས་སྣང་ཟད་དང་ཆབས་གཅིག་པར། །ཆོས་སྐུའི་རྒྱལ་ས་ཟིན་པའི་རིག་འཛིན་ལ། །སེམས་སྦྱོང་རྟོག་པའི་དྲྭ་བ་དགོས་མིན་ཡང་། །དྲྭ་བའི་སྣོད་དང་གླིང་བུའི་སྟོང་ཆེན་སྒྲས། །ཕུར་བུའི་གྲུབ་མཐར་འཁྱོགས་པའི་རིགས་ཅན་དང་། །འཁོར་བ་བདེ་བར་འཛིན་པའི་བྱིས་པ་རྣམས། །བརྩེ་བའི་སེམས་ཀྱིས་མ་བཟོད་ལས་གཞན་ཅི། །རྟོག་གེའི་རྩལ་བཤད་སྨིག་རྒྱུའི་ཆུ་ཀླུང་གིས། །རྨོངས་ཆེན་གླང་པོའི་ཡིད་དབང་འཕྲོག་པའི་ཚིག །མ་ཡིན་ལུང་དོན་རྒྱ་མཚོ་དོན་རྒྱུད་ཀྱི། །བྱིན་རླབས་གྲུ་གཟིངས་གསར་པས་བརྒལ་བའི་གཏམས། །སྔོན་བྱོན་མཁས་གྲུབ་ཟླ་བ་དབྱིངས་སུ་གཟིམས། །ལུང་རྟོགས་བཤད་སྒྲུབ་ཉི་མ་ཆུ་ལྷར་ཕྱོགས། །རྟ་ནོར་གཟི་བརྗིད་འགྲན་པའི་གཟའ་སྐར་ཤར། །རྒྱལ་བསྟན་མུན་པའི་སྨག་ལ་

(༢༣༣)འོ་རེ་བརྒྱལ། །ཐེག་རིམ་དགུ་ཡིས་མ་ད་ནས་མྱོས་པའི། །མཛོད་ཆེན་བདུན་དང་ཤིང་རྟའི་རྒྱང་གླུ་ཡིས། །སྔ་འགྱུར་བསྟན་སྲོག་འཛིན་པའི་ཀུན་མཁྱེན་དེའི། །ལུང་རྟོགས་ཁྱད་ནོར་དེང་སང་ཁོ་བོས་འཛིན། །དེ་ཕྱིར་འདི་ཡི་ཉེ་བརྒྱུད་གང་ཞེ་ན། །ཁོ་བོའི་གཙུག་ན་དྲི་མེད་འོད་ཟེར་བཞུགས། །སྔ་འགྱུར་སྤྱི་དང་ཁྱད་པར་སྙིང་ཐིག་གི། །བསྟན་པའི་བདག་པོ་གང་ལས་དམིགས་སུ་མེད། །གདོད་མའི་མགོན་དེ་མི་ཡི་བརྫུར་ཞུགས་ནས། །ལྗོངས་འདིར་བསྟན་པའི་སྙིང་པོ་གསལ་ལོ་ཞེས། །མཚོ་སྐྱེས་རྡོ་རྗེས་ལུང་གིས་དབང་བསྐུར་ཞེས། །རིག་འཛིན་ཐམས་ཅད་དགོངས་པ་གཅིག་ཏུ་མཐུན། །དང་པོ་འཁོར་བའི་འཇིགས་པས་བསམ་ཐར་ཕྱོགས། །བར་དུ་ལས་འབྲས་བསླུ་མེད་འཕྲ་ལ་བཤར། །ཐ་མར་རྟོགས་པས་འཁོར་གསུམ་བདེན་མེད་དུ། །ཤེས་འདི་གྲུབ་ཐོབ་སྤྱི་ཡི་རྣམ་ཐར་ཡིན། །སྙིང་ཏིག་རིན་ཆེན་ཡི་གེ་རྣམ་ལྔ་ལས། །ཟངས་ཡིག་ཅན་གྱི་དགོངས་པ་སེམས་ས་བདུན། །རྒྱ་ཆེར་བཀྲལ་བའི་བསོད་ནམས་གང་ཡིན་པ། །རྣམ་མཁྱེན་རིན་ཆེན་ཐོབ་པའི་རྒྱུ་རུ་བསྔོ། །བདག་བློའི་པད་ཚལ་དྲི་མེད་ཉི་མའི་འོད་ཟེར་གྱིས། །བསྐུལ་བས་ཐུན་མོང་ལམ་གྱི་འཇུག་སྒོའི་སྐྱེད་མོས་ཚལ། །ཤིན་ཏུ་བཀོད་མཛེས་ཐ་གྲུ་ཡངས་པའི་བསྟི་གནས་འདི། །རིང་

(༢༣༤)པོར་གནས་ནས་དོན་གཉེར་འགྲོན་པོ་དགའ་བར་ཤོག །ཅེས་རིན་ཆེན་ཟངས་ཀྱི་ཡི་གེ་ཅན་གྱི་དགོངས་པ། རྫོགས་པ་ཆེན་པོའི་ཁྲིད་ཡིག་སྤྱི་དང་ཁྱད་པར་ཐུན་མོང་གི་སྔོན་འགྲོར་འཇུག་པ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་ཞེས་བྱ་བ་འདི་ནི་རང་བྱུང་པདྨའི་སྒྲུབ་གནས་སུ་སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་ཚེ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ཡེ་ཤེས་ཀྱི་སྐུ་དང་ལན་གསུམ་མཇལ་བའི་བར་པ་ལ། དཔེ་ཆ་བམ་པོ་ཞིག་གནང་ནས་འདིས་ཤིང་རྟ་ཆེན་མོ་ན་གབ་པའི་ཚུལ་དུ་ཡོད་པ་མཐའ་དག་གསལ་བ་ཡོད་སོགས་ཀློང་ལྔའི་གསང་མཛོད་བྱིན་གྱིས་བརླབས་པ་ལ་བརྟེན་ཟིན་རིས་སུ་བགྱིས་ཏེ་ལོ་ཤས་རྩིས་རྒྱར་བཞག་པའི་ཐོག་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་རིགས་རུས་ཆོ་འབྲང་གིས་བསྲུང་བའི་ཀོང་སྨྱོན་རིག་པའི་དཔའ་བོ་དང་། དག་པའི་སྣང་བ་ཅན་ཝ་གིནྡྲའི་མིང་ཅན་གྱིས་དོན་གཉེར་ཆེན་པོ་ས་བསྐུལ་བའི་རྟེན་འབྲེལ་གྱི་ཕོ་ཉས་མཚམས་སྦྱར་བ་ལས། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ཉི་སྒྲོལ་ཞེས་པ་ཤིང་ཕོ་སྤྲེའུའི་ལོར་སིན་དྷུའི་རྒྱ་མཚོར་ཆུ་སྐྱེས་གཞོན་ནུའི་སྦུབས་ལས་གྲོལ་ནས་ཉིས་སྟོང་དྲུག་བརྒྱ་སུམ་ཅུ་སོ་བདུན། ཕུར་བུ་ས་སྤྲེལ་ལོར་རིག་འཛིན་རྡོ་རྗེ་ཆོས་ཀྱི་རི་རྒྱལ་མཱ་ལ་ཡའི་རྩེ་མོར་ལྷ་ཀླུ་གནོད་སྦྱིན་

(༢༣༥)མིའི་རིག་འཛིན་ཏེ་དམ་པའི་རིགས་ཅན་དྲ་མ་ལྔ་ལ་གསང་རྒྱུད་རྒྱ་མཚོའི་ཆོས་འཁོར་བསྐོར་ཞིང་ཟ་ཧོར་རྒྱལ་པོ་ཨིནྡྲ་བྷུ་ཏིའི་ཕོ་བྲང་གི་ཡང་སྟེང་ཏནྟྲའི་གླེགས་བམ་གྱི་ཆར་པ་ཕབ་ནས་ཉིས་སྟོང་དྲུག་བརྒྱ་དང་འདོད་པའི་གྲངས་ལྡན། ཁྲོ་བོ་ཤིང་གླང་ལོར་གསང་བདག་དཔའ་བོས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་བྱིན་པའི་རྒྱུད་ལུང་མན་ངག་ཀུན་གྱི་བསྟན་པའི་བདག་པོ་མི་ཕམ་མགོན་གྱི་སྤྲུལ་པའི་སྣང་བརྙན་དགའ་རབ་རྡོ་རྗེའི་ཟློས་གར་བསྒྱུར་ནས་ཉིས་སྟོང་ཉིས་བརྒྱ་དགུ་བཅུ་གོ་དྲུག །རྣམ་གནོན་ལྕགས་འབྲུག་པཎ་ཆེན་ལྔ་བརྒྱའི་གཙུག་གི་རྒྱན་གྱུར་འཇའ་ལུས་སྐུ་བརྙེས་བི་མ་ལ་མི་ཏྲ་འཁྲུངས་ནས་ཆིག་སྟོང་བདུན་བརྒྱ་བཞི་བཅུ་རྩ་གཅིག །ཕུར་བུ་ས་སྤྲེལ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་དཔལ་བསམ་ཡས་པ་ཀློང་གསལ་དྲི་མེད་དམ། ཀུན་མཁྱེན་ངག་གི་དབང་པོ་འཁྲུངས་ནས་བཞི་བརྒྱ་ལྔ་བཅུ་ང་གསུམ་འདས་ཤིང་། རབ་བྱུང་བཅུ་གསུམ་པའི་ནང་ཚན་ལྕགས་མོ་སྦྲུལ་གྱི་ལོ། རྟ་བདུན་དབང་པོ་སྡིགས་པའི་ཁྱིམ་ན་གནས་པའི་ཚེ། གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུའི་བྲེ་གུ་དགེའུའི་རང་བྱུང་བྲག་གི་ཁང་མཛེས་གལ་བདེར་བྱ་བྲལ་བ་ཆོས་རྗེ་མཁྱེན་བརྩེའི་འོད་ཟེར་གྱིས་གྲུབ་པར་བགྱིས་པ་ཐོག་མཐའ་བར་གསུམ་དུ་དགེ་བར་གྱུར་ཅིག །

(༢༣༦)

(༢༣༧)རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་ཐུན་མོང་གི་སྔོན་འགྲོ་ཁྲིད་ཀྱི་ལག་ལེན་ལ་འདེབས་ལུགས་བཞུགས། །

(༢༣༨)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །འདིར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་ཐུན་མོང་གི་སྔོན་འགྲོ་ལག་ལེན་དུ་དྲིལ་ནས་ཁྲིད་ཀྱི་ལུགས་སུ་འདེབས་པའི་ཚུལ་ལ་དལ་འབྱོར་རྙེད་དཀའ་བ། ཚེ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས། ཐར་བའི་ཕན་ཡོན། བཤེས་གཉེན་བསྟེན་པ་དང་དྲུག་ལས། དང་པོ་ལའང་། ངོ་བོ་དལ་བ་བསམ་པ། ཁྱད་པར་འབྱོར་པ་བསམ་པ། །རྙེད་དཀའི་དཔེ་ལ་བསམ་པ། གྲངས་ཀྱི་ཁྱད་པར་བསམ་པ་དང་བཞི་ལས། དང་པོ་ནི། མི་ཁོམ་པའི་གནས་བརྒྱད་དུ་སྐྱེས་ན་ཆོས་བྱེད་པའི་མཐུ་མེད་པས་དལ་བ་མ་ཡིན་པའི་ཚུལ། དམྱལ་བར་སྐྱེས་

(༢༣༩)ན་ཚ་གྲང་གི་སྡུག་བསྔལ་ཁོར་མོར་སྤྱོད་པས་ཆོས་བྱེད་དུ་མི་ཁོམ། ཡི་དྭགས་ནི་བཀྲེས་སྐོམ་གྱི་སྡུག་བསྔལ་ལ་སྤྱོད་པས་ཆོས་བྱེད་དུ་མི་ཁོམ། དུད་འགྲོ་ནི་བསྐོལ་སྤྱོད་དང་ཕན་ཚུན་འཚེ་བའི་སྡུག་བསྔལ་ལ་སྤྱོད་པས་ཆོས་བྱེད་དུ་མི་ཁོམ། ལྷ་ཚེ་རིང་པོ་ནི་འདུ་ཤེས་མེད་པའི་ངང་དུ་དུས་དྲོན་པས་ཆོས་བྱེད་དུ་མི་ཁོམ། ཡུལ་མཐའ་འཁོབ་ཏུ་སྐྱེས་ན་སངས་རྒྱས་ཀྱི་བསྟན་པ་མེད་པས་ཆོས་བྱེད་དུ་མི་ཁོམ། མུ་སྟེགས་བྱེད་མ་ད་དེ་དང་བསམ་པ་ཕྱོགས་མཐུན་པའི་སྐལ་བ་ངན་པར་སྐྱེས་ན་རང་རྒྱུད་ལོག་ལྟས་བསླད་པས་ཆོས་བྱེད་དུ་མི་ཁོམ། མུན་པའི་བསྐལ་པ་ལ་སྐྱེས་ན་དཀོན་མཆོག་གསུམ་གྱི་སྒྲ་མི་གྲག་ཅིང་དགེ་སྡིག་ངོ་མི་ཤེས་པས་

(༢༤༠)ཆོས་བྱེད་དུ་མི་ཁོམ། ལྐུགས་པར་སྐྱེས་ན་རྣམ་པར་ཤེས་པ་ལས་སུ་མི་རུང་བས་ཆོས་བྱེད་དུ་མི་ཁོམ། དེ་ལྟར་བརྒྱད་དུ་མ་སྐྱེས་པ་ལ་ཁོམ་པ་ཞེས་བྱ་སྟེ་ཆོས་བྱེད་པའི་སྐབས་ཡོད་པས་དལ་བའི་སྒྲ་ཞུགས་པའོ། །དེའི་ཕྱིར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས་ད་རེས་རང་རྒྱུད་རྟེན་གྱི་མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པ་ལ་དགའ་བ་སྒོམ་ཞིང་། སླད་ནས་འདི་འདྲ་བའི་དལ་བ་བརྒྱད་ཀྱི་ངོ་བོ་ནི་ཤིན་ཏུ་རྙེད་པར་དཀའ་བས་ད་རེས་ཆོས་ལ་མ་འབད་ན་བདག་གི་མི་ལུས་དོན་མེད་པའོ་སྙམ་དུ་ཡང་ནས་ཡང་དུ་བསམ་ཞིང་། དགེ་བ་སེམས་ཅན་ཐམས་ཅད་ལ་བསྔོ་བ་ནི་འོག་མ་རྣམས་ལའང་འགྲེའོ། །ཞར་ལ་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་རྣམ་པ་བརྒྱད་དང་། རིས་ཆད་བློའི་མི་ཁོམ་པ་བརྒྱད་ཀྱིས་རང་རྒྱུད་ཆུད་ཟོས་པ་ལའང་ཞིབ་དུ་བརྟགས་ནས་རང་མཚང་གདོན་པ་ནི་དོན་ཆེན་པོ་དང་ལྡན་པ་ཡིན་པས་ཡིད་བཞིན་རིན་པོ་ཆེར། དུག་ལྔ་འཁྲུགས་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་བརྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱི་མི་ཁོམས་རྣམ་པ་བརྒྱད། །ཅེས་པ་དང་། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བར་མི་སྐྱོ་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་

(༢༤༡)ཆོས་ལ་སེམས་པ་བྲལ། །སྡོམ་དང་དམ་ཚིག་འཆལ་བ་ཞེས་བྱ་སྟེ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །ཅེས་དང་། དེ་ལ་བརྒྱད་ཚན་གཉིས་པོ་ནི་ཤིན་ཏུའང་འབྱུང་ཉེ་བ་ཡིན་པས། །དེ་དག་ལ་བླང་དོར་མ་བགྱིས་ན་དལ་བའི་ངོ་བོ་ཙམ་ཐོབ་ཀྱང་ཆོས་ཀྱི་བྱ་བ་ལ་མི་ཁོམ་པའི་གནས་སུ་ལྟུང་བར་འགྱུར་བས་མི་ཚེ་སོས་དལ་དུ་རྒ་བའི་དལ་བ་ཙམ་པོ་བ་ཉིད་དུ་རིག་པར་བྱའོ།། །།གཉིས་པ་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ལས། དང་པོ་རང་འབྱོར་ནི། མི་ལུས་མ་ཐོབ་ན་ཆོས་དང་མི་མཇལ་བ་ལས། ད་རེས་མིའི་ལུས་རྟེན་གྱིས་འབྱོར་པ་དང་། དེའང་ཆོས་མེད་པའི་ཡུལ་མཐའ་འཁོབ་ལ་སོགས་པར་སྐྱེས་ན་ཆོས་དང་མི་མཇལ་བ་ལ། ད་རེས་ཆོས་ཚིགས་ཀྱི་ཡུལ་དབུས་སུ་སྐྱེས་པས་ཡུལ་གྱིས་འབྱོར་བ་དང་། དབང་པོ་མ་ཚང་ན་ཆོས་ཀྱི་གེགས་སུ་འགྱུར་བ་ལས། ད་རེས་དེ་འདྲའི་སྐྱོན་དང་བྲལ་བས་དབང་པོའི་ཡོན་ཏན་གྱིས་འབྱོར་པ་དང་། ལས་ཀྱི་མཐའ་ལོག་པ་སྟེ་རྟག་ཏུ་མི་དགེ་བ་ལ་སྤྱོད་ན་ཆོས་དང་རྒྱབ་ཀྱིས་ཕྱོགས་པ་ལས། ད་རེས་དགེ་བ་ལ་མོས་པས་བསམ་པའི་ཁྱད་པར་གྱིས་འབྱོར་པ་དང་། དད་པའི་གནས་བསྟན་པ་ལ་མ་དད་ན་ཆོས་ལ་ཡིད་མི་ཕྱོགས་པ་ལས། །ད་རེས་བློ་ཆོས་ལ་ཕྱོགས་ནུས་པས་དད་པའི་འབྱོར་

(༢༤༢)པ་སྟེ། ལྔ་པོ་ནི་རང་ངོ་ལ་ལྟོས་ནས་ཚང་དགོས་པས་རང་འབྱོར་ལྔ་ཞེས་བྱའོ། །གཉིས་པ་གཞན་འབྱོར་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྒྲོན་བསྐལ་ལ་མ་སྐྱེས་ན་ཆོས་ཀྱི་མིང་ཡང་མེད་པ་ལས། ད་རེས་སངས་རྒྱས་བྱོན་པའི་བསྐལ་པ་དང་ཐུག་པས་སྟོན་པ་ཁྱད་པར་ཅན་གྱིས་འབྱོར་པ་དང་། །བྱོན་ཀྱང་ཆོས་མ་བསྟན་ན་མི་ཕན་པ་ལས། ཆོས་འཁོར་རིམ་པ་གསུམ་བསྟན་པས་ཆོས་ཀྱིས་འབྱོར་པ་དང་། ཆོས་བསྟན་ཀྱང་བསྟན་པ་ནུབ་ན་མི་ཕན་པ་ལས། ད་ལྟ་བསྟན་པའི་གནས་ཚད་མ་རྫོགས་པས་དུས་ཀྱིས་འབྱོར་པ་དང་། བསྟན་པ་གནས་ཀྱང་དེ་ལ་མ་ཞུགས་ན་མི་ཕན་པ་ལས། བསྟན་པའི་སྒོར་ཞུགས་པས་རང་གི་སྐལ་པས་འབྱོར་པ་དང་། ཞུགས་སུ་ཟིན་ཀྱང་མཐུན་པའི་རྐྱེན་དགེ་བའི་བཤེས་གཉེན་གྱིས་མ་ཟིན་ན་ཆོས་ཀྱི་དེ་ཉིད་མི་ཤེས་པས་དེས་ཟིན་པས་ལྷག་པའི་ཐུགས་རྗེས་འབྱོར་པ་སྟེ། ལྔ་པོ་ནི་གཞན་རྐྱེན་ལ་ལྟོས་ནས་ཚང་དགོས་པས་གཞན་འབྱོར་ལྔ་ཞེས་བྱའོ། །དེ་ལྟར་བཅོ་བརྒྱད་པོ་ཚང་ན་དམ་ཆོས་བསྒྲུབ་པའི་རྟེན་ཡིན་པས་མི་ལུས་རིན་པོ་ཆེ་ཞེས་བྱ་ལ། དེ་ལས་ཅིག་ཤོས་ཙམ་མ་ཚང་ཡང་ཐར་ལམ་རྣལ་མར་འགྲོ་མི་ནུས་པས་མི་ལུས་ཕལ་པ་ཞེས་བྱའོ། །དེའི་ཕྱིར་བདག་ཉིད་ལའང་མི་ལུས་རིན་པོ་ཆེར་འབོད་དུ་རུང་བ་

(༢༤༣)དེ་རིང་གི་གནས་སྐབས་ནས་ཡིན་པ་ལ་དགའ་བ་བསྒོམ་ཞིང་ད་དུང་ཀྱང་ལས་མཐའ་ལོག་པ་དང་། དད་པ་འགྲིབ་པ་ལ་སོགས་པས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ལས་བྲི་བའི་གནས་སྐབས་ལ་གཟབས་པར་བྱ་བ་ནི་གནད་དུ་ཆེ་ལ། འདི་ལྟ་བུ་ནི་ཕྱིན་ཆད་རྙེད་པ་མ་ཡིན་པས་ད་རེས་ཐོབ་པའི་དལ་འབྱོར་དོན་ཡོད་པར་མ་བྱས་ན་སླད་དུ་ངན་འགྲོ་ལོག་པར་ལྟུང་དུས་དགེ་སྡིག་ངོ་མི་ཤེས། བདེ་འགྲོ་ཐོབ་ཀྱང་དགེ་བའི་བཤེས་གཉེན་དང་མཇལ་དཀའ། གང་བྱེད་སྡིག་པ་རང་གྱུར་པས་འཁོར་བའི་སྡུག་བསྔལ་ལས་ཐར་པའི་ཐབས་མེད་པ་དེའི་མཚང་མ་རིག་ན་ད་རེ་བླུན་སྙམ་དུ་སྙིང་ཐག་པ་ནས་བསམ་ཞིང་། ཡུལ་གྲུ་དང་ཁྲོམ་ཚོགས་ཆེན་པོའི་དབུས་སུའང་བཅོ་བརྒྱད་པོ་མཐའ་དག་ཚང་བའི་མི་ལུས་རིན་པོ་ཆེ་མང་ཉུང་ལེགས་པར་བརྟག་ནས་རང་གི་ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ཡང་ཡང་བསམ་མོ། །གསུམ་པ་རྙེད་དཀའི་དཔེ་ལ་བསམ་པ་ནི། རླབས་ཆེན་པོས་རྣམ་པར་དཀྲུགས་པའི་རྒྱ་མཚོའི་སྟེང་གི་གཉའ་ཤིང་བུ་ག་གཅིག་པ་ཡུད་ཙམ་ཡང་མི་གནས་པ། རྒྱ་མཚོའི་སྡིང་ན་རུས་སྦལ་ལོང་བ་ལོ་བརྒྱ་བརྒྱའི་མཚམས་ལ་སྟེང་དུ་འོང་བ་འཛོམ་ནས་གཉའ་ཤིང་གི་བུག་པར་རུས་སྦལ་གྱི་མགྲིན་པ་ཆུད་

(༢༤༤)པ་ལས་ནི། མིའི་ལུས་རྟེན་རྙེད་པར་དཀའ་བའི་ཚུལ་དེ་བཞིན་གཤེགས་པས་གསུངས་སོ། །བཞི་པ་གྲངས་ཀྱི་ཁྱད་པར་བསམ་པ་ནི། སེམས་ཅན་གྱི་གྲངས་དང་རིམ་པ་ལ་ལྟས་ནའང་མི་ལུས་ཐོབ་པ་སྲིད་པ་ཙམ་སྟེ། འདི་ལྟར་དམྱལ་བ་མཚན་མོའི་སྐར་མ་ཙམ་ལ་ཡི་དྭགས་ཉིན་མོའི་སྐར་མ་ཙམ། ཡི་དྭགས་མཚན་མོའི་སྐར་མ་ཙམ་ལ་དུད་འགྲོ་ཉིན་མོའི་སྐར་མ་ཙམ། དུད་འགྲོ་མཚན་མོའི་སྐར་མ་ཙམ་ལ་བདེ་འགྲོ་ཉིན་མོའི་སྐར་མ་ཙམ་ལས་མེད་པའི་ཚུལ་མཐོང་ཆོས་སུ་མིའི་ལུས་རྟེན་གཅིག་ལ་ཕྱི་ནང་གི་སྲིན་བུ་ཇི་ལྟར་གནས་བརྟགས་པས་ཤེས་ལ། མི་ཡང་ཆོས་ཀྱི་སྣང་བ་དང་བྲལ་བ། ཆོས་ལས་ཉམས་པ་རྣམས་ལ་དཔགས་ན་ཆོས་བཞིན་སྤྱོད་པ་ཤིན་ཏུ་ཉུང་པས་སྤྱིར་མིའི་ལུས་རྟེན་ཙམ་དང་། ཁྱད་པར་ཆོས་ལྡན་གྱི་ལུས་ཐོབ་པར་དཀའ་བ་ལ་ལེགས་པར་བསམས་ནས་དལ་འབྱོར་རྙེད་དཀའ་ལ་ངེས་ཤེས་བསྐྱེད་དོ།། །།གཉིས་པ་ཚེ་མི་རྟག་པ་བསམ་པ་ལ། དང་པོ་སྣོད་ཀྱི་འཇིག་རྟེན་ལ་བསམ་སྟེ་མི་རྟག་པ་སྒོམ་པ་ནི། འདི་ལྟར་གླིང་བཞི་རི་རབ་ལྷ་གནས་དང་བཅས་པའི་རབ་སྲ་ཞིང་བརྟན་པ། བསྐལ་པའི་བར་དུ་གནས་པ་འདི་དག་ཀྱང་ནམ་ཞིག་འཇིག་པའི་དུས་ལ་བབ་པ་ན་མེ་བདུན་དང་ཆུ་གཅིག་གིས་ཐལ་བ་ཙམ་ཡང་ལུས་པར་

(༢༤༥)མི་འགྱུར་བ་ལ་བསམ་སྟེ་སྐྱོ་བ་བསྐྱེད་དོ། །གཉིས་པ་བཅུད་ཀྱི་འགྲོ་བ་མི་རྟག་པར་སྒོམ་པ་ནི། ཚེ་བསྐལ་པར་ཐུབ་ཅིང་གཟི་བརྗིད་ཕུན་སུམ་ཚོགས་པའི་ལྷ་དང་དྲང་སྲོང་རྣམས་ཀྱང་འཆི་བའི་གནས་སྐབས་ལས་མ་ཐར་ན། རང་རེ་འཛམ་བུའི་གླིང་པ་ཚེ་ལ་ངེས་པ་མེད་པའི་གནས་སུ་དུས་ཀྱི་ཐ་མར་སྐྱེས་པས་ད་ནི་མྱུར་དུ་འཆི། སྔོན་དར་ཞིང་རྒྱས་པའི་གྲོང་སྲེ་དང་། དགོན་གནས་སྟོང་པའི་ཤུལ་འདི་དག་ལའང་དང་པོར་སྐྱེས་བུའི་བདག་བཟང་པོ་རེ་ཡོད་པ་ཡིན་ཏེ་ད་ལྟའི་གནས་སྐབས་ན་བྱ་དང་བྱིའུའི་ཚང་དུ་སོང་། རང་གིས་དྲན་ ཙམ་ན་ཡོད་པའི་ཕ་མ་ཉེ་ལྟོས་ཡུལ་མི། ཁྱིམ་མཚེས་སྒོ་ཕྱུགས་སོགས་ཇི next hit་སྙེད་མཆིས་པ་ལས་དེ་དག་ཕལ་ཆེར་མེད་ཅིང་ན་ནིང་ཡོད་པའང་ད་ལོ་མེད་པའི་དུས་ལ་ལྟོས། ཁྱད་པར་ད་ལྟའི་གནས་སྐབས་ན་རང་གི་ལུས་ཡན་ལག་དང་ཉིང་ལག་སོགས་པ་འདི་དག་ལ་ཟས་གོས་བཟང་པོ་སྦྱར། རྒྱན་དང་སྤྱོད་ལམ་གཟབས་ཀྱང་ཉིན་ཞག་རེས་མི་ཚེ་ཐུང་ངུར་སོང་བས་རིང་པོ་མི་ཐོགས་པར་འཆི་བས་སླེབས་ཏེ་དབུགས་ནི་ངར་བཀྲག་མདངས་ཉམས། ཡན་ལག་གཡོ་བ། འདུ་ཤེས་འཁྲུལ། རོ་ལ་ལིང་གིས་སོང་ནས་ཐ་གུས་བསྡམ། ཡོལ་བས་བསྒྲིབ། དུར་ཁྲོད་དུ་སྒྲེན་མོར་འདོར། ཡན་ལག་དང་ཉིང་ལག་འདྲ་ལ། བྱ་

(༢༤༦)རྒོད་དང་གཅན་གཟན་གྱིས་ཟ། སྐྲ་དང་རུས་དུམ་ཀྱང་ཕན་ཚུན་དུ་འཐོར་བའི་སྐབས་ན། ཉེ་དུ་དང་ལོངས་སྤྱོད་ནི་རྗེས་སུ་མི་འབྲང་། བློས་ནི་མི་ཐོངས། ལས་འབའ་ཞིག་གི་རྗེས་སུ་འགྲོ་བའི་དུས་དེ་ནི་དེ་རིང་གི་ཉིན་ནུབ་ལའང་མི་འབྱུང་བའི་གདིང་མེད་པས་ཤིན་ཏུ་བཟོད་པར་དཀའ་སྙམ་དུ་འདུན་པ་དྲག་པོས་དྲན་པར་བྱས་ནས་འགྲོ་འདུག་ཉལ་གསུམ་ཐམས་ཅད་ལ་འཇིག་རྟེན་འདིའི་སྤྱོད་ལམ་གྱི་ཐ་མ་ཡིན་ནོ་ཞེས་ངག་ཏུའང་བརྗོད་ལ་ཡིད་ལ་དུང་ངེ་བསྒོམ་པར་བྱའོ།། །།དོན་གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ་ལ། སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ནི། འདི་ལྟར་འཁོར་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་འགྲོ་བའི་གནས་རིགས་དྲུག་ཏུ་རྒྱུད་མར་འཁོར་བའི་ལུས་རྟེན་འདི་མ་བཟུང་བྱ་བ་དང་། ཕན་ཚུན་ཕ་མ་དང་དགྲ་གཉེན་བཏང་སྙོམ་མ་བྱས་པ་གཅིག་ཀྱང་མེད་ལ། དེ་ལྟར་མེད་པས་ཕ་མ་དང་གཉེན་བཤེས་ཀྱི་ཚེ་ཕན་བཏགས། དགྲའི་ཚེ་གནོད་པ་བྱས། འདོད་པའི་ཕྱིར་མགོ་དང་ཡན་ལག་དང་ཉིང་ལག་གཏུབ་པའང་གྲངས་ཀྱིས་མི་ཆོད། སྲོག་ཆགས་ཕྲ་མོར་སྐྱེས་པའི་ཡན་ལག་རྣམས་གཅིག་ཏུ་བསྡམས་ན་རི་རབ་ལས་ཀྱང་མཐོ། དུས་པ་གཅིག་པོའི་མཆི་མ་བསགས་ཀྱང་རྒྱ་མཚོ་ཙམ་འོང་ངེས། ཚངས་པ་དང་

(༢༤༧)ལྷའི་དབང་པོ་ལྟ་བུར་ཚེ་རིང་ཞིང་གཟུགས་དང་དཔལ་འབྱོར་ཕུན་སུམ་ཚོགས་པའང་ཤི་ནས་ངན་སོང་གི་སྡུག་བསྔལ་ཉམ་ཐག་པ་ལ་སྤྱོད་པ་ཡོད་ན་ལུས་རྟེན་འདིར་དབང་ཕྱུག་དང་ནད་མེད་པ་ལ་སོགས་པའི་བདེ་བ་ཅུང་ཟད་ཙམ་པ་ནི་ལོ་ཤས་དང་ཟླ་བ་ཞག་འགའ་ཙམ་པས་མགོ་སྐོར་ཏེ་མཐོ་རིས་ཀྱི་བདེ་འབྲས་ཟད་ནས་ཤིན་ཏུ་དབུལ་ཞིང་ཉམ་ཐག་པའམ། ངན་སོང་གི་སྡུག་བསྔལ་བཟོད་དཀའ་བ་ལ་མི་འདོད་བཞིན་དུ་སྤྱོད་དགོས་པས་ད་ལྟའི་བདེ་སྐྱིད་རྨི་ལམ་བདོ་འཕྲོ་ལ་སད་པ་ལྟ་བུ་འདི་ལ་སྙིང་པོ་ཅི་ཞིག་ཡོད། །དེ་བས་ད་རེས་ཀྱི་ཚེ་ལ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བ་ཞིག་ཅི་ནས་ཀྱང་བྱེད་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ། །གཉིས་པ་རིགས་དྲུག་སོ་སོའི་སྡུག་བསྔལ་བྱེ་བྲག་ཏུ་བསམ་པ་ལ་དྲུག་ལས། དང་པོ་དམྱལ་བ་ལ་སྡེ་ཚན་བཅོ་བརྒྱད་ཀྱི་ཚ་དམྱལ་བརྒྱད་ནི། གཞི་དང་འཁོར་ཡུག་ཐམས་ཅད་མགལ་གྱི་ལྕགས་བསྲེགས་ལྟ་བུ་ལས་རྡོག་པ་བཞགས་ཙམ་གྱི་བདེ་བར་མངོན་པའང་མེ་ལྕེའི་ཀློང་ཤིན་ཏུ་དབལ་ཚ་བ་ནི་བརྒྱད་པོའི་གནས་སྤྱི་མཐུན་ཡིན་ལ། དེ་ལས་ཡང་སོས་ཞེས་བྱ་བ་ནི། མདག་མེའི་ཀློང་དུ་དམྱལ་བ་པ་དེ་དག་འདུས་ནས་ཕན་ཚུན་དགྲ་མི་ཤ་བོར་མཐོང་བའི་ཞེ་

(༢༤༨)སྡང་གི་སེམས་ཀྱིས་མཚོན་ཆ་བརྡེག་རེས་འབའ་ཞིག་བྱེད་པས་ཤི་མ་ཐག་ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག །ཅེས་པའི་སྒྲ་གྲགས་མ་ཐག་ཡང་སོས་ནས་ལས་མ་ཟད་ཀྱི་བར་སྡུག་བསྔལ་སྔར་ལྟར་མྱོང་བས་ཡང་སོས་ཞེས་མྱོང་བྱའི་ལས་ལ་མིང་བཏགས་པའོ། །དེའི་ཚུལ་རང་རྒྱུད་ལ་མངོན་སུ་མ་བྱུང་བ་བཞིན་ཉམས་སུ་བསྟར་ནས་བསྒོམས་པའི་རྗེས་ཤེས་ལ། ད་ལྟ་དམིགས་པས་སྒོམ་པ་ཙམ་ལའང་འདི་ལྟར་སྡུག་བསྔལ་ན། མངོན་སུམ་པའི་ལས་ལ་སྤྱོད་དུས་ཇི་ལྟར་བཟོད། དམྱལ་བར་སྐྱེ་བའི་རྒྱུའི་གཙོ་བོ་ནི་ཞེ་སྡང་གི་སེམས་ཡིན་ན་ལས་དེའི་རྒྱུ་ནི་མང་པོ་ཞིག་སྔོན་ནས་ད་ལྟའི་བར་འདུ་བྱས་པས། བདག་ཀྱང་མི་འདོད་བཞིན་དུ་ལས་དེའི་འབྲས་བུ་ལ་གདོན་མི་ཟ་བར་སྤྱད་དགོས་པས་ཇི་ལྟར་བཟོད་སྙམ་དུ་འཇིགས་པ་དང་། སྔོན་ཆད་ཀྱི་ལས་ལ་འགྱོད་སེམས་དྲག་པོ་བསྐྱེད་ཅིང་བཤགས་སྡོམ་དང་། ཕྱིན་ཆད་བྱེད་རེ་ཤི་སྙམ་དུ་རང་རྒྱུད་གཉེན་པོས་སྡོམ་ཞིང་། སྡུག་བསྔལ་དེའི་འབྲས་བུ་ལ་ད་ལྟ་མངོན་སུམ་པར་སྤྱོད་པའི་སེམས་ཅན་དམྱལ་བ་དང་། ཕྱི་ནས་འདུ་བྱེད་ཀྱི་རྒྱུ་ལ་སྤྱོད་པ་རྣམས་ལའང་སྙིང་རྗེ་དྲག་པོ་སྒོམ་པ་ནི་རང་རྒྱུད་ཀྱི་སྡིག་པ་སྲབ་མོར་བྱེད་པའི་ཐབས་ཡང་དག་པ་ཡིན་པས་འོག་མ་ཐམས་

(༢༤༩)ཅད་ལའང་དེ་ལྟར་ཤེས་པར་བྱའོ། །ཐིག་ནག་ནི། གཤིན་རྗེའི་ཕོ་ཉ་འཇིགས་སུ་རུང་བ་རྣམས་ཀྱིས་ལུས་མགལ་དུམ་བཞིན་དུ་བསྲངས་པའི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐིག་བརྒྱད་དང་། བཅུ་དྲུག་དང་། དེ་བས་ཆེས་མང་བ་བཏབ་ནས་སོག་ལེ་རྣོན་པོས་སྤྱི་བོ་ནས་རྐང་མཐིལ་ལ་ཐུག་གི་བར་གཤོག་ཅིང་། དེ་མ་ཐག་འབྱར་ནས་ཡང་གཤོག་པའི་སྡུག་བསྔལ་དཔག་ཏུ་མེད་དོ། །བསྡུས་འཇོམས་ནི། ལྕགས་བསྲེགས་ཀྱི་ཡུལ་ལྗོངས་སུ་སོང་བ་ལས་རི་རྣམས་ཕན་ཚུན་རྟ་དང་རྔ་མོང་བ་ལང་ལ་སོགས་པའི་སྲོག་ཆགས་ཀྱི་མགོ་བརྙན་ལྟར་མཐོང་ནས་དེ་དག་ཕན་ཚུན་འཐབ་པའི་བར་སྒང་ལྤགས་བཞིན་དུ་བཅར་བ་དང་། རེས་འགའ་ལྕགས་གཏུན་དུ་ཐོ་ལུམ་མེ་འབར་བས་ཏིལ་བཞིན་དུ་བརྡུང་འཐག་བྱས་ཀྱང་མོད་ལ་གསོས་པས་སྔར་བཞིན་དུ་སྡུག་བསྔལ་ལོ། །དུ་འབོད་ནི། ལྕགས་ཞུན་སྐོལ་བར་འཚོད་ཅིང་འོ་དོད་དྲག་པོ་འབོད་པའོ། །དུ་འབོད་ཆེན་པོ་ནི། ལྕགས་ཁང་འབར་བ་ཉིས་རིམ་དུ་བཅུག་ནས་སྒོ་འགྲིགས་པས་སྡུག་བསྔལ་ཞིང་མེའི་ཐོ་བར་འཇོམས་པའོ། །ཚ་བ་ནི། ལྕགས་ཀྱི་ཡོལ་གོར་ཁྲོ་ཆུ་འབར་བར་འཚོད་ཅིང་། སྟེང་དུ་འཐོན་པའི་རེས་ལ་མགོ་ལ་ཐོ་

(༢༥༠)ལུམ་བསྣུན་ནས་དྲན་པ་ཉམས་པའང་བདེ་བར་སྒོམ་པས་སྡུག་བསྔལ་ལོ། །རབ་ཏུ་ཚ་བ་ནི། ལྕགས་ཁྱིམ་འབར་བའི་ནང་དུ་གསལ་ཤིང་རྩེ་གསུམ་པས་ཕྲག་པ་གཉིས་དང་སྤྱི་བོ་ལ་ཏལ་མར་འབུགས་ཤིང་། ལྕགས་བསྲེགས་ཀྱི་སྣམ་བུས་ལུས་ལ་དཀྲི་བས་ཤིན་ཏུ་སྡུག་བསྔལ་ལོ། །མནར་མེད་ནི། ལྕགས་ཁྱིམ་མེ་འབར་བ་ཉེ་འཁོར་ལྷག་པ་བཅུ་དྲུག་གིས་བསྐོར་བའི་ནང་དུ་མེ་དང་ལུས་གཉིས་སུ་མེད་པར་བསྲེགས་པས་སྡུག་བསྔལ་གྱི་ཚོར་བ་ཤིན་ཏུ་རགས་ཤིང་འོ་དོད་འབོད་པའི་སྒྲ་ཙམ་ལས་ལུས་ཀྱི་དངོས་པོ་བལྟར་མི་མངོན་ལ། ཐར་བར་འདོད་པའི་སེམས་རྒྱུན་ཆད་མེད་པ་ལ་སྒོའི་རྣམ་པ་མཐོང་བ་དེ་ཡང་རིང་དུ་བྱེར་ཞིང་བཅད་པར་གྱུར་པས་ཡི་མུག་པའི་སྡུག་བསྔལ་གསར་བས་མཐོང་བས་གནས་ཁང་གི་གནོད་པ་དང་། དེ་བཞིན་དུ་མདའ་བོ་ཆེ་དང་། དབྱུག་པ་དང་། ལྕགས་ཞུན་ཁར་ལྡུག་པས་ཕྱིའི་གནོད་པ་སོགས་མདོར་ན་དམྱལ་བ་སྔ་མ་བདུན་པོའི་སྡུག་བསྔལ་ཡང་རྟག་པར་འཆར་བས་ཚེ་ཚད་བར་བསྐལ་གཅིག་ཏུ་བདེ་བར་བསྟི་བའི་སྐབས་ཅུང་ཟད་ཙམ་ཡང་མེད་པས་མནར་མེད་བསྟིར་མེད་ཅེས་བཤད་པ་ཡིན་ནོ། །དེ་ལྟར་ཚ་དམྱལ་བརྒྱད་པོའང་རིམ་པས་ཚོར་བ་བདུན་འགྱུར་གྱིས་རགས་པས་

(༢༥༡)སྡུག་བསྔལ་བདུན་འགྱུར་གྱིས་ཆེ་བའི་ཚུལ་བློ་ལ་བླང་ཞིང་། སྔར་ཉམ་ཉེས་ཆེན་པོ་བྱུང་བའི་སར་ཕྱིན་ཆད་བགྲོད་པའི་བློ་སྣ་ལྡོག་པ་བཞིན་དུ། དེར་མི་སྐྱེ་བའི་ཐབས་ལ་འབད་པར་བྱའོ་སྙམ་དུ་བསྒོམ་པར་བྱའོ། །དེ་ལ་ཉེ་འཁོར་བ་ནི། མནར་མེད་ཀྱི་འཁོར་ལྷག་པ་བཅུ་དྲུག་ཡིན་ཏེ། ཕྱོགས་བཞི་སོ་སོ་ན། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། །མཚོན་ཆའི་ཐང་། རལ་གྲི་ལོ་མའི་ནགས་ཚལ་བཞི་བཞི་ཡོད་པ་ལས། མེ་མུར་གྱི་འོབས་ནི། དམྱལ་བ་མནར་མེད་ཀྱི་ལས་བསྲབས་པ་དག་ཕྱིར་འཐོན་པ་ན་གྲིབ་མ་ནག་ངམ་པའི་འོབས་ལ་དགའ་ནས་སོང་བ་དང་། ཐལ་ཚན་གྱི་མདག་མེ་འབར་བའི་ནང་དུ་ཆུད་ནས་ཤ་རུས་འཚིག་པའོ། །དེ་བཞིན་དུ་ཆུ་ཀླུང་མཐོང་བ་ལ་ཕྱིན་པས། རོ་མྱགས་ཀྱི་འདམ་རྫབ་དྲི་ང་བར་ཚུད་ནས་སྲིན་བུ་ལྕགས་ཀྱི་མཆུ་རྣོན་ཅན་གྱིས་འབིགས་པའོ། །མཚོན་ཆའི་ཐང་ནི། ཐང་ཉམས་དགའ་བ་མཐོང་ནས་ཕྱིན་པ་ན། དེ་ཐམས་ཅད་ལྕགས་ཀྱི་ཐུར་མ་རྣོན་པོར་གཟིངས་པས་རྐང་པ་གར་བཞག་ཐལ་མར་འབིགས་ཤིང་བཏེག་ན་སོས་པས་སྡུག་བསྔལ་ལོ། །ལོ་མའི་ཚལ་མཐོང་ནས་དགའ་སྟེ་ཕྱིན་པ་དང་། ལོ་མ་ཐམས་ཅད་རལ་གྲིར་གྱུར་པ་རླུང་གིས་བསྐྱོད་

(༢༥༢)པའི་ཆར་གྱིས་ལུས་དུམ་བུར་གཅོད་པའོ། །གཞན་ཡང་ལྕགས་ཀྱི་ཤལ་མ་ལི་ཞེས་བྱ་བ། རིའི་རྩེ་ནས་རང་ལ་དགའ་གདུང་ཡོད་པའི་སྐྱེ་བོས་འབོད་པར་མཐོང་ནས་ཕྱིན་པ་ན། ལམ་དུ་ལྕགས་ཐུར་རྣོན་པོས་རྐང་པ་འབིགས་ཤིང་སྟེང་དུ་སླེབ་དུས་ཁྭ་ཏ་དང་བྱ་རྒོད་ཀྱིས་ཀླད་པ་དང་། མིག་ཚིལ་འབྲུ་ཞིང་། ཐུར་ནས་འབོད་པར་མཐོང་ནས་ཕྱིན་པས་སྔར་བཞིན་འབིགས་ནས་དེའི་རྩར་སླེབས་དུས་ལྕགས་ཀྱི་སྐྱེས་པ་དང་། བུད་མེད་མེ་འབར་བར་སོང་ནས་རང་ལ་འཁྱུད་པས་བསྲེག་ཅིང་ཟ་བར་བྱེད་དོ།། །།དེ་ནས་གྲང་དམྱལ་བརྒྱད་བསམ་པ་ནི། སྤྱི་མཐུན་དུ་གངས་རི་དང་ཆབ་རོམ་གྱི་ཁྲོད། སའི་རྣམ་པ་རྡོག་པ་བཞགས་ཙམ་ཡང་མི་མངོན་པ་ལ་བུ་ཡུག་འབའ་ཞིག་གིས་ལུས་སྦྲེབས་པའི་གནས་སུ། གཅེར་བུར་གྲང་བའི་ཉེན་ཆེས་པས་ལུས་ལ་ཆུ་བུར་ཐོལ་གྱིས་འབྱུང་བས་ཆུ་བུར་ཅན་ནོ། །དེ་རྡོལ་ནས་རྨར་སོང་བས་ཆུ་བུར་རྡོལ་པའོ། །ཟུག་རྔུ་བསྲན་མ་བཟོད་པའི་སོ་འཚིར་བས་སོ་ཐམ་ཐམ་པའོ། །སྨྲེ་སྔགས་རྒྱུན་མི་ཆད་པར་འདོན་པས་ཨ་ཆུ་ཆུའོ། །སྐད་ཀྱི་གདངས་ཆག་པས་ཤུགས་རིང་ཀྱི་ཧུད་དུ་འདོན་པའོ། །པགས་པ་བཞི་ཚལ་དུ་གས་པས་ཨུཏྤལ་ལྟར་གས་པའོ། །བརྒྱད་ཚལ་དུ་གས་

(༢༥༣)པས་པདྨ་ལྟར་གས་པའོ། །བཅུ་དྲུག་དང་སུམ་ཅུ་རྩ་གཉིས་ལ་སོགས་པ་གྲངས་མེད་དུ་གས་པས་པདྨ་ལྟར་ཆེར་གས་པའོ། །དེ་ལྟར་གས་པའི་ནང་དུ་སྲོག་ཆགས་མཆུ་རྣོན་ཅན་ཞུགས་ནས་ཟ་ཞིང་གྲང་བའི་སྡུག་བསྔལ་མི་བཟོད་པའི་ཚུལ་བརྒྱད་ལ་མིང་བརྒྱད་དུ་ཆགས་པའི་སྡུག་བསྔལ་བློ་ལ་བླང་ཚུལ་སྔ་མ་བཞིན་ནོ།། །།དེ་ནས་ཉི་ཚེ་བ་ནི། བྲག་བར་དུ་བཅར་བ་དང་། རྡོའི་ནང་དུ་འཐུམས་པ་དང་། ཆབ་རོམ་གྱི་ནང་དུ་རེངས་པ་དང་། ཆུ་ཚན་གྱི་ནང་དུ་འཚོད་པ་དང་། མེ་ནང་དུ་བསྲེག་པ་དང་། ཤིང་སྡོང་ལ་བཅད་གཏུབས་བྱས་པའི་ཉེར་ལེན་བདག་ཉིད་ཀྱིས་ཚོར་བར་མངོན་ནས་ཡན་ལག་དང་ཉིང་ལག་བཅད་པའི་སྡུག་བསྔལ་དང་། གཏུན་དང་། ཕྱགས་མ་དང་། ཕྲུ་བ་དང་། སྒོ་དང་། སབ་མོ་དང་། ཀ་བ་དང་། སྒྱེད་བུ་དང་། ཐག་པ་ལ་སོགས་པ་རྟག་ཏུ་བཀོལ་ཞིང་སྤྱོད་པའི་གཟུགས་སུ་འདུ་ཤེས་པའི་སྡུག་བསྔལ་བཟོད་མི་ཕོད་པ་མྱོང་བ་དང་། ལྕགས་ཀྱི་ཁང་པར་ཉིན་མོ་སྡུག་བསྔལ་ལ། མཚན་མོ་དེ་ལས་ལྡོག་པ་དང་། ཕན་ཚུན་གསོད་རེས་བྱེད་པ་སོགས་སྡུག་བསྔལ་གྱི་རྣམ་པ་མྱོང་ཚུལ་ཐ་དད་པ་བློ་ལ་བླང་ཞིང་སྐྱོ་ཤས་བསྐྱེད་པར་བྱའོ།། །།དེ་ནས་ཡི་དྭགས་ཀྱི་སྡུག་བསྔལ་ལ། བྱིངས་ན་

(༢༥༤)གནས་པ་དང་མཁའ་ལ་རྒྱུ་བ་གཉིས་ཀྱིས། བྱིངས་གནས་ལ་གསུམ་ལས་སྤྱི་མཐུན་དུ། པགས་རུས་གཉིས་ཀྱི་བར་ན་ཤ་མེད་པས་ཀེང་ཞིང་རིད་ལ། ལོ་ཟླ་མང་པོའི་བར་དུ་བཟའ་བཏུང་གི་སྒྲ་ཡང་མི་ཐོས་ན་མྱོང་བ་ལྟ་ཅི་སྨོས། ཕྱིའི་སྒྲིབ་པ་ཅན་ནི། ཚ་གྲང་གོ་ལྡོག་པ་ལ་སོགས་ཕྱིན་ཅི་ལོག་བཞི་དང་། ཆུ་ཀླུང་དང་། འབྲས་བུ་ལ་སོགས་པ་མཐོང་ནས་དེ་ལ་སྙེགས་པས་དེ་མ་ཐག་མེད་པར་གྱུར་བའི་ཤུལ་དུ་ངམ་གྲོག་ཉམས་མི་དགའ་བ་དང་། མྱ་ངམ་གྱི་ཐང་དུ་མངོན་ལ། ཡང་ན་སྐྱེ་བོ་མཚོན་ཆ་ཐོགས་པས་སྲུང་ཞིང་བརྡེག་བཙོག་འཕོག་པའི་སྡུག་བསྔལ་ལོ། །ནད་གི་སྒྲིབ་པ་ཅན་ནི། ཁ་ཁབ་མིག་ཙམ་བས་རྒྱ་མཚོའི་ཆུ་འཐུངས་ཀྱང་མགྲིན་པ་རྟ་རྔ་ཙམ་དུ་མ་ཆུད་པའི་བར་ལ་ཁའི་དུགས་ཀྱིས་མོད་ལ་སྐམ་པ་དང་། ལྟོ་བ་ཡུལ་ལྗོངས་ཙམ་ཡན་ལག་འཇག་མ་ཙམ་གྱིས་མི་ཐེག །གལ་ཏེ་ཅུང་ཟད་རྙེད་ནའང་དེའི་ཁར་བྱེ་ཚན་འབར་བ་ཅན་དུ་འབབ་པས། མཚན་མོའི་ཆ་ཐམས་ཅད་ལ་གློ་སྙིང་ནས་མེ་འབར་ཞིང་སྣ་ནས་དུ་བ་འཐུལ་བས་ཟས་སྐོམ་གྱི་སྒྲིབ་པ་ཅན་ཞེས་བྱའོ། །སྒོས་ཁུར་གྱི་སྒྲིབ་པ་ཅན་ནི། ཡི་དྭགས་རེ་རེའི་ལུས་ལ་སྲོག་ཆགས་མང་པོའི་ཚང་བཅས་ནས་ལུས་ཀྱི་ནང་ནས་ཟ་བར་བྱེད་ཅིང་། མདོར་ན་དེ་དག་རྣམས་

(༢༥༥)ཕན་ཚུན་འཕྲད་ནའང་ཁྲོས་པའི་སེམས་ཀྱིས་བརྡེག་ཅིང་འཚོག་པ་དང་། མགྲིན་པ་ལས་ལྔ་བ་བྱུང་བ་རྣག་ཏུ་སྨིན་པ་ཁ་ཟས་སུ་བྱེད་དགོས་པ་སོགས་ཤིན་ཏུ་ཉམ་ཐག་པའོ། གཉིས་པ་མཁའ་ལ་རྒྱུ་བའི་ཡི་དྭགས་ནི། སྨྱོ་བརྗེད་ལ་སོགས་པ་དང་། བཙན་དང་རྒྱལ་པོ་ལ་སོགས་གནོད་སྦྱིན་གྱི་རིགས་གཞན་ལ་འཚེ་བ་རྣམས་ཏེ། རྫུ་འཕྲུལ་དང་། ལོངས་སྤྱོད་ཅུང་ཟད་ཡོད་ཀྱང་འཚེ་བ་མང་བས་མི་བརྟན་ཞིང་དུས་ཚིགས་ལོག་པ་དང་། སྔར་གྱི་གནད་འཆད་པའི་ཚོར་བ་དེས་རྟག་ཏུ་གདུངས་ཤིང་། དེ་གཞན་ལ་སྤོ་བའི་བསམ་སྦྱོར་ངན་པ་དང་། ཁྱི་དང་བྱ་ལ་སོགས་པའི་རྣམ་པ་དང་ཉི་ཚེ་བ་དང་མཐུན་པའི་སྡུག་བསྔལ་དང་། ཕྱིན་ཅི་ལོག་བཞིའི་སྣང་བའང་ཐུན་མོང་དུ་འཆར་བས་ཉམ་ཐག་ལ། རྟག་ཏུ་གཞན་ལ་འཚེ་བའི་བསམ་སྦྱོར་ངན་པས་ཕྱི་མའི་སྡུག་བསྔལ་འདུ་བྱེད་པ་ལ་སོགས་ཏེ་ཉེས་པ་ཆེན་པོ་དང་ལྡན་པ་ཡིན་པས་གཤིན་རྗེའི་འཇིག་རྟེན་དུ་སོང་བ་ཞེས་བྱ་སྟེ་དེར་མི་སྐྱེ་བའི་ཐབས་ལ་འབད་དགོས་སྙམས་དུ་ཉམས་སུ་བླང་ངོ་། །དེ་ནས་དུད་འགྲོའི་སྡུག་བསྔལ་ནི། ཁ་འཐོར་བ་དང་བྱིངས་གནས་གཉིས་ལས། ཁ་འཐོར་བ་ནི། བྱ་དང་རི་དྭགས་ལ་སོགས་བདག་མེད་རྣམས་གཅིག་ལ་གཅིག་ཟ་ཞིང་། རྔོན་པ་དང་།

(༢༥༦)གདོལ་པ་ལ་སོགས་པས་ཐབས་དུ་མས་སྲོག་དང་དབྲལ་བ་དང་། རྟ་གླང་མ་ཧེ་ར་ལུག་ལ་སོགས་པ་བདག་ཏུ་བཟུང་བ་རྣམས་ནི་གོ་རར་འཛུད་པ་དང་། ལས་ཀྱིས་མནར་བ་དང་། སྣ་འབིག་པ་དང་། བྱ་གཅོད་པ་དང་། གསོན་ཁྲག་འབྱིན་པ་དང་། གསོད་པ་དང་། དེ་ལ་ཡང་མཐའ་འཁོབ་པའི་རིགས་ཀྱིས་དམྱལ་བ་པ་ལྟ་བུར་སྲོག་གཅོད་པ་ལ་སོགས་པ་མངོན་སུམ་དུ་མཐོང་ཞིང་ཐོས་པ་དང་། བྱིངས་གནས་ནི། ཐར་པ་ཆ་མཐུན་གྱི་དགེ་བ་སྤངས་པ་རྣམས་ཀྱིས་མྱོང་བྱར་གསུངས་པས་གླིང་བར་མུན་ནག་གི་རྒྱ་མཚོ་དང་། ཆུ་གཏེར་བཞིའི་ཁྱོན་ལ་གནས་ནས་གཅིག་ལ་གཅིག་ཟ་ཞིང་། སྣང་བའི་ཆ་ཅུང་ཟད་ཀྱང་མེད་པར་ཚ་གྲང་བཀྲེས་སྐོམ་གླེན་རྨོངས་ཀྱིས་རྣམ་པ་ཀུན་ཏུ་མནར་བ་ཉིད་དེ། དེའི་རང་བཞིན་བློ་ཡུལ་དུ་མངོན་སུམ་བླང་ལ་སྐྱོ་ཤས་བསྐྱེད་པར་བྱའོ། །དེ་ནས་མིའི་སྡུག་བསྔལ་བསམ་པ་ལ། རྩ་བའི་སྡུག་བསྔལ་ཆེན་པོ་གསུམ་ལས། འགྱུར་བའི་སྡུག་བསྔལ་ནི། ད་ལྟ་བདེ་འགྲོའི་ལུས་རྟེན་རྙེད་ནས་བདེ་བ་ལྟར་ཡོད་ཀྱང་། འདིས་རྟག་མི་ཐུབ་པར་ཉིན་ཞག་དེའི་སྔ་ཕྱིའམ། སང་རེས་ལ་སོགས་པར་ལུས་སེམས་ལ་སྡུག་བསྔལ་གསར་པ་གཅིག་བྱུང་ནས་གདུང་བ་ཆེན་པོ་འཕེལ་བ་མངོན་སུམ་པ་དང་། སྡུག་བསྔལ་གྱི་སྡུག་བསྔལ་

(༢༥༧)དེའི་ཡང་སྟེང་དུད་དུང་གློ་བུར་པ་གཅིག་བརྩེགས་པ་དཔེར་ན་འགྱུར་བའི་སྡུག་བསྔལ་དེ་སྲིན་པོ་བར་ལངས་པ་ལྟ་བུ་ཡིན་ན། དེའི་སྟེང་དུ་རྒྱལ་པོས་ཆད་པ་བྱུང་བ་ལྟ་བུའོ། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། ད་ལྟ་བདེ་བ་ལྟར་སྣང་བ་མང་སྟེ། འདི་ལྟར་འཇིག་རྟེན་གྱི་ཕུན་ཚོགས་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ལམ་གྱིས་བསྒྲུབས་པ་ཁོ་ནའི་ཕྱིར། སྐྱེད་མོས་ཚལ་གཅིག་ཏུ་རྩེད་སྣ་མང་པོས་ཉམས་དགའ་ཞིང་། ཚེ་ལོ་དང་། རྒྱན་པོ་འགྱེད་པ་ལ་སོགས་པའི་ཚེ་ཤ་དང་མྱོས་པར་བྱེད་པའི་བཟའ་བཏུང་གིས་ཚོར་བ་བདེ་བར་འཆར་བའི་གནས་སྐབས་དེ་ཙམ་ནས། དེ་ལྟར་སྤྱོད་པའི་རྒྱུ་ཐམས་ཅད་སྡིག་པ་འབའ་ཞིག་པའི་ཕྱིར་སླད་ནས་དེའི་འབྲས་བུ་སྡུག་བསྔལ་ཁོ་ན་འདུ་བྱེད་པ་དང་། དེ་བཞིན་དུ་གཞན་ལ་གནོད་པ་བྱས་པས་ཕྱིས་རང་ལ་གནོད་ལེན་འདུ་བྱེད་པ་ཆོས་ཉིད་ཡིན་པས་འདི་ན་འཇིག་རྟེན་པའི་ཉེ་བར་སྤྱོད་པ་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱང་འཕྲལ་དུ་སྡུག་བསྔལ་དུ་ལྟར་མི་མངོན་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱའོ། །དེ་ནས་སྐྱེ་རྒ་ན་འཆིའི་ཚུལ་ལ་བསམ་པ་ནི། དེ་ལ་མིའི་འགྲོ་བ་ནི་མངལ་ནས་སྐྱེ་བས་དྲི་ཟ་ཉེ་བར་འཁོར་བ་དང་ཕ་མའི་ཁུ་ཁྲག་འདྲེས་པ་ལས་མེར་མེར་པོ་ལ་སོགས་པའི་འགྱུར་བ་སྣ་

(༢༥༨)ཚོགས་ཀྱིས་ལུས་ཆགས་ཤིང་། དབང་པོ་ཡུལ་ལ་སད་ནས་མའི་ལྟོ་བ་ལ་སྐྱུགས་བྲོ་བ་དང་། དྲིང་བ་དང་། འཁུམས་པ་དང་། དབུགས་འཐུམས་པ་དང་། མས་ཟས་གོས་སྤྱོད་ལམ་ཉེས་པ་ན་མེའི་ནང་ན་འདུག་པ་ལྟར་ཚ་བ་དང་། ཆུ་ནང་དུ་ཚུད་བ་ལྟར་གྲང་བ་དང་། རིས་ནོན་པ་ལྟ་བུ་དང་། གཡང་སར་ལྷུད་པ་ལྟ་བུ་དང་། སྟན་ལ་ལྷུང་ཞིང་ལག་པས་རེག་དུས་རྨ་རྨེན་ལ་མཚོན་ཆས་བྲབ་པ་ལྟ་བུ་དང་། ཁྲུས་བྱས་པ་ན་པགས་པ་བཤུས་པ་ལྟར་དབལ་ཚ་བ་ལ་སོགས་ཏེ་སྐྱེ་བའི་སྡུག་བསྔལ་དཔག་ཏུ་མེད་དོ། །དེ་ལྟར་སྐྱེས་ནས་ནི། ལང་ཚོ་མིན་པའི་ཆ་ན་རེ་ཞིག་འཕེལ་བ་ལྟར་སྣང་ཡང་། ཚེ་ནི་འགྲིབ་པ་ལ་ཕྱོགས་ཤིང་རིང་པོར་མི་ཐོགས་པ་རྒས་པའི་སྡུག་བསྔལ་གྱིས་གཟིར་ནས་ལུས་ཀྱི་སྟོབས་ཉམས། ཞོ་ཤས་ཁུར་མི་བཟོད། ཟས་མི་འཇུ། མིག་འགྲིབ། རྣ་བ་འོན། །ལྕེ་ལྡིབ། དྲན་པ་རྨོངས། སོ་ཕྲེང་ཟགས། འདོད་པའི་ལོངས་སྤྱོད་ལ་དགའ་ཡང་སྤྱོད་པའི་མཐུ་མེད། ཚ་གྲང་གང་ཡང་མི་བཟོད་ཅིང་བློ་སྲབ་པའི་ཁར། ཕ་རོལ་གྱིས་བརྙས་ཤིང་བསུན་འབྱིན་པས་ཚོར་བ་ཕལ་ཆེར་སྡུག་བསྔལ་དུ་འཆར་བ་མངོན་སུམ་དུ་མཐོང་བ་ལ་བསམ་མོ། །དེ་ལྟ་བུའི་ལུས་དེ་ཡང་འབྱུང་བཞི་འདུས་པའི་བདག་ཉིད་ཅན་ཡིན་པས་དེ་

(༢༥༩)དག་ཕན་ཚུན་ཆ་མ་མཉམ་པ་ལས། རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་སྟེ། ནད་སྣ་ཚོགས་པས་རྟག་ཏུ་གཟིར་ཞིང་། དེས་ཉེར་ལེན་གྱི་ཕུང་པོ་ལྔ་སྡུག་བསྔལ་འབའ་ཞིག་ལ་སྦྱོར་བས་དགའ་གདུང་གི་ཡུལ་དུ་གྱུར་པ་རྣམས་ཀྱང་དེ་ལས་ཕྱིན་ཅི་ལོག་ཏུ་འཆར་ཞིང་། ན་བའི་རྐྱེན་གྱིས་ནི། ཤི་བའང་གློ་བུར་དུ་འོང་ངོ་སྙམ་པའི་འཇིགས་པ་དང་བཅས་པའི་ཚུལ་ལ་ལེགས་པར་བསམ་མོ། །དེ་ནས་འཆི་བ་ལ་བབ་པ་འབྱུང་སྟེ། མལ་དུ་ལྷུང་པ་ལས་ལྡང་མི་ཤེས། ཟས་སྐོམ་མཐོང་ཡང་ཡི་གར་མི་འོང་། འཆི་བའི་ཚོར་བས་གདུང་བས་སྙིང་མི་དགའ། ཕོ་ཚོད་དང་སྙེམས་པའི་སྟོབས་ཤོར། འཁྲུལ་སྣང་གི་བསུན་མས་གཏུགས། སྐྱས་ཆེན་པོ་འདེགས་པ་ལ་ཐག །གཉེན་བཤེས་ཀྱི་མཐའ་བསྐོར་ཡང་བཤོལ་ནི་མི་ཐེབས། གནད་གཅོད་ཀྱི་སྡུག་བསྔལ་རང་གཅིག་པོས་མྱོང་། ལོངས་སྤྱོད་དཔག་ཏུ་མེད་པ་ཡོད་ཀྱང་ཁྱེར་དབང་ནི་མེད། བློས་ནི་མི་ཐོངས། རྗེས་སུ་ནི་མི་འབྲངས། ཡན་ལག་གཡོབ་ཅིང་། མིག་བཟི་བའི་ངང་ལ་འབྱུང་བ་སྡུད། འདུ་ཤེས་འཁྲུལ། མཆི་མ་སྐྱ་ཙ་རེ་འཇིག་རྟེན་ཕ་རོལ་དུ་འགྲོ། བར་དོའི་སྣང་བ་ནི་ཤར། དེ་ན་མགོན་སྐྱབས་ནི་མེད། སྣང་བ་ཐམས་ཅད་ནི་འཇིགས་སྐྲག །ཚོར་བ་ཐམས་

(༢༦༠)ཅད་ནི་སྡུག་བསྔལ་ལ་སྤྱོད་པའི་ཚེ། གཅེས་པར་བཟུང་བའི་ལུས་ནི་ཐ་གུས་བཅིངས། རྡོག་པས་བརྫིས། དུར་ཁྲོད་ཉམས་མི་དགའ་བར་འདོར། ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་ཀྱང་དྲི་ཟ་བའི་དུས་ལ་བབ་ཅིང་། དེ་ནས་ཀྱང་ལས་ཀྱི་ཕྱི་བཞིན་དུ་རང་དབང་མེད་པར་འགྲོ་དགོས་ན། ད་ལྟ་ཕན་ཆོད་འཆི་བ་མ་དྲན་པས་དགྲ་འདུལ་གཉེན་སྐྱོང་། གནས་མལ་དང་ཟང་ཟིང་ལ་ཕྱི་ཚིས། ཉེ་དུ་འབྲེལ་ཅན་ལ་སོགས་པའི་དོན་དུ་ཆགས་སྡང་རྨོངས་གསུམ་གྱི་དུས་འདའ་བ་ནི་མཚང་རེ་ཆེ་སྙམ་དུ་བསམ་མོ། །དེ་ལྟར་བཞི་པོའི་སྟེང་དུ། དགྲ་ལ་སོགས་ཏེ་ཡུལ་གྱི་རྐྱེན་སྣང་མི་སྡུག་པ་དང་ཕྲད་ནས་མི་འདོད་བཞིན་དུ་སྡུག་བསྔལ་དང་ཡིད་མི་བདེ་བ་མྱོང་བ་དང་། གཉེན་བཤེས་སམ། ཡིད་ལ་གཅེས་པའི་དངོས་པོ་དང་བྲལ་ནས་དེ་དག་གི་ཡོན་ཏན་དང་རྣམ་འགྱུར་དྲན་པས་སེམས་གདུང་བ་དང་། འཇིག་རྟེན་ནི་རེ་དོགས་ཀྱི་རྣམ་པར་རྟོག་པའི་གཞན་དབང་ཅན་ཡིན་པས་དེ་དག་འདོད་པ་བཞིན་ཐོག་ཏུ་མ་ཁེལ་པའི་སྡུག་བསྔལ་དང་། སྡུག་བསྔལ་བདེན་པའི་ཉེ་བར་ལེན་པ་པོ་ཟག་བཅས་ཀྱི་ཕུང་པོ་དང་ལྡན་ཕྱིན་ཆད་གཟུགས་ལ་རྟེན་བཅས། ཚོར་བས་དེའི་རང་བཞིན་ཤེས། འདུ་ཤེས་ཀྱི་འབྲེལ་རྒྱུན་ཆགས། འདུ་བྱེད་ཀྱིས་སླད་ཀྱིས་ས་བོན་

(༢༦༡)བསྒྲུབ། རྣམ་པར་ཤེས་པས་དེ་ལ་བདག་གི་བར་ལྟ་བའི་ཕྱིར་སྡུག་བསྔལ་གྱི་གནས་དང་། རྟེན་དང་། འབྱུང་ཁུངས་ཅན་དང་། རྟག་པར་འབྲེལ་བས་འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ཅན་ཞེས་བྱ་སྟེ། མིའི་འགྲོ་བ་རྣམས་ནི་ལྷག་པར་དུའང་རྣམ་པ་བརྒྱད་པོ་དེས་རྟག་ཏུ་སྡུག་བསྔལ་བའི་ཚུལ་ལ་སོགས་པར་བསམ་ཞིང་ངོ་ཤེས་པར་བྱས་ནས་སྐྱེ་བའི་རང་བཞིན་ལ་སྐྱོ་བར་བྱའོ། །དེ་ནས་ལྷ་མ་ཡིན་གྱི་སྡུག་བསྔལ་བསམ་པ་ནི། འཕེན་བྱེད་མི་དགེ་བས་འཕངས་པའི་རྒྱུས། ལུས་རྟེན་དེ་བཟུང་བ་ཙམ་ནས་ཕྲག་དོག་གི་འདུ་ཤེས་རགས་པས་རང་རང་གི་གནས་རིས་རྩོད་ཅིང་འཚོ་བའི་ཆ་ལའང་ཕན་ཚུན་ཁ་སྨྲས་དང་འཐབ་རྩོད་འབའ་ཞིག་གིས་ལུས་སེམས་འཁྲུགས་པས་རྒྱུན་དུ་མནར་བའི་སྟེང་། ལྷ་རྣམས་ཀྱི་དཔལ་འབྱོར་ལ་མི་བཟོད་པའི་ཕྲག་དོག་གིས་གཡུལ་གྱི་བྱ་བ་ཁོ་ནས་ཉོན་མོངས་ཤིང་གདུངས་པ་དང་། དེ་ཡང་སྔོན་གྱི་བསོད་ནམས་ཀྱིས་ཁྱད་པར་ལས་ལྷ་རྣམས་ནི་མི་འཕྲེང་བདུན་ཅུ་ཙམ་གྱིས་མཐོ་ཞིང་གནད་ཆེ་སར་མཚོན་ཆ་མ་ཕོག་ན་མི་འཆི་ལ། ལྷ་མ་ཡིན་རྣམས་དེ་སྙེད་ཀྱིས་དམའ་ཞིང་གནད་སར་ཕོག་ན་དེ་མ་ཐག་འཆི་བའི་སྡུག་བསྔལ་ཉམས་སུ་མྱོང་ཞིང་།

(༢༦༢)གལ་ཏེ་དེ་ན་བློ་དང་ལྡན་པ་རེ་ཙམ་ཡོད་སྲིད་ཀྱང་ལས་ཀྱིས་སྒྲིབས་པས་ཉན་རང་གི་བདེན་པ་མི་མཐོང་བའི་སྐལ་བ་ངན་པ་ཅན་རྟག་ཏུ་འཐབ་རྩོད་ཀྱིས་སྡུག་བསྔལ་ལ་སྤྱོད་པའི་རང་བཞིན་ལ་བསམས་ཏེ་དེའི་རྒྱུ་འབྲས་སྤངས་པའི་ཐབས་ལ་འབད་པར་བྱའོ། །དེ་ནས་ལྷའི་སྡུག་བསྔལ་ནི། རྒྱལ་ཆེན་རིགས་བཞི་པ་ནས་གཞན་འཕྲུལ་དབང་བྱེད་པའི་བར་གྱི་འདོད་ཁམས་པ་རྣམས་ནི་རེ་ཞིག་བདེ་བ་ལྟར་སྣང་ཡང་། དེར་སྔ་མའི་ལས་དཀར་པོའི་ཆ་ཐམས་ཅད་ཟད་པར་བྱེད་ལ། གནས་སྐབས་ཀྱི་བདེ་བ་དེས་སྐྱོ་ཤས་དང་ངེས་འབྱུང་བྲལ་བས་ཕྱི་མའི་དོན་ལ་གཡེལ་ཞིང་སྔོན་གྱི་དགེ་བའི་ལས་ཟད་པ་དང་གནས་རིགས་དེ་ནས་འཆི་འཕོ་བའི་ལྟས་ལུས་ཀྱི་མདོག་ཉམས་པ་དང་། སྟན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བ་རྙིངས་པ་དང་། གོས་ལ་དྲི་མ་ཆགས་པ་དང་། ལུས་ལ་རྡུལ་འབྱུང་བ་ལྔ་མཐོང་བས་སྡངས་ཤིང་བརྒྱལ་བའི་སྡུག་བསྔལ་ལྷའི་ཞག་བདུན་དུ་མྱོང་བས་རིང་ཞིང་བཟོད་པར་དཀའ། གཟུགས་དང་གཟུགས་མེད་གཉིས་ནི་ཏིང་ངེ་འཛིན་གྱི་བདེ་བས་དར་ཅིག་འཚོ་ཡང་། བསོད་ནམས་ཆ་མཐུན་གྱིས་འཕངས་པའི་འཇིག་རྟེན་པའི་བསམ་གཏན་ཡིན་པས་བདེན་པ་མཐོང་བའི་

(༢༦༣)སྐལ་བ་མེད་པའི་ངང་ལ་ལས་དེ་ཟད་ནས་སྲིད་པ་འོག་མར་ལྟུང་བའི་སྡུག་བསྔལ་འདུ་བྱེད་ཅིང་། ཕུང་པོ་ཉིང་མཚམས་སྦྱར་བས་འགྱུར་བའི་སྡུག་བསྔལ་ལ་སྤྱོད་པའི་ཕྱིར་ན་ཁམས་གསུམ་རིགས་དྲུག་གི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་ལས་མེད་པའི་ཚུལ་ལེགས་པར་བསམ་ཞིང་། ད་རེས་འཁོར་བ་ལས་ཐར་བའི་ཐབས་ལ་མ་འབད་ནང་རེ་བླུན་སྙམ་དུ་ཞེ་དམ་དྲག་པོ་བཅའ་ཞིང་དགེ་བ་བསྔོ་བར་བྱའོ།། །།བཞི་པ་ལས་རྒྱུ་འབྲས་བསམ་པ་ནི། འདི་ལྟར་འཁོར་བ་ནི་ལས་ལས་སྐྱེ་ཞིང་། ལས་ཀྱི་འབྲས་བུས་བྱས་པ་ཡིན་པས་མཐོ་རིས་དང་ངན་སོང་གི་གནས་སུ་འགྲོ་བ་ལ་བྱེད་པ་པོ་གཞན་མེད་ཅིང་། སྟེས་དབང་གིས་འགྲོ་བའང་མ་ཡིན་པས་རྣམ་པ་ཐམས་ཅད་དུ་དགེ་མི་དགེའི་རྒྱུ་འབྲས་ལ་དཔྱད་ནས་མི་དགེ་བའི་ཕྱོགས་སྤང་ཞིང་། དགེ་བའི་ཕྱོགས་བསྒྲུབ་པ་ལ་འབད་དགོས་ཏེ། དེ་ལ་སྤང་བྱ་མི་དགེ་བ་བཅུའི་དང་པོ་ལུས་ཀྱི་ལས་གསུམ་ལས་སྲོག་གཅོད་པ་ནི། ཀུན་སློང་གི་སྒོ་ནས་ཞེ་སྡང་ལ་བརྟེན་པས་དམྱལ་བ། འདོད་ཆགས་ལ་བརྟེན་བས་ཡི་དྭགས། གཏི་མུག་ལ་བརྟེན་པས་དུད་འགྲོར་སྐྱེ་བ་ནི་རྣམ་སྨིན་གྱི་འབྲས་བུ་སྟེ་འོག་མ་ཐམས་ཅད་ལ་ཡང་མཚུངས་ལ། །

(༢༦༤)མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ལ་ཐོ་རིས་ཐོབ་ཀྱང་ཚེ་ཐུང་ལ་ནད་མང་བའོ། །དབང་གི་འབྲས་བུ་ནི་ཡུལ་ལ་སྨིན་པས། ས་ཕྱོགས་ཉམས་མི་དགའ་ཞིང་ངམ་གྲོག་དང་གཡང་ས་ཅན་ལ་སོགས་སྲོག་ལ་གནོད་པ་རྒྱན་དུ་སྐྱེ་བའོ། །མ་བྱིན་བླངས་པའི་རྒྱུ་མཐུན་ནི་ལོངས་སྤྱོད་དབུལ་བ་དང་། ཅུང་ཟད་རྙེད་ན་ཡང་གཞན་དང་ཐུན་མོང་དུ་བྱེད་དགོས་ལ། དབང་གི་འབྲས་བུར་ལོ་ཐོག་ལ་སད། སེར་སྡང་། ལྗོན་ཤིང་ལ་འབྲས་བུ་མི་ཆགས། མུ་གེ་ཡོད་པའི་སར་སྐྱེའོ། །དེའང་དེང་སང་འཇིག་རྟེན་ན་འཇབ་བུས་ལེན་པ་བརྐུ་བར་གྲགས་ཤིང་དེའི་ཉེས་དམིགས་ཆེ་ཤོས་དཀོན་མཆོག་གི་དཀོར་འཕྲོག་པ་དང་། གཞན་དབང་ཡོད་ཀྱིས་འཕྲོག་པ་དང་། ཚོང་དང་བྲེ་སྲང་གི་གཡོ་རྒྱུས་ལེན་པ་རྣམས་ལ་ཅང་མི་སེམས་པ་མང་ཡང་མ་བྱིན་བླངས་པའི་སྒྲ་དོན་ལ་ཡང་དག་པར་ཞུགས་པས་བརྐུ་བའི་བྱེད་ལས་ཀྱི་ཁྱད་པར་ཙམ་དུ་ཤེས་པར་བྱའོ། །ལོག་པར་གཡེམ་པ་ནི། ཉེས་དམིགས་ཆེ་ཤོས་གཞན་གྱི་སྡོམ་པ་གཏོང་བའི་རྐྱེན་བྱས་པ་དང་། རང་གི་ཁུ་བ་ཕྱུང་བ་དང་། གཞན་གྱིས་བདག་པ་དང་། གླ་བརྔན་སྤྲད་ཚར་བ་དང་། རང་དབང་ཡིན་ཀྱང་ཉིན་མོ་དང་། བསྙེན་གནས་སྲུང་བ་དང་། ན་བ་དང་། སྦྲུམ་པ་དང་། མྱ་ངན་གྱིས་ནོན་པ་དང་། ཟླ་མཚན་

(༢༦༥)"ཡོད་པ་དང་། བང་མ་སངས་པ་དང་། དཀོན་ཅོག་གི་རྟེན་ཡོད་སར་བསྐྲོད་པ་དང་། ཕ་མ་དང་རིགས་ཀྱིས་སྲུང་བ་དང་། མ་སྨིན་པའི་གཞོན་ནུ་མ་དང་། ཁ་དང་གཤང་ལམ་ལ་སོགས་པར་བསྒྲོད་པ་སྟེ། ཡུལ་དུས་གནས་སྐབས་ཀྱི་སྒོ་ནས་ལོག་གཡེམ་གྱི་རྣམ་པ་ཐ་དད་པ་ཉམས་སུ་མྱོང་བའོ། །དེ་དག་གི་མྱོང་བ་རྒྱུ་མཐུན་ནི། ཁྱིམ་ཐབས་མི་འཛེས་ཤིང་ལྷོད་པ་ཅན་དང་། དགྲ་ཟླ་ལྟ་བུ་འབྱུང་ངོ། །དབང་གི་འབྲས་བུར་བཤང་གཅི་དང་། འདམ་རྫབ་ལ་སོགས་པ་དྲི་ང་བའི་གནས་ཡིད་དུ་མི་འོང་བར་གནས་དགོས་པའོ། །གཉིས་པ་ངག་གི་རྣམ་པ་བཞི་ལས། རྫུན་ནི། གཞན་བསླུ་བའི་བསམ་པས་བདེན་པ་མ་ཡིན་པར་སྨྲས་པ་ཐམས་ཅད། ཁྱད་པར་ས་མ་ཐོབ་བར་ཐོབ། མངོན་ཤེས་མེད་པར་ཡོད་ཟེར་བ་ལ་སོགས་དང་། བྱེ་བྲག་ཏུ་སངས་རྒྱས་ལ་སྐུར་པ་འདེབས་པ་གང་ཡིན་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུར་རང་ཉིད་ལ་སྐུར་བ་མང་ཞིང་། གཞན་གྱིས་བསླུ་བར་བྱེད། དབང་གི་འབྲས་བུར་འབྱོར་པ་མི་བརྟན་ཞིང་རྟག་ཏུ་ཤས་པ་རྟབས་ཤིང་སྐྲག་པའི་ཡུལ་རྐྱེན་དང་ཕྲད་དོ། །ཕྲ་མ་ནི། འབྱེད་པའི་བསམ་པས་གཞན་མི་མཐུན་པར་བཅོས་པ་མཐའ་དག་དང་། ཁྱད་པར་དགེ་འདུན་གྱི་དབྱེན་བྱེད་

(༢༦༦)པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུ་ནི། འཁོར་གཡོག་མི་མཐུན་པ་དང་། བདག་ཉིད་ལ་རྒོལ་བ་ཅན་འབྱུང་ངོ། །དབང་གི་འབྲས་བུ་ནི། ཡུལ་ངམ་གྲོག་དང་ཅོང་རོང་ཅན་ལ་སོགས་བགྲོད་དཀའ་བར་གནས་དགོས་པའོ། །ཚིག་རྩུབ་ནི། སྐྱེ་བོ་བྱད་མི་མཛེས་པ་ལྟ་བུ་ལ་དེའི་སྐྱོན་མངོན་འགྱུར་དུ་སྒྲོག་པ་ལྟ་བུས་མཚོན། །མདོར་ན་ཕ་རོལ་པོའི་སྙིང་ལ་ཚེར་མ་ལྟ་བུར་འགྱུར་བ་མཐའ་དག་དང་། ཁྱད་པར་འཕགས་པ་རྣམས་ལ་མི་སྙན་པར་བརྗོད་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུ་རྟག་ཏུ་མི་སྙན་པ་ཐོས་ཤིང་རང་གིས་སྨྲས་པའང་འཐབ་མོའི་ཚིག་ཏུ་འགྱུར་རོ། །དབང་གི་འབྲས་བུ་ནི། རྡོ་གསེག་དང་ཚེར་མ་ཅན་ལ་སོགས་པའི་ས་ཕྱོགས་ཡིད་མི་བདེ་བར་གནས་དགོས་པའོ། །ངག་འཁྱལ་ནི། བྲམ་ཟེའི་གསང་སྔགས་སོགས་ཆོས་མ་ཡིན་པ་ཆོས་སུ་སེམས་པ་དང་། སྨད་འཚོང་མའི་གཏམ་དང་ཆགས་སེམས་ཀྱི་གླུས་ཆོས་རྣམ་པར་གཡེང་བ་དང་། དམག་དང་ཆོམ་རྐུན་ལ་སོགས་ཆགས་སྡང་གི་ཚིག་དག་གོ། །དེའི་རྒྱུ་མཐུན་གྱི་འབྲས་བུར། རང་གི་ཚིག་མི་བཙུན་ཞིང་སྤོབས་པ་ཆུང་བའོ། །དབང་གི་འབྲས་བུར་སོ་ནམས་བྱས་ཀྱང་འབྲས་བུ་མི་འབྱུང་། དུས་ཚིག་ལོག་ཅིང་མི་བརྟན་པའོ། །དེ་ལྟར་ལུས་ངག་གི་

(༢༦༧)ལས་བདུན་པོ་ནི་བརྟན་ཡོད་ཐོགས་བཅས་ཀྱི་གཟུགས་ཅན་ཡིན་པས། གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ཚང་བ་ལས་དེའི་ནུས་པ་རྫོགས་པའོ། །གསུམ་པ་ཡིད་ཀྱི་རྣམ་པ་གསུམ་ལས། བརྣབ་སེམས་ནི། གཞན་གྱི་དངོས་པོ་ལ་ཆགས་ནས་ཡིད་ཀྱི་རྩོལ་བས་རོ་མྱོང་ཞིང་འཁུས་ཟས་ཀྱིས་བདག་གིར་བྱེད་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུར། ཡིད་ལ་བསམ་པ་མི་འགྲུབ་ཅིང་། མི་འདོད་པ་ཐོག་ཏུ་འབབ་པའོ། །དབང་འབྲས་ནི། ལོ་ཐོག་ཉེས་ཤིང་གནས་དུས་ངན་པའི་སྡུག་བསྔལ་མང་པོ་འབྱུང་ངོ་། །གནོད་སེམས་ནི། གཞན་ལ་ཞེ་སྡང་དང་ཁོང་ཁྲོའི་སེམས་ཀྱིས་ཀུན་ནས་མནར་འདོད་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུར། རྟག་ཏུ་འཇིགས་པ་དང་། འཚེ་བ་མང་། དབང་འབྲས་ནི། སྡིག་སྤྱོད་རྒྱལ་པོ་དང་། ཆོམ་རྐུན། སྦྲུལ་དང་གཅན་གཟན་ལ་སོགས་པའི་འཇིགས་པ་འབྱུང་ངོ། །ལོག་ལྟ་ནི། རྒྱུ་འབྲས་མི་བདེན་ནོ་སྙམ་པ་དང་། རྟག་ཆད་དུ་བལྟ་བ་ལ་མཆོག་ཏུ་འཛིན་པའོ། །དེའི་རྒྱུ་མཐུན་གྱི་འབྲས་བུར། ལྟ་བ་ངན་པ་ལ་གནས་ཤིང་། གཡོ་སྒྱུས་སེམས་འཁྲུགས་པའོ། །དབང་གི་འབྲས་བུར། འབྱོར་པ་ཉུང་ཞིང་། སྐྱབས་དང་དཔུང་གཉེན་མེད་པར་སྐྱེའོ། །དེ་ལྟར་ཡིད་ཀྱི་གསུམ་པོ་ནི་

(༢༦༨)བརྟན་མེད་ཐོག་བཅས་ཀྱི་གཟུགས་སུ་འདུ་བས། ཡན་ལག་གཉིས་གཉིས་ཀྱིས་རྫོགས་པའོ། །དེ་ལྟའི་མི་དགེ་བ་བཅུ་ཆར་ལ་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ནི་སླར་ཡང་དེ་དང་མཐུན་པའི་ལུས་རྟེན་ཐོབ་ནས་སྔ་མའི་སྤྱོད་པ་ངན་པ་ལ་འཇུག །ལས་དེ་མུ་མཐའ་མེད་པར་འཕེལ་ནས་སྡུག་བསྔལ་རྒྱ་ཆེན་པོ་མྱོང་བའོ། །དེའི་ཕྱིར་རྒྱུ་མི་དགེ་བ་བཅུ་དང་། དེའི་འབྲས་བུར་སྡུག་བསྔལ་ཐ་དད་བ་མྱོང་ཚུལ་ཤེས་པར་བྱས་ནས་མི་དགེ་བ་བཅུ་ལ་སྤོང་སེམས་བརྟན་པ་དང་། དགེ་བ་བཅུའི་འབྲས་བུ་ལ་བྲོད་པ་བསྐྱེད་ནས་དང་དུ་བླང་བའི་ཚུལ་སྲོག་གཅོད་སྤངས་པས་ཚེ་རིང་ཞིང་ནད་ཉུང་། མ་བྱིན་ལེན་སྤངས་པས་ལོངས་སྤྱོད་དང་ལྡན། འདོད་ལོག་སྤངས་པས་ཁྱིམ་ཐབས་མཛེས་ཤིང་དགྲ་ཟླ་ཉུང་། །རྫུན་སྤངས་པས་ཀུན་གྱིས་བསྟོད་ཅིང་བྱམས། ཕྲ་མ་སྤངས་པས་འཁོར་གཡོག་གུས། ཚིག་རྩུབ་པ་སྤངས་པས་སྙན་པར་ཐོས། །ངག་འཁྱལ་སྤངས་པས་ཚིག་བཙན། །བརྣབ་སེམས་སྤངས་པས་བསམ་དོན་འགྲུབ། གནོད་སེམས་སྤངས་པས་འཚེ་བ་དང་བྲལ། ལོག་ལྟ་སྤངས་པས་ལྟ་བ་བཟང་པོ་རྒྱུད་ལ་སྐྱེ། དེའི་ཕྱིར་ན་བདག་གི་བསོད་ནམས་ཆ་མཐུན་གྱིས་དཀར་པོའི་རྒྱུ་འབད་པས་བསྒྲུབ་བོ་སྙམ་དུ་བློ་སྟོབས་སྐྱེད་པར་བྱའོ། །

(༢༦༩)ལྔ་པ་ཐར་པའི་ཕན་ཡོན་བསམ་པ་ནི། ཉན་ཐོས། རང་རྒྱལ། རྫོགས་སངས་རྒྱས་གསུམ་གྱི་གོ་འཕང་གང་ཐོབ་ཀྱང་། ཞི་བ་བསིལ་བ། འཁོར་བའི་སྡུག་བསྔལ་གྱི་འཕྲང་ལས་ཐར་བ་ཅན་ཡིན་པས་ང་རེ་དགའ། དེའི་ནང་ཚན་ལས་ཀྱང་ད་རེས་ཐེག་པ་ཆེན་པོ་དང་མཇལ་བས་དགེ་བ་བཅུ་དང་ཚད་མེད་བཞི་དང་ཕར་ཕྱིན་དྲུག་དང་། བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། ཞི་ལྷག་གཉིས་ལ་སོགས་པ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཁོ་ན་འདོད་པས་བསྒྲུབ་པར་བྱ་སྙམ་དུ་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་པ་མེད་པ། རྗེས་བསྔོ་སྨོན་གྱིས་རྒྱས་ཐེབས་པའི་དམ་པ་གསུམ་གྱིས་ཟིན་པས་ཉམས་སུ་བླང་ངོ་།། །།དྲུག་པ་དགེ་བའི་བཤེས་གཉེན་བསྟེན་པ་ནི། བླ་མ་མ་བསྟེན་པར་སངས་རྒྱས་འགྲུབ་པའི་ལོ་རྒྱུས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་མ་གསུངས། མཐོང་ཆོས་སུའང་རང་བཟོ་དང་། ཕོ་ཚོད་ཀྱིས་ས་ལམ་གྱི་ཡོན་ཏན་སྐྱེས་པ་གཅིག་ཀྱང་མེད། འདི་ལྟར་རང་དང་བཅས་པའི་སེམས་ཅན་ཐམས་ཅད་ལོག་པའི་ལས་ལ་རྣམ་རིག་གཟོ་བ་ཉིད་དེ། ཐང་བ་དང་རྣམ་མཁྱེན་གྱི་ལམ་ལ་ལོང་བ་བཤེས་མེད་ཐང་སྟོངས་སུ་མགོ་འཁོར་བ་དང་མཚུངས། དཔེར་ན་དེད་དཔོན་ལ་མ་བརྟེན་པར་རིན་

(༢༧༠)པོ་ཆེའི་གླིང་ནས་ནོར་བུ་བླངས་པའི་དཔེ་མེད། དེ་བས་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་མཁན་མངོན་སུམ་པའི་ཕྱིར། གུས་པས་བསྟེན། སྤྱི་བོས་མཆོད། ཅི་གསུངས་བསྒྲུབ། མི་མཉེས་པ་སྐད་ཅིག་མ་ཙམ་ཡང་མེད་པར་བསྟེན་པའི་ཡོན་ཏན་ནི་བསམ་ལས་འདས་པ་ལ་སྤྲོ་བ་བསྐྱེད། སྡིག་གྲོགས་དང་རྨོངས་པའི་གཞན་དབང་དུ་མ་སོང་བར་བླ་མ་བསྟེན་པའི་ཚུལ་ལ་སྐྱོ་དུབ་མེད་པ་དང་། ཚེ་རབས་གཞན་དུའང་བླ་མ་དམ་པ་དང་མཇལ་ནས་ཐུགས་རྗེས་འཛིན་པའི་སྨོན་ལམ་གདབ་པ་ལ་འབད་པར་བྱའོ།། །།ཞེས་པའང་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། །།

(༢༧༡)རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཁྲིད་ཡིག་དྲན་པ་ཉེར་གཞག་བཞུགས།། །།

(༢༧༢)རང་བྱུང་གདོད་མའི་དབྱིངས་ལ་ཕྱག་འཚལ་ལོ། །ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན་གྱིས་རྒྱུད་ལས་སུ་རུང་བར་བྱས་ནས། ཐུན་མོང་མ་ཡིན་པ་དང་། ཁྱད་པར་གྱི་སྔོན་འགྲོས་གོ་ཕྱེ་ནས་རང་བཞིན་རྫོགས་པ་ཆེན་པོའི་སྙིང་ཐིག་འོད་གསལ་ཐེག་མཆོག་རྒྱལ་པོའི་གོ་འཕང་མཆོག་ལ་གཞག་པར་བྱ་བ་ནི། འཁྲིད་ཚུལ་གྱི་རིམ་པ་མང་དུ་བྱུང་བས་སྙིང་ཏིག་གི་བསྟན་པ་རི་མོའི་མར་མེ་ལྟ་བུར་གྱུར་པ་ལ་ཡིད་དབྱུང་ནས། ཐེག་མཆོག་འདིའི་བསྟན་པའི་བདག་པོ་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱི་དགོངས་པ་སོར་བཞག་

(༢༧༣)སྟེ་བསྟན་པ་གཞི་བཞེངས་སུ་སློང་བར་དམ་བཅའོ། །དེ་ལ་དང་པོར་སྐྱབས་སུ་འགྲོ་བ་ལ་གསུམ། ཁྱད་པར་དབྱེ་བ། སྐྱབས་སུ་འགྲོ་ཚུལ། ཕན་ཡོན་བསམ་པ་ལས། དང་པོ་ནི། འདི་ལྟར་ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་ནས་བདེ་འགྲོ་མཐོ་རིས་ཀྱི་བདེ་བ་ཙམ་དོན་དུ་གཉེར་བའི་ཕྱིར། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་ཆུང་ངུ་ཞེས་བྱ་སྟེ། འབྲས་བུ་གནས་སྐབས་ཀྱི་བདེ་བ་ཙམ་དོན་དུ་གཉེར་བ་ལས་གཞན་མེད་པའི་ཕྱིར་རོ། །འཁོར་བའི་སྡུག་བསྔལ་ལ་སྐྲག་ནས་རང་ཉིད་གཅིག་པུ་ཞི་བདེ་དོན་དུ་གཉེར་བའི་ཕྱིར་དཀོན་

(༢༧༤)མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་འབྲིང་པོ་ཞེས་བྱ་སྟེ་འཁོར་བ་ལས་རང་ཉིད་ཐར་ཙམ་པའི་འབྲས་བུ་ལ་དམིགས་པའི་ཕྱིར་རོ། །མཐའ་མེད་འཁོར་བའི་སེམས་ཅན་གཞན་རྣམས་ཀྱི་སྡུག་བསྔལ་མཐོང་ནས། དེ་རྣམས་འཁོར་བ་ལས་བསྒྲལ་བའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འདོད་པ་ལ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེས་བུ་ཆུང་ངུ་དང་འབྲིང་གི་ཆ་ལས་ལོག་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱེས་བུ་ཆེན་པོའི་རྗེས་སུ་བསླབ་པར་བྱའོ་སྙམས་པས་ཀུན་སློང་འཆོས་པར་བྱའོ། །གཉིས་པ་སྐྱབས་སུ་འགྲོ་ཚུལ་ནི། དེ་ཡང་ཐུན་མོང་ཐེག་པའི་ལུགས་སངས་རྒྱས་ལ་སྟོན་པ། ཆོས་ལ་སྐྱབས། དགེ་འདུན་ལ་ལམ་བསྒྲུབ་པའི་གྲོགས་སུ་མོས་ཏེ་སྐྱབས་སུ་འགྲོ་བ་དང་། ཐུན་མོང་མ་ཡིན་པ་གསང་སྔགས་སྤྱིའི་ཚུལ་གྱིས་སྒོ་གསུམ་བླ་མ་ལ་འབུལ་ཡི་དམ་ལ་བརྟེན་མཁའ་འགྲོ་ལ་གྲོགས་སུ་བྱས་ནས་སྐྱབས་སུ་འགྲོ་བ་དང་། ཁྱད་པར་བ་ཐབས་མཆོག་རྡོ་རྗེ་སྙིང་པོའི་ལུགས་ཀྱི། རྩ་སྤྲུལ་སྐུར་བརྟེན། རླུང་ལོངས་སྐུར་སྦྱངས། ཐིག་ལེ་ཆོས་སྐུར་དག་པའི་མྱུར་ལམ་ལ་སྐྱབས་སུ་

(༢༧༥)འགྲོ་བ་དང་། མཐར་ཐུག་བསླུ་བ་མེད་པ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ནི། སྐྱབས་ཡུལ་དེ་དག་རྣམས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་ཡེ་ཤེས་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་རྣམ་གསུམ་དབྱེར་མེད་ཆེན་པོ་རང་རྒྱུད་ལ་བསྒྲུབ་བྱར་བྱེད་ཅིང་ལ་བཟླ་བ་སྟེ། ཚུལ་དེ་ལྟ་བུའི་གནས་ལ་འདྲིས་པར་བྱས་ནས། དངོས་གཞིའི་དམིགས་པ་ནི། རང་ཉིད་འདུག་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལྔ་པ། ལོ་འདབ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་ལ། རིན་པོ་ཆེའི་འཕྱང་འཕྲུལ་དྲིལ་གཡེར་ལ་སོགས་པས་རྣམ་པར་བརྒྱན་པས་ནམ་མཁའི་དབྱིངས་ཁྱབ་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྟེང་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཡུམ་དང་བཅས་པའི་རྣམ་པ་ཅན་ལ་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་ཤིང་། ཡི་དམ་དཔའ་བོ་མཁའ་འགྲོས་མཐའ་

(༢༧༦)ནས་བསྐོར་བ། མདུན་གྱི་ཡལ་ག་ལ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་དང་། གཡས་ཀྱི་ཡལ་གར་བྱང་ཆུབ་སེམས་དཔའི་དགེ་འདུན་ཉེ་བའི་སྲས་བརྒྱད། གཡོན་གྱི་ཡལ་ག་ལ་མཆོག་ཟུང་ལ་སོགས་ཉན་ཐོས་ཀྱི་དགེ་འདུན་འཕགས་པའི་ཚོགས། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན་ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོགས་པ། དེ་དག་གི་བར་མཚམས་ཐམས་ཅད་ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བར་མེད་དུ་གང་བ། ཐམས་ཅད་ཀྱང་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པས་བདག་ཉིད་ལ་རྗེས་སུ་བརྩེ་ཞིང་། འདྲེན་པའི་དེད་དབོན་ཆེན་པོར་བཞུགས་པ་ལ་ཕ་མ་དང་གནོད་བྱེད་ཀྱིས་གཙོས་བྱས་བདག་གཞན་གྱི་སེམས་ཅན་ཐམས་ཅད་ས་གཞིའི་ངོས་ནས་ཐལ་མོ་སྦྱར་ཏེ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར་དུ་ཁྱེད་ལ་བརྟེན་ཁྱེད་ལ་འབུལ། ཁྱེད་ལས་གཞན་པའི་སྐྱབས་དང་རེ་ས་མེད་སྙམ་པའི་གདུང་བ་དྲག་པོས། ༈ །དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམརྩ་རླུང་

(༢༧༧)ཐིག་ལེའི་རང་བཞིན་བྱང་ཆུབ་སེམསངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལབྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཞེས་སྐྱབས་འགྲོ་ཅི་འགྲུབ་ཏུ་བྱས་ནས། བདག་དང་སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་སོགས་སྐྱབས་ཡུལ་རྣམས་ལ་ཐིམ། དེ་དག་ཀྱང་དབུས་ཀྱི་བླ་མ་སྐྱབས་གསུམ་ཀུན་འདུས་ལ་ཐིམ། དེ་ཡང་ཆོས་སྐུ་སྤྲོས་བྲལ་གདོད་མའི་ངང་ལ་བསྟིམ་ནས། གནས་ལུགས་དོན་གྱི་སྐྱབས་འགྲོ་ལ་ཅི་གནས་སུ་མཉམ་པར་འཇོག །གསུམ་པ་ཕན་ཡོན་བསམ་པ་ནི། འདི་ནི་ཆོས་ཐམས་ཅད་ཀྱི་གཞི་རྟེན་ཡིན་ཏེ། གང་གིས་སྐྱབས་སུ་སོང་བ་ཙམ་གྱིས་ཐར་བའི་ས་བོན་འདེབས་པ་དང་། མི་དགེའི་ཚོགས་ལས་རིང་དུ་བྱེད་ཅིང་། དགེ་བ་གོང་དུ་འཕེལ་བ་དང་། སྡོམ་པ་ཀུན་གྱི་རྟེན་གཞིར་འགྱུར་ཞིང་། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་བ་དང་། གནས་སྐབས་སུ་ཡང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་བསྲུང་ཞིང་སྨོན་པ་ཡིད་བཞིན་དུ་འགྲུབ་པ་དང་། རྟག་ཏུ་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་ཞིང་ཚེ་རབས་དྲན་པ་དང་། འདི་ཕྱིར་བདེ་ཞིང་མཐར་ཐུག་སངས་རྒྱས་

(༢༧༨)ཀྱི་གོ་འཕང་ཐོབ་པ་ལ་སོགས་ཕན་ཡོན་དཔག་ཏུ་མེད་དོ། །ཞར་ལ་སྐྱབས་སུ་སོང་བའི་སྡོམ་པ་རྒྱུད་ལ་གནས་བྱའི་ཕྱིར། །བསླབ་བྱའི་མཚན་ཉིད་མདོར་བསྡུ་ན། སངས་རྒྱས་ལ་སྐྱབས་སུ་སོང་ནས་རང་ཉིད་འཁོར་བ་ན་འཁོར་བས་འཇིག་རྟེན་པའི་ལྷ་དང་བརྟེན་པར་དཀའ་ཞིང་གནོད་པ་སྦྱིན་པའི་རང་བཞིན་རྒྱལ་པོ་ལ་སོགས་པར་མགོན་སྐྱབས་མི་འཚོལ། སྐུའི་རྟེན་ཆག་དུ་མ་ཡན་ཆད་ལ་ཅི་མི་མཉམ་པའི་སྲི་ཞུ་མི་ལྷོད། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བའི་རྟོག་པ་རྨི་ལམ་དུའང་སྤོང་ཞིང་། ཡི་གེའི་རས་མ་ཡན་ཆད་ལ་གུས་པ་བསྐྱེད། དགེ་འདུན་ལ་སྐྱབས་སུ་སོང་ནས་ལྟ་སྤྱོད་ལོག་པའི་གང་ཟག་མུ་སྟེགས་ཀྱི་དངོས་པོ་ཅན་དང་མི་འགྲོགས་ཤིང་། ལྷན་པ་སེར་པོའང་རྡོག་པས་མི་བརྫི། མདོར་ན་གསང་བ་མཆོག་གི་ཐེག་པ་འདིར་སྐྱབས་ཡུལ་གྱི་གཙོ་བོ་བླ་མ་ཡིན་ལ། བླ་མའི་ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན་ཡིན་པས་དེ་ཉིད་སུན་ཕྱུང་ན་སྐྱབས་ཡུལ་ཐམས་ཅད་སྤངས་པར་འགྲོ། ཆོས་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་འགྲོའི་གནད་ལ་ནན་ཏན་དུ་བྱའོ། །གཉིས་པ་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་ཀྱི་ཁྲིད་ལ་

(༢༧༩)གསུམ། ཚད་མེད་བཞིས་བློ་སྦྱོང་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། སྨོན་འཇུག་གི་བསླབ་བྱ་བཟུང་བ་དང་གསུམ་ལས། དང་པོའི་ནང་གསེས་བཏང་སྙོམས་བསྒོམ་པ་ནི། ག་རེ། ད་ལྟའི་གནས་སྐབས་ན་ཕ་མ་དང་གཉེན་འདུན་སོགས་རང་ཕྱོགས་ལ་ཤིན་ཏུ་ཆགས། དགྲ་དང་དེའི་ཕྱོགས་ལ་སྡང་ཞེན་མི་བཟད་པར་བྱེད་པ་འདི་ཡང་མ་བརྟགས་པའི་སྐྱོན་དུ་འདུག །འདི་ལྟར་ཚེ་རབས་སྔ་མར། དགྲས་ཀྱང་གཉེན་བྱས། གཉེན་གྱིས་ཀྱང་དགྲ་བྱས་པ་ལ་ཐེ་ཚོམ་མེད། ད་ལྟའང་དགྲ་ལ་དགྲར་བཟུང་ཀྱང་དེས་ངེས་པར་རང་ལ་གནོད་ཐུབ་པའི་གཏན་ཚིགས་མེད། རང་གིས་བསྟུན་ཤེས་ན་གཉེན་བཞིན་ཕན་ཐོགས་པའང་སྲིད་ལ། གཉེན་ཡིན་ཀྱང་བུ་ཆས་ཕ་མ་བསླུ་བ་བཞིན། །འགལ་ཟླ་དང་བསྡོངས་ནས་དེའི་ཕྱོགས་བཟུང་། ནོར་འཕྲོག་རྩོད་པ་འགྱེད་པ་སོགས་མཐོང་ཆོས་སུ་འགྱུར་བ་དང་། གལ་ཏེ་གཅིག་ཏུ་མཛའ་བ་ལྟར་སྣང་ཡང་དེ་ལ་མི་འདོད་པ་བྱུང་བའི་ཚེ་རང་ལའང་སྡུག་བསྔལ་བསྐྱེད་ཅིང་གནས་སྐབས་ཀྱི་བདེ་བ་འཇོམས་པ་དང་། མཐར་ཐུག་དགེ་བའི་གེགས་རླབས་པོ་ཆེ་བྱས་ཏེ་ངན་སོང་དུ་བསྐྱུར་བའང་ཡོད་ན་

(༢༨༠)དེ་ལས་དགྲར་གྱུར་པ་ཅི་ཞིག་ཡོད། མ་འོངས་པའི་ཆ་ལ་དགྲ་གཉེན་དུ་འགྱུར་དང་། གཉེན་དགྲ་རུ་འགྱུར་ངེས་པ་མེད་ངེས་ཡིན་པ་ལ་ཅིས་སྨྱོན་སྙམ་དུ་སེམས་ཅན་གཅིག་དང་གཉིས་ནས་རིམ་པར་ནམ་མཁས་གར་ཁྱབ་ཏུ་བརྟགས་ལ་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བ་དམིགས་པ་མེད་པའི་བཏང་སྙོམས་ལ་རྩལ་སྦྱང་ངོ་། །དེ་ནས་བྱམས་པ་བསྒོམ་པ་ནི། སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བསམ་ལ། བུ་ཚ་ཆུང་ངུར་ཕ་མས་བརྩེ་ཞིང་ལོག་སྒྲུབ་བཟོད་པ་ལྟར། སེམས་ཅན་དེ་དག་བདེ་བ་དང་ལེགས་པའི་དཔལ་ལ་སྦྱོར་བའི་བློ་འདུན་དྲག་པོས། ཐབས་ཇི་ལྟ་བུས་ཕན་གདགས་པར་བྱ་སྙམས་པའི་བྱམས་པ་སྒོམ་ཞིང་རྩལ་སྦྱང་ངོ་། །དེ་ནས་སྙིང་རྗེ་བསྒོམ་པ་ལ། གང་ཞིག་ནག་ཅན་བཙོན་དོང་དུ་བཅུག་པ་དེ་ཉིད་མཐར་གསོད་དུ་ཉེ་བའམ། ཤན་པའི་འདུན་སར་དུད་འགྲོ་འཆི་ཀ་མ་ལྟ་བུའི་སེམས་ཅན་སྡུག་བསྔལ་དྲག་པོས་གདུངས་པ་ཞིག་བློ་ཡུལ་དུ་བསམ་ལ། དེ་ལ་བརྩེ་བའི་ཡུལ་མ་དང་བུའི་འདུ་ཤེས་བསྐྱེད་དེ་སྡུག་བསྔལ་འདི་ལས་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་སྐད་ཅིག་ཉིད་དུ་ཐར་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་ཤས་མི་

(༢༨༡)བཟོད་པ་མཆི་མ་ཐོན་པར་བསྒོམ་ཞིང་། དེ་ནས་རིམ་པར་ངན་སོང་གཞན་དང་། དེར་སྐྱེ་བའི་རྒྱུ་སྒྲུབ་པ་ཐམས་ཅད་ལ་སྒོམ་ཞིང་མཐར་མི་དམིགས་པའི་ངང་དུ་མཉམ་པར་འཇོག་གོ། །དེ་ནས་དགའ་བ་ནི། མཐོ་རིས་ཀྱི་ཡུལ་ན་སུ་ཞིག་བདེ་ཞིང་སྐྱིད་པ། ཚེ་རིང་བ། འཁོར་མང་བ། ལོངས་སྤྱོད་དང་ལྡན་པ་ཞིག་དམིགས་ཡུལ་དུ་བསམ་ནས། དེ་ལ་འགྲན་སེམས་དང་ཕྲག་དོག་མེད་པར། ད་རུང་འདི་བས་ཀྱང་མངོན་མཐོའི་དཔལ་གྱིས་འབྱོར་ཞིང་། འཚེ་བ་མེད་པ། ཤེས་རབ་ཆེ་བ་ལ་སོགས་པའི་ཕུན་སུམ་ཚོགས་པ་དུ་མས་འབྱོར་བར་ཤོག་ཅིག །སེམས་ཅན་གཞན་རྣམས་ཀྱང་འདི་ལྟ་བུའི་གོ་འཕང་ལ་གནས་ན་ང་རེ་དགའ་སྙམ་པ་དང་། ཁྱད་པར་དུ་རང་ལ་གནོད་བྱེད་ཀྱི་དགྲ་དང་སེམས་ལ་ཕྲག་དོག་གི་གནས་སུ་གྱུར་པ་ཐམས་ཅད་ལ་གཞན་འབྱོར་ཕུན་སུམ་ཚོགས་པ་ལ་མི་བཟོད་པའི་བློ་ངན་གྱི་རྩ་བ་དྲུང་ནས་ཕྱུང་སྟེ། བདེ་བ་དང་ལྡན་པའི་ཆ་ཐམས་ཅད་ལ་དགའ་བ་ཁྱད་པར་ཅན་སྒོམ་ཞིང་མཐར་དམིགས་པ་མེད་པའི་ངང་ལ་གཞག་གོ། །གཉིས་པ་སེམས་བསྐྱེད་དངོས་ལ། བློའི་ཁྱད་པར་གྱིས། སྔོན་ལ་རང་ཉིད་ཐར་བར་བྱས་ནས་འགྲོ་བ་གཞན་ཡང་དེའི་གོ་འཕང་ལ་

(༢༨༢)འགོད་པར་འདོད་པ་དེད་དཔོན་ལྟ་བུའི་སེམས་བསྐྱེད། རང་དང་སེམས་ཅན་གཞན་ལྷན་ཅིག་ཐར་པར་འདོད་པ་མཉེན་པ་ལྟ་བུའི་སེམས་བསྐྱེད། སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རང་ཉིད་ཐར་པའི་འདོད་པ་མི་བྱེད་པ་རྫི་བོ་ལྟ་བུའི་སེམས་བསྐྱེད། ས་མཚམས་ཀྱིས་དབྱེ་ན། ཚོགས་སྦྱོར་གྱི་ལམ་ལ་མོས་པས་དཔྱོད་པའི་སེམས་བསྐྱེད། ས་དང་པོ་ནས་བདུན་པའི་བར་ལ་ལྷག་བསམ་རྣམ་དག་གི་སེམས་བསྐྱེད། དག་པའི་ས་གསུམ་ན་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་སར་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཀྱི་ཐ་སྙད་ཡོད་ཀྱང་། ཀུན་རྫོབ་ཆོ་ག་དང་དོན་དམ་མཚན་ཉིད་སྒོམ་སྟོབས་ཀྱིས་ཐོབ་པ་ཡིན་ལ། འདིར་ལས་དང་པོ་པ། ཆོ་ག་ལ་ལྟོས་པ་ཅན་ཡིན་པས་སེམས་བསྐྱེད་འབོགས་ཆོག་གཞན་དུ་བལྟ། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་སེམས་བསྐྱེད་ཀྱི་དང་པོར་དམིགས་ལ་བློ་གྲོས་ཆེན་པོའི་སེམས་བསྐྱེད་ནི། འདི་ལྟར་སེམས་ཅན་འདི་དག་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། ཕ་མར་གྱུར་པའི་ཚེ་ད་ལྟའི་ཕ་མ་བཞིན་གཅེས་སྤྲས་ཀྱིས་བསྐྱངས། ཟས་སུ་ཕུད་བྱིན། གོས་ཀྱིས་བརྩེ་གཡོགས་ཤིན་ཏུ་བྱམས་

(༢༨༣)པའི་བསམ་སྦྱོར་གྱིས་བསྐྱེད་བསྲིང་བར་ངེས་ན། ཕ་མ་འཁོར་བ་ན་གནས་བཞིན་བདག་ཐར་པ་ལ་དགོས་པ་ཅི་ཡོད། དེའི་ཕྱིར་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྤྱོད་པ་རླབས་པོ་ཆེ་ལ་བསླབ་ཅིང་འཁོར་བ་ན་སེམས་ཅན་གཅིག་ཀྱང་མི་གནས་པ་དེ་ཙམ་དུ་བརྩོན་འགྲུས་བརྩམ་མོ་སྙམ་བས། ཧོསྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ཀྱི འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོརང་རིག་འོད་གསལ་དབྱིངས་སུ་ངལ་བསོ་ཕྱིརཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་དོཞེས་མང་དུ་བརྗོད་པའི་མཐར་ཚོགས་ཞིང་དུ་གྱུར་པ་རྣམས་རང་ཉིད་ལ་བསྟིམས་པས་དེ་དག་གི་ཐུགས་རྒྱུད་ལ་གནས་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རང་གི་ཤེས་རྒྱུད་ལ་ལྷང་གིས་སྐྱེས་པར་བསམ་ལ་སྟོང་པ་ཉིད་ཀྱི་གཤིས་ལ་གཞག་པར་བྱའོ། །གསུམ་པ་བསླབ་བྱའི་བསམ་པ་ལ་སྨོན་འཇུག་གཉིས་ལས། དང་པོ་འགྲོ་བར་འདོད་པ་ལྟ་བུ་སྨོན་པའི་བསླབ་བྱ་ལ་བདག་གཞན་མཉམ་པ། བརྗེ་བ། གཞན་གཅེས་པར་བསྒོམ་པ་གསུམ་ལས། དང་པོ་མ་འབྱོངས་པར། འདི་ལྟར་སེམས་ཅན་ཐམས་ཅད་དང་བདག་ཉིད་

(༢༨༤)བདེ་བ་འདོད་སྡུག་བསྔལ་མི་འདོད་པར་བློ་གཅིག་ཏུ་མཐུན་ཀྱང་། སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་དགེ་སྡིག་བླང་དོར་གྱི་གནད་ལ་རྨོངས་པས་རྟག་ཏུ་སྡུག་བསྔལ་ལ་སྤྱོད་པ་འདི་སྙིང་རེ་རྗེ། བདག་དམ་པའི་ཆོས་ཀྱི་རྗེས་སུ་ཞུགས་པས་ཁེ་ཉེན་ཤེས་པའི་རང་བཞིན་ཅན་གྱི་ཕྱིར། ལོག་སྒྲུབ་དང་ཕྱོགས་རིས་བཟོད་པར་བྱས་ཏེ། བདག་གཞན་མཉམ་པ་ཉིད་དུ་བལྟ་བར་བྱའོ་སྙམ་དུ་ཡང་ཡང་སྒོམ། དེ་ནས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་ནི། མཐོང་ཆོས་སུ་གྱུར་པའམ། མིན་ན་སྡུག་བསྔལ་ཀྱིས་གདུངས་པའི་སེམས་ཅན་ཞིག་མདུན་དུ་བསམས་ནས། དབུགས་ཕར་རྒྱུ་བ་ན་བདག་གི་བདེ་བ་དང་ལེགས་པ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་གོས་ཕུད་དེ་གཡོགས་པ་ལྟར་ཁོང་ལ་བྱིན། ཁོང་གི་སྡུག་བསྔལ་ཅི་ཡོད་པ་དེ་དག་ཐམས་ཅད་རང་ཉིད་ཀྱི་དང་དུ་བླངས་པར་བསམ་པ་དང་ལྷན་ཅིག་དབུགས་ནང་དུ་རྡུབས་པས་དེ་ཉིད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་བསམས་པའི་གཏོང་ལེན་སེམས་ཅན་གཅིག་ནས་ཐམས་ཅད་ཀྱི་བར་ལ་རིམ་པར་སྒོམ་མོ། །འབྱོངས་ནས་བདག་བས་གཞན་གཅེས་པར་བསྒོམ་པ་ནི། བདག་འཁོར་བར་གནས་རུང་། །

(༢༨༥)དམྱལ་བར་སྐྱེས་རུང་། ན་རུང་ཚ་རུང་ཉམ་ཉེས་ཅི་བྱུང་ཡང་བཟོད་པར་བྱ་ཡིས། སེམས་ཅན་གཞན་གྱི་སྡུག་བསྔལ་བདག་ལ་སྨིན་པར་ཤོག་ཅིག །བདག་གིས་བདེ་བ་དང་དགེ་བའི་འབྲས་བུ་ཁོང་ལ་རྫོགས་པར་ཤོག་ཅིག་སྙམ་དུ་ཞེ་ཐག་པ་ནས་བསམ་ཞིང་མཐར་དམིགས་པ་མེད་པའི་ངང་དུ་གཞག་གོ། །གཉིས་པ་འགྲོ་བ་དངོས་ལྟ་བུ་འཛུག་པའི་བསླབ་བྱ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ནོར་རྫས་ལ་ཆགས་ཞེན་མེད་པར་དགེ་བའི་ཕྱོགས་ལ་གཏོང་བ་དང་། ཡོངས་སུ་གཏོང་བ་དང་། ཤིན་ཏུ་གཏོང་བ་གསུམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། རང་རྒྱུད་ཀྱི་ཉེས་སྤྱོད་སྡོམ་ཞིང་གཞན་ལ་ཕན་གདགས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། དེའི་ཁྱད་པར་ལ་ཕལ་པོ་ཆེའི་སྤྱོད་ཡུལ་དག་པ་དང་། སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་བསྒོམ་པ། ཆོས་ཕྱིར་དཀའ་བ་སྤྱོད་པ་དང་གཞན་གྱི་ལོག་སྒྲུབ་བཟོད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། དལ་འབྱོར་ཆུད་གསན་པའི་བྱེད་པོ་ལེ་ལོ་ཟིལ་གྱིས་མནན་ནས་ཆོས་སྤྱོད་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་འབད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། འདུས་པ་ནི་འབྲལ་བའི་ཆོས་ཅན། འདོད་པ་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས། ཡོད་ཅིང་

(༢༨༦)ཆོག་མི་ཤེས་སེར་སྣ་འཕེལ་ལ་རྐུན་པོ་ལ་སོགས་རྩོད་པ་ཅན་དང་ཐུན་མོང་བ་རྣམ་པར་གྲོལ་བའི་ཆོས་དང་འགལ་བས་འཕགས་པ་རྣམས་ཀྱིས་སྨད་པ། བྱིས་པའི་གྲོགས་ནི་རང་བཞིན་ངན་པ། བྱས་པ་མི་གཟོ་བ་མགུ་བར་དཀའ་བ། ཕྲག་དོག་པ་ལ་སོགས་འགྲོགས་པ་ཙམ་གྱིས་དགེ་བ་འགྲིབ་པ། འདུ་འཛི་ནི་རྟག་ཏུ་བྲེལ་ཞིང་དོན་ཆུང་བ། ཇི་ཙམ་བརྩོན་ཡང་སྙིང་པོ་མེད་པ། དགྲ་བཏུལ་ཀྱང་མཐའ་མེད་པ། གཉེན་བསྐྱངས་ཀྱང་མཐའ་མེད་པ་འདི་དག་ནི་ངེས་པར་སྤང་བར་བྱའོ། །དེ་ལྟར་སྤངས་ནས་ནགས་ཁྲོད་དབེན་པ་ཞེས་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཞི་བ་བརྙེས་པའི་གནས། འདུ་འཛི་དང་རྣམ་གཡེང་མེད་པ་ཚོང་དང་སོ་ནམ་མེད་པ། བྱིས་པའི་གྲོགས་དང་བྲལ་བ། བྱ་དང་རི་དགས་འགྲོགས་ན་བདེ། ཆུ་དང་ལོ་མ་དཀའ་ཐུབ་ཀྱི་ཟས་དང་མཐུན་པ། རིག་པ་ངང་གིས་དངས། ཏིང་འཛིན་ཤུགས་ཀྱིས་འཕེལ་བའི་གནས། དགྲ་མེད་གཉེན་མེད་ཆགས་སྡང་གི་སྒྲོག་ལས་གྲོལ་བ་ཡོན་ཏན་དུ་མ་དང་ལྡན་པའི་གནས་སུ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ཡིད་གང་དུའང་མི་རྟོག་ཅིར་ཡང་མི་འཛིན་པའི་ངང་དུ་འཇོག་པ་ནི་བསམ་

(༢༨༧)གཏན་གྱི་ཕ་རོལ་ཏུ་ཕྱིན་པ། འདི་ལྟར་ཕྱི་ཡུལ་ལྔའི་སྣང་བ་ཐམས་ཅད་ནི་མེད་བཞིན་འཁྲུལ་ངོ་ལ་སྣང་བ་རྨི་ལམ་ལྟ་བུ། རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་གློ་བུར་དུ་སྣང་བ་སྒྱུ་མ་ལྟ་བུ། མེད་པ་ཡོད་པར་སྣང་བ་མིག་ཡོར་ལྟ་བུ། སྣང་བཞིན་དུ་བདེན་པར་མ་གྲུབ་པས་སྨིག་རྒྱུ་ལྟ་བུ། ཕྱི་ནང་གང་ལའང་སྣང་བས་བྲག་ཅ་ལྟ་བུ། རྟེན་དང་བརྟེན་པར་མེད་པས་དྲི་ཟའི་གྲོང་ཁྱེར་ལྟ་བུ། སྣང་ལ་རང་བཞིན་མེད་པས་གཟུགས་བརྙན་གྱི་སྣང་བ་ལྟ་བུ། མེད་སྣང་ཅིར་ཡང་ཤར་བས་སྤྲུལ་པའི་གྲོང་ཁྱེར་ལྟ་བུ་སྟེ། དངོས་པོ་མེད་པའི་སྟོང་གཟུགས་སྒྱུ་མའི་དཔེ་བརྒྱད་དུ་བལྟས་པས་ཡུལ་ཕྱི་སྣང་བ་རྫུན་པའི་རང་བཞིན་དུ་གོ་ལ། དེ་ལྟར་སྣང་བའི་མཁན་པོ་ཡུལ་ཅན་སེམས་ཀྱི་གཤིས་ལུགས་ལ་བརྟགས་པས། ཡུལ་སྣང་མ་འགགས་ལ། ཡུལ་གྱི་འཛིན་རྟོག་ཞི། ཆོས་ཉིད་སྟོང་གསལ་ནམ་མཁའ་ལྟ་བུར་རྟོགས་པའི་ངང་དུ་འཇོག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་འཁྲིད་ཚུལ་འདི་ལྟ་བུའི་ངེས་པ་ལས་ཕར་ཕྱིན་ཐེག་པའི་ཟབ་གནད་ཐམས་ཅད་ཀྱང་འདུ་ཞིང་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་ཡིན་པས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པ་དང་། ཉན་རང་གི་ཐེག་པ་ལས་འཕགས་པ་དང་། དགེ་རྩ་མི་ཟད་ཅིང་

(༢༨༨)འཕེལ་བ་དང་། བསོད་ནམས་རྒྱ་ཆེན་པོ་ཐོབ་པ་དང་། སངས་རྒྱས་ཀྱི་གདུང་པ་ཚོབ་པ་དང་གཞན་དོན་རླབས་པོ་ཆེ་འགྲུབ་པ་ལ་སོགས་པའི་དགོས་པ་དཔག་ཏུ་མེད་པས་ན་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །གསུམ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། ཟབ་མོའི་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པ་ནི་སྡིག་སྒྲིབ་ཡིན་ལ། དེ་ཉིད་སྦྱོང་བའི་མཆོག་ཏུ་གྱུར་པ་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཡིན་ཏེ། དེ་ལ་སྟོབས་བཞིའི་གནད་ནི། རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་བཟུང་ནས་སྨོན་འཇུག་གི་བྱང་སེམས་དང་ལྡན་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ལ་འགྱོད་སེམས་དྲག་པོ་བསྐྱེད་པ་ཉེས་བྱས་སུན་འབྱིན་གྱི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པ་ཉེས་སྤྱོད་སྡོམ་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱེད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། སྟོབས་བཞིའི་དག་པ་དྲན་པའི་ངང་ནས་འདོན་སྒོམ་ཟུང་འཇུག་ཏུ། ཨ བདག་ཉིད་ཐ་མལ་སྤྱི་བོ་རུ པད་དཀར་ཟླ་བའི་གདན་གྱི་དབུས ཧཱུྃ་ལས་བླ་མ་རྡོ་རྗེ་སེམས དཀར་གསལ་ལོངས་སྤྱོད་རྫོགས་

(༢༨༩)པའི་སྐུ རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལ ཁྱེད་ལ་སྐྱབས་གསོལ་སྡིག་པ་སྦྱང་ འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེང་ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར བཟླས་པ་སྔགས་ཀྱི་རྒྱུད་བསྐུལ་བས ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནས བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན ག་བུར་རྡུལ་ལྟར་འཛག་པ་ཡིས བདག་དང་ཁམས་གསུམ་སེམས་ཅན་གྱི ལས་དང་ཉོན་མོངས་སྡུག་བསྔལ་རྒྱུ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ མ་ལུས་བྱང་བར་མཛད་དུ་གསོལ ཞེས་དམིགས་པ་དང་མོས་གུས་རྩེ་གཅིག་ལས་རྣམ་རྟོག་གཞན་དུ་མི་ཡེངས་པར་ཡི་གེ་བརྒྱ་པ་བཟླས་པས་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩི་ཟླ་བ་ཞུན་མ་ལྟ་བུ་བབས། སྐུའི་དབྱིབས་རྒྱུད་སྦྱོར་མཚམས་ནས་བདག་ཉིད་ཀྱི་ཚངས་བུག་ནས་ཞུགས། ནད་ཐམས་ཅད་རྣག་ཁྲག །གདོན་ཐམས་ཅད་སྲོག་ཆགས། སྡིག་སྒྲིབ་ཐམས་ཅད་དུད་སོལ་ཁུ་རླངས་ཀྱི་རྣམ་པར་བ་སྤུའི་བུ་ག་དང་དབང་པོའི་སྒོ་གཉིས་ནས་ཐོན། ས་རིམས་པ་དགུའི་འོག་ཏུ་འཆི་བདག་ལས་ཀྱི་

(༢༩༠)གཤིན་རྗེ་ཁ་གདངས་པའི་ལྟོ་བར་ཚུད་བས་དུས་མ་ཡིན་པའི་འཆི་བ་བསླུས་པར་བསམ་ལ་སྔགས་ཅི་མང་བཟླས་མཐར། འཁོར་ལོ་བཞིའི་གནས་རྣམས་ཀྱང་བདུད་རྩིས་སྐྱ་མེར་གྱིས་ཁེངས་པའི་རྐྱེན་ལས་ལུས་སེམས་ཟག་མེད་ཀྱི་བདེ་བས་མྱོས། རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ལས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟ་བུའི་སྐུར་གྱུར་པའི་ཐུགས་སྲོག་གི་ཐ་མར་ཡི་གེ་འབྲུ་བཞི་པོ་གསལ་བ་ལས་འོད་ཟེར་འཕྲོས་ཁམས་གསུམ་སྣོད་བཅུད་དང་བཅས་པ་རྡོར་སེམས་རིགས་ལྔའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་པར་བསམ་ལ། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་བཟླ་བ་ནི་ཁྱད་པར་ཅན་གྱི་མན་ངག་དང་། ཐུན་བསྡུ་བ་ན་སྦྱང་གཞི་སྦྱོང་བྱེད་ཀྱི་རྟོག་ཚོགས་ཐམས་ཅད་འཁོར་གསུམ་མི་རྟོག་པའི་དྲན་ཤེས་ཁ་ཡན་གྱིས་རྒྱས་འདེབས་པ་ནི་དོན་དམ་པའི་སྒྲིབ་སྦྱོང་ངོ་། །འདི་ནི་འབུམ་ཐེར་ཐ་མ་ཡིན་ཏེ་སྒྲིབ་པ་དག་པའི་རྟགས་མ་མཐོང་ཚུན་བྱའོ། །བཞི་པ་མཐུན་རྐྱེན་ཚོགས་བསག་པ་ལ་མཎྜལ་གྱི་ཁྲིད་ནི། བསོད་ནམས་དང་ཡེ་ཤེས་

(༢༩༡)ཀྱི་སྟོབས་སུ་གྱུར་བའི་འབྲས་བུ་ནི་དག་པ་གཉིས་ལྡན་གྱི་སངས་རྒྱས་ཡིན་ལ། དེའི་ཕྱིར་ལམ་གྱི་དུས་ན་ཚོགས་གཉིས་བསགས་པ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཡིན་ནོ། །དེ་ལ་འབྱོར་པ་དང་བསྟུན་པའི་རབ་ཀྱིས་རིན་པོ་ཆེའི་མཎྜལ། འབྲིང་འཁར་བ་ལ་སོགས་པའི་རྒྱུ་དག་པ། ཐ་མའང་རྡོ་ཤིང་ལ་སོགས་པའི་སྟེགས་ཁོད་སྙོམས་ལ་ངོས་འཇམ་པའི་གཞི་མ་བྱི་དོར་ལེགས་པར་བྱས། དྲི་བཟང་དང་བ་བྱུང་གིས་བྱུགས། རབ་རིན་པོ་ཆེ། འབྲིང་སྨན་གྱི་འབྲས་བུ། ཐ་མ་འབྲུ་ལ་སོགས་པའི་ཚོམ་བུ་རྣམ་ངེས་ལྟར་བཀོད་པ་དམིགས་རྟེན་དུ་བྱས། མདུན་གྱི་ནམ་མཁར་སྐུ་གསུམ་གྱི་ངོ་བོ་རྒྱལ་བ་སྲས་དང་བཅས་པ་ཚོགས་ཞིང་དུ་དམིགས་ལ། བསམ་པར་བྱ་བ་ནི། ཐུན་མོང་སྤྲུལ་སྐུའི་མཎྜལ་གླིང་བཞི་རི་རབ་ལྷ་གནས་དང་བཅས་པའི་སྟོང་གསུམ་འཇིག་རྟེན་གྱི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་དང་བྱེ་བྲག་རང་གི་ལུས་ལོངས་སྤྱོད་མངའ་རིས་ཕུན་ཚོགས་དང་བཅས་པ་མདོར་ན་འཛིན་སེམས་ཀྱིས་གཅེས་དགུར་བཟུང་བ་ཐམས་ཅད་སེར་སྣ་དང་འཇུར་གེགས་ཀྱིས་མ་བཅིངས་པར་ལྟོས་མེད་དུ་འབུལ་བ་ནི་བདག་ཏུ་ལྟ་བའི་གཉེན་པོར་ཡང་འགྱུར་རོ། །དེའི་སྟེང་གི་ནམ་མཁར་ཐུན་མིན་ལོངས་སྐུའི་མཎྜལ་རང་སྣང་

(༢༩༢)འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་གཞལ་མེད་ཁང་སྐུ་དང་ཞིང་ཁམས་ཡེ་ནས་ལྷུན་གྲུབ་ཀྱི་རྣམ་པ་ལ་སྒེག་སོགས་འདོད་ཡོན་གྱི་ལྷ་མོས་སྤྲས་པ། དེའི་སྟེང་གི་དབྱིངས་ལ་ཁྱད་པར་ཆོས་སྐུའི་མཎྜལ་སྐྱེ་མེད་གདོད་མའི་གཞི་ལ་འགག་མེད་འོད་གསལ་གྱི་སྣང་ཆ་རིག་པ་ཚད་ཕེབས་ཀྱི་ཚོམ་བུར་བཀོད་པ་སྟེ་སྐུ་གསུམ་གྱི་དམིགས་པའི་བྱེ་བྲག་རྣམས་གསལ་བདེ་བའི་ཆེད་འདི་ལྟར་དུ་སྒོམ་ཞིང་། དངོས་གནས་ལ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རང་སྣང་གི་ཞིང་ཁམས་རྣམས་ལ་ཡན་མན་དང་སྟེང་འོག་གི་གཞར་བྱར་མ་དམིགས་པ་རྡུལ་ཕྲན་གྱི་ཁོངས་སུ་རྡུལ་སྙེད་ཀྱི་ཞིང་ཁམས་ཡངས་དོག་མེད་པར་རང་ཤར་ལྷུན་གྱིས་གྲུབ་པའི་གནས་རྣམས་ཁོངས་སུ་ཆུད་པའི་ངང་ནས་མོས་གུས་ཀྱི་གདུང་བ་དང་བཅས། ཨོཾ་ཨཱཧཱུྃ། སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་ རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པས་གཏམས བདག་ལུས་ལོངས་སྤྱོད་བཅས་པ་ཡོངས་འབུལ་གྱིས ཆོས་ཀྱི་འཁོར་ལོས་སྒྱུར་བའི་སྲིད་ཐོབ་ཤོག འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིང་ ངེས་པ་ལྔ་ལྡན་རིགས་ལྔའི་ཚོམ་བུ་ཅན འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ཡས་པ

(༢༩༣)ཕུལ་བས་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག སྣང་སྲིད་རྣམ་དག་གཞོན་ནུ་བུམ་པའི་སྐུ ཐུགས་རྗེ་མ་འགགས་ཆོས་ཉིད་རོལ་པའི་རྒྱན སྐུ་དང་ཐིག་ལེའི་འཛིན་པ་རྣམ་དག་ཞིང་ ཕུལ་བས་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག ཅེས་འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས་དབུལ་ལོ ལྔ་པ་བདུད་བཞི་ཅིག་ཆར་དུ་བཅོམ་པ་ཀུ་སུ་ལུའི་ཚོགས་གསོག་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་རྐང་དར་ཟབ་འབོལ་བརྩེགས་དང་བཅས་པའི་སྟེང་དུ་དྲིན་ཅན་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་འཁོར་རྒྱ་མཚོ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པས་བསྐོར་ཞིང་། འོག་ཏུ་རིགས་དྲུག་གནོད་བྱེད་དང་བཅས་པ་སྐད་ཅིག་གིས་གསལ་བཏབ་ལ་དམིགས་འདོན་ཟུང་དུ་ཆུད་པས། ཕཊ ལུས་གཅེས་འཛིན་བོར་བས་ལྷ་བདུད་ཆོམ སེམས་ཚངས་པའི་སྒོ་ནས་དབྱིངས་ལ་ཐོན འཆི་བདག་གི་བདུད་བཅོམ་ཁྲོས་མར་གྱུར གཡས་ཉོན་མོངས་བདུད་བཅོམ་གྲི་གུག་གིས གཟུགས་ཕུང་པོའི་བདུད་བཅོམ་ཐོད་པ་བྲེགས གཡོན་ལས་བྱེད་ཚུལ་གྱིས་བྷནྡྷ་ཐོགས སྐུ་གསུམ་གྱི་མི་མགོའི་སྒྱེད་པུར་བཞག ནང་སྟོང་གསུམ་གང་བའི་བམ་རོ་དེ

(༢༩༤)ཨ་ཐུང་དང་ཧཾ་ཡིག་གིས་བདུད་རྩིར་བཞུ འབྲུ་གསུམ་གྱི་ནུས་པས་སྦྱངས་སྤེལ་བསྒྱུར ཨོཾ་ཨཱཧཱུྃ་གྲངས་མེད་པ་བརྗོད ཕཊ ཡར་མཆོད་ཡུལ་མགྲོན་གྱི་ཐུགས་དམ་བསྐངས ཚོགས་རྫོགས་ནས་མཆོག་ཐུན་དངོས་གྲུབ་ཐོབ མར་འཁོར་བའི་མགྲོན་མཉེས་ལན་ཆགས་བྱང་ ཁྱད་པར་དུ་གནོད་བྱེད་བགེགས་རིགས་ཚིམ ནད་གདོན་དང་བར་ཆད་དབྱིངས་སུ་ཞི རྐྱེན་ངན་དང་བདག་འཛིན་རྡུལ་དུ་བརླག མཐར་མཆོད་བྱ་དང་མཆོད་ཡུལ་མ་ལུས་ཀུན གཤིས་རྫོགས་པ་ཆེན་པོར་མ་བཅོས་ཨཱ ཞེས་མཉམ་པར་བཞག །འདིས་ནི་ཚོགས་དཔག་ཏུ་མེད་པ་འདུམས། འཆི་བ་བསླུས་ཤིང་ནད་གཅོད་ཞི། བར་དོའི་འོད་གསལ་ཟིན་པ་ལ་སོགས་ཕན་ཡོན་དཔག་ཏུ་མེད་དོ། །དྲུག་པ་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་མངོན་དུ་བྱ་བའི་ཐབས་ཀྱི་མཐར་ཕྱིན་པ་བླ་མའི་རྣལ་འབྱོར་ལ་སྐྱབས་ཡུལ་གསལ་གདབ་པ། ཡན་ལག་བདུན་པ་འབུལ་བ། གསོལ་བ་གདབ་པ་དང་གསུམ་ལས། དང་པོ་ནི། ཞིང་ཁམས་སྦྱོང་བ་བསམ་སྟོབས་ཆེན་པོའི་སྤྱོད་ཡུལ་ཁྱད་པར་ཅན་ཡིན་པས། སྣང་བས་གར་ཁྱབ་པདྨ་འོད་ཀྱི་ཕོ་བྲང་བཀོད་པ་དང་མཚན་ཉིད་ཡོངས་སུ་རྫོགས་པར་གསལ་བའི་དབུས་སུ། དབང་

(༢༩༥)གི་སྣོད་དུ་རུང་བ་དང་། བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་དང་། །རྗེས་སུ་འཛིན་པའི་རྟེན་འབྲེལ་གྱིས་ཁྱད་པར་ལས། རང་ཉིད་ངོ་བོ་ཡེ་ཤེས་འཚོ་རྒྱལ་ལ་རྣམ་པ་རྡོ་རྗེ་རྣལ་འབྱོར་མ་མོས་གུས་ཀྱི་སྤྱན་བླ་མའི་ཐུགས་ཀར་རེངས་པའི་ཚུལ་གྱིས་གཟིགས་པའི་སྤྱི་བོར་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་དང་ཐ་མི་དད་པའི་ཨོ་རྒྱན་རྡོ་རྗེ་འཆང་སྐུའི་རྣམ་འགྱུར་ཡོངས་སུ་རྫོགས་ཤིང་ལོ་བརྒྱད་ལོན་པའི་ངང་ཚུལ་ཅན། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་མཉམ་གཞག་གི་སྟེང་ན་ཐོད་བུམ་བསྣམས་པ། རྒྱལ་པོ་རོལ་པའི་འདུག་སྟངས་ཅན། དེའི་མཐའ་སྐོར་དུ་འོད་ལྔའི་དྲ་བ་མིག་མངས་རིས་སུ་ཤར་བའི་ནང་ཁོངས་འཇའ་འོད་ཟླུམ་འཁྱིལ་གྱི་དབུས་སུ་རྒྱ་གར་གྱི་རིག་འཛིན་བརྒྱད། བོད་ཀྱི་རྗེ་འབངས་ཉེར་ལྔ། རྩ་གསུམ་དམ་ཅན་རྒྱ་མཚོ་མ་ཚང་བ་མེད་པས་ཐ་མལ་གྱི་སྣང་བ་རང་འགགས་སུ་འགྲོ་བར་གསལ་ལ། ཨེ་མ་ཧོ རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་ཞེས་སོགས་པས་ཚིག་དོན་འབྲེལ་ཆགས་ཕར་གསལ་གདབ་བོ། །གཉིས་པ་ཡན་ལག་བདུན་པ་ནི། འདི་ལྟར་རྡོ་རྗེ་ཐེག་པའི་ལམ་ཐབས་མང་བ་དང་། དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་སྤྱོད་ཡུལ་ཡིན་

(༢༩༦)པས། སེམས་སྟོབས་ཆེན་པོའི་ཚོགས་བསགས་པ་ལ་རྒྱུན་ཆགས་སུ་བསླབས་པས་ཕ་རོལ་ཏུ་ཕྱིན་པའི་སྐལ་བ་ཆེན་པོའི་ཚོགས་འདིར་སྐད་ཅིག་མའི་བྱེ་བྲག་གིས་ཀྱང་འདུམས་ནས་ཚེ་གཅིག་ལ་སོགས་པས་གྲོལ་བ་ཡིན་ནོ། །དེའི་ཕྱིར་གསང་བ་བླ་ན་མེད་པའི་ཚོགས་ཞིང་གི་རབ་དང་ཕུལ་དུ་གྱུར་པ་ཡང་རྡོ་རྗེའི་སློབ་དཔོན་ཉག་གཅིག་ཏུ་ངེས་པས་བླ་མའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་བྱུང་ལ། དེ་ལ་ཚོགས་གསོག་པའི་སྒོ་མཐའ་ཡས་པ་ཡན་ལག་བདུན་དུ་འདུ་བའི་དམིགས་པའི་བྱེ་བྲག་ནི། རང་ལུས་བརྒྱ་སྟོང་གྲངས་མེད་པར་སྤྲུལ་ཞིང་དེ་དང་ལྷན་ཅིག་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་ཐལ་མོ་སྤྱི་མགྲིན་སྙིང་ག་གསུམ་གང་རུང་དུ་སྦྱར་ལ། པུས་མོ་ས་ལ་ཕབ་སྟེ་ཡན་ལག་སྨད་ལྔ་བཏུད་པས་ཕྱག་འཚལ་བར་དམིགས་པ་ནི་ཕྱག་གི་ཡན་ལག །དངོས་སུ་ཅི་འབྱོར་བའི་མཆོད་པ་བཤམ་ཞིང་། ཡིད་ཀྱིས་ནམ་མཁའ་དང་ས་གཞི་ཐམས་ཅད་ལྷ་མའི་མཆོད་རྫས་མེ་ཏོག་བདུག་སྤོས་མར་མེ་ལ་སོགས་པ་དང་། གཞལ་མེད་ཁང་དང་ཡུལ་མཁར་ཀུན་དགའ་ར་བ། རྒྱལ་སྲིད་བདུན། བཀྲ་ཤིས་བརྒྱད། རྡོ་རྗེའི་ལྷ་མོ་བཅུ་དྲུག་ལ་སོགས་པའི་ཁྱད་པར་མང་པོ་གླུ་

(༢༩༧)གར་དང་རོལ་མོའི་སྤྲིན་ཕུང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་པའི་རྗེས་སུ་འགྲོ་བ་ནི་མཆོད་པའི་ཡན་ལག །ཚེ་ཐོག་མ་མེད་པ་ནས་དེ་རིང་ཡན་ཆད་དྲན་པ་དང་མི་དྲན་པའི་སྡིག་ལྟུང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ། མཚམས་མེད་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད། དཀོན་མཆོག་གི་དཀོར་ལ་འབགས་པ་སོགས་ཁ་ན་མ་ཐོ་བའི་ལས་ཅི་བསགས་པ་ཐམས་ཅད་གནོང་འགྱོད་དྲག་པོས་བཤགས་པས་ལྕེ་ཐོག་ཏུ་ནག་ཕུང་གིས་འདུས་པ་ལས། ཚོགས་ཞིང་གི་སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་བ་ཕོག་པས་དྲི་མ་བཀྲུས་པ་བཞིན་དག་པར་བསམ་ལ། ཕྱིས་མི་བྱེད་པའི་གཉེན་པོས་སྡོམ་པ་ནི་བཤགས་པའི་ཡན་ལག །རྒྱལ་བ་རྣམས་ཀྱིས་འགྲོ་བའི་དོན་དུ་ཆོས་ཀྱི་འཁོར་ལོ་ཆེན་པོ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་པ་རླབས་པོ་ཆེ། སེམས་ཅན་རྣམས་ཀྱིས་བསོད་ནམས་དང་ཐར་པ་ཆ་མཐུན་གྱི་དགེ་བ། རང་གིས་སྔར་བྱས་པ། ད་ལྟ་བྱེད་བཞིན། ཕྱིས་བྱེད་པར་ངེས་པ་ཐམས་ཅད་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བའི་ཡན་ལག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་

(༢༩༨)སོགས་གཞན་དོན་རླབས་པོ་ཆེའི་ཁུར་བཟོད་པ་རྣམས། འགྲོ་བའི་ལོག་སྒྲུབ་དང་སྐྱོ་ངལ་གྱིས་སུན་ནས་ཆོས་མི་གསུང་བར་ཞི་བདེར་གཞོལ་བ་དག་གི་དྲུང་དུ། སྔོན་ཚངས་པ་དང་བརྒྱ་བྱིན་གྱིས་ཞུ་བ་ཕུལ་བ་ལྟར། བདག་ཀྱང་ལུས་བྱེ་བ་བརྒྱ་སྟོང་གྲངས་མེད་པར་སྤྲུལ་ནས་འཁོར་ལོ་དང་ནོར་བུ་ལ་སོགས་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པ་ནི་ཆོས་འཁོར་བསྐོར་བའི་ཡན་ལག །ཞིང་ཁམས་འདི་དང་གཞན་དག་ཏུ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་གང་དག་སེམས་ཅན་གྱི་དོན་མཛད་ཟིན་ནས་མྱ་ངན་ལས་འདའ་བར་བཞེད་པ་དག་གི་མདུན་དུ། སྔོན་གྱི་དགེ་བསྙེན་ཙུནྡས་གསོལ་བ་བཏབ་པ་ལྟར་བདག་ལུས་མང་པོར་སྤྲུལ་ཏེ་གསོལ་བ་བཏབ་པས། འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་ནས་སེམས་ཅན་གྱི་དོན་མཛད་པར་བསམ་པ་ནི་བཞུགས་པར་གསོལ་འདེབས་ཀྱི་ཡན་ལག །ད་ལྟར་གྱི་དགེ་བས་མཚོན་ནས་རང་གཞན་གྱིས་དུས་གསུམ་དང་འབྲེལ་བར་བསགས་པའི་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇམ་དཔལ་གཞོན་ནུའི་ཡོངས་བསྔོ་ལྟར་དམིགས་པ་མེད་པའི་ཤེས་རབ་ཀྱིས་རྒྱས་འདེབས་པ་ནི་བསྔོ་བའི་ཡན་ལག་སྟེ། ངག་ཏུ། ཧྲཱིབདག་ལུས་ཞིང་གི་

(༢༩༩)རྡུལ་སྙེད་དུསོགས་བརྗོད་ཅིང་འདིའི་ཁོངས་སུ་ཕྱག་འབུམ་ཡང་འགྲོ་བར་བྱེད་པ་ལག་ལེན་ཡིན་ནོ། །གསུམ་པ་ཕུར་ཚུགས་སུ་གསོལ་བ་གདབ་ཅིང་རྒྱུ་རྡོ་རྗེ་བཞིའི་ངོ་བོར་བསྒྲུབ་པ་ནི། འདི་ལྟར་དཔལ་མགོན་བླ་མ་དམ་པ་ནི་དཀྱིལ་འཁོར་གང་དུ་ཧེ་རུ་ཀའི་ངོ་བོར་དབང་རྫོགས། མཐོང་བ་དང་ཐོས་པ་དང་དྲན་པ་དང་རེག་པ་ཙམ་གྱིས་ཐར་པའི་ས་བོན་འདེབས་ཤིང་སངས་རྒྱས་ཐམས་ཅད་དང་ཕྲིན་ལས་ཀྱི་བྱེད་པ་གཅིག་པས་དཀོན་མཆོག་བཞི་པར་བྱོན། རང་ངོར་ཚེ་གཅིག་ལུས་གཅིག་ལ་སྨིན་གྲོལ་ཟབ་མོའི་ལམ་དང་ཐུགས་རྗེའི་བྱིན་རླབས་ཁོ་ནས་རྡོ་རྗེ་འཆང་གི་སར་བཙན་ཐབས་སུ་བཀོད་པས་སངས་རྒྱས་ལས་ཀྱང་བཀའ་དྲིན་མཆོག་ཏུ་ལྷག་ཅིང་ཡོན་ཏན་གྱི་སྒོ་ནས་གཞལ་ན་དགོངས་པ་ནམ་མཁའ་ལྟར་རྒྱ་ཆེ། མཁྱེན་བརྩེ་རྒྱ་མཚོ་ལྟར་ཚད་མེད། ཐུགས་རྗེ་ཆུ་ཀླུང་ལྟར་ཤུགས་དྲག །རང་བཞིན་རི་རྒྱལ་ལྟར་ཐུགས་བརྟན། འགྲོ་བར་ཕ་མ་ལྟར་ཐུགས་སྙོམས་ཤིང་། ཡོན་ཏན་རེ་རེའི་ཆ་ཡང་དཔག་ཏུ་མི་ནུས་པ། གསོལ་བ་བཏབ་པ་ཙམ་གྱིས་ཅི་འདོད་ཀྱི་དངོས་གྲུབ་ཐམས་ཅད་འབད་མེད་དུ་འབྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཁྱེད་ལ་བརྟེན། ཁྱེད་ལ་རེ།

(༣༠༠)ཁྱེད་གཅིག་བསྒྲུབ་སྙམ་པའི་མོས་གུས་མཆི་མ་འཁྲུགས་པ་དང་བཅས། རྗེ་བཙུན་གུ་རུ་རིན་པོ་ཆེ ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི སོགས་ནས། རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན ཡན་ཆད་ཚར་ཅི་ནུས་གདབ་རྗེས། བདག་ལ་རེ་ས་གཞན་ན་མེད ཅེས་པ་ནས། སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན ཡན་ཆད་ཚར་འོས་འཚམས་ཀྱི་རྗེས་སུ། གསོལ་འདེབས་རྒྱུད་བསྐུལ་གྱི་རྣལ་འབྱོར་བཛྲ་གུ་རུ་ལ་ཆིག་སྒྲིལ་དུ་བྱ། དེའི་ཚེ་དབང་བཞི་ལེན་པའི་དམིགས་པ་ནི། བླ་མ་ལ་གདུང་བ་དྲག་པོའི་རྐྱེན་གྱིས་བདག་ཉིད་ལ་བརྩེ་བས་རྗེས་སུ་དགོངས། གུ་རུའི་སྨིན་མཚམས་ནས་ཨོཾ་ཡིག་ཆུ་ཤེལ་ལྟ་བུར་འཚེར་བ་ལས་འོད་ཟེར་འཕྲོས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག །མགྲིན་པ་ནས་ཨཱཡིག་པདྨ་རཱ་ག་ལྟར་འབར་བ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པ་ནས་ཞུགས། ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། བཟླས་བརྗོད་ཀྱི་སྣོད་དུ་གྱུར།

(༣༠༡)ཚེ་དབང་རིགས་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག ། ཐུགས་ཀའི་ཧཱུྃ་ཡིག་ནམ་མཁའི་མདོག་ཅན་ལས་འོད་ཟེར་འཕྲོས། རང་གི་སྙིང་ག་ནས་ཞུགས། ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཙཎྜ་ལིའི་སྣོད་དུ་གྱུར། ཕྱག་རྒྱའི་རིགས་འཛིན་གྱི་ས་བོན་ཐེབས། ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་གཞག །སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕངས་པ་བཞིན་དུ་ཆད། རང་སེམས་དང་ཐ་དད་མེད་པར་འདྲེས། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གིས་མཚོན་པའི་དོན་དམ་གྱི་དབང་ཐོབ། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིགས་འཛིན་གྱི་ས་བོན་ཐེབས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་པ་རྒྱུད་ལ་བཞག་གོ། །དེ་རྗེས་གུ་རུའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དུ་མ་རོ་གཅིག་ཏུ་བསྲེས་པའི་ངང་ལ་ལྟ་བའི་ངང་མདངས་བསྐྱང་ཞིང་གསོལ་འདེབས་བསྙེན་པ་ལ་འབད། འདི་ནི་བླ་མ་ཆོས་སྐུའི་ཞལ་ལྟ་བ་ཞེས་བྱའོ། །དེ་ལ་རང་

(༣༠༢)རྒྱུད་ལ་རྡོ་རྗེ་བཞིའི་ས་བོན་གདོད་ནས་འབྲེལ་བ་གྲུབ་པར་གནས་པ་རྡོ་རྗེའི་སློབ་དཔོན་གྱིས་རིགས་སད་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་བཅུག་ནས་སྨིན་པར་བྱས་པ་ནི་སྐབས་འདིར་གཞིའི་དབང་ཞེས་བྱ་ལ། བླ་མའི་རྣལ་འབྱོར་གྱི་ཚེ་གཞན་རྐྱེན་ལ་ལྟོས་པ་མེད་པར་ཀུན་ནས་ཀུན་ཏུ་ཉམས་སུ་བླང་བར་བྱར་ཡོད་པས་ལམ་གྱི་དབང་ཞེས་བྱ་སྟེ། ད་ལྟར་བླངས་པ་ལ་དག་རྫོགས་སྨིན་གསུམ་གྱི་ཡོན་ཏན་རྒྱ་མཚོའི་ས་བོན་ཐེབས་པའི་དགོས་པ་ཆེས་ཆེ་བ་དང་ལྡན་པའི་རྡོ་རྗེའི་ལམ་མཆོག་འདིས་སྨིན་པར་སླེབ་པ་རྣམས་ཀྱིས་ལམ་དབང་འདི་རྟག་པར་བླང་ཞིང་། གསོལ་འདེབས་ཀྱི་བསྙེན་པའི་ཚད་ཀྱང་འབུམ་ཕྲག་བརྒྱ་ཐམ་པ་བཞིའོ། །འབྲས་བུའི་དབང་ནི། སྒྲིབ་བྱེད་མཐའ་དག་ཟད་པའི་ཚེ་མདོ་ལུགས་ལའང་སངས་རྒྱས་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་གྱི་ཐ་སྙད་མཚོན་པ་བཞིན། བླ་ན་མེད་པའི་ཐེག་པ་འདིར། །ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །བླ་མ་བྱ་བ་ཡོད་མིན་ཏེ། །དབང་ཆོས་བཤད་བྱེད་མཁན་པོ་མེད། །རང་སེམས་ཆོས་སྐུར་རྟོགས་ཙ་ན། །དུས་གསུམ་རྒྱལ་བའི་དབང་ལུང་ཐོབ། །བརྒྱུད་པར་འཛིན་པ་རྟོག་པ་ཡིན། །ཞེས་སོ། །དེ་ལྟ་བུའི་བླ་སྒྲུབ་ཀྱི་གནས་སྐབས་ན་ཏིང་ངེ་འཛིན་ལ་

(༣༠༣)སྐྱོ་བ་སེང་བ་དང་། བོག་སད་དབྱུང་བའི་ཕྱིར་དམིགས་པའི་རིམ་པ་བསལ་གཞག་དང་སྤྲོ་བསྡུའི་རྣམ་པ་གོ་མ་འགགས་པ་ནི་བླ་སྒྲུབ་གཞུང་རྩ་བའི་ཡིག་ཆུང་གིས་ཤེས་པར་འགྱུར་ལ། ཐུན་ཐམས་ཅད་ཀྱི་མཐར་རྫོགས་རིམ་བསྡུ་བའི་དམིགས་པ་ཟབ་གནད་ཅན་འདི་ངེས་པར་གཅེས་ཏེ། ནམ་ཞིག་ཚེ་ཡི་དུས་བྱས་ཚེསོགས་ཀྱི་ཚིག་བརྗོད་པ་དང་ཆབ་གཅིག །སློབ་དཔོན་ཆེན་པོ་ལ་གདུང་བ་དྲག་པོ་བསྐྱེད་པའི་རྐྱེན་གྱིས་བདག་ཉིད་ལ་ཐུགས་རྗེའི་འཇུག་པས་ཤིན་ཏུ་དགོངས་པར་གྱུར་ཏེ། ཞལ་འཛུམ་པ་དང་སྤྱན་དགྱེས་ཆགས་སུ་གཡོ་བའི་ངང་ལས་ཐུགས་ཀ་ནས་འོད་ཟེར་དམར་པོ་དྲོད་ཚ་ལམ་གྱི་འབར་བ་ཞིག་འཐོན། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྙིང་གར་རེག་པའི་མོད་ལ་འོད་ཀྱི་གོང་བུ་སྲན་མ་ཙམ་དུ་གྱུར། དེ་ཉིད་ཀྱང་མཐར་མེ་སྟག་ཡར་བ་བཞིན་དུ་གུ་རུ་རིན་པོ་ཆེའི་ཐུགས་ཀར་འདྲེས་པའི་ངང་ལ་མཉམ་པར་གཞག །རྗེས་ཐོབ་ལ་དགེ་བ་བསྔོ་ཞིང་ཟངས་མདོག་དཔལ་རིའི་སྨོན་ལམ་འདོན་པའང་གནད་དམ་པའོ། །མོས་གུས་དང་དམ་ཚིག་རྣམ་པར་དག་པ་གང་ཞིག་འདི་ཡན་ཆད་ཀྱི་ལམ་མཐར་ཕྱིན་པས་ཀྱང་དངོས་གཞི་ལ་མི་ལྟོས་

(༣༠༤)པར་རྔ་ཡབ་དཔལ་གྱི་རི་བོར་དབུགས་དབྱུང་། །དག་པའི་ཞིང་ཁམས་དེར་རིགས་འཛིན་རྣམ་པ་བཞིའི་ལམ་ཉི་ཟླའི་བགྲོད་པ་ལས་ཀྱང་མྱུར་བས་ཀུན་ཏུ་བཟང་པོའི་ས་ལ་ཕྱིན་པར་འགྱུར་རོ།། །།མངྒ་ལཾ། །

(༣༠༥)རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་གདོད་མའི་མགོན་པོའི་ལམ་གྱི་རིམ་པའི་ཁྲིད་ཡིག་ཡེ་ཤེས་བླ་མ་ཞེས་བྱ་བ་བཞུགས། །

(༣༠༦)རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་གདོད་མའི་མགོན་པོའི་ལམ་གྱི་རིམ་པའི་ཁྲིད་ཡིག་ཡེ་ཤེས་བླ་མ་ཞེས་བྱ་བ། བཅོམ་ལྡན་འདས་སྟོན་པ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ནམ་མཁའི་དབྱིངས་ལྟར་ཆོས་ཉིད་བསམ་གྱིས་མི་ཁྱབ་པས། །སྲིད་དང་ཞི་བར་ཡང་ཡེ་མི་མངའ་རྣམ་པ་ཐམས་ཅད་མཆོག་ལྡན་ཉིད། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་གང་སྣང་ཆ་ཙམ་དུ་མཚོན་པའི་དཔལ། །གདོད་མའི་མགོན་པོ་བཙུན་མོར་བཅས་པ་བདག་བློའི་པད་མཚོར་རྒྱལ་གྱུར་ཅིག །གཟོད་ནས་ངོ་བོ་འགྱུར་བ་མེད་ལ་གློ་བུར་དྲི་མའི་དག་བྱ་ཅན། །སྐུ་གསུམ་སྟོན་

(༣༠༧)པས་ཆོས་ཆར་ཕབ་ལས་ལེགས་པར་འཁྲུད་པའི་རང་བཞིན་ནི། ཁམས་དང་དབང་པོ་བསམ་པའི་རིམ་པས་རིམ་དང་རིམ་མིན་ཅིག་ཆར་དུ། །གྲོལ་བའི་ཆོས་ཚུལ་ཤིན་ཏུ་རྨད་བྱུང་རྫོགས་པ་ཆེན་པོའི་ཤིང་རྟ་ཉིད། །འདི་ན་བསྐལ་པ་བྱེ་བར་ལེགས་བྱས་བསོད་ནམས་ཡོངས་བསྔོའི་སྲོག་ཤིང་ཅན། །དེ་ཡི་དཔལ་ལས་མི་མཇེད་འདིར་སྣང་སྔོན་བྱོན་སྤྲུལ་པའི་ལོ་པཎ་གྱིས། །གངས་ཀྱི་རི་བོར་མངོན་པར་དྲངས་ལ་རྣམ་བཤད་མི་ནུབ་རྒྱལ་མཚན་འཛིན། །ངག་གི་དབང་པོ་བསྟན་པའི་སྲོག་ཤིང་ཞབས་སེན་གཙུག་ན་བགྱིད་པའི་ཏོག །རྒྱུད་དོན་རྒྱ་མཚོ་ཤིན་ཏུ་ཟབ་ཅིང་མཆོག་ཏུ་

(༣༠༨)རྒྱ་ཆེའི་རང་བཞིན་གང་། །ཀུན་མཁྱེན་བློ་ཡི་དཔྱིད་ཡུལ་ཉིད་ལས་སྒྲོ་བཏགས་རྣམ་པ་ཅན་རྟོགས་མིན། །དེ་ལྟ་ན་ཡང་དྲི་མེད་འོད་ཟེར་མིག་ཐུར་དབྱེ་བས་ཇི་སྙེད་དོན། །ཇི་བཞིན་འདིར་བསྡུས་སྐལ་བཟང་སློབ་མས་བསྐུལ་བའི་སྙིང་པོ་གསལ་བར་བྱ། །དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོས། དགོངས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ། ཉིད་ལས་མི་གཞན་པའི་འབྲས་བུའི་སངས་རྒྱས་ལྔ་ལ་དགོངས་པས་ལེགས་པར་བརྒྱུད་དེ། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཕུན་སུམ་ཚོགས་པ་གསང་སྔགས་རྡོ་རྗེའི་ཐེག་པ་གསུངས་ཏེ་རྒྱུད་ལུང་མན་ངག་གསུམ་གྱིས་སྣང་བས་གདུལ་བར་བྱ་བའི་སེམས་ཅན་གྱི་ཁམས་རང་བཞིན་གྱིས་གྲོལ་བར་མཛད་པ་ལས། འདིར་བསྐྱེད་པ་དང་རྫོགས་པ་ལ་མི་ལྟོས་པར་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་སྟོན་པ་ཀ་དག་གི་གནས་ལུགས་དང་། ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་སྟོན་པའི་ཐོད་རྒལ་གྱི་གྲུབ་མཐའ་ཚིག་དང་ཡིད་དཔྱོད་ལ་མི་ལྟོས་པར་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པ། འདས་པའི་སངས་རྒྱས་རྣམས་ཀྱིས་གཤེགས་ཤུལ། མ་

(༣༠༩)འོངས་པའི་སངས་རྒྱས་ཐམས་ཅད་ཀྱིས་བསྒྲུབ་བྱ། ད་ལྟ་བའི་སངས་རྒྱས་ཐམས་ཅད་ཀྱིས་བགྲོད་པ་གཅིག་པའི་ལམ་ཡང་དག་པ་ཐེག་པ་བརྒྱད་ཀྱི་བློའི་གྲུབ་མཐས་མ་རེག་པས་ཀུན་གྱི་རྩེ་མོར་ཕྱིན་ལ། །དོན་དམ་པར་གདོད་མིའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ཆེན་པོའི་རང་བཞིན་གང་ཡིན་པ་ལག་པའི་མཐིལ་དུ་བཀྲམ་པ་ལྟར་གསལ་བར་བྱེད་པ་ལ་ཆོས་བདག་མཁའ་འགྲོ་རྣམས་ཀྱིས་གནང་བར་མཛད་དུ་གསོལ། དེ་ལ་གདམས་ངག་འཁྲིད་ཀྱི་ལུགས་སུ་གདབ་པ། ངོ་སྤྲོད་ཀྱི་ལུགས་སུ་གདབ་པ། མགྲོན་པོ་ལ་བརྒལ་བ་ཚང་སྤྲུགས་སུ་གདབ་པ་དང་གསུམ་དུ་ཡོད་པ་ལས། འདི་ནི་དང་པོའི་ཁོངས་སུ་ཕྱི་མ་གཉིས་ཞར་ལ་ཚང་བའི་མན་ངག་གི་ལུགས་ཏེ། དབང་པོ་རྣོན་པོ་རྒྱུའི་སྟོབས་ཅན་ཚེ་འདི་ཉིད་ལ་གདོད་མའི་གཞི་དབྱིངས་སུ་སྦྱོར་བ་དང་། དབང་པོ་འབྲིང་བར་དོར་འཚང་རྒྱ་བ། ཐ་མ་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པའི་རིམ་པ་གསུམ་གྱིས་སྟོན་པའི། །སྤྱི་དོན་དང་པོ་ལའང་སྔོན་དུ་འགྲོ་བ་དང་། དངོས་གཞི་གཉིས་ལས། སྔོན་འགྲོའི་ཆོས་ལ་སྐུ་གསུམ་གྱི་སྣ་འཁྲིད་པ་འབྱུང་།

(༣༡༠)བཞིའི་རྣལ་འབྱོར་ལ་བསླབ་ཚུལ། རིག་པའི་སྣ་འཁྲིད་པ་སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བ། སེམས་ཀྱི་སྣ་འཁྲིད་པ་ལུས་ངག་ཡིད་གསུམ་སྦྱོང་བའི་ཚུལ་དང་གསུམ་ལས། དང་པོ་ནི། རང་བཞིན་རྫོགས་པ་ཆེན་པོ་ཤློ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་ཁྱད་པར་དུ་བྱུང་བ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གིས། །སྒྲ་ལ་བསླབ་པས་ངེས་པར་འགྲུབ། །ཅེས་སྒྲ་བཞི་རྣལ་འབྱོར་དུ་བྱ་བར་གསུངས་ཀྱང་། དེང་སང་ལག་ལེན་ལ་འདེབས་པ་ཉུང་བས་མ་བྱས་ཀྱང་རུང་ངོ། །གཉིས་པ་འཁོར་འདས་རུ་ཤན་འབྱེད་པ་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱི་ལྟར་དབྱེ་བ་ནི་བསྟན་བུ་ལས། སྔོན་དུ་ལུས་ངག་ཡིད་རྣམས་ཀྱིས། །མངོན་པར་ཞེན་པ་ལྡོག་པའི་ཕྱིར། །སྔོན་དུ་སྤྱོད་པ་བརྩམ་པར་བྱ། །ཞེས་པས་བྱ་ལུགས་རྩ་རྒྱུད་ལས། །ལུས་ནི་འགྲོ་དང་འདུག་པ་དང་། །གཅུད་ཅིང་འཁྲུལ་འཁོར་སྣ་ཚོགས་དང་། །ཡན་ལག་འཕེན་ཅིང་སྡུད་པ་དང་། །བྱ་བྱེད་རྣམ་པ་སྣ་ཚོགས་བསྟན། །དྲན་པའི་སེམས་ཀྱིས་མངོན་བླངས་ཏེ། །འགྲོ་དྲུག་གཟུགས་ཀྱི་སྤྱོད་པ་རྣམས། །

(༣༡༡)སེམས་ཀྱིས་བླངས་ཏེ་ལུས་ཀྱིས་བྱ། །ཞེས་གསུངས་པས་ལས་དང་བག་ཆགས་ཀྱིས་བསྐྱེད་པའི་སྒོ་གསུམ་གྱི་བྱ་བ་རང་ལོག་ཅིང་ཕྱི་ནས་འགགས་པར་བྱ་བའི་ཕྱིར་དུ། གསང་བའི་སྤྱོད་པ་ལ་རྩ་ལྟུང་བདུན་པའི་ཉེས་པ་འགོགས་ཕྱིར་ངེས་པར་མིའི་འགྲོ་འོང་དང་མཐོང་ཚོར་མེད་པའི་གནས་སུ་ཕྱིན་ཏེ། ཡུལ་དེའི་གཞི་བདག་ལ་གཏོར་མ་བྱིན་ནས་གྱ་ཚོམ་གྱི་སྤྱོད་པ་ལ་ཀོ་ལོང་མི་བྱེད་པར་ཕྲིན་ལས་གསོལ། ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒོ་གསུམ་འཁོར་འདས་རུ་ཤན་ཕྱེ་ལ། ཕྱིས་ནས་འཁོར་བར་མི་ལྡོག་པར་བྱ་སྙམ་དུ་སེམས་བསྐྱེད་ནས། ལུས་གཅེར་བུར་ཕྱུང་། དམྱལ་བ་པའི་ཚ་གྲང་། ཡི་དྭགས་ཀྱི་བཀྲེས་སྐོམ། དུད་འགྲོའི་བཀོལ་སྤྱོད། །མིའི་སྐྱེ་རྒ་ན་འཆི། །ལྷ་མིན་གྱི་འཐབ་རྩོད། ལྷའི་འཕོ་ལྟུང་སོགས་རང་རྒྱུད་ལ་བཀལ་ཞིང་དེ་དག་གི་རྣམ་འགྱུར་དང་། གཞན་ཡང་རྒྱུག་པ་དང་། མཆོང་བ་དང་། གཅུད་བ་དང་། ཡན་ལག་འཕེན་སྡུད་སོགས་མདོར་ན་དྲན་ཚད་ཀྱི་སྤྱོད་པས་སྣང་བ་གཏད་མེད་དུ་བཏང་ཞིང་། དེ་བཞིན་དུ་ངག་རུ་ཤན་དབྱེ་བའི་ཕྱིར་ཐལ་འགྱུར་ལས། ཅི་སྨྲས་ལྡོག་པ་མེད་པའི་ཕྱིར། །ལྷ་དང་ཀླུ་དང་གནོད་

(༣༡༢)སྦྱིན་དང་། །དྲི་ཟ་གྲུལ་བུམ་ཁྱབ་འཇུག་གི། །སྐད་ནི་བཟང་ངན་བྱེ་བྲག་བརྗོད། །མདོར་ན་འགྲོ་བ་དྲུག་གི་སྐད། །སེམས་ཀྱི་དྲན་བསམ་ངག་གིས་བརྗོད། །ཅེས་པ་ལྟར་ཅ་ཅོ་དང་། སྒྲ་སྐད་སྣ་ཚོགས་པ་བླང་དོར་མེད་པར་སྒྲོགས་པ། སེམས་ཀྱི་སྤྱོད་པའང་། སངས་རྒྱས་སྲས་གཅིག་ལས། །དགའ་དང་མི་དགའ་བདེ་དང་སྡུག །རྟག་དང་མི་རྟག་ལ་སོགས་པ། །ལྟ་སྒོམ་སྤྱོད་པའི་བསམ་པ་དང་། །ཆོས་དང་ཆོས་མིན་ལ་སོགས་དང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །དགེ་དང་མི་དགེ་ལ་སོགས་པའི། །བསམ་སྤྱོད་རྣམ་པ་སྣ་ཚོགས་བྱ། །ཞེས་གསུངས་པ་ལྟར་དུས་གསུམ་གྱི་དྲན་བསམ་དགེ་མི་དགེའི་འཕྲོ་འདུ་ཐམས་ཅད་བཙན་ཐབས་སུ་སློངས་པར་བྱས་པས་སྒོ་གསུམ་ངལ་དུབ་ཀྱི་རྣམ་པར་ཤར་ཏེ་སྙེམས་ཐག་ཆོད་པའི་རྗེས་ཤེས་ཀྱི་ངོ་བོ་ལ་བལྟ་ཞིང་ངལ་བསོ། དེ་བཞིན་དུ་འདས་རྗེས་ལས། དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད༔ ཅེས་པས། ཡང་སྐྱིལ་ཀྲུང་དང་བཅས་པའི་ས་གནོན་མཉམ་གཞག །མཛོད་སྤུ་ནས་འོད་ཟེར་བཀྱེ་འདུན། བླ་གོས་ཟླུམ་པོར་བགོ་བ། མིག་གཉའ་ཤིང་གང་དུ་བལྟ་བ་ལ་སོགས་པའི་ཞི་དུལ་གྱི་སྤྱོད་ལམ། དེའི་ངག་གི་

(༣༡༣)སྤྱོད་པ་ཤེས་རབ་སྙིང་པོ་ལ་སོགས་པའི་མདོ་འདོན་པ་དང་། ཡིད་དཔྱོད་ཀྱི་ཚིག་དང་ཐལ་འགྱུར་གྱི་དགག་བཞག །དེ་བཞིན་དུ་ཁྲོ་བོའི་སྟང་སྟབས། གར་དགུའི་རོལ་རྩེད། ངག་གི་སྤྱོད་པ་རུ་ལུའི་སྒྲ་དང་ཧཱུྃ་ཧཱུྃ་ཕཊ་ཕཊ་ལ་སོགས་པ་ལུས་ངག་གི་རྣམ་འགྱུར་སྣ་ཚོགས་པ་ལ་རྩལ་སྦྱོང་བ་ཡིན་ཏེ། རྒྱུད་ལས། སྔགས་དང་ཁ་ཏོན་ཆོས་ཀྱི་སྒྲ། །ཡོད་དང་མེད་དང་སྣང་བ་དང་། །ཡིད་དཔྱོད་ཚིག་ནི་སྣ་ཚོགས་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ལུས་ངག་ཡིད་གསུམ་རུ་ཤན་ཐ་དད་དུ་དབྱེ་བ་དང་། སྒོ་གསུམ་གྱི་སྔོན་འགྲོ་སྤེལ་ནས་བྱེད་པའི་ལུགས་སོགས་ཡོད་ཀྱང་། །འཁོར་འདས་ཀྱི་རྣམ་པ་ཅན་གང་ལའང་སྒོ་གསུམ་དང་སྐུ་གསུང་ཐུགས་ཀྱི་རོལ་པ་ཤུགས་འབྱུང་དུ་འཆར་བ་དེ་ལས་ཕྲུགས་གཅིག་ཏུ་བྱེད་པ་འདི་ལག་ལེན་ལ་འདེབས་སླ་ཞིང་འཆུན་ཆེ་བ་ཡིན་ནོ། །དེ་ལྟ་བུའི་རུ་ཤན་འབྱེད་པ་ལ་ཟླ་བ་ཕྱེད་དམ། ཞག་བཅུ་གཅིག་གམ། ཉི་མ་བདུན་ལ་སོགས་པར་འབད་པས་གནས་སྐབས་སུ་སྒོ་གསུམ་གྱི་ཞེན་པ་རང་ལོག་པ་དང་འཁོར་བའི་འབྲེལ་རྒྱུན་ཆོད། མཐར་ཐུག་ལུས་འོད་གསལ་དུ་སྨིན། ངག་ཡི་གེའི་འཁོར་ལོར་དག །སེམས་

(༣༡༤)རིག་ཐོག་ཏུ་གྲོལ་བ་ལ་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་པ་ཡོད་དེ་མདོར་བསྡུ་ན་དབང་ཉེ་བར་རྟོགས་པ་ལས། རུ་ཤན་གང་གིས་ཕྱེ་བ་ཉིད། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་ནང་ལྟར་དབྱེ་བ་ནི་རྒྱུད་ཀློང་གསལ་གྱི་དགོངས་པ་ཡིན་ཏེ། དེ་ཉིད་ལས། སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་རྐང་མཐིལ་དུ། །ཨ་སུ་ནྀྲ་ཏྲི་པྲེ་དུ་གནས། །ཞེས་བག་ཆགས་ཀྱི་ལུས་འདི་གྲུབ་པ་ཙམ་ནས་རིགས་དྲུག་ཏུ་འཕེན་བྱེད་ཀྱི་ས་བོན་རྒྱུན་ཆགས་སུ་གནས་པ་དེའི་སྟེང་དུ་ལས་སྔ་མའི་རྗེས་ཆགས་ཤིང་། །ཕྱི་མ་ཉེ་བར་ལེན་པའི་རྐྱེན་བྱེད་པས་འཆི་བའི་ཚེ་ནའང་ཡི་གེའི་རྩ་ཁམས་དེ་རྣམས་གང་དུ་རླུང་སེམས་འདུས་པ་ལས་དེ་དང་དེར་འཕེན་པར་བྱེད་པའི་ཕྱིར་ད་ལྟ་ལམ་གྱི་གནས་སྐབས་ན་སྦྱོང་ཚུལ་ཁྱད་དུ་འཕགས་པ་འདི་ནི་ཐབས་མང་དཀའ་བ་མེད་པ་བླ་ན་མེད་པའི་ཐེག་པ་འདིའི་འཕགས་ཆོས་ཡིན་ཏེ་ཇི་ལྟར་སྦྱོང་ན་འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེས་རྩལ་སྦྱངས་རུ་ཤན་དབྱེ། །ཞེས་པ་

(༣༡༥)ལྟར་སྦྱངས་བྱ་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་སུ་ལྗང་སེར། སྙིང་གར་མིའི་ནྀྲ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་པྲེ་ཐལ་སྐྱ། རྐང་མཐིལ་དུ་དམྱལ་བའི་དུ་དུད་ཁ་རྣམས་ཀྱི་རྣམ་པར་གནས་པ། སྦྱོང་བྱེད་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ་གྱི་རང་བཞིན་ཡི་གེའི་རྣམ་པར་ཤར་བ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ དམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་བཀྲག་མདངས་དང་གཟི་བྱིན་འབར་བཞིན་པར་གསལ་ལ། འབྲུ་གསུམ་བཟླས་པའི་རྐྱེན་གྱིས་དེ་ལས་བྱུང་བའི་འོད་ཟེར་གྱིས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་དངོས་མེད་དུ་སྦྱངས་བར་བསམ་བཞིན་དུ། ཨོཾ་ཨཱཧཱུྃ་སྦྱང་བྱའི་ས་བོན་རེ་ལ་འདུམ་རེ་དང་ཁ་སྐོང་བཅས་ཁྱོན་འབུམ་ཕྲག་བདུན་དུ་ལོངས་པར་བཟླའོ། །དེས་སྡིག་པ་དག་པའི་རྟགས་དང་ཐ་མལ་གྱི་ཞེན་འཛིན་ཤུགས་ལ་དག་པར་འགྱུར་ཏེ། ཀློང་གསལ་ལས། རུ་ཤན་ནང་ལྟར་སུ་ཕྱེ་བ། །འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོངས། །ཞེས་སོ། །གཉིས་པ་སེམས་ཀྱི་སྣ་ཁྲིད་པ་སྒོ་གསུམ་སྦྱང་བའི་སྔོན་འགྲོ་ལའང་གསུམ་ལས། དང་པོ་ལུས་སྦྱོང་བ་ནི། ཐལ་འགྱུར་ལས།

(༣༡༦)ལུས་ཀྱི་སྔོན་དུ་འགྲོ་བ་ལས། །སོ་སོའི་བྱེད་པའི་རྒྱུ་འགགས་པ། །རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་པས་རྡོ་རྗེའི་འདུག་སྟངས་ལ་ལངས་འདུག་ཕྱོགས་གཉིས་སུ་བཞེད་པའི་སྔ་མ་ནི་རྟིང་པ་གཉིས་སྤྲད་ཅིང་པུས་མོ་བགྲད་སྐེད་པ་དྲང་པོར་བསྲང་། ལག་པ་གཉིས་ཀྱི་གྲུ་མོ་རྒྱངས་བཞིན་དུ་ཐལ་མོ་སྤྱི་བོར་མ་རེག་པར་སྦྱར། མགྲིན་པས་ཨོལ་མདུད་ནོན་པར་བྱས་ཏེ་ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ། དེས་དུབ་ན་ཕྱི་མ་མི་འགྱུར་རྡོ་རྗེའི་འདུག་སྟངས། རྡོ་རྗེ་ལྟ་བུ་ལས་ལུས་སྤྱི་བསྲངས་བས་འགྱུ་བྱེད་ཀྱི་རླུང་འགག །རྐང་མཐིལ་ཁ་སྦྱར་བས་ཕོ་མོ་མ་ནིང་གི་རླུང་སྟོངས་ཏེ་འོད་གསལ་ཡེ་ཤེས་ཀྱི་ངང་དུ་རང་གནས། རྟིང་པ་གཉིས་གསང་བར་ཟུག་པར་གཏད་པས་འདོད་ཆགས་ཀྱི་གཞི་སྟོངས། ཐལ་མོ་སྤྱི་བོར་སྦྱར་བས་ལུས་ཀྱི་གནད་སྦྱོང་བར་བྱེད་དོ། །ཞེས་ཀུན་མཁྱེན་ཆེན་པོས་བཞེད་ལ། དག་པ་དྲན་པར་བྱ་བ་ནི། ཡར་རྩེ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་མཚོན་ལ། མར་རྩེ་གསུམ་སྐུ་གསུམ་མཚོན་པའི་སྐེད་པ་གཅིག་ཏུ་འདྲིལ་བ་ཀ་དག་དང་ལྷུན་གྲུབ་ངོ་བོ་གཅིག་ཏུ་ལམ་བྱེད་མཚོན་པའོ། །དེ་ལྟར་བགྱིས་པ་ལ་དགོས་པ་

(༣༡༧)གསུམ་སྟེ། ཐུན་མོང་དུ་ངལ་དུབ་ཀྱིས་ལུས་སྒྲིབ་འདག་ཁྱད་པར་ལ་ལུས་རྡོ་རྗེ་མེ་འབར་བར་མཐོང་བས་གདོན་བགེགས་ཞི། མཐར་ཐུག་ལུས་ཞེན་ལྡོག་སྟེ་སྐུ་རྡོ་རྗེར་འགྲུབ་པར་འགྱུར་ལ། འདིའི་ཚེ་རྟེན་འབྲེལ་ལུས་ལ་སྒྲིགས་པས་རྟོགས་པ་སེམས་ལ་འཆར་བའི་དོན་ངལ་དུབ་ལ་སོགས་པའི་རྐྱེན་གྱིས་འགྱུ་དྲན་བྱུང་ཚོར་གྱི་སྤུན་ཐག་ཆད། ཐད་ཀར་རིག་པ་རྟེན་མེད་དུ་ལུས་པས་ངོ་སྤྲོད་ཀྱིས་གཟེར་འདེབས་སླ་བ་ཡིན་ནོ། །གཉིས་པ་ངག་སྦྱོང་བ་ནི་ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལས། །རྒྱས་གདབ་པ་དང་རྩལ་སྦྱང་དང་། །མཉེན་བཙལ་ལམ་དུ་གཞུག་པ་ཡི། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། ཞེས་རྣམ་པ་བཞིར་བསྟན་པ་ལས། དང་པོ་རྒྱས་གདབས་པ་ལའང་གཉིས། ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། དབེན་པར་སྐྱིལ་མོ་ཀྲུང་བཅས་ཏེ། ངག་ཏུ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་གདངས་འགྱུར་རིང་པོས་བརྗོད་པས་ཕྱིའི་སྣང་བ་ཆེ་ཆུང་བརྟན་གཡོ་ཐམས་ཅད་ཧཱུཾ་དུ་ལམ་ལམ་སོང་བར་བསམ་ཞིང་། སོ་དང་མཆུ་མ་རེག་ཙམ་གྱི་ངང་ནས་རླུང་དང་ཤེས་པ་སྣང་བ་གསུམ་གཅིག་ཏུ་བསྲེས་ལ་མ་ཡེངས་པར་བྱའོ། །སྣང་བ་ཐམས་ཅད་ཧཱུཾ་དུ་ལམ་ལམ་འཆར་ཞིང་བན་བུན་ཕྱད་

(༣༡༨)ཕྱོད་དུ་སོང་ན་རྒྱས་ཐེབས་པའི་ཚད་དོ། །དེས་ཡུལ་སྣང་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཡང་ཧཱུཾ་ཞེས་བརྗོད་པས་ཕྱི་རོལ་གྱི་ཧཱུྃ་རྣམས་གཅིག་བྱུང་གཉིས་བྱུང་ཐམས་ཅད་ལུས་ཀྱི་དབང་པོའི་སྒོ་ནས་ཞུགས་ཏེ་ཁོང་པའི་ནང་དུ་བྱུང་ནས་ནང་ཁྲོལ་ཤ་ཁྲག་དང་བཅས་པ་མི་དམིགས་པར་སྦྱངས་རྗེས། ལུས་ཀྱི་ནང་ཐམས་ཅད་ཧཱུཾ་གིས་རོང་ངེ་བ་སྙམ་བྱེད་ན་རླུང་བསྡམ་པ་གནད་དོ། །དེས་ནི་ལུས་ཀྱི་འབྱུང་བ་དག་སྟེ་རྡོས་བཅས་ཟག་པ་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་རྩལ་སྦྱང་བ་ལ་གཉིས་ཀྱི། དང་པོ་ཕྱི་སྣང་བ་ལ་སྦྱོང་བ་ནི། ཧཱུཾ་ཧཱུཾ་ཞེས་དྲག་ལ་གཏུམ་པར་བརྗོད་པའི་རྐྱེན་གྱིས་མཁའ་ལ་གློག་འཁྱུག་པ་བཞིན་ཧཱུྃ་མཐིང་ནག་རྣོ་མྱུར་གྱི་ཤུགས་དང་ལྡན་ཞིང་གང་ལ་འབིགས་པའི་ཡུལ་དང་འཚམས་པ་གནམ་ལྕགས་བབས་པ་བཞིན་བྱུང་ནས་རི་དང་ཁང་ཁྱིམ་ཐོགས་རེག་གི་སྣང་བར་ཤར་བ་མཐའ་དག་ཁྲལ་ཁྲོལ་ཁལ་ཁོལ་མེད་པར་དབུག་པར་བསམ་མོ། །དེས་སྣང་བ་བདེན་མེད་དུ་ཤེས་པའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། ཧཱུྃ་མཐིང་ནག་མཐོ་གང་བས་རང་གི་ལུས་ཕྱིར་ཐལ་ནང་ཐལ་

(༣༡༩)ཁོལ་རྩེ་མེད་པར་ཕུག་པས་རྡུལ་ཕྲན་དུ་དག་པར་བསམ་ཞིང་ཧཱུྃ་དྲག་པོར་བརྗོད། འབྱོངས་པའི་རྟགས་ལུས་ཀྱི་ཤ་ཁོལ་བུར་འཕར་བ་དང་། མེ་ལོང་གི་བྱང་ལྟར་རང་བཞིན་མེད་པའི་ཉམས་འཆར་རོ། །དེས་ནང་ཕུང་པོའི་ནད་གདོན་ཞི་བ་དང་། ལུས་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། མདུན་དུ་ཤིང་བུ་ལ་སོགས་པའི་མཚན་མ་བཙུགས། ངག་ཏུ་ཧཱུཾ་ཧཱུཾ་ཞེས་བརྗོད་པས་ཧཱུཾ་གི་ཕྲེང་བ་ལུ་གུ་རྒྱུད་དུ་འབྲེལ་བ་དམིགས་རྟེན་གྱི་རྩ་བ་ནས་རིམ་པར་དཀྲིས་ཤིང་རྩེ་མོར་སླེབ་པ་དང་། ཧཱུཾ་སྔ་མ་དེ་རྩེ་མོར་མདུང་ཚུགས་སུ་གནས་པ་ལ་ཤེས་པ་གཏད་དེ་ཧཱུཾ་གི་གླུ་དལ་པོས་ལེན། སྐྱོ་བ་ན་ཡང་གཅིག་ལ་གཅིག་ཐིམ་གྱི་འཇིག་པ་ལ་ཤེས་པ་གཅུར་ནས་མཐར་སྙིང་གར་བསྡུས་ཏེ་ངལ་བསོ། །དེ་ལྟར་ཡང་ཡང་བགྱིས་པས་ཕྱི་ནང་གི་འགྲོ་ལྡོག་ལམ་དུ་ལོངས་ནས་སེམས་ལ་ཤིན་ཏུ་སྦྱངས་པའི་ཡོན་ཏན་ཐོབ་སྟེ་དམིགས་པ་གང་དུའང་བསྒྱུར་ཐུབ་པ་འོང་ངོ་། །བཞི་པ་ལམ་དུ་གཞུག་པ་ནི། རང་ཉིད་ཧཱུཾ་དུ་བྱས་པ་ཁ་དོག་མཐིང་ཁ་ཁྲུ་གང་པ་ཞིག་ཕར་འཁྱོག་ཚུལ་འཁྱོག་སྲིན་བུའི་འགྲོས་ཀྱིས་རྣམ་པ་ཐམས་ཅད་པའི་ལམ་ལ་ཞུགས་

(༣༢༠)ཤིང་མཐོང་ཡུལ་གྱི་རི་དང་ཡུལ་ལྗོངས་ནས། མི་མཐོང་ཞིང་རྒྱུས་ཡོད་པའི་ས་ཕྱོགས་ཐམས་ཅད་དུ་འགྲོན་པོ་དོན་གཉེར་ལམ་དུ་ཞུགས་པ་བཞིན་སོང་བར་བསམ་ཞིང་འགྲོ་ལུགས་དང་མཐུན་པའི་ཧཱུྃ་དལ་བུར་བརྗོད། དེས་ཡུལ་གྱི་བག་ཆགས་སྦྱོང་ཞིང་ལུས་ངག་གི་ལམ་སྲོལ་དུ་ཆུད་པའི་དགོས་འབྲེལ་ཡོད་ལ། སླར་ཡང་ཧཱུཾ་ཧཱུཾ་ཞེས་ཤར་ཕྱོགས་མངོན་དགའ་ལ་སོགས་པ་དག་པའི་ཞིང་རྣམས་སུ་ཡང་དཔག་ཆེན་གྱིས་མདའ་བཞིན་དུ་ཕྱིན་པར་བསམས་པས་ཞིང་ཁམས་འབྱོངས་པའི་རྟེན་འབྲེལ་སྒྲིག་གོ། །ཀུན་ལ་རླུང་སེམས་ཧཱུཾ་གསུམ་རྩེ་གཅིག་ཏུ་དྲིལ་ནས་འདུན་པ་གང་གཏད་དུ་བཟུང་བས་རྣམ་རྟོག་འགག་སྟོབས་གཞན་ལས་ཆེ་བ་ཡིན་ནོ། །དེས་ནི་ངག་གི་སྒྲིབ་པ་འདག་ཅིང་ངག་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བར་བྱེད་དོ།། །།གསུམ་པ་སེམས་སྦྱོང་བ་ནི། ཐལ་འགྱུར་ལས། སེམས་ནི་ཐོག་མ་བྱུང་ས་དང་། །བར་དུ་གནས་ས་ཐ་མ་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་པས་སེམས་སྦྱོང་བ་དངོས་དང་། སྦྱངས་པ་རྣལ་དུ་དབབ་ཚུལ་ལོ། །དང་པོ་ལ་གསུམ་གྱི་ཐོག་

(༣༢༡)མར་བྱུང་ས་དང་བྱུང་མཁན་ལ་བརྟག་པ་ནི། སེམས་འདི་ཡོད་ཙམ་ནས་སྣོད་བཅུད། ཕྱི་ནང་སྣང་བ་དང་། སྟོང་པ་ལ་སོགས་ཡོད་མེད་ཀྱི་ཕྱོགས་གང་ནས་བྱུང་། །ཡོད་པ་དངོས་པོའི་ཕྱོགས་ནས་བྱུང་ཟེར་ན་གྲུབ་མཐའ་སྨྲ་བ་ཉན་ཐོས་པའི་ཕྱོགས་སུ་ལྷུང་བས། སྣང་བའི་བདེན་ཞེན་རྡུལ་ཕྲ་རབ་ཀྱི་ཆ་ཤས་ཙམ་དུའང་བཤིག་སྟེ་རྟོགས་ཤིག །དེ་ལྟར་བརྟགས་ཤིང་རྡུལ་ཕྲན་ཆ་མེད་ཀྱི་ཁོང་དུ་བཙལ་བས་སེམས་ཀྱི་བྱུང་ས་མ་རྙེད་པར། རྨི་ལམ་ལྟར་རང་བཞིན་མ་གྲུབ་པར་ཤེས་ཀྱང་། བྱུང་མཁན་གྱི་ཤེས་པ་ཤར་རལ་པ་ལེ་བ་སེམས་དང་སེམས་བྱུང་ལྟར་ཤར་བའི་རྩ་བ་མ་ཆོད་ན་ནི་དབུ་མ་སེམས་ཙམ་པ་ལྟར་མེད་དགག་དང་མ་ཡིན་དགག་ལ་གནས་ལུགས་རེ་བའི་ཕྱོགས་ལ་འཕྱན་དུ་ཡོད་པས། འཚོལ་མཁན་གྱི་སེམས་ལ་ཚུར་ལྟོས་ཤིག །བལྟས་པས་ཀྱང་སེམས་དར་ཅིག་རང་གསལ་ཙམ་དུ་འདུག་པའམ། འགྱུ་དྲན་སྣ་ཚོགས་སུ་ཤར་བར་མཐར་ཐུག་ཏུ་འདོད་ན། །སེམས་ཀློང་ཁ་འབྱམས་གཞི་བྲལ་ལ་གདིང་འཆའ་བ་དང་འདྲ་བས་ད་དུང་རིག་པ་མངོན་སུམ་དུ་མ་མཐོང་། ཡང་སྟོང་པའི་ཕྱོགས་ནས་བྱུང་ཟེར་ན། མཁན་པོ་མཐོང་བས་

(༣༢༢)དབྱིབས་དང་། ཁ་དོག །རྟགས་མཚན། ཆེ་ཆུང་ཕྱོགས་ཆ་ལ་སོགས་པའང་ངེས་པར་ཡོད་དགོས་པས་དེའི་རང་བཞིན་བརྟག་དགོས་ཏེ། དེ་ལྟར་བརྟགས་པས་འཚོལ་ས་དང་འཚོལ་མཁན་དུ་སྣང་བའི་གཟུང་འཛིན་ཡུལ་མེད་རྟེན་བྲལ་སྨྲ་བསམ་བརྗོད་མེད་ཁས་ལེན་ཐམས་ཅད་དང་བྲལ་བའི་ངང་དུ་ཧ་ཕྱད་ད་ལུས་ན། གཞི་མེད་རྩ་བྲལ་ཆོས་སྐུ་སྐྱེ་བ་མེད་པའི་དོན་ཁོང་དུ་ཆུད་པ་ནི། དབུ་མ་ཐལ་འགྱུར་ལས། ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པའི་ཐོག་ཏུ་སླེབ་ཅིང་སླེབ་ཚུལ་ཡང་དིང་སང་གྲུབ་པའི་མཐའ་འདི་ཉིད་འཛིན་པར་རློམ་པ་རྣམས་ལྟར་ཡིད་དཔྱོད་ཀྱི་བློས་བཞག་པ་མ་ཡིན་པར་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཉིད་ཀྱི་དོན་མཐོང་བས་སླེབ་པ་ཡིན་ཞེས་བདག་ཉིད་སྨྲའོ། །གཉིས་པ་གནས་ས་གནས་མཁན་ལ་བརྟག་པ་ནི། སེམས་འདི་ད་ལྟ་ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། དེ་དག་གི་ཕྱི་ནང་སྟོད་སྨད་མགོ་མཇུག་ལ་སོགས་པར་གང་དུ་གནས་བརྟགས་པས་གནས་ས་མཐོང་ན་དེའི་དབྱིབས་དང་ཁ་དོག་བྱེད་ལས་ལ་སོགས་པའི་རྟོག་དཔྱོད་དང་དྲི་བརྩད་ཀྱི་རྫུན་ཕུགས་གཏིབ་ཅིང་།

(༣༢༣)ཕྱི་ནང་གང་དུའང་མ་མཐོང་ནས་གནས་མཁན་གྱི་ཐོག་ཏུ་དཔྱད་པའི་ཚེ་ཀུན་གཞིའི་རྣམ་ཤེས་རང་གསལ་ཙམ་བདེན་གྲུབ་ཏུ་ཤར་ནའང་སེམས་ཙམ་རྣམ་རྫུན་པར་ཉེ་ལ། འདིར་སེམས་ལ་རྒྱུ་མཚན་མེད་པས་ཆུ་ལ་ཡི་གེ་བྲིས་པའི་ཚེ་འདས་ན་རྗེས་མེད་དུ་ཞིག་པའམ། གྲུ་རྡིབ་པའི་ཚེ་ཆུ་ལ་འཇུས་བ་ལྟར་གནས་ས་བཙལ་བའི་མོད་ལ་འཚོལ་མཁན་རང་ཞིག་པས་གནས་བྱེད་ཀྱི་མཁན་པོ་ངོས་བཟུང་དང་བྲལ་བར་གཏན་ལ་ཕེབས་པ་ནི་ལོངས་སྐུ་འགག་པ་མེད་པའི་དོན་ཁོང་དུ་ཆུད་པ་ཡིན་ནོ། །ད་ལྟར་བའི་སྐབས་ན་ཚེར་མས་བཏབ་པ་ལ་སོགས་སྒོ་གསུམ་གྱི་སྟེང་དུ་ཚོར་བའི་ཉེར་ལེན་ལས་མྱོང་རེག་གི་མཆན་མ་གང་དང་གང་དུ་ཤར་བ་དེ་དང་དེར་ཡོད་པ་ལྟར་སྣང་བ་ནི། །འདུ་བྱེད་ཀྱི་ཕུང་པོས་རྒྱུ་བྱས། ཕྲལ་བྱུང་གི་རྣམ་པར་རྟོག་པས་རྐྱེན་བྱས། གཟུང་བའི་ཡུལ་ལ་འཛིན་པའི་སེམས་ཆགས་པས་བདག་པོའི་འབྲས་བུར་སྨིན་པ་སྟེ། གཟུང་འཛིན་ཡུལ་སྟོངས་ཏེ་ཆོས་ཉིད་ཟད་སར་འཁྱོལ་བའི་ཚེ་གཤེད་མ་བརྒྱས་བསྐོར་ཡང་ཉམ་ང་བ་དང་བག་ཚ་བ་མེད་པའི་གོ་དོན་ཡང་འདིས་ལྷོངས་པ་ཡིན་ནོ། །

(༣༢༤)གསུམ་པ་འགྲོ་ས་འགྲོ་མཁན་ལ་བརྟག་པ་ནི། ཕྱི་ནང་སྣོད་བཅུད། སྣང་སྟོང་ཡོད་མེད་ལ་སོགས་གང་གི་ཕྱོགས་སུ་ཡང་འགྲོ་བའི་ཡུལ་བརྟགས་པས་འགྲོ་ས་མ་རྙེད་པས་འབྲས་བུ་ལ་རེ་དོགས་སུ་འཛིན་པའི་བློ་ལྡོག །གལ་ཏེ་རྙེད་ན་འགྲོ་མཁན་གྱི་བྱད་བཞིན་ལ་སོགས་པའི་མཚན་ཉིད་ཀྱང་ཤེས་དགོས་པས་བརྟགས་པའི་ཚེ་དེ་ལྟར་མི་འདུག་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཡིད་ཆེས། དེ་ལྟར་འགྲོ་ས་མེད་པས་ཡུལ་སྣང་སེམས་ཀྱིས་བཟོས་པར་ཐག་ཆོད། འགྲོ་མཁན་མེད་པས་ཡུལ་ཅན་རང་བཞིན་མེད་པའི་གདིང་རྙེད། དེའི་ཚེ་རིག་སྟོང་འགྲོ་འོང་མེད་པ་སྤྲུལ་པའི་སྐུར་གཏན་ལ་ཕེབས་ཤིང་། འདི་ལྟར་བྱུང་གནས་འགྲོ་གསུམ་ཐུན་མོངས་མ་ཡིན་པའི་ཁོངས་སུ་སེམས་ཀྱི་ཁང་བུ་རྡིབ་པའི་མན་ངག་ཀྱང་ཚང་བས་ཁྱད་པར་འཕགས་པའི་མྱུར་ལམ་ཡིན་ནོ། །དེ་ལྟར་སེམས་ཀྱི་སྔོན་འགྲོའི་སྤྱོད་པ་བྱས་པས་ཐུན་མོང་དུ་སེམས་ཀྱི་སྡིག་སྒྲིབ་འདག་ཅིང་བར་ཆད་ཞི། མངོན་ཞེན་ལྡོག །ཁྱད་པར་དུ་འཁོར་འདས་རུ་ཤན་ཕྱེད་བས་སེམས་ཀྱི་མཚན་ཉིད་རིག་སྟོང་ཡེ་ཤེས་སུ་གྲོལ། མཐར་ཐུག་སངས་

(༣༢༥)རྒྱས་ཀུན་དང་གཉིས་སུ་མེད་པའི་ཐུགས་རྡོ་རྗེ་གདོད་མའི་གཞི་ཐོག་ཏུ་ཕྱིན་པར་བྱེད་དོ།། །།གཉིས་པ་ལ་གཉིས། རྣལ་དུ་དབབ་པ་དང་། སོར་གཞུག་པའོ། །དང་པོ་ནི། ཐལ་འགྱུར་ལས། འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །ཞེས་ཁྱད་པར་ཅན་གྱི་སྔོན་འགྲོའི་སྤྱོད་པ་དེ་རྣམས་ཀྱི་ཁམས་དང་འབྱུང་བ་འཁྲུགས་པར་གྱུར་པ་རྣལ་མ་མ་བཅོས་པའི་གཤིས་སུ་གཏན་ལ་དབབ་པའི་ཕྱིར། ལུས་ཀྱི་གནད་བཟང་ངན་བླང་དོར་ལས་འདས་པ་དུར་ཁྲོད་ཀྱི་མི་རོ་བཞིན་དུ་ཅི་བདེར་བཞག །ངག་སྨྲ་བརྗོད་དང་བྲལ་བའི་གཤིས་ལ་དབུགས་ཀྱི་འགྲོ་འོང་ཙམ་ཡང་དལ་བར་བསླབ། ཡིད་དྲན་རྟོག་རྣམ་གཡེང་ལས་གྲོལ་བ་སྤྲིན་དེངས་པའི་ནམ་མཁའ་ལྟར་འཇོག་པ་སྟེ། བྱ་བ་དང་བྱེད་པ་མེད་པའི་རྣལ་འབྱོར་དང་ལྡན་པས་རྣལ་དུ་དབབ་པ་ལ་ཞག་ཉི་ཤུ་རྩ་གཅིག་གམ། བདུན་ནམ་གསུམ་ལ་སོགས་པ་བྱ་སྟེ། དགོས་པ་ནི་ཀློང་གསལ་ལས། འདི་ལྟར་རྣལ་དུ་སུས་ཕབ་པ། །འབྱུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །ཞེས་སོ། །

(༣༢༦)གཉིས་པ་སོར་གཞུག་པ་ནི། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །དེས་ནི་གསུམ་པོ་སོར་ཆུད་ནས། །ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། །ཞེས་དང་པོ་ཉན་ཐོས་ཀྱི་ལྟ་སྟངས་རྣམ་སྣང་ཆོས་བདུན་དང་ལྡན་པས་བྱུང་ཚོར་གྱི་རྟོག་པ་ལ་བཟོ་མི་འཆོས་པ་ཉིད་དུ་གཞག་གོ། །གཉིས་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས་མིག་གཉའ་ཤིང་གང་ཙམ་དུ་རྟེན་མེད་དུ་བཞག །གསུམ་པ་ཁྲོ་བོའི་ལྟ་སྟངས་རྐང་པ་གྱད་ཀྱི་དོར་སྟབས་སུ་བགྲད། མིག་སྡང་མིག་ཏུ་གཡོ་ཞིང་བར་སྣང་ལ་བལྟ། ངག་ཧ་ཧ་ཞེས་ཁྲོ་བོའི་གད་མོ་དང་། ཧི་ཧི་ཞེས་ཁྲོ་མོའི་རྒྱང་གླུ་བརྗོད་པའི་ངང་ནས་སྣང་བའི་རྫུན་ཕུགས་གཏིབ་པའི་རྟུལ་ཞུགས་ལ་རྩལ་སྦྱང་ངོ་། །དགོས་པ་ནི་ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕབས། །བོ་དྷི་སཏྭའི་ལྟ་སྟངས་ཀྱིས། །རྣལ་ཕེབས་བདེ་བ་ཉིད་ཐོབ་འགྱུར། །ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། །ཅེས་སོ། །ཡི་གེ་རྙིང་བདག་ལ་རྣམ་སྣང་ཆོས་བདུན་ལས་ཐ་དད་པའི་མིག་སྣ་རྩེར་གཏོད་བ་དང་། བྱང་སེམས་

(༣༢༧)ལྟ་སྟངས་ཞི་བར་མི་གནས་པ་སོགས་སྣང་བ་ཧོལ་རྒྱུགས་སོ།། །།གཉིས་པ་དངོས་གཞིའི་ཁྲིད་ཚུལ་ལ་གཉིས་ལས། དང་པོ་སྐུ་བཞིའི་ས་བོན་འདེབས་ཤིང་མྱུར་ལམ་སྒོམ་པའི་སྣོད་དུ་བསྒྲུབ་ཕྱིར་དབང་གི་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་སྨིན་པར་བྱེད་པའི་བྱ་བ་རྣམས་གནས་སྐབས་འདི་ཉིད་དུ་དོན་གྱིས་ཐོབ་པ་ཡིན་ལ། ཁྲིད་ཀྱི་བྱ་བ་མཐར་ཕྱིན་ནས་དབང་བསྐུར་བ་སོགས་དོན་ལ་མི་གནས་ཤིང་། རྒྱུད་དོན་གཟིགས་པའི་སྤྱན་སྔར་ཡང་མི་མཛེས་པ་ཉིད་དོ། །གཉིས་པའང་དེས་ཚིག་གི་གོ་ནས་རྡོ་རྗེ་སྙིང་པོ་བླ་ན་མེད་པའི་ཐེག་པ་འདི་འབྲས་བུ་ལམ་དུ་བྱེད་པ་སངས་རྒྱས་པའི་ལམ་ཐམས་ཅད་ཀྱི་དངོས་གཞི་ཡིན་པའི་རྒྱུ་མཚན་དང་། འབྲས་བུའི་ངོ་བོ་རིག་ཐོག་ཏུ་ངོ་སྤྲད་པའོ། །དང་པོ་ནི། གཞི་ཡིན་ལ་དངོས་མ་ཡིན་པ་ལྷ་ཁང་མཐོང་ཡང་རྟེན་གསུམ་མ་མཐོང་བ་ལྟ་བུ་ཟབ་གསལ་དང་། སྣང་སྟོང་ལ་སོགས་པ་གཅིག་ལ་གཅིག་འབྲེལ་གྱི་ཚིག་ཙམ་ལ་ལྟ་སྒོམ་ཡིན་པར་ཡིད་བརྟན་འཆའ་བའང་མ་ཡིན། དངོས་ཡིན་ལ་གཞི་མ་ཡིན་བརྟེན་གསུམ་མཐོང་ཡང་མཚན་ཉིད་གཏན་ལ་མ་ཕེབས་པ་

(༣༢༨)མུ་བཞིའམ། མཐའ་བརྒྱད་སྤྲོས་བྲལ་རྟོག་དཔྱོད་ཀྱི་གོ་ཡང་མྱོང་ཐོག་ཏུ་མ་ཆགས་པའི་པྲ་ཡས་པ་ཡང་མ་ཡིན། དངོས་དང་གཞི་གཉིས་ཀ་མ་ཡིན་པ་འཕྲུལ་སྣང་དང་ཤཱཀྱ་མུ་ནེ་གང་ཡང་མ་མཐོང་བ་ལྟ་བུ་ཆོས་ཐམས་ཅད་རང་བཞིན་མེད་དོ་ཞེས་ཡིད་དཔྱོད་ཙམ་གྱིས་ལམ་དུ་བྱེད་པ་ལས་རང་བཞིན་མེད་པའི་ངོ་བོ་བཅར་ཕོག་ཏུ་ངོ་མ་འཕྲོད་པས་འཆི་ཁར་ཐ་མལ་དུ་ལུས་པའི་གྲུབ་པའི་མཐའ་མ་ཡིན་པར། འདི་རང་བཞིན་རྫོགས་པ་ཆེན་པོ་སྙིང་ཐིག་གི་ལྟ་བ་དངོས་དང་གཞི་གཉིས་ཀ་ཡིན་པའི་ངོ་བོ་རྟེན་དང་བརྟེན་པའི་གནས་ཚུལ་ཇི་བཞིན་པ་གཏན་ལ་ཕེབས་པ་དང་འདྲ་བ་ལྟ་སྒོམ་ཡིན་སྙམ་ལ་རག་མ་ལུས་པར་རང་གྲོལ་མངོན་སུམ་པར་སྟོན་པའོ། །གཉིས་པ་ལ་གཉིས། དབང་པོ་རྣོན་པོ་སྒོམ་དུ་མེད་ཀྱང་ལ་བཟླ་བས་གྲོལ་བ་ཁྲེགས་ཆོད་ཀྱི་གདམས་པ་དང་། །བརྩོན་འགྲུས་ཆེན་པོས་ཐོད་རྒལ་དུ་སྒོམ་པས་སྐུ་གསུམ་ལམ་སྣང་ལ་གྲོལ་ཏེ་ཕུང་པོ་ལྷག་མེད་དུ་མྱ་ངན་འདའ་ཚུལ་ལོ།། །།དང་པོ་ལའང་དབང་པོའི་ཁྱད་པར་གྱི་ངོ་སྤྲོད་ལུགས་གཉིས་ལས། དང་པོ་ཐུན་མོང་བ་ནི། དད་པ་དང་ལྡན་པས་སྙིང་ཐིག་གི་

(༣༢༩)གདུལ་བྱ་ཡིན་ཡང་རྣམ་པར་ཤེས་པ་ལྐོག་ཏུ་གྱུར་པའི་རིགས་ཅན་རྣམས་ལ་ནི་ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ། སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བས་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས་རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་པ་དེ་ཁོ་ན་ཆོས་སྐུའོ་ཞེས་པ་ལྟར། སྣང་བ་སེམས་ཀྱིས་བཟོས་པར་ངོ་སྤྲད་པས་བདེན་འཛིན་རང་རྒྱུད་པ་ལྡོག །དེ་ལྟར་བཟོ་བྱད་ཀྱི་སེམས་སྟོང་པར་སྤྲད་པས་ཕྱི་ཡུལ་དོན་དུ་ཞེན་པ་སྤོང་། སྟོང་པ་རིག་པར་ངོ་སྤྲད་པས་ཆོས་ཉིད་ཆད་ལྟར་མི་གོལ་བའི་གནད་ཙམ་ལ་ཁ་དྲངས་ཏེ་ཁྲིད་པའོ། །དེ་ནི་སྙིང་ཐིག་གི་དགོངས་པའི་ཕྱོགས་ལ་ཉེ་བ་མ་ཡིན་པར་དག་དོད་གོ་སྟེ་རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་བརྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་གསུངས་པ་སྟེ། གཞན་དུ་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བཏགས་ནས་ལྟ་སྒོམ་

(༣༣༠)དམིགས་གཏད་ཅན་ལམ་དུ་བྱེད་ཅིང་དེ་བཞིན་དུ་ཟུང་འཇུག་གི་ཆོས་སྐད་ཀྱང་ཡོད་པ་གཉིས་གཅིག་ལ་གཅིག་འབྲེལ་གྱི་ཟུང་འཇུག་འཆོས་པ་དང་། འདིར་རྫོགས་པ་ཆེན་པོ་གདོད་ནས་རིག་སྟོང་མཉམ་རྫོགས་ཆེན་པོར་སླར་ཟུང་དུ་འཇུག་རྒྱུ་མེད་པ་ཐ་དད་རིས་མེད་ཆེན་པོའི་ཁྱད་འདུག་པའི་ཕྱིར་རོ། །དེའི་ཕྱིར་ཀུན་མཁྱེན་གྱིས། སྣང་བ་སེམས་སུ་ངོ་སྤྲད་པ་དང་། སེམས་ཉིད་སྟོང་པར་ངོ་སྤྲད་པ་མན་ངག་སྙིང་ཏིག་གི་དགོངས་པ་མ་ཡིན་པར་ཤེས་པར་བྱའོ། །མན་ངག་འགའ་ཞིག་ཏུ། དེ་ལྟར་བྱུང་སྲིད་ན་ཡང་འོག་མ་དྲངས་བ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་བཅད་དོ། །ཞེས་གསུངས་ལ། དེ་ལྟར་སྣང་བ་སེམས་མ་ཡིན་པའི་མངོན་སུམ་ཚད་མ་ནི། གཉིད་དང་། བརྒྱལ་བ་དང་། སྙོམས་འཇུག་རྣམ་གཉིས་དང་། རྟག་ཏུ་འདུ་ཤེས་མེད་པ་སྟེ་སེམས་མེད་པའི་གནས་སྐབས་ལྔར་དབུས་མཐའ་ལས་བཤད་པའི་དུས་ན་སྣང་བ་གང་དུའང་མ་སོང་ཞིང་། མདང་གི་རྨི་ལམ་ན་ནོར་བུ་རྙེད་པའམ་དགའ་མགུར་སྤྱད་པ་ལ་དགའ་བ་དང་བདེན་པར་འཛིན་པ་དེ། སད་དུས་ཅི་ཡང་མེད་པས་དྲན་བསམ་

(༣༣༡)དང་སྣང་བ་དཀར་དམར་གློ་བུར་བའི་རྐྱེན་ལས་བྱུང་བ་ངེས་པའི་ཕྱིར་རོ། །དེང་སང་རྫོགས་པ་ཆེན་པོའི་བསྟན་པ་ཉམས་དམས་པས་ངོ་སྤྲོད་འདི་ཁོ་ནར་ཡིད་བརྟན་འཆའ་བ་མང་བའི་ཕྱིར་འདིར་ལམ་ཐད་དྲང་དུ་བསྟན་པ་ལ་རང་ཤར་ལས། སེང་གེས་རང་སྐད་བཏོན་པས་གཅན་གཟན་ཐམས་ཅད་བརྒྱལ་ཞིང་སྐྲག །རྫོགས་ཆེན་རང་སྐད་སྨྲས་པས་ཐེག་དམན་ཐམས་ཅད་བརྒྱལ། །ཞེས་པ་ལྟར་རྒྱུ་འབྲས་ངེས་དོན་དུ་སེམས་པའི་སྐལ་མེད་དང་། ཡིད་དཔྱོད་ལ་རྫོགས་ཆེན་རེ་བའི་གང་ཟག་རྣམས་འཁུ་ཞིང་གཤུང་བར་སྲིད་ནའང་ཀུན་མཁྱེན་གྱིས་སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །ཞེས་གདམས་པའི་ཕྱིར་སྤྲོས་ཏེ་བཤད་ནས་ལམ་ལ་བྱི་དོར་བྱས་པ་ཉིད་དོ།། །།གཉིས་པ་ཐུན་མོང་མ་ཡིན་པ་དམུས་ལོང་མིག་ཕྱེད་པ་ལྟར་མངོན་སུམ་བཅར་ཕོག་ཏུ་ངོ་སྤྲད་པ་ནི། སློབ་མ་མི་འགྱུར་རྡོ་རྗེའི་འདུག་སྟངས་བྱེད་དུ་བཅུག་ལ། ཌ*ཌཱ་དྲི*་དང་བཅས་བརྒྱུད་པའི་གསོལ་འདེབས་སྣང་བ་འགྱུར་བའི་དབྱངས་ཀྱིས་བརྗོད་པའི་མཐར། །ཀྱེ་ཁྱེད་ཀྱི་ད་

(༣༣༢)ལྟའི་རིག་པ་འདི་ལ་བཅས་བཅོས་དང་སྤྲོ་བསྡུ་མ་བྱེད་པ་ཐད་ཀར་ཞོག་དང་། དེ་ལ་ཡོད་མེད་དང་ཕྱོགས་ཆ་མ་གྲུབ། སྣང་སྟོང་གི་སྤུ་རིས་མི་ཕྱེད། །རྟག་ཆད་ཀྱི་མཚན་མ་མ་གྲུབ། མ་གྲུབ་པ་འདི་ཀའི་ངང་ལ་ལྟ་སྒོམ་གྱིས་རྩོལ་བས་འབད་མི་དགོས་ཤིང་། བསྡམས་པ་བཀྲོལ་བ་ལྟ་བུ་མ་ཡིན་པའི་ཡེ་གྲོལ་ཆེན་པོ། བློས་མ་བཅོས་པའི་རང་གསལ། རྣམ་རྟོག་གིས་མ་བཟོས་པའི་ཡེ་ཤེས། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་ཉིད། འཇོག་ཏུ་མེད་པའི་མཉམ་བཞག །རྩིས་གདབ་མེད་པའི་རྗེས་ཐོབ། གསལ་བ་ལ་ངོ་བོ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར། ཡེ་བབས་རང་གནས་ཀྱི་དགོངས་པ་འདི་ལྟ་བུ་སེམས་ཅན་ཐམས་ཅད་དང་སྐད་ཅིག་ཀྱང་འབྲལ་མ་མྱོང་བར་ཡོད་ཀྱང་། དེ་ངོ་མ་ཤེས་པས་ཆུ་རང་གྲོལ་དུ་ཡོད་པ་འཁྱགས་པས་བསྡམས་པ་ལྟར་ནང་འཛིན་པའི་སེམས་ཀྱིས་རྒྱུ་བྱས། ཕྱི་གཟུང་བའི་ཡུལ་གྱིས་རྐྱེན་བྱས། འཁོར་བ་མཐའ་མེད་དུ་འཁྱམས་པ་ཡིན་ཏེ། ད་ནི་བླ་མའི་གདམས་ངག་གིས་རིག་པ་སྐད་ཅིག་མའི་མཚང་རིག་པ་ཙམ་ནས་ཡིན་ལུགས་ཀྱི་ཐོག་ཏུ་བཟོ་མི་འཆོས་

(༣༣༣)ཤིང་། འདི་ལས་གང་དུའང་མ་ཡེངས། གང་དུའང་མི་སྒོམ་པར་འཇོག་པ་ནི་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པའི་མཐིལ་ལྷག་གེར་བསྟན་པ་ཡིན་ཏེ། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་དགོངས་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡ་བཞག་གདིང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་དང་། རིན་པོ་ཆེ་སྤུངས་པ་ལས། །གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པ་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་

(༣༣༤)པོའི་ཡེ་ཤེས་ལ། གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་དང་། ཀུན་བྱེད་ལས། སྔར་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལས་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་སྒོམ་མ་མྱོང་། །རང་སེམས་མི་རྟོག་པ་ཡིས་འགྲུབ་པ་ཡིན། །ད་ལྟར་བཞུགས་དང་སླད་ཀྱི་འབྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་ཐེག་པ་འདིའི་ལུགས་ལ་སེམས་ཀྱི་ངོ་བོ་དང་པོ་ཉིད་ནས་རང་གྲོལ་ཆེན་པོར་ཡོད་པ་ང་ཉིད་ངོ་ཤེས་པ་ལ་རིག་པར་གྲགས་པའི་རྒྱུན་བསྐྱངས་པས། བཙན་ཐབས་ཉིད་དུ་སངས་རྒྱ་བའི་ཕྱིར་ལམ་གཞན་ལས་མྱུར་བ་ཡིན་ནོ་ཞེས་སྤྲོ་བ་བསྐྱེད། ཞར་ལ་དོགས་པ་བསལ་ཞིང་གེགས་སྒྲོལ་བ་ནི། དེ་ལྟར་གནས་ལུགས་རང་གནས་ཆེན་པོའི་རྒྱུན་བསྐྱངས་པའི་ཚེ་རིག་པ་དེའི་ངོ་བོ་སྟོང་པར་འདུག་སྙམ་ན། སྟོང་པར་འདོགས་མཁན་བློ་ཡིན། བློ་ལ་གཏད་སོ་ཡོད། གཏད་སོ་དང་བཅས་པའི་བསམ་གཏན་གྱིས་སངས་མི་རྒྱ་བའི་ཚུལ། སེང་གེ་རྩལ་རྫོགས་ལས། བསམ་གཏན་

(༣༣༥)བསྒོམས་པས་ཆོས་ཉིད་དོན་མི་མཐོང་། །རང་སྣང་ཏིང་འཛིན་བསམ་པའི་ཕྱོགས་དང་བྲལ། །སྤྲོས་བྲལ་ཆོས་ཉིད་ནམ་མཁའི་མཐའ་དང་མཉམ། དམིགས་པ་དག་གི་ཡུལ་ལ་འཛིན་རྟོག་མེད། །མཐའ་བཞི་བྲལ་བའི་སངས་རྒྱས་རང་རིག་ཡིན། །ཡོད་མེད་མཐའ་ལས་འདས་པ་ཆོས་ཀྱི་སྐུ། །ཞེས་སྟོང་ཉིད་ལ་དེར་འཛིན་གྱི་སྒྲིབ་བྱེད་མཐའ་གྲོལ་ཆེན་པོར་སྤང་ཐབས་བཤད་པ་ཡིན་ནོ། །ཡང་ཡོད་མེད་མཐའ་ལས་འདས་པའི་ངོ་བོའི་བཞུགས་ཚུལ་འདི་ལྟ་བུ་ཞིག་གོ་སྙམ་པའི་ངང་དུ་གདིང་འཆའ་ནའང་དེ་ཀ་ངེས་ཤེས་ཀྱིས་བཅིངས་པའི་རང་སའི་སྒྲིབ་པ་རྔམ་པོ་ཆེ་ཡིན་ཏེ། ཁྱུང་ཆེན་ལས། མུ་མཐའ་མེད་པར་རྩོལ་བ་གང་ཡིན་པ། །བྱ་ལོང་ནམ་མཁའི་མཐའ་འཚོལ་འདྲ་སྟེ་རྙེད་པ་མིན། །མི་རྙེད་དོན་འདི་ཉིད་ལ་སུས་ཀྱང་བཅོས་སུ་མེད། །ཤེས་བྱ་སྤྲོས་མེད་འདི་ལ་མཐའ་མ་མི་སྲིད་དོ། །ཞེས་བཤད་དོ། །དེ་བཞིན་དུ་རྟོག་པར་ཤར་ནས་དགེ་མི་དགེ་གཟུགས་སྣང་ལ་སོགས་པ་དབང་པོ་དྲུག་གི་ཡུལ་གང་དུ་ཤར་ཡང་དེ་ལ་ཆེད་དུ་འཛིན་པ་མ་ཡིན་མོད་ཀྱི། ཡིད་

(༣༣༦)དཔྱོད་ཐེག་པ་ལྟར་སྟོང་ཉིད་མེད་དགག་དང་མ་ཡིན་དགག་ལ་སོགས་པའི་བློའི་ཆོས་ཀྱི་ཡུལ་སྣང་ཆེད་དུ་བཀག་པ་ཙམ་གྱིས་སངས་མི་རྒྱ་བའི་ཚུལ་ཀུན་བྱེད་ལས། ཀུན་བྱེད་རྒྱལ་པོས་བྱས་པ་མི་ཆ་བར། །དབང་པོ་དྲུག་ལ་ཡུལ་དྲུག་སྣང་བ་ལས། །སྡུག་བསྔལ་མཐོང་ནས་དབང་པོ་འགེགས་པར་བྱེད། །དེས་ནི་ཀུན་བྱེད་བྱས་པ་མི་ཆ་བས། །སྐྱེ་འགག་བྲལ་བའི་འབྲས་བུ་དེ་ལ་མེད། །ཅེས་སོ། །དེ་ལྟ་ན་སྣང་བ་དང་སྣང་ཡུལ་མ་ཕྱེད་པ་སེམས་ཙམ་རྣམ་བདེན་དྲི་བཅས་སུ་ཉེ་བ་མ་ཡིན་ནམ་ཅེ་ན། དཔེར་ན་རི་མཐོང་བའི་སྐད་ཅིག་མ་དང་པོར་རིའོ་སྙམ་པ་ནི་སོ་སྐྱེའི་ལམ་ལ་མི་སྐྱེ་བའི་དབར་མེད་ཀྱང་། སྐད་ཅིག་མ་གཉིས་པར་རིའི་རང་བཞིན་ལ་དཔྱོད་པའི་སེམས་དང་སེམས་བྱུང་གི་རྩལ་རྫོགས་པས་རིའི་རྣམ་རྟོག་རང་ཡལ་རྗེས་མེད་དུ་སོང་ལ། དེའི་ཚེ་རིའི་སྣང་ཆ་མ་འགགས་ཀྱང་དེར་འཛིན་མེད་པའི་ཆོས་ཉིད་ལ་གནས་པ་ཉིད་གོམས་པར་གྱུར་པ་ལ་ཤར་གྲོལ་དུས་མཉམ་དུ་དག་ནས་སྣང་སེམས་འདྲེས་པ་རང་བཞིན་རྫོགས་པ་ཆེན་པོའི་ལམ་མ་ནོར་བ་སྟེ་རིག་འཛིན་དགའ་རབ་རྡོ་རྗེས།

(༣༣༧)ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། །གྲོལ་བའི་དུས་ན་མཉམ་གྲོལ་བཟང་ངན་མེད། །ཅེས་སོ། །དེའི་ཕྱིར་ཁམས་ཀྱི་དྲི་མ་བླང་དོར་གྱི་ངལ་དུབ་དང་བཅས་པས་སྦྱང་བར་མི་ལྟོས་ཤིང་། བསྲུང་ཉམས་ཀྱི་འདུ་ཤེས་དམ་པོས་དཀྲིས་པ་ཟག་པ་དང་བཅས་པའི་ཚུལ་ཁྲིམས་ལས་ཆེས་འཕགས་པ། །འདིར་རང་བཞིན་ཐེག་མཆོག་རྒྱལ་པོའི་དགོངས་པ་ཐིག་ལེ་ཉག་གཅིག་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཐབས་སྤྱོད་པའི་ཕྱོགས་དང་། ཤེས་རབ་ཏིང་ངེ་འཛིན་གྱི་ཕྱོགས་ཐམས་ཅད་དྲན་མཆོག་རྒྱལ་པོ་རིག་པའི་ཆོས་ཉིད་ལ་ཚང་སྟེ་ཁྱད་པར་གྱིས་ཞུས་པའི་མདོ་ལས། མི་འཛིན་པ་ནི་སྦྱིན་པ། མི་གནས་པ་ཚུལ་ཁྲིམས། མི་བསྲུངས་བ་བཟོད་པ། མི་བརྩོན་པ་བརྩོན་འགྲུས། མི་སེམས་པ་བསམ་གཏན། མི་དམིགས་པ་ཤེས་རབ་བོ། །ཞེས་པའི་ལུང་གིས་རྒྱབ་བསྐྱོར་ན་མཁས་པ་ལ་མཛེས་ཤིང་རྨོངས་པ་མིག་བྱེ་བར་འགྱུར་རོ། །དེ་ལྟ་བུའི་ཆོས་ཉིད་ཅོག་བཞག་རྣམ་པ་བཞིའི་ལྷུམས་སུ་འཇུག་ཚུལ་ཡང་སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་

(༣༣༨)མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་འདྲེས་པའོ། །ཞེས་ལྟ་བ་རི་བོ་ཅོག་བཞག་གིས་ཡིན་ལུགས་བསམ་ངོ་བྲལ་བར་ངོ་སྤྲད་པས་རིག་པ་རང་གསལ་ཆེན་པོ་ལ་བློས་འཛིན་རྩོལ་དང་ཆེད་དུ་སྒོམ་པའི་གཉེན་པོ་མ་ཞུགས་པར་རྒྱ་ཡན་འཕོ་འགྱུར་མེད་པར་གཞག །སྒོམ་པ་རྒྱ་མཚོ་ཅོག་བཞག་གིས་ལུས་སྐྱིལ་མོ་ཀྲུང་དང་བཅས་པས་མིག་བར་སྣང་ལ་ཧ་རེ་གཏད་དེ་ཚོགས་དྲུག་གི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་སྐྱེད་པར་རྒྱ་མཚོ་རླབས་ཀྱི་མ་བསྐྱོད་པ་ལྟ་བུའི་ངང་ནས་ཤེས་པ་དངས་སངས་ཕྱེད་དུ་གཞུ །སྤྱོད་པ་མན་ངག་ཅོག་བཞག་གིས་སྒོ་གསུམ་ཐོག་བབས་སུ་ཀློད་ལ་ལྟ་སྒོམ་གྱི་ཤུབས་ནས་དོན་པའི་ཡེ་ཤེས་རང་གསལ་རྗེན་པ་བཅར་ཕོག་ཏུ་བསྐྱང་། འབྲས་བུ་མ་བཅོས་ཅོག་བཞག་གིས་ཡུལ་ལྔ་རང་བབས་སུ་བཞག་པས་ནང་དུ་རང་གསལ་རྗེན་པ་ལྷག་གེར་ཤར་ཏེ་རླུང་ལྔ་དབྱིངས་སུ་འཆིང་ནས། ཕྱི་རོལ་དུ་བ་དང་། །སྨིག་རྒྱུ་

(༣༣༩)དང་། འཇའ་ཚོན་ལ་སོགས་པ་རང་སྣང་དག་པའི་འོད་གསལ་ཀྱང་ཐུན་མོང་གི་གསང་བ་དང་མཐུན་པར་འཆར་རོ། །མདོར་ན་གཤིས་ལ་བྱ་བ་དང་བྲལ་བས་སྒོ་གསུམ་རང་བབས་ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་འགག་བསྡམ་པའི་ཚུལ་རང་བཞིན་རྫོགས་པ་ཆེན་པོ་གནད་ཀྱིས་ཆེ་བ་རྡོ་རྗེའི་གད་མོ་ཆེན་མོ་བཅུ་གཉིས་དང་། རྣམ་ཤེས་ཚོགས་བརྒྱད་དག་པར་བྱེད་པའི་ཚིག་ཆེན་པོ་བརྒྱད་ཀྱིས་གཏན་ལ་དབབ་པའི་དོན་ཐད་ཀའི་ཤེས་པ་རྒྱུ་འབྲས་སྤང་བླང་ལས་འདས་པ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལམ་དུ་འཁྱེར་རོ། །དེ་ལྟ་ནའང་ཁོ་བོའི་རིགས་བདག་ཆེན་པོ་ཀུན་མཁྱེན་ངག་གི་དབང་པོས། གཤིས་དེར་ཕེབས་པའི་རྣལ་འབྱོར་པ་ཆེན་པོ་རྣམས་ལ་རྒྱུ་འབྲས་དགེ་སྡིག་མེད་པ་ཐད་དྲང་དུ་བཤད་དེ་པདྨ་དང་། བི་མ་ལ་དང་། ཏེ་ལོ་པ་ལ་སོགས་པ་བཞིན་ནོ། །རང་ཅག་རྣམས་ལ་བློས་དེ་ལྟར་རྟོགས་ཀྱང་གོམས་པས་ཐོག་དུ་མ་ཕེབས་པས། གཤིས་ལ་མི་སྐྲག་ཅིང་ལས་འབྲས་ཆ་ཕྲ་བ་ལ་འཛེམ་པ་དང་སྦྱར་ནས་བཤད་དོ། །ཞེས་གསུངས་པའི་ཕྱིར་བློ་དམན་

(༣༤༠)རྣམས་ལ་བདེན་པ་གཉིས་ཀྱིས་ཕྱེ་ནས་བཤད་པས་གདོད་རྟོགས་པར་འགྱུར་གྱི། དེའི་ཚུལ་ནི་དབང་པོ་རྟུལ་པོ་རྣམས་ཉོན་མོངས་གང་སྐྱེས་ངོས་བཟུང་སྟེ་རང་སར་བཞག་པས་ཉོན་མོངས་པའི་ངོ་བོ་ཡུལ་མེད་རྩ་བྲལ་དུ་སོང་བའི་འགྱུ་བ་གནས་དག་གི་དགོངས་པ་བསྐྱང་ཞིང་རྩལ་སྦྱང་ངོ་། །བློ་ཆེ་བ་རྣམས་ནི་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་ཉོན་མོངས་པ་དང་རྣམ་རྟོག་གང་སྐྱེས་ཀྱང་དེའི་རང་བཞིན་ཚུགས་མི་ཐུབ་པར་རྟ་རྔའི་མདུད་པ་རང་གིས་གྲོལ་བ་བཞིན་ཤར་གྲོལ་རིས་མེད་དུ་སངས་པ་ལ་སླར་གཉེན་པོས་གཅུན་མི་དགོས་ཤིང་། སེམས་སྡེ་ལྟར་རྒྱས་མི་འདེབས་ཀློང་སྡེ་ལྟར་དབྱིངས་ལ་མི་གཏོད་པར་རང་བབས་དམིགས་བསམ་ལས་འདས་པ་མན་ངག་སྡེའི་མྱོང་ཐོག་ཏུ་ལ་བཟླ་བར་བྱའོ། །དེ་ཉིད་གོམས་པ་ན་ཀུན་བྱེད་ལས། །མ་བསྒྱུར་མ་སྦྱངས་རིག་པ་ལྷུན་རྫོགས་པ། །ཞེས་པ་ལྟར་རིག་པ་སྦྱངས་བགྲོད་མེད་པའི་ས་ལ་བྱང་ཆུབ་སེམས་དཔའི་ས་བཅུ་དང་། སྔགས་ཕྱི་ནང་གི་བསྐྱེད་རྫོགས་རྩོལ་སྒྲུབ་ཀྱིས་ས་ལམ་སྒོས་སུ་སྦྱོང་མི་དགོས་ཏེ་ཡེ་ཤེས་ཀྱི་ངོ་བོ་གཅིག་ཏུ་བཟླུམས་

(༣༤༡)པའི་ཕྱིར་རོ། །གཉིས་པ་འོད་གསལ་ཆེན་པོ་ཐོད་རྒལ་གྱི་ལམ་བཤད་པ་ལ་གཉིས། ཁྲེགས་ཆོད་ལས་འཕགས་ཚུལ་དང་། ཁྱད་པར་ཅན་གྱི་ལམ་དངོས་བཤད་པའོ། །དང་པོ་ནི། ཀུན་མཁྱེན་ཆེན་པོས་འཕགས་ཚུལ་བདུན་དུ་བཞེད་པ་འདིར་འདོམས་ན། ཁྲེགས་ཆོད་ཀྱིས་ས་རྡོ་རི་བྲག་ལ་སོགས་པ་འཁྲུལ་སྣང་གི་ཡུལ་དག་པར་མི་ནུས་པ་ཐོད་རྒལ་གྱིས་སྣང་བ་འོད་ལྔར་ཕྱེད་པའི་ཁྱད་པར་རིག་པ་ཡེ་ནས་འོད་གསལ་དུ་གསུངས་པ་དེ་ཁྲེགས་ཆོད་ཀྱི་སྟོང་ལ་གསལ་བ་ཙམ་ལས་བལྟར་མེད་དུ་ཐག་གཅོད་པ། ཐོད་རྒལ་དུ་གནད་གཅུན་པས་ཡེ་ཤེས་ཀྱི་མཐོང་ཕྱེ་སྟེ་ཆོས་ཉིད་ཟེར་གདངས་ལ་མཐོང་བའི་ཁྱད་པར། ཁྲེགས་ཆོད་དུ་དབང་པོ་དྲུག་གི་སྒོ་མ་དག་པ་འཁྲུལ་སྣང་ལ་ཞེན་པ་སྤོང་བའི་དངས་འཚོལ་བ་ལ། ཐོད་རྒལ་དུ་དག་པ་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་ཕྱེ་བས་ཕྱི་ནང་ཟང་ཐལ་གྱི་དབང་པོས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་སྒྲོན་མ་བཞིའི་སྣང་བ་ལ་ལོངས་སྤྱོད་པའི་ཁྱད་པར། ཁྲེགས་ཆོད་དུ་རགས་པའི་རྩ་རླུང་ལ་བརྟེན་

(༣༤༢)པས་གེགས་དང་གོལ་ས་ཤིན་ཏུ་མང་ལ། དེ་ལྟར་བརྟེན་ཕྱིན་ཆད་འབྱུང་བའི་སྟོབས་ཆེ་ཆུང་གི་ན་སོ་རྒན་གཞོན་ལའང་ལྟོས་ཤིང་། འདི་ནི་རགས་པ་སྤངས་བྱ་ཡིན་པས་གནད་མི་གཡོ་བ་གསུམ་གྱིས་བཅིང་བ་ཙམ་ལས་དོན་དམ་ཡེ་ཤེས་ཀྱི་རྩ་རླུང་འཛིན་རྩོལ་ལས་འདས་པ་ལམ་དུ་བྱས་པས་རགས་པ་ཐམས་ཅད་ཟད་ནས་ལུས་འོད་གསལ་དུ་གྲོལ་བའི་ཁྱད་པར། ཁྲེགས་ཆོད་ཀྱིས་གལ་ཏེ་སྣང་བ་ཚད་དུ་མ་ཕྱིན་པར་ཕུང་པོ་ལས་གྲོལ་བར་སྲིད་ནའང་། ལུས་རྡུལ་ཕྲན་དུ་དེངས་པ་ཙམ་ལས་འོད་གསལ་དུ་འགྲོ་མི་སྲིད། འོད་གསལ་དུ་མ་སོང་ན་རེས་འགའ་བའི་སྒྱུ་ལུས་དང་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པས་མཐར་ཐུག་གིས་མི་ཆོད་པ་དང་། སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་པོ་ཆེའི་བདག་ཉིད་འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་མི་ཐོབ་པས་རྟེན་དེས་གཞན་དོན་རླབས་པོ་ཆེ་མི་འགྲུབ་པའི་ཚུལ་རྒྱལ་དབང་པདྨ་དང་རྒྱ་བོད་ཀྱི་གྲུབ་ཆེན་གཞན་གྱིས་ཁྱད་པར་ལ་ལྟོས། མདོར་བསྡུ་ན་ཨ་ཏི་ལའང་སེམས་ཀློང་མན་ངག་གི་སྡེ་གསུམ་ལས། སེམས་སྡེ་རང་གསལ་ལ་

(༣༤༣)ཁ་འབྱམས་པ་དང་། ཀློང་སྡེ་གཞི་བྲལ་ལ་གདིང་བྱེད་པ་གཉིས་ཀས་རིག་པ་མངོན་སུམ་དུ་མ་མཐོང་ཞིང་། མན་ངག་སྡེའི་སྐོར་གསུམ་ལ་ཡང་བར་དོར་ལྟོས་འཆའ་བ་ལས་མེད་པ། འདིར་འོད་ལུས་སུ་གྲོལ་བའི་གནད་ཡོད་པས་འཁྲུལ་སྣང་ལ་ལམ་བྱས་ནས་མ་འཁྲུལ་བའི་འབྲས་བུ་འཚོལ་བདག་དང་། འདིའི་ཁྱད་པར་ཤེས་རབ་ཀྱི་མིག་ལྡན་རྣམས་ཀྱིས་རྟོགས་པར་བྱའོ།། །།གཉིས་པ་ལ་བཞི། ཐོད་རྒལ་སྤྱི་ལ་གཅེས་པའི་ཆིངས། གནད་མངོན་དུ་སྟོན་པའི་ལམ། རྟགས་སྣང་བ་བཞིའི་ས་མཚམས། མཐའ་རྟེན་གྱི་མན་ངག་དང་བཅས་པའོ། །དང་པོ་ནི། ཐེག་མཆོག་རྒྱལ་པོ་འདིའི་གནད་ལ་སེམས་དང་ཡེ་ཤེས་གཉིས་སུ་དབྱེ་བ་ལས་སེམས་ཀྱི་རང་བཞིན་ཆོས་ཉིད་ཀྱི་གདངས་སྐྱེས་བུ་འཕྱེའོ་འདྲ་བ་དེ་རླུང་རྟ་རྒོད་ལོང་བ་ལྟ་བུ་དང་འདྲེས་པས་རྣམ་པར་རྟོག་པ་དང་བཅས་པའོ། །དེ་ཡང་གློ་བ་ན་རྩ་གྲོ་སོག་གི་སྦུབས་ཙམ་ཞིག་རླུང་གིས་གང་བ་ལས་དབུགས་ཐམས་ཅད་མཆེད་པའི་རྟེན་བྱེད་ཅིང་། དེ་ལས་རྩ་འདབ་སོ་སོར་གྱེས་པའི་རྩལ་སྒོ་ལྔའི་ཡུལ་ལ་

(༣༤༤)ཤར་ནས་ལས་དང་ཉོན་མོངས་པའི་བྱེད་ལས་ཅན་ཏེ། དུར་ཁྲོད་ཕུང་པོ་རོལ་པར། སེམས་ཀྱི་ངོ་བོ་ཡེ་ཤེས་ཏེ། དེ་ལ་གཟུང་འཛིན་རྩལ་དུ་ཤར། །དབུགས་ལ་རྟ་བྱས་རྐྱེན་དང་ཕྲད། །ཅེས་སོ། །ཡེ་ཤེས་ནི་ཙིཏྟ་ཤའི་སྒྲོན་མ་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱིས་མཚོན་པར་བཞུགས་ཏེ་གནས་ལུགས་གཞིའི་སྒྲོན་མ་ཞེས་བྱའོ། །དེ་སྐད་དུ་ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །ཞེས་འོད་གསལ་གྱི་འཆར་གཞི་ཙམ་དུ་རང་བཞིན་མེད་པར་བཞུགས་པ་ཡིན་ནོ། །དེའི་ཕྱིར་འཇུག་པ་ལས་ཀྱང་། སེམས་འགག་པ་དེ་སྐུ་ཡིས་མངོན་དུ་མཛད། ཅེས་པ་ལྟར། རླུང་སེམས་དེ་དག་པར་བྱེད་པའི་ཐབས་སུ་གསང་སྐོར་མན་ཆད་ཀྱི་ཐེག་པ་གཞན་ལས་རྩོལ་བ་དང་བཅས་པའི་བསྐྱེད་རྫོགས་ཀྱི་ལམ་ལ་བརྟེན་ཀྱང་རྣམ་རྟོག་དང་དེའི་ཉེ་བར་ལེན་པ་བག་ལ་ཞར་ཕྱེད་པ་ཙམ་ལས་བྱར་

(༣༤༥)མེད་ཀྱི་ངང་ནས་འབྱུང་བ་རང་མལ་དུ་དག་པའི་གནད་ཀྱང་མ་རྟོགས་ཤིང་། སྒོའི་གནད་ལ་བརྟེན་ནས་འབྲས་བུ་ལམ་སྣང་དུ་བྱེད་པའི་ཐབས་ལ་རྨོངས་པ་ཡིན་ནོ། །རྒྱུ་མཚན་དེས་ལུས་ངག་ཡིད་གསུམ་གྱི་དགེ་མི་དགེའི་བྱ་བ་ཐམས་ཅད་དགུ་ཕྲུགས་སུ་བཏང་ནས་རླུང་རིག་དལ་བའི་ཐབས་ལ་བསླབ་པ་ནི་གནད་གལ་པོ་ཆེ་ཡིན་ཏེ། ཀློང་གསལ་ལས། ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱི་དགུ་ཕྲུགས་བཏང་། །ཞེས་སོ། །དེ་ལྟར་དུར་ཁྲོད་ཀྱི་མི་རོ་བཞིན་དུ་བསྒུལ་བསྐྱོད་མེད་པའི་ངང་དུ་སྒོ་གསུམ་གྱི་བྱ་བ་བཏང་བའི་རྗེས་ཐོགས་སུ་ཡེ་ཤེས་འཆར་བའི་ལམ་ངོས་ཇི་ལྟར་ཟིན་ན། སྙིང་ནས་མིག་ཏུ་འབྲེལ་བའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཏེ། གསེར་ཕྲེང་ལས། རིན་ཆེན་རྒྱ་མཚོར་འབྲེལ་བའི་རྩ། །དཀར་འཇམ་ཁོག་པ་སྟོང་པ་ནི། །ཐིག་ལེ་ཁྲག་གིས་མ་གོས་པ། །ཡེ་ཤེས་ཆེན་པོ་དེ་ནས་རྒྱུ། །ཞེས་པ་ལྟར་ལུས་དང་པོ་ཆགས་པའི་དུས་ན་ཆུའི་བྱེད་ལས་ཀྱིས་ཆགས་པའི་བསྐྱེད་བྱེད་ཀྱི་རྩའི་མདུད་པ་ན་སྒྲོན་མའི་སྤྱན་དང་། འབྱུང་བའི་སྤྱན་གཉིས་སྔོན་དུ་ཆགས་ནས་འབྱུང་བའི་

(༣༤༦)སྤྱན་ལས་ཕུང་པོར་གྲུབ་ཅིང་། སྒྲོན་མའི་སྤྱན་ལས་ཡེ་ཤེས་ཀྱི་འོད་སྣང་གསལ་བྱེད་མིག་གི་ཨ་འབྲས་ཀྱི་དཀྱིལ་ན་རྩ་བ་མིན་གྱི་རྭ་འདྲ་བ་རྩ་བ་ཕྲ་ཞིང་རྩེ་མོ་ཡངས་པ་གཉིས་ཆགས་ཏེ། དེ་ལ་དཀར་ནག་ཕྱེད་མ་ཆུའི་རང་བཞིན་དངས་ལ་གསལ་བ་བྱུང་བས་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱའོ། །དེ་ཡང་ཞིབ་ཏུ་ཕྱེ་ན་ཀུན་མཁྱེན་གྱིས། འོད་རྩ་དག་པས་ཡེ་ཤེས་ཀྱི་སྣང་བ་འཛིན་ལ། དེའི་རྟེན་གྱི་འཁྲུལ་སྣང་གི་སྣང་བ་མཐོང་བས་རྟེན་དང་བརྟེན་པའི་ཆ་གཉིས་སུ་ཤེས་རབ་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱའོ། །ཞེས་གསུངས་པ་ནི། སྙིང་ཏིག་འདི་ཉིད་ཀྱི་རྒྱུད་ལས་ཀྱང་། སྙིང་ནས་མིག་ཏུ་འབྲེལ་བ་ཡི རང་བྱུང་གསང་བ་ཆེན་པོའི་རྩ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ ཞེས་པའི་དགོངས་པར་ཤིན་ཏུ་འབྱོར་བ་ཡིན་ལ་རང་བྱུང་གི་སྒྲས་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་འོད་རྩ་ཞིག་ཡོད་པ་དེའི་རྟེན་འབྲེལ་ལས་ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདོངས་ལྟ་བུ་ལ་སོགས་པ་སྒྲོན་མ་རྣམ་པ་བཞིར་འཆར་བའི་ཚུལ་རང་ཤར་ལས། སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་

(༣༤༧)མ་དང་། །ཤེས་རབ་རང་བྱུང་སྒྲོན་མ་དང་། །རྒྱང་ཞགས་ཆུའི་སྒྲོན་མ་རྣམས། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་སོ། །རྒྱང་ཞགས་ཀྱི་རྟེན་ཆུང་ངུར་ཡང་རི་དང་ཁང་ཁྱིམ་ལ་སོགས་པ་ཆེན་པོ་རྣམས་སྣང་བ་ནི། །རླུང་གི་ཆའི་ཕྲ་ཞིབ་ལས་བྱུང་བ། དོན་དམ་པར་འབྱུང་བ་བཞི་ལས་རླུང་དང་བཅས་པ་དག་ནས་ཡེ་ཤེས་ཀྱི་རླུང་གི་ཆ་ལས་སྒྲོན་མ་བཞིར་སྨིན་ཅིང་། །དེ་ཉིད་ཀྱི་བརྟེན་པའི་རང་བཞིན་ཅན་སྣང་བ་བཞི་པོའི་རྩལ་རྫོགས་ནས་ཟད་པའི་ས་ལ་བསྐྱལ་ནས་འགག་བསྡམ་པའི་ཚུལ་ཚིག་དོན་རིན་པོ་ཆེར། ཐོད་རྒལ་གྱི་སྣང་བ་དང་པོར་འཆར་དགོས། སྒོམ་དུས་མ་ཞེན་དགོས། ཕྱིས་ཟད་དགོས་ཏེ་རིག་པ་རླུང་དང་སྦྲགས་པས་རང་ས་ཟིན་དགོས་པའི་ཕྱིར་ཏེ། རླུང་གི་ཆ་དག་དགོས། རིག་གདངས་ཀྱི་ཆ་འཕེལ་བ་ལས་སླར་ནང་དབྱིངས་སུ་ཟད་དགོས། འདིའི་དགོངས་པ་རྟོགས་པར་དཀའ་བའི་གནས་ཏེ་ཁོ་བོས་ཀྱང་རིང་མོ་ཞིག་ནས་བླ་མའི་དྲིན་གྱིས་རྟོགས་པ་ཡིན་ནོ། །ཞེས་སོ། །འདིར་རང་བཞིན་རྫོགས་པ་ཆེན་པོའི་འོད་གསལ་

(༣༤༨)གྱི་སྣང་བ་ཁྱད་པར་ཅན་འདི་དག་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལ་སོགས་པའི་རྒྱུད་སྡེ་ཆེན་པོ་མང་ཞིག་ནས་ཀྱང་གབ་པའི་ཚིག་གིས་བསྟན་པ་ལ་ཅེ་རེ་ལོང་དུ་སོང་བའི་མངོན་པའི་ང་རྒྱལ་ཅན་ཁ་ཅིག་རིག་པའི་གཤིས་ལ་མ་གྲུབ་པ་ཅིག་བློས་བཏགས་ནས་ཀུན་འབྱུང་གིས་བསྐྱེད་པའི་ཆོས་སོ་སྙམ་པ་ནི་མུན་སྤྲུལ་ཡིན་ཏེ། ཟླ་བའི་གཤིས་ལ་འཕེལ་འགྲིབ་ཀྱི་མཚན་ཉིད་ཡེ་ནས་གྲུབ་པ་ལྟར། རིག་པའི་གཤིས་ལའང་སྐུ་གསུམ་གྱི་མཚན་ཉིད་གདོད་ནས་གྲུབ་ཏེ། དེ་ལྟར་གྲུབ་ཕྱིན་ཆད་ལོངས་སྐུའི་ཡོན་ཏན་ལམ་གྱི་སྣང་བ་ལ་རྩལ་རྫོགས་པའི་དུས་འདིར་ཡང་མངོན་སུམ་ནས་ཚད་ཕེབས་ཀྱི་བར་ཟླ་བ་ཉ་བའི་དཔེས་མཚོན་ལ། སྟོང་གི་ཟླ་བ་དབྱིངས་སུ་ནུབ་པ་ནི་ཆོས་ཉིད་ཟད་པའི་མཐར་ཐུག་ནས་ཆོས་སྐུ་རང་མལ་ན་ཡོད་པའི་དཔེས་མཚོན་པ་ཡིན་ནོ།། །།གཉིས་པ་ལ་བཞི། སྒོ་གསུམ་གྱི་གནད་སྟོན་པ། གནད་གསུམ་གྱིས་འོད་གསལ་བལྟ་བ། རིག་པའི་རྩལ་དབང་བསྐུར་ནས་རིག་ཐོག་ཏུ་ངོ་སྤྲད་པ། མཐའ་བརྟེན་གྱི་མཇུག་བསྡུ་བའོ། །དང་པོ་ལའང་ནང་གསེས་གསུམ་

(༣༤༩)གྱི་དང་པོ་རྟེན་ལུས་ཀྱི་གནད་མ་གཅུན་ན། རྩ་གནད་དུ་མི་ཆུན། རྩ་གནད་དུ་མ་ཆུན་ན། རླུང་རིག་གཉིས་གནད་དུ་མི་ཆུན། དེ་མ་ཆུན་ན་འོད་གསལ་མངོན་དུ་མི་གསལ་བའི་ཕྱིར་ལུས་ཀྱི་གནད་འདི་ཤིན་ཏུ་གཅེས་ཏེ་མུ་ཏིག་ཕྲེང་བར། ལུས་ཀྱི་གནད་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་རྣམ་པ་གསུམ་དུ་བསྟན་པའི་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། འགྱིང་ཚུགས་ཙོག་བུའི་རྐང་མཐིལ་གཉིས་མདུན་དུ་སྤྲད་པས་གཡོ་བྱེད་ཀྱི་རླུང་ནོན། ལུས་ཀྱི་ཆ་བསྲངས་པས་རླུང་བདེ་ལུགས་སུ་རྒྱུ། མགོ་རྩལ་མཇིང་པ་ལ་བསྐུར་བས་རྣམ་རྟོག་འགག་སྟོབས་ཆེ། ལག་སོར་གཉིས་ནང་དུ་སྒོངས་ཏེ་རྐང་མཐིལ་གཉིས་སྤྲད་པའི་དབུས་སུ་བཙུགས་པས་འབྱུང་བ་ཆ་སྙོམས་པར་བྱེད་དེ། ཀུན་མཁྱེན་གྱིས་ཁ་ཅིག་རྐང་མཐིལ་ས་ལ་ཕབ་ནས་ཙོག་པུར་འདུག་པའི་གཡས་གཡོན་གཉིས་སུ་ལག་པའི་མཐིལ་ས་ལ་འཛུགས་པར་འདོད་དེ། དགོངས་པ་ཅུང་ཟད་མ་ལོན་པར་

(༣༥༠)སྣང་ངོ་། །ཞེས་པ་ལ་དཔྱད་པ་འཇུག་དགོས་སོ། ལོངས་སྐུའི་བཞུགས་སྟངས་གླང་པོ་ཆེ་ཉལ་བ་ལྟ་བུ་ནི། པུས་བྲང་སྦྱར་བས་བདེ་དྲོད་དང་ཁམས་རྒྱས། གྲུ་མོ་གཉིས་ས་ལ་བཙུགས་པས་ཕོ་མོའི་རླུང་མ་ནིང་དུ་ཆ་སྙོམས། ཐལ་མོས་ཨོ་ལ་ཀོ་བརྟེན་པས་རགས་པའི་རླུང་འགག །རྐང་པའི་སོར་མོ་ཕྱིར་འཕུལ་ཏེ་བསྐུམ་པ་ལས་བྱིང་རྒོད་ཆ་སྙོམ་པར་བྱེད་དོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི། ལུས་ཙོག་པུར་འདུག་པས་རྩ་རླུང་ཆ་སྙོམས། རྐང་མཐིལ་ས་ལ་ཕབ་པས་ཆུའི་རྩལ་གནོན། རྒལ་ཚིགས་དྲང་པོར་བསྲངས་པས་རླུང་སེམས་ཆོས་ཉིད་དུ་རྒྱུ། པུས་བྲང་སྦྱར་བས་མེ་རླུང་ཡེ་ཤེས་སུ་འབར། རྒྱུ་ཞབས་ཡིད་ཙམ་འཐེན་ནས་སྒལ་པར་བཅར་བས་རྟོག་པ་རྒྱུན་གཅོད། ལག་པ་རེ་མིག་ལྟར་བསྣོལ་ནས་པུས་མོར་བཀབ་ན་ཚ་བའི་ནད་སེལ། དེ་ལས་མཆན་ཁུང་དུ་རེག་ན་གྲང་བའི་ནད་སེལ། གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག་སྟེ་ལག་སོར་སྒོངས་པས་ལྐོག་མ་བཏེག་ན་ཚ་གྲང་ཆ་སྙོམས་པར་བྱེད་དོ། །དེ་ལྟར་འདུག་སྟངས་

(༣༥༡)རྣམས་གང་ཡང་ཧ་ཅང་བསྡམས་ཤིང་གཅུམ་པ་མ་ཡིན་པར་ཆ་ཆ་ནས་ལྷོད་ཆགས་པས་གེགས་མི་འཇུག་པའི་གནད་གལ་པོ་ཆེ་ཡིན་ནོ། །འདི་ལས་གཞན་དུ་མངོན་པར་བྱང་ཆུབ་དང་མི་འགྱུར་རྡོ་རྗེས་མཚོན་པའི་འདུག་སྟངས་ཤིན་ཏུ་མང་བ་ཞིག་ཡོད་ན་རྒྱུད་ཀྱི་བུར་བགྲངས་པ་དག་གི་དགོངས་པ་ཡིན་པས་སྤྲོས་པ་མེད་པ་རྣམས་ལ་འདི་ཁོ་ནས་ཆོག་གོ། །དེ་ལྟ་བུའི་བཞུགས་སྟངས་ཀྱི་ཡོན་ཏན་ཁྱད་པར་བ་ནི་ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བར་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་སོ། །གཉིས་པ་ངག་གི་གནད་ནི་རྩ་རྒྱུད་ལས། ངག་ནི་བསླབ་

(༣༥༢)དང་གནས་པ་དང་། །ལ་བཟླ་བ་ཉིད་བརྟེན་པར་བྱ། །ཞེས་པས། སྨྲ་བ་མ་བཅད་ན་དེ་ལ་བརྟེན་ནས་རྣམ་རྟོག་འཁྲུག་པ་དང་། རྩོད་པ་དང་བཅས་པ་དང་། །བཀྱལ་པ་ལ་སོགས་ཏེ་རྣམ་པ་བཞིའི་སྒྲིབ་པར་འགྱུར་བས་ན་སྨྲ་བཅད་ལ་རིམ་པས་བསླབ་པར་བྱ་ཞིང་། དེ་ཡང་དག་གི་སྤྲོས་པ་ལ་ཤིན་ཏུ་འཐས་པའི་རིགས་ཅན་འགའ་ཞིག་དང་པོ་ལུང་སྟོངས་ལ་སོགས་པར་སོང་ནས་གང་ལ་ཞེན་པའི་བརྗོད་པ་དེ་ཉིད་ཀུན་སློང་སྣ་ཚོགས་ཀྱིས་སློང་བར་བྱས་ནས་བརྒྱ་སྟོང་བྱེ་བར་བརྗོད་ཅིང་། ཁོ་ཐག་ཆོད་དེ་བརྗོད་སྙིང་མི་འདོད་པར་གྱུར་པ་ན་ཇེ་ཉུང་ལ་བཏང་ནས་མཐར་ཆོས་སྤྱོད་ལ་སོགས་པའི་བརྗོད་པ་ཙམ་ཡང་སྤངས་ཏེ་ལྐུགས་པ་བཞིན་དུ་གནས་པར་བྱས་པས་རླུང་དལ་ཞིང་སྟོངས་པར་འགྱུར་ཏེ། ཀློང་གསལ་ལས། དེ་ལྟར་ངག་གནད་སུས་གཟིར་བ། །ངག་གི་རྐྱེན་ཟད་མྱ་ངན་འདའ། །ཞེས་སོ། །གསུམ་པ་སེམས་ཀྱི་གནད་ནི། ཀློང་གསལ་ལས། སེམས་ཉིད་ཕྱི་ཡི་མཁའ་ལ་གཏད། །ནང་གི་སྒྲོན་མ་མངོན་དུ་སྣང་། །ཞེས་རླུང་གིས་སྦུར་བའི་སེམས་

(༣༥༣)རིག་པའི་སྙིང་པོ་ཅན་དེ་ཉིད་ཕྱིའི་ནམ་མཁའ་ལ་མདུང་ཚུགས་སུ་གཏད་པས་གཡོ་བྱེད་ཀྱི་རླུང་རབ་ཏུ་དལ་བར་གྱུར་ནས་ནང་གི་སྒྲོན་མའི་གདངས་སྟོང་གསལ་འདུས་མ་བྱས་པ་གསལ་དངས་ཕྱེད་པར་ཤར་ནས་དབྱིངས་རིག་ཟུང་དུ་ཆུད་པར་འགྱུར་རོ། །དེ་སྐད་དུ་ཀློང་གསལ་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པར་སྟོང་པ་འཆར། །ཞེས་སོ། །གཉིས་པ་གནད་གསུམ་གྱི་འོད་གསལ་བལྟ་བ་ནི་ཐལ་འགྱུར་ལས། དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་བསྟུན། །ཞེས་པའི་དང་སྒྲས་བཅད་པ་དང་། །གཞན་དུ་ཚིག་ཟིན་དངོས་སུ་བསྟན་པས་གནད་བཞི་དང་གདམ་པ་ཅན་ལ། གནད་གསུམ་གྱི་ཚིག་སྒྲར་བྱུང་བ་ནི། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་དེ་གཉིས་བྱེད་ལས་གཅིག་པའི་སྒོ་ནས་གསུམ་དུ་བསྡུས་པར་བཀྲལ་ཀྱང་མི་འགལ་ལ། དེར་མ་ལྟོས་པའི་སྒྲུབ་ཕྱོགས་གཞན་ཡང་ཡོད་དོ།། །།དེ་ལ་དང་པོ་འཆར་བྱེད་སྒོའི་གནད་ནི། རྩ་

(༣༥༤)རྒྱུད་པས། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། །ཞེས་ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གཟིགས་སྟངས་གྱེན་དུ་ལྡོག་ནས་གཙུག་ཏོར་གྱི་རྣམ་པར་བལྟས་པས་བག་ཆགས་ཐུར་ལ་སེལ་བའི་གནད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་གཟིགས་སྟངས་ཟུར་ལ་གཏད་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་གཟིགས་སྟངས་ཐུར་ལ་ཕབ་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་ཕེབས་པའི་གནད་ཡོད་དོ། །དེ་ལྟ་ནའང་སྒོའི་གནད་དེ་ཙམ་གྱིས་ཟད་པ་ནི་མ་ཡིན་ཏེ་གོ་དོན་གྱི་དབྱིངས་མཇལ་ན། ཕྲེང་བ་ལས། རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང་། །ཞེས་འཕོ་བ་ཡེ་ཤེས་ཀྱི་སྒོས་མཚོན་ཏེ་དབུ་མའི་འོད་རྩ་ལས་ངོ་བོའི་སྟོང་གདངས་འཆར་བ་དང་། གློ་བའི་རྩ་སྦུབས་ནས་ཐུགས་རྗེའི་རིག་གདངས་འཆར་བ་སོགས་ཀྱི་རྣམ་གཞག་ཡོད་པའི་ཕྱིར་ཉི་ཟླ་གཟའ་སྐར་ལས། ཕལ་གྱི་མིག་རྩ་གཉིས་ལ་ལམ་དུ་ངོས་བཟུང་བ་ནི་རྒྱ་ཆུང་བས་མ་གོ་བར་ཟད་དོ། །ཞེས་གསུངས་ལ། འོན་ཀྱང་ད་ལྟའི་

(༣༥༥)ཉམས་ལེན་ལ་སྒོ་གཉིས་པོས་ཆོག་སྟེ། ཙཀྵུ་ཟིམ་བུས་སཱུརྱར་བལྟ། །ཤར་གྱི་རྒྱུ་སྐར་བཞིན་དུ་གསལ། །ཞེས་པས། ཕྱེད་བཙུམས་ཟིམ་བུས་ཉི་མ་ལ་འཁྲུ་གང་ཙམ་གྱིས་མ་རེག་པའི་སར་བལྟ་བ་གནད་ཡིན་ལ། སྒོའི་གནད་འབྱོངས་པའི་རྟགས་སུ་མིག་ཡུལ་ལ་ཇི་ཙམ་བལྟས་ཀྱང་ཚུགས་པ་ཡིན་ནོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། གནས་རྐྱེན་བྲལ་མཐོ་ཞིང་དངས་སངས་ཕྱེད་པ་ནས། དབྱར་མ་སྟོན་དང་དགུན་ཆུང་། དཔྱིད་ལ་སོགས་པ་ཡུལ་ན་བུན་དང་དྲིའི་བཞོན་པ་ལ་སོགས་པའི་རྐྱེན་རྣམས་དང་རབ་ཏུ་བྲལ་བའི་ནམ་མཁའ་ཤིན་ཏུ་དངས་པར་ལས་དང་པོ་པས་ཟེར་གཉིས་དང་སྦྱར་ཞིང་། དབྱིངས་རིག་སྨིན་མཚམས་བྲལ་བ་ནས་སྔ་དྲོ་ཆུ་བདག་དང་། ཕྱི་དྲོ་རྡོ་རྗེ་ཅན་གྱི་ཕྱོགས་ག་ལ་བར་གདོང་རབ་ཏུ་དང་བས་དབང་པོའི་རྐྱེན་བྲལ་ཆུའི་སྒྲོན་མ་ལ་བཞག་པར་བྱ་སྟེ། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཞེས་དང་། སྡུད་པ་ལས། དོན་འདི་གང་ཡིན་ནམ་མཁའ་དག་ལ་བརྟག་པར་བགྱི། །ཞེས་གསུངས་

(༣༥༦)པའི་ཕྱིར་རོ། །གསུམ་པ་རླུང་གི་གནད་ནི། རླུང་ཞེས་བྱ་བ་ནི་གྱ་གྱུ་ཅན་ཏེ། རྣམ་རྟོག་གི་བཞོན་པར་གྱུར་ནས་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡང་བསླུ་བར་འགྱུར་བས་ན་དེའི་རྒྱུ་འགགས་པར་བྱེད་པའི་ཐབས་སུ། སྙིང་ཏིག་པས་རླུང་སྣ་ནས་མི་གཏོང་བར་ཁ་ནས་མཆུ་སོ་གཉིས་བག་ཙམ་མ་རེག་པའི་བར་ནས་ཤིན་ཏུ་དལ་བུས་འབྱུང་འཇུག་བྱད་པ་ཁྱད་ཆོས་ཡིན་ཏེ། ཁྱད་གཞི་ནི་རླུང་སྣ་ནས་འདྲེན་པའི་མན་ངག་རྣམས་ལ་འཁོར་ལོ་བཞིར་སྦྱང་བྱའི་རླུང་སྟོབས་སུ་གྱུར་པའི་གེགས་སྐྱོན་འབྱུང་ཉེ་ལ། འདིར་ཁ་ནས་དྲངས་པས་གློ་བའི་རླུང་འགྲོ་འོང་གི་རྣམ་པ་ཅན་རང་བབས་སུ་དག་པས་གདངས་སྙིང་གར་ཐིམ། སྦྱང་བྱའི་རླུང་རྟོག་མ་སྤངས་རང་སར་དག །འཁོར་ལོ་སོ་སོའི་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་ནས་ཡེ་ཤེས་ཀྱི་རླུང་འོད་གསལ་དུ་གྲོལ་བའི་གནད་ཡོད་ལ། དེ་ཡང་ཤེད་མ་བསྐྱེད་པའི་ངང་ནས་ཡིད་ཙམ་ཕྱིར་གནས་རིང་བར་བྱ་བ་ནི། ཀློང་གསལ་ལས། ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡིད་ཙམ་ཕྱི་རུ་འདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་

(༣༥༧)དབྱིངས་རིག་མི་འགུལ་བའི་གནད་ལ་ཤིན་ཏུ་གཅེས་པ་ཡིན་ནོ།། །།གསུམ་པ་རིག་པའི་གནད་ནི། དེ་ལྟར་བཤད་མ་ཐག་པའི་བཞུགས་སྟངས་དང་གཟིགས་སྟངས་ཀྱི་བྱ་བ་བྱས་ལ། སྒོ་ཡུལ་རླུང་གི་གནད་རྣམ་པ་གསུམ་དུ་བསྟུན་པའི་བྱེད་པ་བྱེད་ཅིང་། བྱ་བ་དགུ་ཕྲུགས་སུ་བཏང་ནས་ཁུར་བོར་བས། སྲིད་པ་ཤིན་ཏུ་རྣམ་པར་གྲོལ་བའི་རྟགས་སུ། ཕྱིའི་དབྱིངས་ནམ་མཁའི་ཀློང་གསལ་ལ་གོ་འབྱེད་པའི་དཀྱིལ་དུ་རིག་པ་ཐིམ་འགྲོ་བ་ལྟ་བུར་གཏད་པས། འོད་གདངས་སྔོ་རིབ་ཤིན་ཏུ་དག་པ་ཞིག་ཐོག་མར་སྣང་ལ། དེ་ལས་སྣང་བ་མཆེད་པའི་ཚུལ་དུ་འོད་ལྔའི་གདངས་ཁ་དོག་ལྔ་པ་ཟ་འོག་ཁ་ཕྱེ་བ་ལྟ་བུར་གསལ་བ་ནི་ནང་གི་དབྱིངས་ཕྱི་རུ་གསལ་བ་ཞེས་བྱ་སྟེ། རྒྱུད་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་དག་ཏུའོ། །ཞེས་སོ། །སྔོན་ཆད་ཕྱི་དབྱིངས་ནང་དབྱིངས་ཀྱི་གནད་འདི་གོ་དོན་ལྷོངས་པ་མ་མཐོང་བས། གུ་རུ་དང་པོའི་སངས་རྒྱས་ཀྱི་ལུང་འདི་བཞག་པར་བྱའོ། །ཁ་ཅིག་ཕྱིའི་ནམ་མཁའ་སྤྲིན་མེད་རྐྱང་

(༣༥༨)པ་དེ་ལ་ངོས་འཛིན་པ་ནི་ཤིན་ཏུ་མི་རིགས་ཏེ། ནམ་མཁའ་སྐྱེས་བུ་དང་། འབྲེལ་པ་མ་གྲུབ་ལ། སྒྲོན་མ་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ། །འདིར་ནང་གི་ནམ་མཁའ་གདངས་སྔོ་བ་དེ་ཕྱིར་ཤར་བ་ལ་ཕྱིའི་དབྱིངས་ཞེས་བྱའོ། །དེས་ན་ནམ་མཁའ་གོ་འབྱེད་འཆར་གཞིའི་ཆ་ཙམ་ལས་དབྱིངས་དངོས་མ་ཡིན་ནོ། །དངོས་ནི་མཐིང་ཁ་ཡིན་ལ། །དབྱིངས་ནང་གི་དབྱིངས་ཏེ། དེ་ལྟར་ན་དབྱིངས་དེ་ལས་སྣང་བ་དེ་བྱུང་བར་སྣང་བས་འདི་གཉིས་ལ་ཕྱི་དབྱིངས་ནང་དབྱིངས་ཞེས་སོ་སོར་བརྗོད་ཀྱང་འཇའ་འོད་ཀྱི་གུར་ཁྱིམ་དུ་མི་གསལ་བ་གསལ་བར་གོ་འཕོས་པ་ཙམ་དུ་ཤེས་པར་བྱའོ། །ནང་ཚུར་ལ་བྱས་ཕྱི་པར་ལ་བྱས་པ་ལྟ་བུ་མ་ཡིན་གྱི། དེ་ལས་དེ་བྱུང་བར་སྣང་བའི་ཕྱི་ནང་དུ་ཤེས་པར་བྱའོ། །ཞེས་སོ། །དེ་ལྟར་ཤེས་པས་དག་པ་དབྱིངས་ཀྱི་སྒྲོན་མའི་ནང་དུ་ལས་ཀྱི་རླུང་དག་པའི་ཆ་ལས་བྱུང་བའི་ཐིག་ལེ་སྟོང་པའི་སྒྲོན་མ། ཀོ་མོའི་ཆུ་ལ་རྡོ་བོར་བའི་རྣམ་པས་མཚོན་པའི་ཐིག་ཟླུམ་འོད་ལྔའི་མུ་ཁྱུད་ཅན་ལ་སོགས་པར་སྣང་ཞིང་། དེར་རྒྱང་ཞག་ས་གཟིགས་སྟངས་ཀྱིས་གཅུན་པས་

(༣༥༩)ནང་གི་རིག་པ་ཤིན་ཏུ་དངས་ལ་ཡུལ་མེད་པ་ཞིག་ཉམས་སུ་མྱོང་བ་དེ་ནི་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་ཡིན་ནོ། །དེ་ལས་ཡུལ་ཤེས་ཀྱི་ཤེས་རབ་རྣོལ་མྱུར་བ་དང་། ཚིག་དོན་ཀློང་རྡོལ་དུ་འཆར་བ་ནི་དེའི་རྩལ་ཡིན་ནོ།། །།དེ་ལས་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་བསྟར་ལ་བརྒྱུས་པའམ། གསེར་གྱི་སྐུད་པ་ལྡིང་བ་ལྟར་སྣང་བ་ལ་ཤེས་རབ་ཀྱི་གདངས་ཞེས་བྱ་སྟེ། །ངོ་བོ་གཅིག་ལ་ལྡོག་པ་གསུམ་གྱིས་དབྱེ་བ་ངོས་ཟིན་དགོས་སོ། །འདི་དག་མ་ཕྱེད་ན། ཀུན་མཁྱེན་གྱིས། །རེས་ཤེས་པ་ལ་ཤེས་རབ་རང་བྱུང་གི་སྒྲོན་མར་བཏགས། རེས་ནང་གདངས་ལ་གཏགས། རེས་ལུ་གུ་རྒྱུད་ལ་བཏགས་པས་མགོ་རྨོངས་པར་ཟད་དོ། །ཞེས་གསུངས་སོ། །དེ་ལྟར་མཐོང་བའི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་དེ་དབྱིངས་དང་ཐིག་ལེའི་ར་བར་བཙུད་ནས་སྒོམ་པ་ནི་རིག་པའི་གནད་ཡིན་ཏེ། ཀློང་གསལ་ལས། རིག་གནད་ལུག་རྒྱུད་བཙོན་དུ་བཟུང་། དངོས་སྣང་དལ་བ་ཉིད་ཀྱིས་བརྟེན། །ཞེས་སོ། །འདི་དག་གི་ཚེ་འོད་སྣང་ལ་སྤུ་རིས་འབྱེད་པའི་དཔྱད་པ་ཤོར་

(༣༦༠)ན། ལུ་གུ་རྒྱུད་དངོས་པོར་གོལ་བའི་གེགས་དང་གོལ་སས་འཆིང་ལ། སྒྲོན་མའི་སྣང་བས་རང་གི་ཆོས་ཉིད་རང་གིས་གསལ་བ་བཞིན་དུ་ཞེན་པ་མེད་པའི་བརྟུལ་ཞུགས་ལ་བསླབ་ཅིང་། དེ་ཡང་མ་གོམས་པར་ལ་སྨིག་རྒྱུ་གཡོ་བ་བཞིན་འགུལ་འཕྲིགས་ཅན་དུ་འཆར་བ་དེ་ཉིད་ལྟ་སྟངས་ཀྱིས་རིམ་པར་ཁྲིད་པ་ལ་གོམས་སུ་བཅུག་པས་ནང་གི་རྩ་ཁམས་རྣམས་འོད་དུ་ཇི་ཙམ་དངས་སྟོབས་ཆེ་བ་དེ་ཙམ་དུ་དབྱིངས་རིག་སྨིན་མཚམས་བྲལ་ནས་ཡུལ་རྐྱེན་ལ་ལྟོས་པ་ཇེ་ཆུང་ལ་སོང་ནས་སྣང་བ་བཞི་པོའི་ཉམས་རིམ་གྱིས་འཕེལ་བར་འགྱུར་ལ། འདི་ནི་ཆུ་བུར་གྱི་མིག་གིས་མཐོང་བ་ཡིན་པའི་ཕྱིར་ཟད་པའི་ས་ལ་བསྐྱོལ་དགོས་སོ། །ཤེས་རབ་ཀྱི་མིག་གིས་མཐོང་ན་གོ་རིམ་གྱི་ངེས་པ་སྤངས་ནས་ཅིག་ཆར་དུ་ཟད་པར་འགྱུར་ཏེ་གང་ཟག་གི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །འོན་ཀྱང་དེ་གཉིས་གང་དུའང་མ་རིག་པའི་རྩ་བཟང་བ་འགའ་ཞིག་ལ་ངེས་པ་མེད་པའི་འཆར་ལུགས་ཡོད་དེ། དེ་དང་དེའི་ལམ་རྟགས་སུ་རློམས་མི་བྱ་སྟེ། དྲོད་གཤེར་གྱི་རྒྱུ་རྐྱེན་གཅིག་

(༣༦༡)ལས་སྲུས་ཤིན་ཏུ་སྔ་བར་སྨིན་པ་ལས་ས་རྫི་ཀར་འགྱུར་བའང་ཡོད་པའི་ཕྱིར་ཚད་མཐའ་རྟེན་གྱིས་མན་ངག་ཁོ་ནས་གཟུང་བ་གཅེས་སོ།། །།གསུམ་པ་ལ་གཉིས། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པ་དང་། གཤིས་ཐོག་ཏུ་རིག་པའི་རྩལ་དབང་བསྐུར་བའོ། །དང་པོ་ནི། །རི་རྩེའམ་ཤིན་ཏུ་དབེན་ཞིང་མངོན་སུམ་གྱི་སྣང་བ་འཆང་བ་དེའི་གནས་དུས་ཕུན་སུམ་ཚོགས་པར་ཚོགས་ཀྱི་འཁོར་ལོ་དང་གཏོར་མས་མཆོད་ཅིང་། བླ་མ་ལ་གསེར་གྱི་མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེབདག་ནི་འཁོར་བ་ལས་བསྒྲལ་ཕྱིར༔ རྡོ་རྗེ་སེམས་དཔའི་གསང་ལམ་ཆེ༔ རིག་པའི་རྩལ་དབང་བསྐུར་དུ་གསོལ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། དཔོན་སློབ་ཐམས་ཅད་འོད་གསལ་གྱི་སྣང་བ་སྒྲིབ་གཡོགས་དང་བྲལ་བའི་བརྡར་སྟོད་གཡོགས་བསལ་ཏེ། བླ་མའི་ཐུགས་ཀར་ཡི་གེ་ཨ་མཐིང་ག་གཅིག་བཀོད་པ་ལ་མིག་མི་འཛུམ་པར་བལྟ་ཞིང་སེམས་མ་ཡེངས་པའི་ངང་དུ་ཞོག་

(༣༦༢)ཅེས་བརྡ་སྤྲད། སློབ་དཔོན་གྱིས་ཌཱ་མ་རུའི་སྒྲ་དང་བཅས་པས་བྱིན་དབབ་པའི་མཐར། ཡིད་ལ་མེད་པ་གཅིག་ཏུ། བླ་མས་ཕཊ་དྲག་པོ་ཞིག་བརྗོད་པའི། དེ་མ་ཐག་པར། སེམས་གང་ཡིན་ཞེས་ལན་གསུམ་རིངས་སྟབས་སུ་བརྗོད་པས། སློབ་མ་ཅི་ཟེར་གཏད་པ་དང་བྲལ་བའི་ཧ་ཕྱད་དེ་ལུས་པའི་ཚེ། །རིག་པ་མ་བཅོས་པ་ལྷག་གེར་ཤར་བ་ནི། མ་མཐོང་བའི་མཐོང་བ་ཆེན་པོ་ཞེས་བྱ་སྟེ། ཆོས་སྐུའི་ངང་དུ་ཡེ་ཤེས་དབབ་པ་ཅེས་བྱའོ། །དེ་ནས་འཇུག་པ་དངོས་ནི། སློབ་མ་རྣམས་དྲང་སྲོང་ཙོག་པུར་འདུག །མིག་བར་སྣང་ལ་རྟེན་མེད་དུ་བཞག་ནས་རང་བཞིན་གྱི་ཞིང་ཁམས་ཡིད་ལ་བྱར་གཞུག་ཅིང་། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག་ཤར་ཕྱོགས་ན་མངོན་པར་དགའ་བའི་ཞིང་ཁམས་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ཞེས་བྱ་བ་སྐུ་མདོག་མཐིང་ག་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །ལྷོ་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་ཡིད་

(༣༦༣)ཡིད་དུ་འོང་བ་ན། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ་སྐུ་མདོག་སེར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །ནུབ་ཕྱོགས་ན་པདྨ་གརྩེགས་པའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཞེས་བྱ་བ། སྐུ་མདོག་དམར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །བྱང་ཕྱོགས་ན་ལས་རབ་རྫོགས་པའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་འདས་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ། སྐུ་མདོག་ལྗང་གུ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །དེ་དག་ཐམས་ཅད་ཀྱང་ཡབ་ཡུམ་གཉིས་སུ་མེད་པ། འཁོར་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་བཞུགས་ཤིང་། རང་རང་གི་སྟོན་པ་ལ་ཆོས་ཉན་ཅིང་། རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་གི་སེམས་ཀྱི་དམ་པ་འོད་གསལ་བ། གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་ཤར་ཕྱོགས་ཀྱི་ཞིང་ཁམས་སུ་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ། སེང་གེའི་མཆོད་སྟངས་

(༣༦༤)ཀྱིས་མཆོངས་ཤིག །ལྷོ་ཕྱོགས་ཀྱི་ཞིང་ཁམས་སུ་སེང་གེའི་ལྟ་སྟངས་ཀྱིས་ལྟོས་ལ། སྟག་མོའི་མཆོང་སྟངས་ཀྱིས་མཆོངས་ཤིག །ནུབ་ཕྱོགས་ཀྱི་ཞིང་ཁམས་སུ་དཔལ་གྱི་རྔམས་སྟབས་ཀྱིས་ལྟོས་ལ། ཁྱུང་གི་ལྡིང་སྟངས་ཀྱིས་འཕུར་ཅིག །བྱང་ཕྱོགས་ཀྱི་ཞིང་ཁམས་སུ་རྡོ་རྗེ་འཆང་གི་ལྟ་སྟངས་ཀྱིས་ལྟོས་ལ། གློག་དམར་འཁྱུག་སྟངས་ཀྱིས་སོང་ཞིག །ཨ་ཨ་ཨ ཞེས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ། །དེ་ལྟར་རིག་པའི་དཀྱིལ་འཁོར་གྱི་སྒོ་བཞི་ནས་བཅུག་པས། སློབ་དཔོན་ལྟ་དགོངས་ཅན་དང་། སློབ་མ་དད་དམ་ཅན་འཛོམ་ན་ཚེ་འདིར་ཉམས་སུ་མ་ལོངས་ཀྱང་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་པ་གསང་སྔགས་འདིའི་ཁྱད་ཆོས་སོ།། །།དེ་ནས་ལོངས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ནི། རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་ལ། མིག་པར་སྣང་ལ་ཧར་རེ་བ་ལས་རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས་ཡིད་ལ་བྱར་གཞུག་ཅིང་། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་རྣམས་ཉོན་ཅིག །དེ་དག་ཐམས་ཅད་ལས་འདས་པའི་ཕ་རོལ་ན་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་དེ་

(༣༦༥)དག་མ་ལུས་ཤིང་ལུས་པ་མེད་པའི་འཆར་གཞི་བདག་པོའི་བྱད་དང་འདྲ་བ་རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས། ཡེ་ཤེས་ལྔས་ཁྱབ་ཅིང་ཀུན་ཏུ་གསལ་བ། ཤིན་ཏུ་མཉམ་ཞིང་མི་གཡོ་བ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ། ཟག་པ་ཟད་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ཞེས་བྱ་བ། འཁོར་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱ་སྟོང་བྱེ་བ་དཔག་ཏུ་མེད་པས་བསྐོར་བ། ཆོས་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་རོལ་པ་ཞིག་ཡོད་ཀྱིས། བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ། སེང་གེའི་མཆོངས་སྟངས་ཀྱིས་སོང་ཞིག །ཨ་ཨ་ཨ ཞེས་སྟོང་པ་ཉིད་ཀྱི་སླར་ལ་མི་ལྡོག་པར་རྒྱས་གདབ་བོ།། །།དེ་ནས་ཆོས་སྐུའི་དཀྱིལ་འཁོར་དུ་གཞུག་པ་ནི། སེང་གེའི་འདུག་སྟངས་ཀྱིས་འདུག་ལ། སངས་རྒྱས་ཀྱི་ས་ན་ཡོད་

(༣༦༦)པའི་སྤྱན་ལྔ་ཁྱད་པར་ཅན་ཐོབ་པའི་རྟེན་འབྲེལ་དུ། མིག་གྱེན་དང་ཐུར་དང་གཡས་གཡོན་དང་ཐད་དྲང་དུ་བལྟས་ཏེ། །རིག་སྟོང་རྗེན་པའི་ཡེ་ཤེས་གསལ་གདབ་པ་ནི། བླ་མས། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག །གཟུགས་སྐུ་གཉིས་ལས་འདས་པའི་ཕ་རོལ་ན་དེ་གཉིས་ཀའི་འཆར་གཞིར་གྱུར་པ་རང་གི་རིག་པ་བསམ་ངོ་དང་བྲལ་བའི་ངོ་བོ། ཡེ་ཤེས་ཐིམ་ལ་མ་རྨུགས་པ། གང་དུའང་མ་ཕྱེ་བའི་ཆོས་ཉིད་ཚད་མེད་དཔག་ཏུ་མེད་པ་དམིགས་སུ་མེད་པ་བཞུགས་ཀྱིས། བུ་ཁྱོད་འགྲོ་ས་མེད་པའི་གཤིས་ལ་འགྲོ་མཁན་རྩ་གདར་ཆོད་ལ་ཞོག་ཅིག །རིག་སྟོང་དུ་ཤེས་པས་གནད་ཚུགས་ཤིག །མ་འགགས་པར་འགྱུར་བ་རྩལ་སྦྱོངས་ཤིག །ཡེ་ཤེས་སུ་གསལ་བས་ལམ་སྦྱོངས་ཤིག །སྣ་ཚོགས་སུ་འཆར་བ་ལ་མ་ཞེན་ཅིག །བསམ་གྱིས་མི་ཁྱབ་པའི་ངང་དུ་ཨ་ཨ ཞེས་བརྗོད། དཀྱིལ་འཁོར་འདིར་དབང་ཐོབ་ནས་མ་རིག་པ་གཞི་ལ་སངས་ཏེ། རིག་པ་ཡེ་ཤེས་སུ་རྒྱས་པས་མངོན་སུམ་སྒོམ་པ་ལ་དབང་ཞིང་། གོམས་

(༣༦༧)ཤུགས་ཆུང་བ་རྣམས་བར་དོར་གྲོལ་ལ། མཆོག་རྣམས་ཚེ་འདིར་གྲོལ་བ་ཡིན་ནོ།། །།གཉིས་པ་ནི། སློབ་མ་རྣམས་སྒོ་གསུམ་བཞུགས་སྟངས་དང་གཟིགས་སྟངས་ཀྱི་གནད་འཆུན་དུ་བཅུག །འོད་གསལ་ཐོད་རྒལ་ཆེན་པོའི་གནད་མཚོན་པར་བྱས་ལ། ཀྱེ་སྐལ་ལྡན་སེམས་ཀྱི་བུ། ཙིཏྟ་རིན་པོ་ཆེ་གསང་བའི་སྦུབས་ན་ཐིག་ལེ་ཡེ་ཤེས་ཀྱི་ས་བོན་ངོ་བོའི་ཆ་ནས་སྟོང་ཞིང་བདག་མེད་པ། རང་བཞིན་གྱི་ཆ་ནས་འགག་མེད་དུ་གསལ་བ། ཐུགས་རྗེའི་རྩལ་ལས་སྐུ་དང་ཡེ་ཤེས་དབྱེར་མེད་བུམ་ནང་གི་སྒྲོན་མེ་ལྟར་གསལ་བའི་འོད་གདངས་རིན་པོ་ཆེ་ཤེལ་བུག་ཅན་ལས་འཐོན་ཏེ་སྒྲོན་མ་བཞིའི་རང་བཞིན་དུ་གསལ་བ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོས་ཉིད་མངོན་དུ་མཐོང་ནས་རིག་པ་རྩལ་གྱི་དབང་ཆེན་ཐོབ་པ་ཡིན་ནོ། །ཇི་ལྟར་ན། རིག་པའི་ཡེ་ཤེས་འོད་དུ་གསལ་བ་ནི་རྣམ་པར་སྣང་མཛད། དེ་ཉིད་འཕོ་འགྱུར་མེད་པས་མི་བསྐྱོད་རྡོ་རྗེ། འོད་

(༣༦༨)གསལ་འཕེལ་ཆ་དང་བཅས་པས་རིན་ཆེན་འབྱུང་ལྡན། །འོད་སྣང་ཚད་མེད་པས་སྣང་བ་མཐའ་ཡས། མ་བཙལ་རང་ལ་རྫོགས་པས་དོན་ཡོད་གྲུབ་པ་སྟེ། རིགས་ལྔའི་སངས་རྒྱས་རྣམས་ཀྱི་ཞལ་མངོན་སུམ་དུ་མཐོང་བ་ཡིན་ནོ། །དེའི་ཡེ་ཤེས་ཀྱི་ཆོས་ཉིད་ཀྱང་རིག་པ་དྲི་མེད་དུ་མཐོང་བ་མེ་ལོང་། འོད་གསལ་དང་ངོ་བོ་གཉིས་སུ་མི་ཕྱེད་པས་མཉམ་ཉིད། བྱེ་བྲག་མ་འདྲེས་པར་འཆར་བས་སོར་རྟོགས། མ་བཙལ་ལྷུན་གྱིས་གྲུབ་པས་བྱ་གྲུབ། ཡེ་སྟོང་རྩ་བ་བྲལ་བས་ཆོས་དབྱིངས། ཏེ་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་ནོ། །ངོ་བོ་འཕོ་འགྱུར་མེད་པས་རྡོ་རྗེ། ཡོན་ཏན་ཕུན་སུམ་ཚོགས་པས་རིན་པོ་ཆེ། སྣང་བ་ལ་སྐྱོན་གྱིས་མ་གོས་པས་པདྨ་དེ་གོམས་པ་ལས་ལྷག་མེད་འགྲུབ་པས་ལས་ཀྱི་རིགས། འདི་དག་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་དེ་བཞིན་གཤེགས་པའི་རིགས་སོ། །འོད་གསལ་དེ་དག་དྲི་མ་མེད་པས་དཀར་པོ། ཡོན་ཏན་རྫོགས་པས་སེར་པོ། མ་བཙལ་བཞག་པས་དམར་པོ། བྱ་རྩལ་རྫོགས་པས་ལྗང་གུ། མི་འགྱུར་

(༣༦༩)བརྟན་པས་མཐིང་གའོ། །རླུང་ལྔར་གནས་པའི་ཚུལ་ཡང་། འོད་གསལ་གྱི་སྣང་བ་འདི་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་མཉམ་གྱི་རླུང་། འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་གྱི་རླུང་། འཁོར་འདས་དངས་སྙིགས་འབྱེད་པས་དངས་སྙིགས་འབྱེད་པའི་རླུང་། ཀུན་ལ་སྙོམས་པར་བརྡལ་བས་ཁྱབ་བྱེད་ཀྱི་རླུང་། འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདའ་བར་བྱེད་པས་སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་ངོ་། །ཤེས་རབ་ལྔར་གནས་པའང་། འོད་གསལ་གྱི་ཆོས་ཉིད་རྟོགས་མ་རྟོགས་ལས་འཁོར་འདས་སུ་འབྱེད་པས་འབྱེད་པའི་ཤེས་རབ། ཉམས་གོང་འཕེལ་ལ་སོགས་ཏེ་ཡེ་ཤེས་ཀྱི་རྩལ་སྣང་སྡུད་པས་སྡུད་པའི་ཤེས་རབ། ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ། འོད་སྣང་འགྲོ་འོང་དང་བཅས་པས་བསྐྱོད་པས་བསྐྱོད་པའི་ཤེས་རབ། དེ་ཉིད་རྟོགས་ན་འཁོར་བ་ལས་སྒྲོལ་བའི་སྒྲོལ་བའི་ཤེས་རབ་སྟེ་ལྔ་ཚན་དྲུག་གམ། འོད་མཐིང་ག་སངས་རྒྱས་ཌཱཀྐིར་ཤེས་པའི་རིག་པ་གཞན་བཞི་ལའང་མཆིས་པའི་དག་བྱ་

(༣༧༠)དག་བྱེད་ཀྱི་མཁའ་འགྲོ་ལྔའི་ཞལ་མཐོང་བས་ལྔ་ཚན་བདུན་དུ་བྱས་པའི་བདག་ཉིད་རྣམས་ཀྱང་ངང་ལ་གནས་པ་ལམ། མཐར་ཕྱིན་པ་འབྲས་བུའི་ཆོས་ཉིད་དུ་གྲུབ་པའི་ཚུལ་ཡང་། ཀློང་གསལ་ལས། རང་བྱུང་རིག་པའི་རང་རྩལ་ལས། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །རིགས་ལྔ་འོད་ལྔ་རླུང་ནི་ལྔ། །ཤེས་རབ་ལྔ་ལ་སོགས་པར་གནས། །ཞེས་སོ། །མདོར་བསྡུ་ན། དེ་ལྟར་དུ་བཞུགས་པའི་ཆོས་ཉིད་རྣམས་བློས་རྣམ་པར་བཏགས་ཤིང་རྩ་རླུང་འཛིན་རྩོལ་གྱི་རྟེན་འབྲེལ་ལས་བྱུང་བའི་སྟོང་གཟུགས་ཤེས་ཉམས་ཡིད་དཔྱོད་ཀྱིས་བརྟགས་པའི་བློའི་རི་མོ་ཅན་མ་ཡིན་པར། གདོད་ནས་གྲུབ་པའི་སྣང་ཉམས་ཆོས་ཉིད་མངོན་སུམ་མི་བསླུ་བའི་བདག་ཉིད་ཅན་དུ་མཐོང་བ་ནི། སངས་རྒྱས་པའི་ཆོས་ཁམས་དཀོན་མཆོག་གསུམ་ལ་བླ་མར་བྱ་བ་ནས་རྒྱུད་སྡེ་རྒྱ་མཚོའི་དངོས་པོ་བཅུའམ། དེ་ཉིད་ཡོངས་སུ་རྫོགས་པའི་བར་གྱི་ལམ་དང་འབྲས་བུའི་ཆོས་ཐམས་ཅད་མངོན་དུ་བྱས་པའི་ཚུལ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་

(༣༧༡)ལུས་ལ་གནས། ཞེས་སེམས་ཉིད་མ་འཁྲུལ་བ་གཞིའི་སངས་རྒྱས། སྒྲ་ཚིག་ལས་འདས་པ་དོན་གྱི་དམ་ཆོས། གཡོ་འགུལ་དང་བྲལ་བ་སྙིང་པོའི་དགེ་འདུན་ཏེ། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བའི་སྐྱབས་འགྲོ་ཉི་ཚེ་བ་ཙམ་མ་ཡིན་པར་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་དང་མི་འབྲལ་བའི་ངང་ནས་སྣང་བ་བཞིའི་འོད་གསལ་ལ་སྤྱོད་ཅིང་། དེ་ལྟར་སྤྱོད་པའང་། སྒྲོན་མ་སྣང་བྱེད་ལས། ཡེ་ནས་དེ་ལྟར་ཤར་ནས་ཡོད། སྐྱེས་བུས་རྩོལ་བས་བྱུང་བ་མིན། །དཀྱིལ་འཁོར་དེ་ཡིན་ལྷ་དེ་རང་། །སྔགས་དང་ཕྱག་རྒྱ་མཆོད་པ་དེ། །བསྐྱེད་དང་རྫོགས་པའི་རིམ་པ་དེ། །སངས་རྒྱས་སེམས་ཅན་འཁོར་འདས་ཡིན། །དབང་དང་སྡོམ་པ་དམ་ཚིག་ཡིན། །རང་གི་བླ་མ་ལྷ་ཡང་ངོ། །ཞེས་སོ། །དེའི་ཕྱིར་དབྱིངས་སྣང་ཐིག་ལེའི་དབུས་སུ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་དང་མི་འབྲལ་བ་ཤིན་ཏུ་གཅེས་ཏེ། ནོར་བུ་ཕྲ་བཀོད་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་བལྟ་བར་འདོད་ན་རྡོ་རྗེ་ལུ་

(༣༧༢)གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་དང་མ་འབྲལ་ཅིག །ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་འདུག་ཚུལ་ལ་ལྟོས་ཤིག །གསང་བའི་ཡེ་ཤེས་ཐམས་ཅད་ལ་མཁས་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཟེར་ལ་ལྟོས་ཤིག །ལྟ་སྒོམ་སྤྱོད་པ་གསུམ་འདུ་འབྲལ་མེད་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་མ་ཡེངས་ཤིག །ཆོས་ཐམས་ཅད་ཀྱི་གཞལ་ཡས་ཁང་འཛིན་པར་འདོད་ན་དབྱིངས་དང་རིག་པའི་དོན་ཁོང་དུ་ཆུད་པར་གྱིས་ཤིག །རྡོ་རྗེ་སེམས་དཔའི་གདུང་འཛིན་པར་འདོད་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དང་མ་འབྲལ་ཅིག །ཅེས་གསུངས་ལ་འདི་ལྟ་བུའི་ཆོས་ཉིད་རིག་པ་མངོན་སུམ་གྱི་དོན་མཐོང་བ་ནི་ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པ་ཞེས་བྱ་སྟེ། གསང་བ་སྤྱོད་པ་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་མཉམ་པ་ཁོ་ནའོ། །ཞེས་གསུངས་པས། དེ་རིང་ཁྱོད་

(༣༧༣)ཀྱིས་རྙེད་པ་ཆེན་པོ་ལེགས་པར་རྙེད་པ་རིག་པ་རྩལ་གྱི་དབང་ཐོབ་པས་སངས་རྒྱས་སུམ་སྟོང་གི་ཞལ་མཐོང་། མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པས་ཐར་པའི་ལམ་སྣ་ཟིན་པ་ཡིན་ནོ། །དེ་ལྟར་ནའང་བྱང་ཆུབ་སེམས་དཔའི་ས་བཅུ་རིམ་གྱིས་བགྲོད་པས་ཀྱང་དེ་བཞིན་གཤེགས་པའི་ཁམས་ཀྱི་ཡོན་ཏན་མཐའ་དག་མངོན་དུ་མཐོང་བ་མ་ཡིན་པའི་ཕྱིར། དུས་དེ་རིང་ནས་སྣང་བ་བཞིའི་ཡོན་ཏན་མཐར་ཐུག་པའི་ཉམས་ལེན་ལ་བརྩོན་པར་བྱས་ཏེ་ཆོས་ཉིད་ཟད་པའི་བྱང་ཆུབ་ལ་རེག་པར་གྱིས་ཤིག །ཅེས་སྤྲོ་བའང་བསྐྱེད་དོ།། །།ཞར་ལ་ཉམས་ལེན་སྲང་དུ་འཛུད་པའི་ཚུལ་གཉིས་ལས། དང་པོ་སྤྲོས་པ་ཅན་ཐུན་བཞིའི་རྣལ་འབྱོར་ལ་བསླབ་སྟེ། ཀློང་གསལ་ལས། དགེ་སྦྱོར་སྲང་དུ་འཛུག་པའི་ཚུལ། །ཐུན་བཞིའི་རྣལ་འབྱོར་ཉིད་ལ་བསླབ། །ཅེས་པས། དེའང་ཐོ་རངས་དང་པོ་བླ་མའི་རྣལ་འབྱོར་སྒོམ། བར་བ་ལ་ཁྲེགས་ཆོད་བསྐྱང་། ཐ་མ་ལ་བདེ་སྟོང་དང་གཏུམ་མོ་སྒོམ། །ནམ་ལངས་ནས་ཉི་ཤར་གྱི་བར་ལ་ཁ་ཏོན་

(༣༧༤)དང་སྒོམ་བཟླས་ལ་སོགས་པའོ། །ཉི་ཤར་ནས་གུང་གི་བར་ལ་ཐོད་རྒལ་བལྟ། གུང་ལ་ཕྱག་དང་ཆོས་སྤྱོད་ཀྱི་རིགས་བྱ། ཕྱི་དྲོའང་ཐོད་རྒལ་སྒོམ། དགོངས་མོ་གཏོར་མ་དང་རླུང་འཛིན། སྲོད་ཐུན་དང་པོ་ལ་འཆི་བ་མི་རྟག་པ་སྒོམ། བར་བ་ལ་བསྐྱེད་རིམ་དང་བཟླས་པ་བྱ། གུང་ཐུན་ལ་གཉིད་འོད་གསལ་གྱི་སྦུབས་སུ་སྦ། ཐམས་ཅད་ལ་ཐུན་འགོར་སེམས་བསྐྱེད། དངོས་གཞི་དམིགས་པ་མེད་པ། རྗེས་བསྔོ་སྨོན་གྱི་རྒྱས་ཐེབས་པ་ནི་དམ་པ་གསུམ་དང་འབྲེལ་བ་ཞེས་བྱ་སྟེ། མེད་ཐབས་མེད་དོ། །གཉིས་པ་སྤྲོས་པ་མེད་པ་ནི། སྒྲོན་མ་སྣང་བྱེད་ལས། ཉིན་མཚན་ཁ་སྦྱོར་རིམ་ཐེབས་བཞིན། །ཞེས་པས་འོད་གསལ་ཐོད་རྒལ་ཉག་གཅིག་ལ་བསླབ་པ་རྣམས་དང་གནས་ལུགས་ལ་དྲོད་ཐོབ་པའི་སྤྱོད་ཡུལ་ཡིན་ཏེ། ཉིན་མོ་བྱ་བ་དགུ་ཕྲུགས་སུ་བཏང་ནས་བཞུགས་སྟངས་དང་མི་འབྲལ་བས་སྐུ་དང་ཐིག་ལེའི་ཀློང་དུ་རིག་པ་བརྗོད་མེད་དུ་བཞག །མཚན་མོ་ལ་ཆ་གསུམ་དུ་བྱས་པའི་སྲོད་ལ་དྲང་སྲོང་གི་འདུག་སྟངས་དང་བཅས་དབང་པོ་གནད་དུ་

(༣༧༥)བསྡུ་བ་ནི། ལྟེ་བར་པདྨ་དམར་པོ་འདབ་བཞིའི་སྟེང་དུ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་ལས་མེ་འབར། དབུ་མ་ནས་ཡར་སོང་། སྤྱི་བོའི་ཧཾ་ལ་ཕོག་པས་ཐིག་ལེའི་ཐིགས་པས་མེའི་གསོས་བྱས། ཤིན་ཏུ་འབར། ལས་དང་བག་ཆགས་བསྲེགས། བདེ་སྟོང་གི་ངང་ལ་བཞག །དགུང་ལ་སེང་གེའི་འདུག་སྟངས་དང་བཅས་ཤེས་བྱ་བུམ་པར་བསྡུ་པ་ནི། སྙིང་གི་ནང་དུ་ཨ་དཀར་པོ་ཤིན་ཏུ་འཚེར་བ་གཅིག་དང་། ཚངས་པའི་བུ་གར་ཡང་ཨ་དཀར་པོ་གཅིག །དེ་གཉིས་ཀྱི་བར་ཨ་བ་དྷཱུ་ཏཱིའི་ནང་ནས་ཨ་དཀར་ཤེལ་གྱི་ཕྲེང་བ་བརྒྱུས་པ་ལྟ་བུ་གཅིག་ལ་གཅིག་ཐིམ་གྱི་རྐྱེན་ལས་དབུ་མའི་ནང་རྒྱ་སྐར་ལ་ཉི་ཞུར་གསལ་བ་ལྟ་བུར་སྒོམ་པ་ནི་གཉིད་འོད་གསལ་གྱི་སྦུབས་སུ་སྦ་བའི་གནད་དོ། །ཐོ་རེངས་ལངས་མ་ཐག་ཏུ་ཧ་ཞེས་དབུགས་རིང་བ་གསུམ་བུས་ལ་སེང་གེའི་འདུག་སྟངས་དང་བཅས་སྤྱི་བོའི་ནམ་མཁའ་ལ་གཞུ་གང་གི་ཐད་ཙམ་དུ་སྙིང་གའི་ཨ་ལས་ཨ་དཀར་པོ་གཉིས་པ་ཞིག་ཆད་དེ་ལིང་ངེར་འདུག་པ་ལ་སེམས་བཟུང་ངོ། །དེ་བཞིན་དུ་

(༣༧༦)བསམ་གཏན་བཞི་དང་འགོག་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་སྐྱེ་བའི་ཡན་ལག་རླུང་ལྔའི་ཁམས་རང་སར་ཟད་པར་བྱེད་པའི་གནད། ཨ་དམར་པོ་ལྔ་མེ། བརྩེགས་དང་། དཀར་པོ་བཞི་ཆུ། བརྩེགས་དང་། ལྗང་གུ་གསུམ་རླུང་། བརྩེགས་དང་། སེར་པོ་གཉིས་ས། བརྩེགས་དང་། མཐིང་ག་རྐྱང་བ་ལ་སོགས་པའང་རིམ་པར་སྒོམ་པས་ཨ་ནི་སྐྱེ་བ་མེད་པ་ལ་གནས་པའི་དོན་གྱིས། རྟོག་དཔྱོད་མེ་དང་འདྲ་བ་དང་། དགའ་བ་དེའི་ཉམས་ཆུ་དང་ནམ་མཁའ། འདྲ་བ་དང་། དྲན་རྟོག་རླུང་འདྲ་བ་དང་། དྲན་པའི་གཉེན་པོས་བཅིངས་པ་ས་འདྲ་བ་དང་། སྤང་གཉེན་རང་གི་ངོ་བོ་ཆ་དང་བཅས་པ་དག་པར་བྱེད་པའི་གནད་འདི་ནི་པཎྜི་ཏ་ཆེན་པོ་བི་མ་ལའི་དགོངས་པ་ཐུན་མོང་མ་ཡིན་པའོ། །དེ་དག་གི་ཚེ་བོགས་སྤྱོད་པས་འདོན་པའང་། ཉི་ཟླ་ཁ་སྦྱོར་ལས། བུང་བ་ལྟ་བུའི་སྤྱོད་པ་ཡིས། །ཆོས་རྣམས་ཀུན་གྱི་རོ་མྱང་བྱ། །རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་རྐྱེན་གྱུར་ཡུལ་རྣམས་སྤངས། །ལྐུགས་པ་ལྟ་བུའི་

(༣༧༧)སྤྱོད་པ་ཡིས། །འཁྲུལ་པའི་ངག་ནི་མ་ལུས་སྤངས། །ཐི་བྱ་ལྟ་བུའི་སྤྱོད་པ་ཡིས། །གསང་བ་ཐབས་ཀྱི་ཐེ་ཚོམ་བཅད། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གཅིག་ཏུ་གནས་པའི་ཡུལ་རྣམས་སྤངས། །སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤངས་དུར་ཁྲོད་རྒྱུ། །ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས། །གཙང་དང་དམེ་བའི་རྣམས་རྟོག་སྤངས། །ཞེས་ལས་དང་པོ་པ་ཐོས་བསམ་འཚོལ་བ་ལ་ཞུགས་པ་བུང་བ་ལྟ་བུ་ནས། བདེ་སྡུག་དང་བཟང་ངན་རོ་སྙོམས་པ་རྣལ་འབྱོར་དབང་ཕྱུག་གི་སྤྱོད་པའི་བར་རྣམ་པ་བདུན་པོ་རང་གི་རྒྱུད་ཚོད་ལ་དཔགས་ཏེ་སྤྱོད་པས་ལྟ་སྒོམ་ལ་བོགས་ཐོན་པ་ཡིན་ནོ།། །།གསུམ་པ་སྣང་བ་བཞིའི་ས་མཚམས་བཤད་པ་ནི། ཐལ་འགྱུར་ལས། དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་

(༣༧༨)ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོག་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་དག་བྱ་དག་འབྲས་ལས་ས་མཚམས་བཞིར་བྱུང་བ་ཕར་ཕྱིན་ཐེག་པའི་ལམ་ལྔ་དང་ཕྱོགས་མཚུངས་པ་ལས། ལམ་ཁྱད་མྱུར་བུལ་གྱི་སྒོ་ནས་ཤིང་རྟ་དང་ཉི་ཟླའི་འགྲོས་ལྟ་བུའི་ཁྱད་པར་ཆེ་བ་རང་བཞིན་ཐེག་མཆོག་རྒྱལ་པོའི་སྣང་བ་བཞི་ལས་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། དེ་ལྟར་ཉིན་མོ་ཆོས་སྐུའི་རྟེན་ཉི་མ་དང་མན་ཤེལ་ལ་བསླབ་ཅིང་། མཚན་མོ་ལོངས་སྐུའི་རྟེན་ཟླ་བ་དང་ཆུ་ཤེལ་ལ་བསླབ་པས། ཉིན་པར་མིག་གི་ཚ་བ་འཕེལ་བའི་གེགས་སྒྲོལ་ཞིང་ཚ་གྲང་སྙོམས་པར་བྱེད་ལ། ནང་ནུབ་སྤྲུལ་སྐུའི་རྟེན་ཨ་ལོ་ཀེ་ལ་བལྟས་པས་བརྩོན་འགྲུས་ལམ་དུ་ཁྱེར་བདེ་ཞིང་དེ་དག་ཀྱང་བལྟ་བྱའི་རྟེན་དང་མ་རེག་ཙམ་ལ་ཐོག་མར་གོམས་སུ་བཅུག་ནས། རིམ་གྱིས་འོག་དང་ཟུར་ལ་ཁྲིད་པར་བྱ་ཞིང་། དེ་ཡང་དཀར་ཤས་ཆེ་ན་གཡས། སེར་ཤས་ཆེ་ན་གྱེན། ལྗང་ཤས་ཆེ་ན་གཡོན། དམར་ཤས་ཆེ་ན་ཐུར།

(༣༧༩)མཐིང་ཤས་ཆེ་ན་དབུས། ལྔ་ལྡན་མཉམ་པར་ཤར་ན་རང་སོར་བཞག་ཅིང་། ཐིག་ལེའི་སྣང་བ་མ་མཐོང་ན་མིག་གཉིས་མཉམ་པར་བལྟ་བ་གནད་ཡིན་ལ། དེའི་ཚེ་སྙིང་གའི་བདེ་གཤེགས་སྙིང་པོའི་གདངས་དབྱིངས་ཀྱི་སྣང་བ་འཇའ་ཚོན་རིས་དང་པོར་མཐོང་བ་ནས་བཟུང་སྟེ། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟླུམ། ཐིག་ཕྲན་གྱི་རྣམ་པ་གསུམ་འབྲེལ་ལ་སོགས་པ་གསལ་འགྲིབ་ཀྱི་རྣམ་པ་ཅན་དུ་འཆར་ལ། དེ་དག་གི་གོ་མཚམས་སུ་ཉི་མ་དང་འོད་ཟེར་བཞིན་ཀ་དག་གི་རིག་པ་སྟོང་གསལ་བརྗོད་དུ་མེད་པའི་གདངས་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བ་ལ། བྱད་དང་མེ་ལོང་གི་གཟུགས་བརྙན་བཞིན་དངོས་དང་བདག་ཉིད་གཅིག་པ་དེ་ལས་དེ་བྱུང་གི་འབྲེལ་བར་གྲུབ་པའི་ཆ་ནས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་རྒྱུ་མིང་འབྲས་བུར་ཆགས་པའང་ཤེས་དགོས་ལ། གནད་འདི་མ་རྟོགས་པར་ཆོས་ཉིད་དངོས་པོར་འཛིན་པའི་སྒྲིབ་བྱེད་ལ་དམ་དུ་འཁྱུད་པ་དག་གིས་རྫོགས་པ་ཆེན་པོའི་གྲུབ་མཐའི་ཕྱོགས་ཙམ་ཡང་ཤེས་པ་མ་ཡིན་ནོ། །དེའི་ཕྱིར་རིག་པ་དེ་རྩའི་གནད་

(༣༨༠)ལ་བརྟེན་ནས་གྲོལ་བའི་རྟགས་སུ་ཕྲ་ཞིང་འཁྱོག་པའི་བྲེང་ཡོད་ལ་ཐིག་ལེ་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འཁྱོག་མཚམས་ལ་ཐིག་ལེ་ཕྲ་མོ་ཟུང་འབྲེལ་ཡོད་ཅིང་། རླུང་གི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འགྲོ་འོང་ཅན་དུ་ཡོད་པས་ཡན་དུ་མི་འཇུག་པར་དབྱིངས་དང་ཐིག་ལེའི་རྭ་བར་འཛུད་པ་ལ་གོམས་སུ་བཅུག་པས་གདངས་ཀྱི་སྒྲོན་མ་རྣམས་རྩོལ་བ་མེད་པ་ཇེ་གསལ་ཇེ་བརྟན་དུ་འགྲོ་ཞིང་སྒོ་གསུམ་རང་བབས་སུ་དལ་བས་བདེ་གསལ་མི་རྟོག་པའི་ཏིང་འཛིན་དང་། རྟོག་དཔྱོད་ཀྱི་ཤེས་རབ་ཁྱད་པར་ཅན་འཆར་བས་ཡེ་ཤེས་ཀྱི་གསུམ་ཆ་ལ་དབང་ཐོབ་པས་འདིའི་དུས་སུ་བར་ཆད་ནའང་རང་བཞིན་སྤྲུལ་པར་དབུགས་འབྱིན་པ་ནི་ཕྱིའི་དབྱིངས་སྣང་གི་རྟགས་དང་པོ་ཙམ་མཐོང་བས་མ་ཡིན་པར་ནང་དུ་ཤེས་རབ་ཀྱི་མིག་རྡུལ་དང་བྲལ་བའི་བདེན་པ་མཐོང་བའི་གནད་ཀྱིས་ཡིན་ཏེ། ཀློང་གསལ་ལས། རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་ནི། ཀློང་གསལ་ལས། གོང་

(༣༨༡)དུ་འཕེལ་བའི་སྣང་བ་ཡིས། །ཉམས་ཀྱི་འཕེལ་ཤན་དབྱེ་བ་གཅེས། །ཞེས་པས། གཞན་དུ་རླུང་སེམས་ཀྱི་འདུ་བས་བསྐྱེད་པའི་བདེ་གསལ་མི་རྟོག་པ་དང་། དེའི་ཉམས་དུ་བ་དང་སྨིག་རྒྱུ་ལ་སོགས་པ་ཤེས་ཉམས་འདག་བྱའི་རྟགས་བཅུ་ནི་བློའི་འཛིན་པ་དང་བཅས་པས་གྲོལ་བ་མེད་པའི་ཚུལ། ཀློང་གསལ་ལས། བློ་ནི་ཀུན་རྫོབ་འཁྲུལ་པར་བཤད། །ཅེས་དང་། དེ་བཞིན་སྤྱོད་འཇུག་ལས་ཀྱང་། དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །ཞེས་གསུངས་པའི་ཕྱིར་རོ། །འདིར་རང་བཞིན་རྫོགས་པ་ཆེན་པོ་ནི། རྒྱུད་ལས། ནང་དུ་སྟོང་པའི་ཉམས་ཤར་བས། །ཕྱི་རུ་གསལ་བའི་ཡེ་ཤེས་ནི། །ཞེས་ནང་དུ་ཆོས་ཉིད་ཀྱི་ངོ་བོ་སྟོང་པར་མཐོང་བས། དེའི་གདངས་རང་བཞིན་གསལ་བའི་ཡེ་ཤེས་ཕྱི་རོལ་དུ་མི་འགྱུར་བར་འཕེལ་བ་དང་། ནང་དུ་རྩ་འོད་དུ་དངས་པ་དང་། གསང་བར་ཉོན་མོངས་པ་གྲོལ་བ་མཉམ་པར་སྟོན་པས་ཡིད་དཔྱོད་ལ་རག་མ་ལུས་ཤིང་། མི་བསླུ་བར་ངེས་པའི་ཕྱིར་སྣང་ཉམས་ཞེས་བརྗོད་ལ། ཇི་ལྟར་འཕེལ་ན་རྩ་རྒྱུད་ལས།

(༣༨༢)ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། གྱེན་འགྲེང་དང་ནི་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དང་། །རགས་པར་སྣང་བའི་ཡུལ་ལས་འདས། །ཞེས་པས་འོད་སྣང་ཆེར་མཆེད་དེ་དབྱིངས་རིག་སྨིན་མཚམས་ལས་བྲལ་བར་གྱུར་ཏེ། །འོད་ལྔ་རྩིབས་ཤར་དང་། གྱེན་འགྲེང་དང་། ཟླུམ་འཁྲིགས་དང་། མཆོད་རྟེན་ལྟ་བུ་དང་། པདྨ་སྟོང་ལྡན་ མཁར་ཐབས་དང་། མདའ་དང་མདུང་རྩེ་ལྟ་བུ་དང་། དྲྭ་བ་དྲྭ་ཕྱེད། མིག་མངས་རིས་ལ་སོགས་པ་མ་ངེས་པར་སྣང་ལ། ཐིག་ལེའི་སྒྲོན་མ་ཡང་སྲན་མ་ཙམ་ནས་བསེ་ཕུབ་ཙམ་དུ་རིམ་གྱིས་འཕེལ་ཞིང་། རིག་པ་འདབ་ཆགས་འཕུར་སྐྱེན་པ་དང་། རི་དྭགས་རྩིབས་ལ་རྒྱུག་པ་དང་། ཤ་ར་ཎ་དལ་གྱིས་འགྲོ་བ་དང་། བུང་བ་མེ་ཏོག་ལ་ལྡིང་བ་ཙམ་དུ་དལ་བུར་འགྲོ། །མདོར་བསྡུ་ན་ཇི་ཙམ་གོམས་པ་བརྟས་པ་ལས་འོད་སྣང་རྒྱ་ཆེར་འཕེལ། རིག་པ་དལ་དུ་འགྲོ་བ་ལ་ཅུང་ཟད་གོམས་པ་དང་། བར་དུ་གོམས་པའི་ཐ་སྙད་བཏགས་ཤིང་མཆོག་ཏུ་གོམས་པའི་ཚད་ནི་སྒྲོན་མ་སྣང་བྱེད་

(༣༨༣)ལས། སྣང་བ་ཐམས་ཅད་ཐིག་ལེ་རུ། །ཤར་ནས་དཀྲིག་གིས་གནས་པ་ན། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་གང་དུ་བལྟས་པའི་སྟོང་ཁམས་འོད་གསལ་གྱི་སྣང་བས་ཁྱབ་ཅིང་འགུལ་འཁྲིགས་མེད་པར་གཏན་ལ་ཕབ་པ་ཡིན་ལ། དེའང་དབྱིངས་སྣང་རེ་ལྡེ་ཙམ་ལ་མཆེད་དུས། རྩིབས་ཤར་ལ་མདུན། གྱེན་འགྲེང་ལ་ཐུར། གྲུ་བཞི་ལ་གཡས། ཟླ་གམ་ལ་སྟེང་། གྲུ་གསུམ་ལ་ཐུར། ཟླུམ་པོ་ལ་གཡོན། མཁར་ཐབས་ལ་མཉམ་པར་བལྟ་བ་གནད་ཡིན་ལ། གོམས་པ་ཆེ་ཆུང་གི་བར་ཆད་པའི་གྲོལ་ཚད་ཀྱིས་མཚམས་དབྱེ་ན། དབྱིངས་རིག་སྨིན་མཚམས་བྲལ་ནས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བས་གྲོལ་ནས་ཕྱིན་ཆད་འཁོར་བར་མི་འཇུག །གྲུ་ཆད་ཀྱི་རྣམ་པར་ཤར་ན་ཚོམ་བུའི་སྣང་བ་ལ་གྲོལ་ནས་རང་བཞིན་སྤྲུལ་པར་དབུགས་འབྱིན། སྣང་བ་ཐམས་ཅད་འོད་ལྔར་སྨིན་ཅིང་དབྱིངས་སྣང་ཟླུམ་འཁྲིགས་སུ་པད་འདབ་བཞི་བཞིས་བརྒྱན་པའི་ཚོམ་བུ་ཤར་ན་འོད་གསལ་ཤར་བའི་སྐད་ཅིག་མ་དང་པོར་བར་དོ་མེད་པར་དབུགས་འབྱིན་པ་ནི་

(༣༨༤)རྒྱུད་ཀྱི་བུའི་དགོངས་པ་ཡིན་ཏེ། ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་དེ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་བསྒྲུབ་པོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཞེས་སོ། །རྒྱུ་མཚན་དེས་པཎྜི་ཏ་ཆེན་པོ་བི་མ་ལས་བཤད་མ་ཐག་པའི་ཚོམ་བུའི་སྣང་བ་ཉམས་གོང་འཕེལ་གྱི་མཐར་ཐུག་པར་བཞེད་ནས། ལྷ་སྐུར་ཤར་བ་ཕན་ཆད་རིག་པ་ཚད་ཕེབས་སུ་མཛད། སློབ་དཔོན་ཆེན་པོ་པདྨའི་ཞབས་ཡབ་ཡུམ་ཟུང་འབྲེལ་ནས་སྣང་བའི་འཕེལ་ཆ་ཟད་པའི་བར་ལ་རིག་པ་ཚད་ཕེབས་སུ་བཞེད་པས། སྐུ་རྐྱང་པ་ཉམས་གོང་འཕེལ་དུ་བཞག་པ་ལྟར་མཛད་པ་ཡང་ཁོ་བོས་དགོངས་པ་གཅིག་པར་མཐོང་སྟེ། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོངས། །ཞེས་སྐུ་ཤར་བ་དེ་ཉམས་གོང་འཕེལ་གདོན་མི་ཟ་བར་རྫོགས་པའི་རྟགས་སུ་བཤད་པས། ཚད་ཕེབས་ཀྱི་

(༣༨༥)འགོ་ཟིན་པར་ཡང་དོན་གྱིས་བསྟན་ལ། འདི་ལྟར་བའི་ལ་བལྟོས་ནས་ཚུར་རི། ཚུར་རི་ལ་བལྟོས་ནས་ཕ་རིར་བཞག་པ་བཞིན། ལྷ་སྐུ་རྐྱང་པ་ནི་ཉམས་དེ་གཉིས་ཀ་ལ་རེག་ཅིང་དེ་ལ་དེར་བརྟེན་གྱིས་འབྲེལ་བ་ཅན་དུ་གྲུབ་པས་སོ། །སློབ་དཔོན་རྣམ་གཉིས་ཀྱི་དགོངས་པ་ཀུན་མཁྱེན་ཆེན་པོས་ཐད་ཀར་ཕྱེ་ནས་བཞག་པ་ཙམ་ལ། རྗེས་འཇུག་རྣམས་ནས་དོན་གྱི་དབྱིངས་འཇལ་མ་ཤེས་པར་འདི་དང་འདིའོ་ཞེས་དཔྱད་བཟོད་པར་རློམ་པ་ནི། བྱིས་པའི་རྣམ་ཐར་ཙམ་དུ་ཟད་དོ། །ཕྱིར་སྣང་བའི་འོད་གསལ་ལ་རྩལ་འཕེལ་བ་བཞིན་དུ་ནང་དུའང་རིག་པའི་འོད་གསལ་ཏིང་ངེ་འཛིན་སྤྱན་དང་མངོན་ཤེས་ལ་སོགས་པ་འཆར་བ་ཡིན་ནོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། ཆོས་ཉིད་གང་དུའང་མ་ཕྱེ་བའི་རྩལ་བྱད་དང་མེ་ལོང་གི་རྣམ་པར་ཤར་བས་རིག་པའི་གཤིས་ལ་སྐུ་གསུམ་ཡེ་རྫོགས་སུ་ཡོད་པའི་ལོངས་སྤྱོད་རྫོགས་པའི་སྐུའི་ཡོན་ཏན་མ་ལུས་ཤིང་ལུས་པ་མེད་པ་འདིར་ལམ་གྱི་སྣང་བ་ལ་རྩལ་རྫོགས་པ་ནི་རིག་པ་ཚད་ཕེབས་ཀྱི་དོན་པོ་ཡིན་པར་དུས་

(༣༨༦)ད་ཙམ་ན་ཁོ་བོ་ཅག་གིས་རྟོགས་ཏེ། གྲུབ་པའི་མཐའ་གཞན་དུ། དེ་བཞིན་གཤེགས་པའི་ཁམས་ལ་སྐུ་དང་ཡེ་ཤེས་གྱི་ཡོན་ཏན་ཡོད་པ་དེ་ཉིད་ཐོབ་བྱའི་མཐར་འཛིན་དུ་འདོད་ནས་བཞིན་ལག་གི་རྣམ་པ་ཅན་དུ་ཤར་བའི་མཚན་དཔེ་དོན་དུ་གཉེར་བ་གང་ཞིག་ལ་འབྲས་བུ་རང་རྒྱུད་པར་གོལ་བའི་ཆོམ་རྐུན་ལྟར་མི་མངོན་པར་འཇུག་པ་ནི་ཆོས་ཅན། ཨ་ལ་ལ་རང་བཞིན་ཐེག་མཆོག་རྒྱལ་པོའི་དགོངས་པ་འདི་ཙམ་ཡང་བསམ་གྱིས་མི་ཁྱབ་པར་སྣང་མོད་དེ། གྲུབ་པའི་མཐའ་ཇི་བཞིན་སློང་མི་ཤེས་པ་དག་གིས་སྣང་བའི་འཆར་ཚུལ་ཙམ་ལ་སྤྱི་བརྟོལ་གྱིས་བསྔགས་པ་བརྗོད་པ་ལས་དོན་ཁྱད་པར་བཅང་སྟོན་པར་མི་ནུས་ཤིང་། ཕྱོགས་རེའི་གཞུང་ལ་འདྲིས་པ་དག་གིས་ཁ་ཟེར་བ་དང་། ཕྱར་ཀ་སྒྲོག་པའི་རྐྱེན་དུ་གྱུར་པའི་ལམ་ལྟར་སྣང་བ་དུ་མས་ཁེངས་པའི་གྱ་ཚོམ་ཅན་དང་། རྣམ་པར་མ་བརྟགས་པ་གཉིས་ནང་འཛོམ་པ་ལས་བྱུང་གིས། དེའི་ཕྱིར་གངས་ཅན་འདིར་མཆོག་ཏུ་གསང་བའི་ཐེག་པ་འདི་སྒྲོག་པ་ལ་རྒྱལ་བའི་དབང་པོ་དྲི་མེད་འོད་ཟེར་གྱི་གྲུབ་པའི་མཐའ་ཙམ་དུ་ཟད་པ་གདོན་མི་ཟ་བར་ཤེས་པར་བྱའོ། །ཞེས་གླིང་

(༣༨༧)ནས། ཚད་ཕེབས་ཀྱི་རང་བཞིན་ནི། རིག་པའི་ཡོན་ཏན་འཕེལ་བའི་ཆ་སྟོབས་སུ་གྱུར་པ་ལས་སྣང་བ་ཐམས་ཅད་འོད་དུ་གསལ་ཞིང་། ཡེ་ཤེས་ལྔའི་ཆོས་ཉིད་ལ་བྱན་ཆུད་པས་ཐིག་ལེ་ལྔ་ཚོམ་དུ་ཤར་བའི་དབུས་ན་སྤྲུལ་སྐུའི་སྦྱངས་པ་རྣམ་པར་དག་པ་ལས་བྱུང་བའི་གཙུག་ཏོར་དང་བཅས་པའི་དབུ་ཕྱེད་པ་ནས་སྐུ་རྐྱང་བའི་བར་དང་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པས། བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེ་ལ་སོགས་པ་རིགས་ལྔའི་སངས་རྒྱས་རྣམས། སྐུ་ཉི་ཚེ་བ་དང་། རྒྱན་རྫོགས་ནས་ཡུམ་དང་བཅས་པའི་རྣམ་པ་རྫོགས་པར་འཆར་ཞིང་། ཆོས་སྐུའི་སྦྱངས་པ་རྣམ་དག་པ་ལས་བྱུང་བའི་གཙོ་དང་འཁོར་གྱི་ཚོམ་བུ་ཐ་དད་པའི་དཀྱིལ་འཁོར་མུ་ཁྱུད་ཀྱིས་ར་བ་དང་བཅས་པར་མཚོག་ཏུ་གསལ་བས་རྡོས་བཅས་ཀྱི་སྣང་བ་རང་འགགས་ཏེ། ཤེས་པ་གང་དུའང་ཚུད་པས་བེམ་པོ་འགུལ་བ་དང་ལུས་ཀྱང་རྡུལ་ཕྲན་ཆ་མེད་དུ་མཐོང་ཞིང་རི་བྲག་ལ་སོགས་པར་ཟང་ཐལ། གཟུང་འཛིན་ཐད་ཀར་ཞིག་པས་སྨྱོན་པ་ཁྲོ་གསངས་པ་བཞིན་གང་ལའང་ཉམ་ང་བ་དང་བག་ཚ་བའི་ཁུངས་སྟོར་ནས་ཅིར་

(༣༨༨)སྣང་དག་པ་རབ་འབྱམས་སུ་ཤར་བའི་སྐབས་ཡིན་ཏེ། སྐུ་གདུང་འབར་བ་ལས། གང་གི་འོད་ལ་སུ་གོམས་པ། །རང་གིས་མཐོང་བའི་སྤྱོད་ཡུལ་དུ། །ས་དང་ཆུ་དང་མེ་དང་རླུང་། །འབྱུང་བཞིའི་སྣང་བ་རང་ནུབ་ནས། །རིམ་གྱིས་ཁ་དོག་ལྔ་ལ་སྤྱོད། །འོད་དང་བྲལ་བ་མེད་པའི་རྟགས། །གཞན་ཡང་མཐོང་བའི་སྤྱོད་ཡུལ་དུ། །སྨྱོན་པ་བཞིན་དུ་ཐོགས་མེད་པར། །རི་བྲག་རྣམས་ལ་ཟང་ཐལ་དང་། །དེ་བཞིན་ས་གཏིང་འཛུལ་བར་ནུས། །ཆུ་རྣམས་ལ་ཡང་བྱིང་བ་མེད། །ཅེས་སོ། །དེ་དག་ནི་ཚད་ཕེབས་ཀྱི་རང་བཞིན་སྤྱིར་བསྟན་པ་སྟེ། ནང་གསེས་ཀྱི་ཁྱད་པར་ཅུང་ཕྱེ་ན། རྩ་རྒྱུད་ལས། སོ་སོའི་ལུས་ཀྱི་རྡུལ་ཕྲན་ནས། །བར་སྣང་འོད་ཀྱི་སྐར་ཁུང་སྣང་། །དེ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས། །ཕྲ་ཞིང་འཁྲིལ་བས་སྣང་བ་འཛིན། །ལུས་ཀྱི་རྡོས་པ་རང་འགགས་ནས། །ཟང་ཐལ་དྲི་མེད་འོད་ཀྱི་ལུས། །དབུས་ན་ཨ་ཡི་མཚན་མ་དང་། །མཛོད་སྤུ་འོད་ཟེར་འདོམ་གང་ཚད། །ཐོར་ཚུགས་རླུང་གིས་འདེགས་པར་སྣང་། །ཞི་སྐུ་ལག་པའི་

(༣༨༩)སོར་མོ་ལས། །འོད་ཀྱི་ཕྲེང་བས་རྣམ་པར་འཁྲིགས། །སྒྲ་མེད་སེམས་ཀྱིས་སྤྱོད་པ་སྟེ། །མགོ་བོ་ཐོད་པའི་གཞལ་ཡས་ལས། །ཧེ་རུ་ཀ་ནས་མངོན་པར་འབྱུང་། །འདི་དུས་རང་ལུས་ཚད་ལ་ཕེབས། །ཞེས་ལུས་ཚད་ལ་ཕེབས་པས་སྣང་བ་མ་ལུས་པ་སངས་རྒྱས་ལྔའི་ཞིང་དུ་གསལ་བའི་ཐུགས་ཀ་འོད་ཟེར་གྱི་སྐར་ཁུང་ནས་རང་གི་སྙིང་དབུས་ཨའི་རྣམ་པ་ཅན་ལ་འོད་གདངས་ཟུག་པར་འབྲེལ་བས་འོད་ཟེར་ཆེན་པོའི་དབང་ནོད་ཅིང་། མཛོད་སྤུའི་འོད་ཟེར་འདོམ་གང་བར་གསལ་བས་སྤྱི་བོའི་གཙུག་ན་ཡེ་ཤེས་ཀྱི་རླུང་གི་ཐིག་ལེ་འཁར་གཞོང་ཙམ་དགུའམ། ལྔ་བརྩེགས་པར་སྣང་ཞིང་། དེ་ཡང་དོན་དམ་པར་ཐོར་ཚུགས་ནི་གཙུག་ཏོར་ཡིན་ལ། རླུང་གིས་འདེགས་པའི་སྒྲས་ཡེ་ཤེས་ཀྱི་རླུང་དབྱིངས་སུ་འཁྱིལ་བས་དེ་ཉིད་བལྟར་མི་མངོན་པའི་ཆོས་སུ་གྲུབ་པས་མཚོན་མཚན་དང་དཔེ་བྱད་ཀྱི་ངོ་བོར་འབར། ཡེ་ཤེས་ཀྱི་རླུང་ལག་སོར་ལ་ཆུད་བས་དེ་ཉིད་འོད་ལྔར་འཁྲིགས་འོད་རྩ་ཕྲ་མོ་རྣམས་སུའང་ཡེ་ཤེས་ཀྱི་གདངས་གསལ་བས་བ་སྤུའི་སྒོ་དང་། རྡུལ་ཕྲ་

(༣༩༠)རབ་རེ་རེའང་སངས་རྒྱས་ཀྱི་ཞིང་ཁམས་ལོངས་སྐུའི་སྙིང་པོ་ཅན་དུ་རྫོགས་པས་ཞིབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། དུང་ཁང་དུ་ཁྲོ་བོའི་དཀྱིལ་འཁོར་སྣང་བའི་གདངས་ཚངས་བུག་གི་འོད་རྩ་ལས་འཐོན་ཏེ་སྟེང་གཞི་མ་ལུས་པ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་དུ་གསལ་བ་ནི་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་སྐུར་ལམ་དུ་ཤར་བས་ལུས་ཚད་ལ་ཕེབས་པ་ཞེས་བྱའོ།། །།དེ་བཞིན་དུ་སེམས་ཚད་ལ་ཕེབས་པས་ཀུན་ཏུ་རྟོག་པའི་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་རྣམས་ནུབ་ནས་ཆོས་དབྱིངས་དྲི་མེད་དུ་རང་གསལ་བས་གཞན་གྱིས་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་དྲུག་དང་། ཐོགས་རེག་གིས་བཅད་པའི་ཕ་རོལ་གྱི་ཡུལ་དང་རྒྱལ་བའི་ཞིང་ཁམས་ཚད་མེད་པ་མཐོང་བའི་སྤྱན་ཏེ་སྣང་བའི་སེམས་རྣམ་པར་དག་པ་དང་། སྟོང་པའི་སེམས་དག་ལས་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ལ་དབང་འབྱོར་པ་ལ་སོགས་ཏེ། མདོར་ན་ལུས་ཀྱི་རྡེས་བ་དག་པས་རྩ་རླུང་རང་དག །དེ་དག་པས་གློ་བུར་གྱིས་བསྡུས་པའི་

(༣༩༡)ཚོགས་པ་ཞིག་སྟེ་ལུས་སེམས་ཀྱི་འབྲེལ་མངོན་གྱུར་རགས་པ་ལོག །ཕྲ་བ་བག་ལ་ཉལ་གྱི་ཆ་སྐར་མདའ་རྒྱུག་པ་ཙམ་ལས་བསྐྱེད་སྡུད་ཀྱི་སྣང་ཆ་གཉིས་འཛིན་པའི་དུས་ཏེ། ཐལ་འགྱུར་ལས། ལུས་སེམས་འབྲེལ་བ་ཆོད་པ་ནི། །ཟག་བཅས་ཟད་པའི་ལུས་ལ་ཡང་། །ཕྱིར་འབྱུང་མཚན་ཉིད་གསལ་བའི་སེམས། །སྐར་མདའ་འཕྲོ་བའི་ཚུལ་གྱིས་ཀྱང་། །ནམ་མཁའི་ཁམས་སུ་གསལ་བར་མཐོང་། །ཞེས་དང་། ལུས་ནི་འོད་གསལ་དག་པ་ལ། །རླུང་ནི་མེ་སྟག་འཕྲོ་བ་བཞིན། །གཅིག་ཏུ་མི་གནས་རང་གསལ་གཞི། །སྣང་ཆ་གཉིས་ཀྱི་ཚུལ་དུ་འབྱུང་། །འདིས་ནི་ལུས་སེམས་འབྲེལ་བཅད་ནས། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །ཞར་ལ་འཕྲོས་པ་འདི་བརྗོད་དེ། །དེ་ཡང་གངས་རིའི་ཁྲོད་འདིར་མོས་པས་བཟུང་བའི་གྲུབ་པའི་མཐའ་ཐ་དད་པ་ལས་ཁ་གཅིག་ནི་སྟོང་གཟུགས་ཀྱི་སྣང་བ་འཁྲུལ་སྣང་ཉག་གཅིག་ཏུ་འཇོག་ཅིང་། རྫོགས་པ་ཆེན་པོའི་སྣང་བཞི་ལའང་མུ་སྟེགས་ཉི་མ་བལྟ་བའི་ལུགས་ཞེས་ཆོས་ལ་སྡང་

(༣༩༢)བའི་རྩ་ལྟུང་སོགས་ལ་བག་ཚབ་མེད་པར་འཇུག་པའི་བཤེས་གཉེན་སྤྱང་ཀི་དང་བྱི་ལའི་སྡེ་ཚོགས་དག་གིས། རང་ཉིད་དགའ་བའི་དུས་ཀྱི་འཁོར་ལོ་ལ་སོགས་པའི་སྟོང་གཟུགས་ཀྱི་སྣང་བ་ལ་རྒྱུད་ནས་ཆུ་འདྲེན་པའི་རྣམ་པར་ཤེས་པ་ལྐོག་ཏུ་གྱུར་པས་བློ་གྲོས་ཐུར་ཁུང་ཐུག་པའོ། །ཁ་ཅིག་ནི་སངས་རྒྱས་ལ་སྐུ་དང་ཡེ་ཤེས་མེད་པར་འདོད་པ་ནི་ལོག་པར་བལྟ་བའོ་ཞེས་སྒྱུ་མའི་སྐུ་ལ་སོགས་པ་མཐར་ཐུག་གི་བསྒྲུབ་བྱར་བྱེད་ཅིང་དོན་དམ་པར་འདོད་པའི་ཕྱོགས་གཉིས་སུ་སྣང་ཡང་། ཁོ་བོ་ཅག་ནི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡོན་ཏན་གཟུགས་ཀྱི་སྐུ་ཡིན་པས་འཁྲུལ་སྣང་ཕྱོགས་གཅིག་ཏུའང་མི་འཇོག་པས་ཟླ་བའི་ཆོས་ཉིད་རང་གི་ངོ་བོས་ཉ་གང་བལྟར་ཡར་འཕེལ་གྱི་ཡོན་ཏན་ཉམས་གོང་འཕེལ་གྱི་སྣང་བས་སྐུ་གསུམ་ལམ་སྣང་དུ་རྩལ་རྫོགས་པར་བྱེད། ད་ལྟར་སྣང་བའང་རིག་གདངས་ཕྱིར་ཤར་གྱི་གཟུགས་བརྙན་ཙམ་ལས་ངོ་བོ་ཉིད་མ་ཡིན་པས་དོན་དམ་དུའང་མི་འཛིན་པ་གནམ་སྟོང་གི་ཟླ་བའང་ངོ་ལ་བཅོས་སུ་མེད་པར་འགྲིབ་པ་ལྟར་སྙིང་པོའི་རང་གདངས་ཕྱིར་སྣང་བ་ཟད་དགོས་པའི་

(༣༩༣)གནད་ཀྱིས་རིག་པ་གཡོ་བྱེད་ཀྱི་རླུང་ཕྲ་བ་དང་བཅས་པ་ཤིན་ཏུ་རྣམ་པར་དག་པ་བློ་ཟད་ཆོས་ཟད་ཀྱི་སྣང་བ་གདོད་མའི་ནང་དབྱིངས་སུ་བཙན་ས་ཟིན་པར་འདོད་པས་གྲུབ་མཐའ་བློས་བཀོད་པར་ཤེས་ནས་རྩོད་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དང་དུ་ཞི་བར་བྱ་སྟེ། ཆོས་རྣམས་ཟད་སར་ཕྱིན་པ་དང་། །རང་གི་གྲུབ་པའི་མཐའ་ཡང་འཇིག །འདི་དུས་བླ་མའི་མན་ངག་ནུབ། །ལྟ་སྒོམ་སྤྱོད་པའི་མཐའ་སྟོངས་པས། །ཆོས་སྐུའི་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་ཤེས་རྒྱུན་ཆད་པས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་མེད་འོངས་པ་མེད་པའོ། །ཞེས་དབུ་མ་རབ་ཏུ་མི་གནས་པའི་དགོངས་པ་ལ་གཞག་པར་བྱའོ།། །།བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། རྩ་རྒྱུད་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོངས་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་ལས་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་རྣལ་

(༣༩༤)འབྱོར་ཆེན་པོའི་གཞུང་མན་ཆད་དུའང་ཐབས་སྣང་བའི་ཆ་ལ་བསྐྱེད་པའི་རིམ་པ་མུ་མེད་པར་བཀོད་པ་ཉིད་སླར་ངེས་པར་རྫོགས་པའི་རིམ་པ་ཤེས་རབ་སྟོང་པ་ཉིད་དུ་བསྡུ་བ་བཞིན། འདིར་གནད་རྣམ་པ་གསུམ་ལ་བརྟེན་ནས་རླུང་གི་གཡོ་བ་ཡེ་ཤེས་སུ་འཕེལ། ཆོས་ཉིད་དུ་དག་པའི་མཐུ་ལས་ཕྱི་འབྱུང་ཡུལ་གྱི་འཁྲུལ་སྣང་གི་ཆ་དང་ནང་འཁྲུལ་རྟོག་སེམས་དང་སེམས་བྱུང་གི་བག་ཆགས་རང་འགགས། གསང་བ་འོད་གསལ་གྱི་སྣང་བ་ཐམས་ཅད་ཀྱང་ཆོས་ཉིད་གང་དུའང་བརྗོད་དུ་མེད་པའི་དབྱིངས་སུ་ཐིམ་པ་ལ་ཟད་པའི་བརྡར་བཏགས་པ་སྟེ། དོན་དམ་པར་གནམ་སྟོང་གི་ཟླ་བ་ཅི་ཡང་མེད་པ་ལྟར་སྣང་ཡང་རང་གི་ངོ་བོ་ཆེར་སོང་བ་དང་། ཆུང་ངུར་སོང་བ་གང་ཡང་མེད་པས་རང་གདངས་དབྱིངས་སུ་ནུབ་པ་ཤེལ་འོད་ནང་དུ་ནུབ་པ་ལྟ་བུའོ། །དེ་ལྟར་དུ་ཟད་པའི་རང་བཞིན་ལ་ཟད་ལུགས་གཉིས་ཀྱི། རིམ་གྱིས་ཟད་པ་ནི་སྣང་བ་བཞི་ཚད་དུ་ཕྱིན་པ་གང་ཡིན་པའོ། །བློ་མཚོ་གཅིག་ཅར་བ་རེ་ཙམ་ནི་མངོན་སུམ་གྱི་སྣང་བ་མཐོང་བ་ཉིད་གོམས་སུ་བཅུག་

(༣༩༥)པ་ལས། གོང་འཕེལ་དང་ཚད་ཕེབས་ཀྱི་རིམ་པ་ལ་མ་ལྟོས་བར་ཟད་པའང་ཡོད་དོ། །ཇི་ལྟར་ནའང་དེའི་ཚེ་རྡོས་བཅས་དེངས་པས་འབྱུང་བའི་དགྲས་མི་ཚུགས། ཉོན་མོངས་པ་དེངས་པས་དྲན་པ་དང་དྲན་གཞི་ཝལ་པོ་རྗེས་མེད་དུ་སོང་། སྣང་བ་དེངས་པས་འགྲོ་བ་དང་། འདུག་པ་དང་། ཉི་ཟླའི་སྣང་བ་ལ་སོགས་པ་རང་ཡལ་རྗེས་མེད་དུ་སོང་ནས་འདི་ལྟར་ཡིན་ནོ་ཙམ་དུའང་མ་གྲུབ་པས་གཟུགས་སྣང་ཐམས་ཅད་མྱ་ངན་ལས་འདས་པ་ཞེས་བྱའོ། །དེའི་དུས་ན་ཐོབ་པ་གཉིས་འབྱུང་བ་ནི་འདི་ལྟ་སྟེ། སྐྱེ་བ་ལ་དབང་ཐོབ་པས་འཕོ་བ་ཆེན་པོའི་སྐུར་བཞེངས་ཏེ་སེམས་ཅན་གྱི་དོན་མཛད་ན་སྣང་བ་རིམ་གྱིས་ཟད་དུས་ལག་སོར་ལྔ་འོད་ཀྱིས་དཀྲིགས་པར་སྣང་བ་ལ་ཤེས་པ་གཏད་པས་སྣང་བ་རང་ལོག་ནས་སྣོད་བཅུད་ཀྱི་རྟེན་དང་བརྟེན་པ་ཆུ་ཟླ་དང་རྨི་ལམ་ལྟ་བུར་མཐོང་ལ། རང་ལུས་ཀྱང་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་ཟང་ཐལ་བ་ཙམ་དུ་རང་གིས་མཐོང་ལ་གཞན་གྱི་མིག་མ་དག་པས་དེ་ལྟར་མི་མཐོང་བའི་

(༣༩༦)ཚུལ་སློབ་དཔོན་ཆེན་པོ་པདྨའི་སྐུ་ལ་བཙན་པོས་ཕྱག་གིས་བཏུད་པས་སྟན་ལ་རེག་པའི་ལོ་རྒྱུས་བཞིན་ནོ། །དེ་ལྟར་རྡུལ་ཕྲན་དེངས་པ་འོད་དུ་གསལ་བས་སྐྱེ་འཇུག་གཉིས་ལ་དབང་ཐོབ་པ་ཐོད་རྒལ་ཁོ་ནའི་ཁྱད་ཆོས་ཡིན་ལ། །ཁྲེགས་ཆོད་ལ་ལུས་རྡུལ་ཕྲན་དང་སེམས་ཆོས་ཉིད་དུ་དེངས་ནས་ཀ་དག་གི་སར་གྲོལ་བ་ཙམ་ལས་མེད་པའི་ཕྱིར་རོ། །དུས་དེ་ཙམ་ན་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ཀྱང་དངོས་དང་རྒྱུད་ནས་རིགས་དྲུག་སོ་སོའི་གནས་སུ་དོན་མཛད་ཅིང་། ཁྱད་པར་དུ་མིའི་འགྲོ་བ་སྨོན་ལམ་མཐུན་པ་སུམ་སྟོང་ལྷག་མེད་དུ་གྲོལ་བར་མཛད་ནས་སླར་ཆོས་ཉིད་གཞོན་ནུ་བུམ་པའི་སྐུར་འཚང་རྒྱ་བ་ནི་སློབ་དཔོན་ཆེན་པོ་པདྨའི་ཞབས་དང་། དྲི་མེད་ཆོས་ཀྱི་བཤེས་གཉེན་མངོན་སུམ་ཚད་མའོ། །ཀུན་མཁྱེན་གྱིས་བཤད་པ་འགའ་ཞིག་ཏུ་བར་དོའི་སེམས་ཅན་སུམ་སྟོང་ཞེས་པའང་ཡོད་དེ་མིའི་འགྲོ་བའང་སྐྱེས་གནས་ཀྱི་བར་དོ་ཡིན་པས་མི་འགའ་ལོ། །འཇུག་པ་ལ་དབང་ཐོབ་པ་ནི་སྐུའི་རྣམ་པ་དེ་ཉིད་ཀྱི་དུས་དེར་གཞན་དོན་རླབས་པོ་ཆེ་མི་མཛད་ན་སེམས་ཅན་སུམ་སྟོང་ལ་

(༣༩༧)རིག་པ་གཏད་པའི་མོད། ལས་ལ་བཟང་ངན་མེད་པའི་གནད་ཀྱིས་གྲོལ་བར་མཛད་ནས་ན་བུན་ནམ་མཁའ་ལ་དེངས་པ་བཞིན་ནང་དབྱིངས་སུ་ཞུགས་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཕྲིན་ལས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་གཞན་དོན་མཛད་པའི་ཚུལ། ནང་གསལ་ཐིམ་ལ་མ་རྨུགས་པའི་གདངས་ཕྱིར་གསལ་དུ་སྣང་བ་ལྷུན་སྟུག་པོ་བཀོད་པའི་ཞིང་ཁམས་ལས་བྱད་དང་མེ་ལོང་གི་རྣམ་པར་ཤར་བ་བྱེད་སྤྲུལ་ལོངས་སྐུ་ལ་སོགས་པ་དང་། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོས་ཉིད་ལས། སེམས་དཔའ་ས་བཅུ་པ་ལ་ལོངས་སྐུ་རིགས་ལྔ་དང་། སོ་སོ་སྐྱེ་བོ་དང་། ཉན་ཐོས། རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ལ་མཆོག་གི་སྤྲུལ་པའི་སྐུ་དང་གཞན་ཡང་སེམས་ཅན་གྱི་ཁམས་ཐམས་ཅད་དུ་བཟོད་དེ། སྐྱེ་བ་སྤྲུལ་པ་ལ་སོགས་པ་འགྲོ་བ་སོ་སོའི་ཁམས་དང་། དབང་པོ་དང་། མོས་པ་དང་འཚམ་པས་དོན་མཛད་པའི་ཚུལ་བསྐྱེད་རིམ་གྱི་རྣམ་གཞག་འོག་མིན་བགྲོད་པའི་ཐེམ་སྐས་སུའང་ལེགས་པར་འདོམས་ཟིན་ཏོ།། །།བཞི་པ་མཐའ་རྟེན་གྱི་མན་ངག་ནི། ཀློང་

(༣༩༨)གསལ་ལས། དེ་ལ་མཐའ་རྟེན་མན་ངག་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་མི་འགུལ་བ་གསུམ་གྱིས་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་བཟུང་། ཐོབ་པ་གསུམ་གྱིས་གཟེར་གདབ། གདིང་བཞིས་གྲོལ་ཚད་སྟོན་པ་ལས། དང་པོ་ནི་རྩ་རྒྱུད་ལས། མི་འགུལ་གསུམ་གྱི་གཞི་བཅས་པས། རླུང་སེམས་གནད་དུ་ཕེབས་པའོ། །ཞེས་ལུས་བཞུགས་སྟངས་ལས་མི་འགུལ་བས་རྩ་རླུང་རང་ངལ། མིག་གཟིགས་སྟངས་ལས་མི་འགུལ་བས་སྣང་བའི་འཕེལ་འཛིན། སེམས་བཟོ་མེད་ལས་མི་འགུལ་པས་དབྱིངས་རིག་ཟུང་དུ་ཆུད་པར་བྱེད་དོ།། །།གཉིས་པ་ནི་རྩ་རྒྱུད་ལས། སྡོད་པ་གསུམ་གྱིས་ཚད་བཟུང་བས། རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངོས་བཟུང་བའོ། །ཞེས་པས། ལུས་བྱ་བ་ལ་མི་གནས་པར་སྡོད་པས་འཁོར་བའི་འཁྲུལ་རྟོག་དང་། རླུང་འཕེལ་མེད་དུ་སྡོད་པས་རྣམ་རྟོག་གཡོ་བའི་རྐྱེན་ཟད། སྣང་བ་འདར་འཕྲིགས་མེད་པར་སྡོད་པས་ཞིང་ཁམས་ཚད་ལ་ཕེབས་པར་བྱེད་དོ།། །།འདིའི་ཚེ་རྟགས་སྒོ་

(༣༩༩)གསུམ་ལ་འཆར་བ་དང་ཚད་རྨི་ལམ་གྱིས་བཟུང་བ་གཉིས་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་དུས་བུམ་དབང་གིས་ལུས་སྨིན་པས་བྱ་རྩོལ་མེད་པའི་དོན་ཡན་ལག་ལ་ཞུགས་ནས་རྩ་དལ་བའི་རྟེན་འབྲེལ་ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུའོ། །རྩ་ནང་དུ་རྣམ་ཤེས་ཚུད་པས་བརྗོད་གཞི་དག་པའི་གདངས་དག་གི་བརྡལ་ཞུགས་ནས་ལྐུགས་པ་བཞིན་དུ་སྨྲ་བ་ལ་མི་བརྩོན་ནོ། །རྫོགས་པ་ཆེན་པོ་འཛིན་མེད་རང་གྲོལ་གྱི་དོན་སེམས་ལ་ཞུགས་པས་སེམས་མཁའ་འགྲོ་རྙི་ལ་ཟིན་པ་བཞིན་གར་གཏད་དུ་སྡོད་པའོ། །ཉམས་གོང་འཕེལ་གྱི་ཚེ་རླུང་དབུ་མར་ཐིམ་པས་བཟང་ངན་མེད་པའི་དོན་ལུས་ལ་ཞུགས་པས་ལུས་སྒེག་ཆོས་ངོ་ཚ་དང་བྲལ་བ་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟ་བུའོ། །གསང་དབང་གིས་ངག་དག་པས་རྫོགས་པ་ཆེན་པོ་དགག་སྒྲུབ་ལས་འདས་པའི་དོན་ངག་ལ་ཞུགས་ནས་ངག་སྨྱོན་པ་རང་ཚིག་རྡོལ་བ་བཞིན་ལྟོས་མེད་བྱུང་རྒྱལ་དུ་སྨྲ་བའོ། །སེམས་བྱུང་གི་རྟོག་ཚོགས་སེམས་སུ་ཞུགས་པས་རྩི་དུག་

(༤༠༠)གིས་ལན་བདུན་མྱོས་པའི་སྐྱེས་བུ་བཞིན་སྐྱེ་མེད་རང་གྲོལ་གྱི་དྲན་སེམས་འཁོར་བའི་བྱ་བ་ལ་མི་འཇུག་གོ། །ཚད་ཕེབས་ཀྱི་དུས་ན་ཤེར་དབང་གི་ནུས་པ་རྩ་རླུང་ལ་ཐེབས་པས་ལུས་འབྱུང་བ་ལྔ་ལ་ཐོགས་པ་མེད་པར་ཟང་ཐལ་བ་གླང་པོ་ཆེ་འདམ་དུ་ཆུད་ཀྱང་གཞན་ལ་མི་ལྟོས་པར་རང་སྟོབས་ཀྱིས་འཐོན་པ་ལྟ་བུའོ། །རྫོགས་པ་ཆེན་པོ་སྨྲ་བརྗོད་ལས་འདས་པའི་དོན་ངག་གིས་སྒྱུར་བྱེད་ལ་ཞུགས་པས་ཤེས་རབ་ཀྱི་དབང་དུ་སྙིང་རྗེ་འདུས་པའི་རྟེན་འབྲེལ་ལས་ངག་གྲུལ་བུམ་གྱི་ཕྲུ་གུ་གླུ་ལེན་པ་ལྟར་སོང་ནས་ཅི་སྨྲས་གཞན་གྱི་རྣ་བར་འཇུག་ཅིང་ཕན་ཐོགས་པའོ། །རང་ངོ་ཀ་ནས་དག་པས་ཡེ་གྲོལ་བསྐྱར་གཞི་མེད་པའི་དོན་སེམས་ཀྱི་གནས་པ་ལ་ཞུགས་པས་འབྲུམ་ནད་བྱང་བའི་སྐྱེས་བུ་སླར་བསྐྱར་ནས་མི་ལྡོག་པ་བཞིན་ཕྱིན་ཆད་འཁོར་བར་མི་འཇུག་པར་ཐག་ཆོད་པའོ། །ཆོས་ཉིད་ཟད་པའི་དུས་ན་རྫོགས་པ་ཆེན་པོ་སྐྱེ་མཆེད་ལས་འདས་པའི་དོན་གྱིས་རྡོས་པ་དག་པའི་ལུས་དུར་ཁྲོད་ཀྱི་མི་རོ་བཞིན་དུ་གཤེད་མ་བརྒྱས་བསྐོར་ཀྱང་བག་ཚ་བ་ཅུང་ཟད་ཙམ་

(༤༠༡)ཡང་མེད་པའོ། །རྩ་གནས་ཀྱི་ཡི་གེ་ཡེ་ཤེས་ཀྱི་རླུང་གི་དྲ་བར་ཚུད་པ་ལས་ཐེག་པའི་རྒྱལ་པོ་བརྗོད་དུ་མེད་པའི་དོན་ངག་གི་གྲག་པ་ལ་ཞུགས་ནས་བརྗོད་པ་སྟོངས་པའི་སྒྲ་བྲག་ཅའི་རྣམ་པར་སོང་ནས་ཕ་རོལ་གྱིས་རྗེས་སུ་བཟློ་བའོ། །ཚིག་དབང་གིས་སེམས་དག་པས་སྐྱེས་བུའི་སྙིང་ལ་མདས་ཟིན་པའི་རྣམ་ཤེས་ལྟར་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་རིག་པ་གདོད་མའི་ས་ལ་ན་བུན་ཡལ་བ་ལྟར་སོང་བ་ནི་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱ་བའི་ཡེ་ཤེས་ལ་རང་དབང་འབྱོར་པ་ལས་བྱུང་བའོ། །ཞར་ལ་འདི་སྐད་ཅེས་བརྗོད་དེ། རང་ཤར་ལས། ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་དུས་ན་བདུད་ཀྱིས་བསླུ་བ་ངོ་ཤེས་པར་གྱིས་ཤིག །ཉམ་ང་མེད་པའི་སྤྱོད་པ་ཀློང་བརྡོལ་བའི་དུས་ན་ཤེས་རབ་ཀྱི་འཇུག་ཕྱོགས་ངོ་ཤེས་པར་གྱིས་ཤིག །ཅེས་ཤེས་པའི་ཉམས་ལ་རྟགས་ཚད་ངེས་པའི་བྱེ་བྲག་མ་ཕྱེད་ན་བདུད་དང་གོལ་སྒྲིབ་ཀྱི་འཕྲང་ལས་མི་སྒྲོལ་བས་རྒྱུད་ལས་གསུངས་པའི་དོན་མདོར་བསྡུ་ན་བར་ཆད་བདུད་ཀྱི་རྟགས། །

(༤༠༢)འཕེལ་འགྲིབ་ཉམས་ཀྱི་རྟགས། མི་འགྱུར་གསང་བའི་རྟགས་གསུམ་གྱིས་སྟོན་པ་ལ། དང་པོ་ནི། དབང་པོ་རྟུལ་པོ་སྣང་བ་ལ་འཛིན་པའི་མངོན་རློམ་ཞུགས་པས་ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་གཏོགས་པའི་རིགས་ཅན་འགའ་ཞིག་ལ། ལུས་སྣ་ཚོགས་སུ་སྤྲུལ་ནུས་པ་དང་། ཁ་དོག་སྣ་ཚོགས་སུ་ཤར་བ་དང་། གྲིབ་མའི་མེ་ལོང་དུ་གཟུགས་བརྙན་གཉིས་པར་འཆར་བ་དང་། གཞན་གྱིས་སེམས་ཤེས་པ་སྙམ་བྱེད་པ་ལ་སོགས་ཏེ། དེའི་ཚེ་གུ་གུལ་དང་བདུད་རྩི་ཆེ་ཆུང་གིས་མགོ་མཇུག་མེད་པར་བཀྲུ་ཞིང་། ཡན་ལག་ལ་ལྡེར་ཚེ་རྙིང་པའི་མདོག་པ་བྱུགས་པས་ཁྲ་བོར་འོང་ངོ། །གཞན་ཡང་བགེགས་ཡི་དམ་གྱི་གཟུགས་སུ་བརྫུ་བ་དང་། ཁྱད་པར་ཡེ་ཤེས་དག་པའི་མཁའ་འགྲོ་འཇིག་རྟེན་དུ་མི་རྒྱུ་ཞིང་། སྣ་ཚོགས་ལས་ཀྱི་མཁའ་འགྲོ་མས་ནམ་མཁའ་ལས་གཟུགས་སྟོན་པ་དང་། ལུང་སྟོན་པ་སོགས་བྱེད་ཅིང་ཐུན་མོང་གི་དངོས་གྲུབ་ཞར་ལ་བསྒྲུབ་པ་ཡོད་དེ། ཡང་དག་མ་ཡིན་པའི་རྟགས་སྔར་བས་ཤེས་པ་འགྱུར་ཞིང་བློའི་ཞེན་པ་ཆགས་

(༤༠༣)སྡང་དང་དགག་བསྒྲུབ་རང་ཚན་པར་ཤར་ཏེ་ཆོས་དང་ཇེ་འགལ་ལ་འགྲོ་བ་ནི་བདག་ཉིད་མཁའ་འགྲོ་མའི་དབང་དུ་སོང་བ་ཞེས་བྱ་སྟེ། དེ་ལ་རང་ཤར་ལས། མཁའ་འགྲོ་མ་དག་ལུང་སྟོན་པ་བྱུང་ན་ཉམས་བལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ། །ཞེས་གསུངས་པས། རང་བཞིན་མེད་པའི་དོན་ལ་མཉམ་པར་བཞག་པས་མཁའ་འགྲོ་མ་བདག་གི་དབང་དུ་གྱུར་ནས་ལྟར་སྣང་གི་དངོས་གྲུབ་ཀྱི་རྗེས་སུ་ཁྲིད་ནས་བསླུ་བར་མི་ནུས་སོ། །གཞན་ཡང་སྤྱིར་ཁྲོ་བོ་སྒོམ་པ་དང་། དྲག་སྔགས་དང་ཧཱུྃ་གླུ་བརྗོད་ཅིང་། སེམས་བསྐྱེད་སྒོམ་པས་དེ་ལས་ལྡོག་པར་འགྱུར་རོ།། །།གཉིས་པ་འཕེལ་འགྲིབ་ཉམས་ཀྱི་རྟགས་ནི། རླུང་སེམས་འདུས་ཚུལ་གྱི་རྐྱེན་ལས་ཡིད་བརྟན་མི་རུང་བའི་ཏིང་འཛིན་གློ་བུར་དུ་སྐྱེ་བ་དང་། ནམ་མཁར་ལྷ་སྐུ་དང་འོད་སྣང་འཁྲིགས་པ་སོགས་མ་ངེས་པར་བྱུང་ན། རེས་འགའ་ཆུའི་དཀྱིལ་དུ་འདུག །ཤིང་གི་བྱང་བུ་སོར་བཅུ་དྲུག་པའི་བར་དུ་མཇིང་པ་ལྟེམས་ནས། ལུས་ལ་ཙན་དན་གྱི་མར་ཁུས་བ་སྐུ་མཉེ་བྱ་བ་དང་། བསིལ་

(༤༠༤)བའི་ཁ་ཟས་བརྟེན། སྐྱེ་མེད་ཀྱི་སྙིང་པོ་ཨ་ཡིག་བགྲང་བ་སོགས་པས་ཡང་དག་པའི་ལམ་དུ་སོར་ཆུད་པར་འགྱུར་རོ། །གསུམ་པ་མི་འགྱུར་གསང་བའི་རྟགས་ནི། ལུས་ཤིང་བལ་ལྟར་ཡང་ཞིང་ཟོ་མདོག་བཟང་ལ་སྐྲ་དཀར་དང་གཉེར་མ་མེད་པ་དང་། སྐྲ་སེན་སྐྱེ་བའི་རྒྱུན་ཆད་པ་དང་། ལུས་ལ་རིགས་ལྔའི་ཕྱག་རྒྱ་དང་སྐུ་གཟུགས་ཡི་གེའི་རྣམ་པ་གསལ་བ་དང་། གཞོན་ཤ་ཆགས་ཤིང་སྐྲ་དཀར་ནག་པོར་འགྱུར་ནས་སོའུ་སྐྱེ་བ་སོགས་ཏེ་ལུས་ཤིན་ཏུ་སྦྱངས་པའི་ཡན་ལག་ལ་དབང་ཐོབ་པའོ། །དེ་བཞིན་དུ་ངག་ལ་བདེན་པ་འགྲུབ་པས་ཅི་སྨྲས་གཞན་ལ་ཕན་པ་དང་། འཁྲུལ་པའི་ཚིག་མི་འབྱུང་ཞིང་ཆོས་སྣ་ཚོགས་རང་རྡོལ་དུ་ཤེས་པ་དང་། གཏམ་རྒྱུད་དང་སྒྲ་སྐད་སྣ་ཚོགས་ཤེས་པ་དང་། རིགས་དྲུག་སོ་སོའི་སྒྲ་སྐད་ཤེས་པ་དང་། ཉན་ཐོས་དང་རང་སངས་རྒྱས་བྱང་ཆུབ་སེམས་དཔའི་གསུང་ཐོས་ཤིང་དབུགས་ཕྱི་ནང་དུ་རྒྱུ་བ་མེད་པ་ལ་སོགས་པའོ། །སེམས་འབྱོངས་བས་ཟས་གོས་མི་དགོས་ཤིང་། ཏིང་ངེ་འཛིན་ལོ་ཟླར་བརྟན་པ་དང་། རླུང་གང་གཏད་དུ་འདྲོངས་པ་དང་།

(༤༠༥)འདས་མ་འོངས་ཀྱི་རྣམ་རྟོག་དག་པས་བྱ་བའི་ཁྲིགས་འགགས་པ་དང་། སྙིང་རྗེ་ཚད་མེད་པར་སྐྱེ་ཞིང་ཉོན་མོངས་པ་རང་རྒྱུད་དུ་མི་འཆར་བ་སོགས་མདོར་ན་བཟང་ངན་གང་ལའང་རེ་དོགས་ཀྱི་མཐར་ལྷུང་བའི་དགགས་སྒྲུབ་ཀྱི་བློས་མ་གོས་པ་གནད་དམ་པའོ།། །།གཉིས་པ་ཚད་རྨི་ལམ་གྱིས་བཟུང་བ་ནི། །གསང་བ་སྒྲ་རྒྱུད་ལས། རབ་ལ་འཆད་དང་འབྲིང་གི་ཤེས། །ཐ་མ་འགྱུར་བ་དེས་པ་སྟེ། །ཞེས་དབང་པོ་རྣོན་པོ་དང་བརྩོན་འགྲུས་རབ་ཏུ་གྱུར་པ་རྣམས་ལས་དང་བག་ཆགས་གྱི་འབྲེལ་བ་ཆོད་པས་སྐྱེ་བ་འདི་ཉིད་ལ་འཚང་རྒྱ་བའི་རྟགས་སུ་རྨི་ལམ་དབྱིངས་སུ་དག་ནས་གཉིད་འོད་གསལ་དུ་འཆར། འབྲིང་རྨི་ལམ་ལ་རྨི་ལམ་དུ་ཤེས་པ་སྤྲུལ་བསྒྱུར་གྱི་གོམས་པ་ངེས་པ་ལས་བར་དོར་འཚང་རྒྱ། ཐ་མ་བག་ཆགས་ངན་པའི་རྨི་ལམ་རྒྱུན་ཆད་ནས་བཟང་པོ་ཤ་སྟག་ཏུ་རྨི་བ་ནི་རང་བཞིན་སྤྲུལ་པར་དབུགས་འབྱིན་པའོ། །གསུམ་པ་ཐོབ་པ་གསུམ་གྱི་གཟེར་ནི། །སྔ་མ་ལས། ཐོབ་པ་གསུམ་གྱིས་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མི་སྣང་ངོ་། །ཞེས་པས་ཚིག་གིས་འགྲེལ་ཕྱོགས་

(༤༠༦)དོན་གཅིག་ལ་བསྐྱར་ཟློས་ཡང་ཡང་མ་བྱས་ན་ཚི་མི་ཆད་པས། ཕྱི་སྣང་བ་ལ་དབང་ཐོབ་པས་རྐྱེན་སྣང་ཞིང་ཁམས་སུ་འཆར། ནང་སྒྱུ་ལུས་ལ་དབང་ཐོབ་པས་རྡོས་བཅས་འོད་གསལ་དུ་དག །གསང་བ་རླུང་སེམས་ལ་དབང་ཐོབ་པས་མཚམས་མེད་ལྔ་དང་ལྡན་པའི་རྣམ་པར་ཤེས་པ་ཡང་རིག་པ་གཏད་པས་འདྲོངས་པའོ།། །།བཞི་པ་གདིང་བཞི་ནི། རིན་པོ་ཆེ་སྤུངས་བར། མི་འགྱུར་ལྟ་བའི་གདིང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་། །ཞེས་པས། ངན་སོང་གསུམ་གྱི་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་ཐོས་ཀྱང་རང་ངོ་གདོད་ནས་འཁྲུལ་མི་ཤེས་པའི་ཐོག་ཏུ་བདེ་སྡུག་ཤེས་བྱ་ལ་མི་སྲིད་པར་ཐག་ཆོད་པས་ངན་སོང་ལ་བག་མི་ཚ་བའི་གདིང་། རིག་པ་གཞི་ཐོག་ཏུ་ཕེབས་པ་ལ་འཁོར་བ་མིང་ཙམ་དུའང་མ་གྲུབ་པས་རྒྱུ་འབྲས་རྣམ་སྨིན་ལ་མི་རེ་བའི་གདིང་། ཆོས་ཉིད་ཀྱི་གཤིས་ལ་འདི་ལྟར་གྲོལ་ནས་འདི་ཙམ་དུ་བདེའོ་སྙམ་པའི་མྱང་འདས་རང་ཚན་པ་མེད་པས་ཐོབ་བྱ་ལ་རེ་བ་མེད་པའི་གདིང་། རྒྱལ་བའི་ཁམས་ལ་ཡོན་ཏན་ཚད་མེད་པར་ཐོས་ཀྱང་རང་ངོ་རིག་པ་ལས་ཐ་དད་པའི་སངས་

(༤༠༧)རྒྱས་རྒྱུ་སྤུའི་རྩེ་མོ་ཙམ་དུའང་མེད་པ་གཤིས་ཐོག་ཏུ་ཕེབས་པས་དགའ་བྲོད་མཉམ་པ་ཉིད་དུ་དག་པའི་གདིང་སྟེ། རྣམ་པ་བཞིས་ཚད་དུ་བསྐྱོལ་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དམ་པར་འཇུག་པ་ནི། རྡོ་རྗེ་སེམས་དཔའི་སྙིང་གི་མེ་ལོང་གི་རྒྱུད་ལས། མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི། ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ། འོད་དང་། སྒྲ་དང་། གདུང་དང་། སྐུ་དང་། ས་གཡོ་བ་ལ་སོགས་པར་འབྱུང་ངོ། །ཞེས་བཤད་པའི་སྔ་མ་ནི་ལྕེ་བཙུན་ཆེན་པོ་ཡན་གྲགས་པ་མངོན་གྱུར་པ་ཡིན་ལ། ཕྱི་མ་ནི་རྒྱལ་བའི་དབང་པོ་དྲི་མེད་འོད་ཟེར་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེན་པོར་འོད་རྣམ་པ་གཉིས་ལས་ཁྱིམ། སྒྲ་རྣམ་པ་གཉིས་ལས་བུར་བ། སྐུ་རྣམ་པ་གཉིས་ལས་ཁྲོ་བོ། འབྱུང་བས་མི་བཤིགས་པའི་གདུང་དང་རིང་བསྲེལ་རྣམ་པ་གཉིས་ཀ །ས་ཆེན་པོ་འདི་

(༤༠༨)འུར་རབ་ཏུ་འུར། འགུལ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག་པའི་གཡོ་བ་རྣམ་པ་དྲུག་ལན་བདུན་དུ་བསྒྲགས་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བའི་རྟགས་མ་ཚང་བ་མེད་པ་བསྟན་ནས་གདོད་མའི་ས་ལ་གཤེགས་པ་བཞིན་ནོ།། །།དོན་གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བའི་གདམས་པའི་ངེས་འབྱེད་ནི། ཐལ་འགྱུར་ལས། དབྱེ་ན་རྣམ་པ་བཞི་དག་ལས། །ཅེས་རང་བཞིན། འཆི་ཀ །ཆོས་ཉིད། སྲིད་པ་སྟེ་བར་མ་དོའི་ས་མཚམས་བཞིར་ངེས་པ་ལས། དང་པོ་རང་བཞིན་གྱི་བར་དོ་ནི། སེམས་ཅན་གྱི་ཁམས་སྤྱི་ཚན་ལ་ཀུན་གཞིའི་སྟེང་དུ་ཉོན་མོངས་སྔ་མས་བཞག་པས་བག་ཆགས། ཕྱི་མ་བསྐྱེད་པའི་ཆ་ནས་ས་བོན། ལས་ཐ་དད་པའི་དབང་གིས་གནས་རིགས་བདེ་བ་དང་། སྡུག་བསྔལ་བ་དང་། བར་པ་ལ་སོགས་ཏེ་སྣ་ཚོགས་སུ་འཕེན་པའི་མཐུ་ཡོད་པས། ནུས་པ་ཞེས་རྩ་བ་མ་རིག་པ་གཅིག་གིས་གཟུང་འཛིན་ཐ་དད་དུ་བསྐྱེད་པའི་འབྲས་བུ་ལས་མཐུན་གྱིས་ཆ་སོ་སོ་སྡེབས་པས་སྒོས་ཚན་འགྲོ་བ་དྲུག་ཏུ་སྣང་ཞིང་། དེར་ཡང་དངོས་

(༤༠༩)གཅིག་ལ་སེམས་ཅན་རང་རང་གི་ལས་ཀྱི་དབང་ལས་ཆུ་གཅིག་པུ་ཉིད་ལའང་ལྷས་བདུད་རྩི། མིས་ཆུ། དུད་འགྲོས་བཏུང་བ། ཡི་དྭགས་ཀྱིས་རྣག་ཁྲག །དམྱལ་བས་མེ་མདག་གི་ཆར་དུ་མཐོང་ཡང་ཕྱི་རོལ་ནས་བདེན་གྲུབ་ཏུ་མེད་པ་ནི། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ལགས་པར་ཐུབ་པས་གསུངས། །ཞེས་གསུངས་པ་བཞིན་ནོ། །དེའི་ཕྱིར་ཁམས་གསུམ་པའི་སྣང་བ་བཀོད་པ་ཙམ་ནས་རང་བཞིན་གྱི་བར་དོར་ཆུད་པ་ལས། འདིར་རང་ཅག་འགྲོ་བ་མི་རྣམས་ནི་ཕུང་པོ་ལྔས་སྐུ་ལྔའི་སྣང་བ་ལ་བསྒྲིབས། ཁམས་དང་སྐྱེ་མཆེད་ཀྱིས་དངས་མའི་འོད་གསལ་ལ་བསྒྲིབས། ལས་དང་ཉོན་མོངས་པས་ཆོས་ཉིད་ཀྱི་སྣང་བ་ལ་བསྒྲིབས་པས་ད་ལྟའི་བདེ་སྡུག་རང་ཚན་པ་ལ་སྤྱོད་ཅིང་། ཕྱི་མའི་སྲིད་པ་འདྲེན་པ་ལས་འོས་མེད་པའི་མཚང་ཆེན་པོ་འདི་ཤེས་པར་བྱས་ནས་དེ་ལས་ལྡོག་པའི་ཐབས་རང་བཞིན་གྱིས་

(༤༡༠)བར་དོ་འདིར་ཤེས་བྱའི་སྒྲོ་འདོགས་གཅོད་ལུགས་དཔེར་ན་ཐི་བྱ་ནི་འདབ་ཆགས་ཅང་ཤེས་པས་དང་པོར་ཚང་འཆའ་དུས་ཙམ་ནས་མི་ལ་སོགས་པའི་གནོད་པ་ལེགས་པར་བརྟགས་ཏེ་བཙན་སར་བཅས་ཚར་ནས་ཕྱིས་ཚང་དུ་ནམ་འཇུག་ཀྱང་ཚམ་ཚོམ་མེད་པར་འཇུག་པ་བཞིན། ད་ལྟ་ཉིད་ནས་ཕྲང་དམ་པོ་ལ་བསྐྱེལ་མའི་ཉེར་བསྡོགས་བླ་ན་མེད་པ། ཐོས་པ་མ་རིག་མུན་སེལ་སྒྲོན་མེ་ཡིན། །ཞེས་པ་ལ་སོགས་པའི་དོན་ལ་ཡིད་རབ་ཏུ་གཞུངས་ནས་ཐོས་བསམ་གྱིས་སྒྲོ་འདོགས་ངེས་པར་ཆོད་པ་གཅེས་ཏེ། དེའང་དེང་སང་དུས་ཀྱི་རྒུད་པ་དང་སྐྱོ་བ་སྣ་ཚོགས་པས་གདུངས་བར་སྣང་བའི་ཕྱིར་ཚིག་དོན་རིན་པོ་ཆེར། སྔོན་བསྐལ་པ་བཟང་དུས་སུ་བླ་མ་ཡང་གྲུབ་ཆེན་ཤ་སྟག་བྱོན། རང་གི་ལས་འཕྲོ་དང་བླ་མའི་ཐུགས་རྗེ་དང་། མངོན་པར་མཁྱེན་པས་གནད་དུ་འགྲོ་བའི་ཆོས་རང་གང་མོས་ལས་འཕྲོ་ཡོད་པ་གཅིག་པུ་དེས་གྲོལ་བ་ཡིན་ཀྱང་། ད་ལྟའི་དུས་ན་ལས་འཕྲོ་བཟང་པོའང་དཀའ་ལ། རྣམ་རྟོག་གྲངས་མང་བས་སྤྲོས་པ་གཅིག་གིས་ཆོད་པའང་སྲིད་མཐའ་མ་

(༤༡༡)ཁེགས་པ་ཙམ་ལས། ཕལ་པ་ཀུན་ཐོས་བསམ་ཕྱོགས་མེད་དུ་སྦྱོང་དགོས་ཏེ། ད་ལྟའི་སྙིང་ཏིག་འདིའི་བསྟན་པའི་མཐའ་མ་མོས་པས་སྤྱོད་པའི་ས་ཞེས་བྱ་བ་ལ་སླེབ་པའི་དུས་ཏེ། ཁྱད་པར་དུ་གསང་བ་རྒྱལ་པོ་འདི་ཀུན་གྱི་རྩེ་མོ་ཡིན་པས་ཀྱང་ཐོས་བསམ་ཆེ་ལ་ཤེས་རབ་དང་སྐལ་པ་མཆོག་མ་གཏོགས་པས་འདིའི་དོན་རྟོགས་མི་སྲིད་པའི་ཕྱིར་ཐེག་པ་འདིར་འཇུག་པ་ལ་ཐོས་བསམ་ཆེ་བ་ཞིག་བསྟེན་དགོས་ཏེ། ཞེས་དང་། ལྷག་པར་སློབ་དཔོན་དེ་ལམ་མ་ནོར་བ་དགོས་ཏེ། ནོར་ན་དེས་བསྟན་ཚད་ནོར་བ་ལ་འགྲོ་བའི་ཕྱིར་དང་པོ་ཐོས་བསམ་རྒྱ་ཆེ་བ་གཅེས་སོ། །ཞེས་ལྔ་བརྒྱ་པའི་འགྲོ་བ་ལ་ཤིན་ཏུ་བརྩེ་བས་གདམས་པ་ཡིན་ནོ།། །།གཉིས་པ་འཆི་ཀའི་བར་དོ་ནི། ཉི་ཟླ་ཁ་སྦྱོར་ལས། ཚེ་ནི་མི་རྟག་འགྲོན་པོ་འདྲ། འགྲོན་པོས་རྟག་ཏུ་སྡད་པ་མེད། །ཅེས་སྐྱེས་པ་ཙམ་ནས་འཆི་བའི་རང་བཞིན་མདུན་ནས་སྒུག་པར་སྣང་བའི་ཕྱིར། ཉི་ཟླ་ཁ་སྦྱོར་དང་མན་ངག་གི་ཡི་གེ་རྣམས་སུ་འཆི་བ་བརྟག་བསླུའི་ཡན་ལག་རྒྱས་

(༤༡༢)པར་བཤད་པ་རྣམས་ཉམས་འོག་ཏུ་ཆུད་པས་གློར་བུར་གྱི་བར་ཆད་ལས་གྲོལ་བར་བྱ་ཞིང་དེར་མ་ལྟོས་པ། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །ཞེས་པའི་ངེས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས་ཇི་ལྟར་བཤད་པ་བཞིན་ཐོག་ཏུ་འབབ་པའི་ས་མཚམས་ནི། འཆི་རྐྱེན་གྱི་ནད་ཀྱིས་ཐེབས་པ་ནས་ནང་དབུགས་ཁྲོག་གིས་ཆད་པ་ཚུན་ཆད་དོ། །དེའི་ཚེ་དེའི་དུས་ན་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་ལྟ་བ་ལྟ་བུའི་གདམས་པ་དགོས་ཏེ། ཁ་སྦྱོར་ལས། དེ་ཚེ་བླ་མའི་མན་ངག་རྣམས། །རང་གི་རྒྱུད་ལ་འདྲིས་པར་བྱ། །ཞེས་པས། འཆི་བའི་རྟགས་དང་གར་འཆི་ནམ་འཆི་རྩིས་གདབ་མེད་པ་བུ་ཆུང་ལྟ་བུར་འཆི་བའི་གང་ཟག་རྫོགས་པ་ཆེན་པོར་གྱུར་པ་རྣམས་ལ་གདམས་པ་འདི་མི་དགོས་ཀྱང་། འབྲིང་གི་རབ་ཡུལ་རྐྱེན་གྱིས་མི་གནོད་པས་རྒྱ་ལམ་དང་གྲོང་ཁྱེར་གྱི་སྲང་མདོར་འཆི་བ་སྤྲང་པོ་ལྟ་བུའི་འཆི་ལུགས་སམ། འབྲིང་ཡུལ་རྐྱེན་ལས་འདས་པར་འཆི་བ་གངས་ཁྲོད་དང་རི་ཕུག་ལུང་

(༤༡༣)སྟོངས་སོགས་པར་རི་དྭགས་དང་སེང་གེ་ལྟ་བུར་འཆི་བ་དག་གིས་སྐུ་དང་ཡེ་ཤེས་ལ་འཇུག་པ་འོད་གསལ་སྦུབས་འཇུག་གམ། ཡུལ་དང་གནས་ལ་འཇུག་པ་འཕོ་བའི་གདམས་པ་གཉིས་གང་ལ་འདྲིས་ཤིང་གོམས་པའི་བློའི་ནུས་པ་དང་སྦྱར་ནས་གསལ་གདབ་པའི་སྔ་མ་ནི། ཉི་ཟླ་ཁ་སྦྱོར་ལས། སྐུ་དང་ཡེ་ཤེས་འཇུག་ལུགས་ནི། །རིག་པ་འདི་ལྟར་གཏད་པར་བྱ། །ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས། །རིག་པ་ཉིད་ནི་མིག་ལ་གཏད། །ཡིད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མི་འགྱུར་ན། །མི་དེ་བར་དོ་མེད་པར་ནི། །འཚང་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་པའི་དོན་བཞུགས་སྟངས་གསུམ་མམ། སེང་གེའི་ཉལ་ལུགས་ལ་གནས་པས་ཤེས་པ་མིག་ལ་གཏད། མིག་དབྱིངས་རིག་ལ་གཏད་ནས་ཀ་དག་གི་ངང་ལ་སྤྲོ་བསྡུ་མེད་པའི་ངང་ནས་འཚོ་བའི་འདུ་བྱེད་བཏང་བས་སྐད་ཅིག་ལ་གྲོལ་བར་འགྱུར་རོ། །འདི་ལ་གསང་ལམ་ངོ་སྤྲོད་ཀྱང་བྱ་སྟེ་ཤིན་ཏུ་གནད་ཟབ་པའི་ཕྱིར་ད་ལྟའང་ནམ་མཁའ་

(༤༡༤)དངས་པའི་ཚེ་རིག་པ་དབྱིངས་སུ་གཏད་དེ། བདག་ངེས་པར་འཆི་བའི་དུས་ལ་བབས་པ་ཡིན་པས་སྤྲོས་པ་མེད་པའི་ཀློང་དུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་དབུགས་ཕྱིར་འཕངས་པའི་ཕྱི་ལ་ཤེས་པ་གཏད་མེད་དུ་འཇོག་པ་ཤིན་ཏུ་མྱུར་བའི་ལམ་ཡིན་ནོ།། །།ཕྱི་མ་ནི་རྒྱུད་ལས། ཡུལ་གནས་དག་ལ་འཇུག་ལུགས་ནི། །གྲོང་འཕོ་གྲོང་འཇུག་གདམས་པ་སྟེ། །རྣམ་ཤེས་རླུང་ལ་ཞོན་ནས་སྦྱང་། །དེ་ཡང་གོང་དུ་འབྱོངས་པ་གཅེས། །རིག་པ་བསྡུ་དང་འཕངས་པ་གཅེས། །དེ་ཡང་ཧིག་གིས་འཕངས་པའོ། །དེ་ཉིད་བླ་མའི་ཞལ་ལ་ཐུག །ཅེས་པས་རླུང་ཐ་མ་ཕྱིར་འགྲོ་དུས་སྙིང་ག་ན་རིག་པ་ཨ་དཀར་པོ་ཞིག་ཏུ་བསམས་པ་ཚངས་བུག་ནས་ཡར་རྒྱང་གིས་སོང་བར་བསམ་པའི་མོད་ལ་ཧིག་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་པས་གྲོལ་ལོ། །དེ་ཡང་རྒྱུད་ཀྱི་ཚིག་ཟིན་གྱི་ཇི་ལྟར་བསྟན་པ་བཞིན་ད་ལྟ་ནས་འབྱོངས་པ་ལེགས་སོ། །གནད་དེ་ལྟ་བུ་དང་ལྡན་པ་རྣམས་ནི་ཐིམ་རིམ་གྱི་ངེས་པ་ལ་མི་ལྟོས་པར་བྱང་ཆུབ་སེམས་དཔའི་

(༤༡༥)དབུགས་འཕོ་ལུགས་དག་གི་མྱ་ངན་ལས་འདའ་བ་ཡང་ཡོད་དོ། །འདིའི་ཚེ་ཚིག་གི་སྤྲོས་པས་གསལ་འདེབས་ན། རབ་ཏུ་བླ་མའམ། མེད་ན་རྡོ་རྗེའི་སྤུན་སྲིང་དམ་ཚིག་ལ་སེལ་མེད་པ་ཅིག་གིས་འདི་སྐད་དུ། ཀྱེ་རིགས་ཀྱི་བུ། ད་ལྟའི་འོད་གསལ་འདི་རང་བྱུང་གི་ཡེ་ཤེས་དངོས་ཡིན་གྱིས་འདིའི་ངང་ལ་སེམས་མ་བཅོས་པར་ཞོག་དང་། ཡར་གྱི་ཟང་ཐལ་དུ་ཁྱོད་སངས་རྒྱའོ། །དེས་བློའི་སྤྲོས་པ་མ་ཞིག་ན་ཁྱེད་རང་གི་རིག་པ་ཨ་དཀར་པོའི་རྣམ་པར་ཚངས་བུག་ནས་དཔག་ཆེན་གྱིས་མདའ་འཕངས་པ་བཞིན་སོང་ལ་སྟེང་གི་ཕྱོགས་ན་ནམ་མཁའ་རྣམ་པར་དག་པའི་འཇིག་རྟེན་ཡོད་དེ། དེ་ན་བཅོམ་ལྡན་འདས་ནམ་མཁའི་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ལྟ་བའི་གནས་ལུགས་རྫོགས་པ་ཆེན་པོ་གཞིའི་དབང་ཡོད་ཀྱི་དབང་དེ་ཞུས་ལ་ཆོས་ཉིད་ཀྱི་གཞི་སྣང་ལ་བཞུད་ཅིག །དེའི་ཚེ་ཁྱོད་ཀ་དག་གི་ས་ལ་སངས་རྒྱ་བར་འགྱུར་རོ། །གལ་ཏེ་དེར་མ་གྲོལ་ན་ཆོས་ཉིད་བར་དོའི་

(༤༡༦)སྣང་བ་ཐམས་ཅད་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །རང་ངོ་ཤེས་མ་ཐག་ཏུ་ཀ་དག་གི་དབྱིངས་སུ་བདེ་བར་གཤེགས་ཤིག །ཅེས་ལན་གསུམ་བརྗོད་ལ་རང་ཉིད་ཀྱང་མཉམ་པར་བཞག་གོ། །འདི་ནི་རྫོགས་པ་རང་བྱུང་སོགས་ནས་བཏུས་པ་ཡིན་པས་མཆོག་ཏུ་འཕགས་པའོ། །དེ་ཡང་མན་ངག་ཐོབ་ཀྱང་གདིང་དང་མི་ལྡན་པའམ། ཐ་མལ་པའི་རྣམ་པ་སྤྱི་ལ་རྩ་རླུང་གི་འདུ་བའི་བྱེད་པས་ཕྱི་འབྱུང་བ་བཞི། ནང་ནམ་མཁའ་ལྔ། གསང་བ་སྲོག་ལྔ། ཡོངས་རྫོགས་རླུང་ལྷག་མ་ཉི་ཤུ་དང་བཅས་པའི་ཐིམ་ལུགས་ཕྲ་བ་རང་ཤར་གྱིས་རྒྱུད་ལས་ཞིབ་པར་བསྟན་ཀྱང་། འདིར་ཕལ་གྱིས་རྟོགས་སླ་བའི་ཕྱིར་འབྱུང་བའི་ཐིམ་ཚུལ་དང་། རླུང་གིས་འགྲོས་ཚུལ་ནི་ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་རང་ཐིམ་ནས། །ལུས་ནི་ལྕི་ཞིང་ལྡང་མི་ནུས། །ལངས་ནས་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། ཁ་སྣ་དག་ནི་རབ་ཏུ་སྐམ་

(༤༡༧)ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་འཕྲ། །མིག་ཀྱང་གྱེན་ལ་ལྡོག་པའོ། །རྟགས་ནི་སུ་ལ་བྱུང་བ་དེ། །འདི་ལ་མི་གནས་ཕ་རོལ་འགྲོ། །ཞེས་དང་། ཀློང་གསལ་ལས། འདེགས་ཕྱེད་དོན་གྱི་རླུང་བྲོས་པས། །ལུས་ནི་མི་ཐིག་སྒྱིད་པ་སྒྱུར། །ཡན་ལག་མི་འདུས་སྨྲ་བར་དཀའ། །མིག་ལྡོག་དབུགས་ནི་ཕྱི་རུ་འཕུལ། །བཀྲག་མདངས་བསྐྱེད་པའི་རླུང་བྲོས་པས། །ལུས་རྣམས་ཁ་སྣ་བལ་དུད་ཆགས། །ཤ་ཚ་ཁ་སྣ་གཤིན་དྲི་སྣོམ། །དངས་སྙིགས་འབྱེད་པའི་རླུང་བྲོས་པས། །བཟའ་བཏུང་མི་ལེན་ལུས་སྟོབས་འཆོར། །མེ་དང་མཉམ་པའི་རླུང་བྲོས་པས། །ལུས་ཀྱི་དྲོད་ནི་མཐའ་ནས་འཆོར། །ལུས་ཀྱི་བཀྲག་དང་གཟི་མདངས་ཉམས། །བསྐལ་པ་ལས་ཀྱི་རླུང་བྲོས་པས། །ལུས་ལ་ཟ་ཟི་ཕྱད་ཕྱོད་མང་། །རྩ་ཕྲན་ཁྲག་ནི་སྲོག་རྩར་འདུས། །ཞེས་དང་། དེ་ཚེ་སྣང་བ་འདི་ལྟར་འདུ། །ཕྱི་ཡི་དབང་པོ་དྲན་བྱེད་རྣམས། །མུན་སྲོས་

(༤༡༨)བཞིན་དུ་འུབ་ཀྱིས་འདུ། །རིག་པ་སྙིང་གི་དཀྱིལ་དུ་འདུས། །སྨྲ་ཡང་མི་ཤེས་དྲན་པ་ཉམས། །ཞེས་དུས་དེ་ཙམ་ན་གློ་བའི་ནང་གི་རླུང་སེམས་དོན་རྟ་ལོང་བ་ལྟ་བུའི་རླུང་གིས་རིག་གདངས་ཁུར་བའི་ཆ་ལ་སེམས་ཞེས་བཏགས་པའི་ཚོགས་པ་གྱེས་ཏེ་རིག་གདངས་སྙིང་གའི་རིག་པ་མི་འཕྱེའོ་འདྲ་བ་ལ་ཐིམ། རླུང་གི་ཆ་མ་ལུས་པ་མེད་པ་དཀར་ནག་གི་ལམ་ནས་ཁ་སྣར་འཐོན་ཏེ། ཚུར་འོང་མི་ཤེས་པར་སོང་དུས། །སེམས་དང་ཡེ་ཤེས་རྒྱབ་གྱེས་པ་ཞེས་བྱ་སྟེ་ཤི་བ་ཡིན་ནོ། །དུས་དེའི་ཚེ་རྒྱུད་ཆེན་ཟབ་མོ་ཉི་ཟླ་ཁ་སྦྱོར་གྱི་མན་ངག་རིན་པོ་ཆེ་རྣམ་པ་གསུམ་གྱིས་ཕན་གདགས་པར་བྱ་སྟེ། དྲན་པ་ཉམས་པར་གྱུར་པ་དེའི་ཁ་སྣ་གསུམ་དང་རང་གི་ཁ་དང་སྣ་བུག་གཉིས་ཏེ་གསུམ་པོ་སྤྲད་ནས་རླུང་དུམ་བུ་གསུམ་དུ་འཕངས་པའི་དང་པོའི་ཚེ་ཨོཾ་དཀར་པོར་བསམ་ལ་འཕངས། གཉིས་པའི་ཚེ་ཨཱདམར་པོ། གསུམ་པའི་ཚེ་སྟོང་པ་ཉིད་ཀྱི་ངང་ནས་འཕངས་ཤིང་། ཀུན་ལ་ཚུར་སྡུད་པའི་ཚེ་ཧཱུྃ་མཐིང་ཀའི་རྣམ་པར་ཁོའི་ཤེས་པ་ཡུལ་ལ་དྲང་བ་དང་ཆབ་གཅིག་ངག་ཏུ་

(༤༡༩)འང་ཧཱུྃ་ཞེས་རྒྱུ་ཞབས་རྒལ་པ་ལ་བཅར་བའི་ཤུགས་ཀྱིས་དྲངས་པས་ཕ་རོལ་པོ་མིག་ཧྲིག་གིས་འབྱུང་བའང་ཡོད་པའི་སྒྲོན་མ་མཐེབ་མཛུབ་ཀྱི་སྦྱོར་བས་བསྟན་ལ། ཀྱཻ་སྐལ་ལྡན། རང་ལ་ཡོད་པའི་འོད་གསལ་འདི་ཀ་ཡིན་ཏེ། ལུས་དང་བྲལ་བའི་ཚེ་འདི་ལ་སྒོ་གསུམ་གྱི་སྒྲིབ་བྱེད་མེད་པས་ཆོས་ཉིད་ཀྱི་བར་དོ་སྒྲ་འོད་ཟེར་དང་བཅས་པའི་རྣམ་པར་རྒྱ་ཆེར་འཆར་བའང་རང་སྣང་ལས་མ་འདས་སོ། །དེ་ངོ་ཤེས་པར་གྱིས་ཤིག ད་ལྟའི་རིག་པ་རྗེན་པ་འདི་ཀ་ངོ་བོའི་གྲོལ་ས་ཡིན་པས། འདིའི་ངང་ལ་མ་འགྱུར་བར་གྱིས་ཤིག །སྣང་བ་དེ་མཐོང་ངམ། གདམས་ངག་དེ་གོའམ། ཞེས་བརྗོད་པས་སྐད་ཐོན་པའམ། བརྡ་བྱུང་ཡང་ཐེབས་པ་ཡིན་ནོ། །གལ་ཏེ་ཤེས་པ་གསལ་བའི་རྟགས་སམ། དབང་པོ་རྣམས་གྲུང་པ་ཙམ་བྱུང་ན་རྣ་བར་སྨྱུག་མའམ་ཤོག་བུའི་སྦུབས་མཆུ་བཅུགས་ནས། རིགས་ཀྱི་བུ། ཅི་ལ་ཡང་མ་ཆགས་ཤིག །ཁྱོད་རྡོས་བཅས་ཤ་ཁྲག་གི་ལུས་དང་བྲལ་བས་

(༤༢༠)ཆོས་ཉིད་བར་དོའི་སྒྲ་དང་འོད་དང་། ཟེར་གྱིས་སྐྲག་པའི་དོན་མེད་དོ། །རང་སྣང་རང་བཞིན་མེད་པར་ཤེས་པར་གྱིས་ལ་བཙན་ས་ཟུང་ཞིག །རྣལ་དུ་མི་ཕེབས་ན་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་གྱིས་ཤིག །མོས་གུས་བསྐྱེད་ཅིག་དེར་སོང་ཞིག །སངས་རྒྱས་སྣང་བ་མཐའ་ཡས་དང་ཞལ་མཇལ་བ་ལ་ཐེ་ཚོམ་མེད་དོ། །ཞེས་སྙན་པའི་ངག་གིས་བརྗོད། འདི་ནི་ཐིམ་རིམ་གྱི་མགོ་ཟིན་པ་ཙམ་ནས་བརྗོད་ཀྱང་ཤིན་ཏུ་ལེགས་པར་འགྱུར་རོ། །དེ་དག་ནི་ཚང་སྤྲུགས་སུ་གདབ་པ་ཅེས་གནད་ཁྱད་པར་ཅན་ཡིན་ལ། གཞན་ཡང་ཉི་ཟླ་ཁ་སྦྱོར་ལས། མི་དེ་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་ནས་སྦྱོངས། །ཞེས་ཆོས་འདིའི་སྒོ་མ་མཐོང་བའི་འགྲོ་བ་ཕལ་མོ་ཆེ་བྱ་བྱེད་རྟགས་ལ་སོགས་པའི་སྒོ་ནས་སྐྱེ་གནས་ཀྱིས་ངེས་པ་གསལ་བའི་ཕྱིར་དེ་དག་གོང་ནས་གོང་དུ་འདྲེན་པའི་ཐབས་ལ་དབུགས་འགྲོ་བར་རྩོམ་པ་ནས་རྣམ་ཤེས་མ་ཐོན་པ་འདི་ཡན་ཆོད་དུ། ཁོའི་སྙིང་ནང་ན་ཨ་དཀར་པོ་བསམ། རང་གི་

(༤༢༡)ཁ་དེའི་སྤྱི་གཙུག་ཏུ་གཏད་ནས། ཁོང་གི་ལོ་གྲངས་དང་བཅས་པའི་ཨ་སྙན་ལ་དལ་བ་རླུང་ཕྱིར་འགྲོ་བ་དང་བསྟུན་ནས་ཟློས་ཤིང་། དབུགས་ཁྲོག་གིས་ཆད་པའམ། ཆད་མ་ཐག་པའི་སྐབས་སུ་ཨ་ཉི་ཤུ་རྩ་གཅིག་བརྗོད་པས་རླངས་པ་ཕྱུ་རུ་རུ་འོང་སྟེ། སྡིག་ཅན་ཡིན་ཡང་མཐོ་རིས་སུ་འདྲོངས་ལ། བདེ་འགྲོར་འཕེན་པ་རྣམས་གོང་ནས་གོང་དུ་འདྲོངས་སོ། །གལ་ཏེ་དམྱལ་བར་སྐྱེ་བའི་རྟགས་ཅན་ཡིན་ན་མར་གྱི་ཟང་ཐལ་དགག་པའི་ཕྱིར་དབུགས་དང་འབྲལ་བའི་ཚེ་ཁོའི་རྣམ་ཤེས་སྙིང་ཁར་ཨར་གསལ་བདོ་བའི་ངང་ལ་ཨ་བརྗོད་པ་དང་ལྷན་ཅིག་འོད་ལྔར་མེར་གྱིས་ཞུ་བ་དང་རང་སེམས་བསྲེས་ཏེ་མཉམ་པར་བཞག་པས་འདྲེན་པ་པོ་རྟོགས་པ་མཆོག་དང་ལྡན་ན་ཁོའི་རྣམ་ཤེས་རང་བཞིན་གྱིས་འོད་གསལ་ལ་ཡོད་པའི་ཕྱིར་དང་ཆོས་ཉིད་ཀྱི་བདེན་པ་ནང་འཕྲད་ནས་འདྲོངས་པའི་གནད་ཁྱད་པར་ཅན་ཞིག་ཡོད་པ་ཐེག་པའི་རྒྱལ་པོ་འདིའི་ཁྱད་ཆོས་སོ། །འདི་དག་གི་ཚེ་རྒྱལ་པོ་གདན་ལ་

(༤༢༢)བཞུགས་པ་ལ་བློན་པོའི་སྒྱོགས་རྡོ་འཕོག་པའི་དཔེར་བཏགས་ནས་ལུས་ཀྱི་ཁྲག་རྣམས་སྲོག་རྩར་འདུས་པའི་བྱེད་ལས། ཁྲག་ཐིགས་རིམ་པ་གསུམ་རྒྱབ་པས་དབུགས་ཀྱང་རིང་ཐུང་གི་རྣམ་པས་རིམ་པ་གསུམ་གྱིས་ཐ་མར་ཕྱི་དབུགས་ཆད། རླུང་རྣམ་པར་ཤེས་པ་ལ་ཐིམ་ནས་དར་ཅིག་རིག་པ་སྙིང་དབུས་སུ་བརྒྱལ་ནས་དྲན་པ་མེད་པའི་ཚེ་ནང་དབུགས་ཆད་པའི་སྐབས་ཏེ། ཀློང་གསལ་ལས། དེ་ནས་ལུས་ཀྱི་ཁྲག་འདུས་ནས། །སྲོག་རྩའི་ནང་ནས་ཁྲག་ཐིགས་རྒྱབ། ཁ་དང་མིག་གཉིས་སྐྱ་ལོག་འགྲོ། །དབུགས་ནི་ཁྲུ་གང་ཙམ་དུ་ཆད། །དེ་ནས་ཁྲག་ཐིགས་གཉིས་རྒྱབ་པས། །མགོ་གུག་དབུགས་ནི་མདའ་གང་ཆད། །དེ་ནས་ཁྲག་ཐིགས་གསུམ་རྒྱབ་པས། །ཨིག་ཅེས་དབུགས་ནི་འདོམས་གང་ཆད། །དེ་ནས་ཕྱི་དབུགས་ཆད་པ་དང་། །རིག་པ་སྙིང་དཀྱིལ་བརྒྱལ་ནས་སྡོད། །དེ་ནས་ནང་གི་དབུགས་ཆད་ནས། །ཆོས་ཉིད་བར་དོ་འཆར་བ་ཡིན། །ཞེས་སོ།། །།གསུམ་པ་ཆོས་ཉིད་

(༤༢༣)ཀྱི་བར་དོ་ནི། ཕུང་པོ་བདག་འཛིན་གྱི་རྟེན་པོོར་བས་རང་སྣང་ཡིན་ལུགས་ཀྱི་འོད་གསལ་སྣང་བ་སྟེ། དེའི་ཚེ་རང་སྣང་ལ་རང་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་དགོས་ཏེ། དཔེ་ནི་མ་བུ་འབྲེལ་ཟབ་པར་མ་ཟད་ལས་ཀྱི་དབང་ལས་དུད་འགྲོ་སྐྱེས་མ་ཐག་པས་ཀྱང་རང་གི་མ་ལ་མང་པོའི་གསེབ་ནས་ཡིད་གཉིས་མེད་པར་ནུ་བ་བཞིན། གཞིའི་རིག་པ་ངོ་བོ་ཀ་དག་ཆེན་པོ་མ་ལྟར་གནས་པ་དེ་ཁྲེགས་ཆོད་ཀྱིས་རྟོགས་ལ། །དེ་ལས་གཞི་སྣང་དུ་མཆེད་པའི་རྩལ་གྱི་སྣང་བ་བུ་ལྟ་བུ་དེ་ཐོད་རྒལ་གྱིས་གོམས་པས། ངོ་བོ་དང་རང་རྩལ་གཉིས་བར་དོར་ཉི་མ་དང་ཟེར་གྱིས་རང་བཞིན་དུ་རང་སྣང་ལས་གཞན་དུ་མ་ཡིན་པར་ངེས་ཤེས་འདྲོངས་པས་མ་པང་དུ་བུ་འཇུག་པ་ལྟར་བྱེ་བྲག་ཕྱེད་པའི་མོད་ལ་བར་དོ་རང་བཞིན་མེད་པར་སངས་རྒྱ་བའོ། །དེ་ལ་གསང་ལམ་ཁྱད་པར་ཅན་འདི་ཡོད་དེ། རྡོས་བཅས་ཀྱིས་བཅིངས་པའི་ཐིམ་རིམ་ཐམས་ཅད་རྫོགས་ནས་ལུས་སེམས་འབྲེལ་པ་ཆད་པའི་གནས་སྐབས་

(༤༢༤)ན། ཀུན་གཞིའི་རྣམ་པར་ཤེས་པ་དྲན་པ་དང་དྲན་བྱེད་མེད་པ་དེ་ནམ་མཁའ་ལ་ཐིམ་པའི་ཐ་སྙད་ཀྱིས་དོན་དམ་པར་ཆོས་ཀྱི་དབྱིངས་སུ་ཐིམ་པའི་སྐད་ཅིག་མ་རང་བཞིན་གྱི་འོད་གསལ་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུའང་མ་ལྷུང་སྟོང་གསལ་སྒྲིབ་གཡོགས་དང་བྲལ་བར་འཆར་བས་དེ་ངོས་ཟིན་པར་བྱས་ཏེ་གཤིས་ཐོག་ཏུ་བཅས་བཅོས་མེད་པར་བཞག་པས། གདོད་མའི་གྲོལ་གཞི་ཆེན་པོ་ཞེས་བྱ་སྟེ། འཁྲུལ་གཞི་ལས་ཁྱད་ཆོས་དྲུག་གིས་བྱེ་བྲག་ཕྱེད་པའི་ཀ་དག་གི་ནང་དབྱིངས་ཆེན་པོར་བཙན་ཐབས་སུ་གྲོལ་བ་ཡིན་ནོ། །འདིར་ཀུན་མཁྱེན་གྱིས། ཟབ་དོན་རྒྱ་མཚོར་ནམ་མཁའ་འོད་གསལ་ལ་ཐིམ་པའི་སྐབས་སུ་གྲོལ་ས་འདི་བསྟན་པ་ནི། སྐད་ཅིག་མ་དང་པོར་ཞེས་པའི་ཚིག་གི་འོག་མ་ལ་འབྲེལ་སྦྱར་ནས་བཀོད་པ་ཡིན་གྱི་རྒྱུ་མཚན་དཔྱད་པ་རྫོགས་པའི་མན་ངག་ཏུ་ཞལ་གདམས་ཀྱིས་བསྟན་པ་ཉམས་ལེན་གནད་ཀྱི་སྒྲོན་མེ་ལ་སོགས་པས་ཤེས་སོ། །ལར་རྒྱས་བསྡུས་ཀྱི་བཤད་པ་དང་། །

(༤༢༥)གབ་སྦས་ཀྱི་བཤད་པ་ལ་སོགས་མཐའ་དྲུག་དང་ཚུལ་བཞིས་བཅིངས་པ་དག་ལ་སྣང་བ་གདོད་གཏད་ཀྱི་ཤེས་བྱ་མི་འཇུག་པས་འདི་དག་ལ་ལུང་སྤྱོད་དང་རིག་པའི་ཉག་ཕྲན་ཅུང་ཟད་འཕེན་པར་སྤྲོ་ནའང་འདི་ནི་མན་ངག་གི་ཡི་གེ་ཡིན་པས་དོན་ལ་རྟོན་པའི་ཆ་ནས་ཚིག་མང་པོ་ལ་འཛེམས་སོ། །དེར་མ་གྲོལ་ན་ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། སྐྱེས་བུ་རྣམས་ཀྱི་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ། དབུགས་ཕྱི་ནང་གི་འགྲུལ་ཐག་ཆད་མ་ཐག་ཏུ་རང་གི་དབང་པོ་རྣམས་ཀྱི་ཆ་ལས་དངོས་པོར་སྣང་བ་ནི་མེད་དེ། ཡོད་སྙམ་པའི་ཤེས་པ་ནི་འབྱུང་ངོ་། །རྡོས་བཅས་ཀྱི་ལུས་འདི་མི་སྣང་སྟེ་འོད་ཀྱི་ལུས་སུ་གསལ་ལོ། །དེའི་ཚེ་སྤྱོད་ཡུལ་དུ་གྱུར་ཚད་ཙམ་འོད་ཟེར་ལྔའི་དཀྱིལ་འཁོར་དུ་སྣང་ངོ་། །ཞེས་དེའི་ཚེ་དུས་མ་འགྱུར་བར་སྣང་པ་འགྱུར་ནས་ཕྱིས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཉི་ཟླ་དང་བཅས་པའི་བརྟན་གཡོའི་སྣང་བ་ནི་ནུབ། གང་དུ་བལྟས་ཀྱང་ཟ་འོག་ཁ་ཕྱེ་བའམ། །སེང་རས་

(༤༢༦)བཀབ་པའི་མིག་ཉི་ཟེར་ལ་བལྟས་པ་བཞིན། སྣང་བ་ཐམས་ཅད་ཤིན་ཏུ་བཀྲ་བ། ཁ་དོག་སྣ་ཚོགས་པ། ཕྱི་ནང་དང་ཡང་དོག་མེད་པ། འགུལ་འཕྲིག་གི་རྣམ་པ་ཅན་རབ་ཏུ་འཚེར་བའོ། །དེའི་ཚེ་ད་ལྟ་ཐོད་རྒལ་ལ་previous hit ཇིཙམ་གོམས་ཙམ་གྱི་སྣང་བ་དེ་རིག་པའི་གྲོགས་སུ་གྲོལ་ལོང་ཡོད་པར་འཆར་ཞིང་། མ་གོམས་ next hit་དག་ལ་སྐར་མདའ་རྒྱུག་པའི་ཆ་ཙམ་ལས་མེད་པའང་ཡོད་དེ། རིག་པ་རང་ས་འཛིན་པའི་ཚུལ་རྩ་རྒྱུད་ལས། དེ་ཚེ་འོད་སྣང་དུམ་བུའི་ཚེ། །མཁས་པས་སྣང་བ་མཆེད་པ་བཟུང་། །ཞེས་རང་བཞིན་གྱིས་བསམ་གཏན་ལ་བག་ཕེབས་ནས་སྣང་བ་མཆེད་པ་རང་སྣང་དུ་ངོས་བཟུང་བས། སྐད་ཅིག་མ་དང་པོར་རང་སྣང་རང་བཞིན་མེད་པར་ཡིད་ཆེས། གཉིས་པར་རང་ས་རུ་གྲོལ། གསུམ་པར་གྲོལ་ཐོག་ཏུ་བཙན་ས་ཟིན་པས་དེ་ཕན་ཆད་ཀྱི་སྣང་བ་གང་ཡང་མེད་དོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པ་ནི། ཉི་ཟླ་ཁ་སྦྱོར་ལས། ཡང་སྐྱེས་བུའི་འོད་གསལ་དེ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་སྟེ། སྣང་བ་དེ་དག་སྐུའི་རྣམ་

(༤༢༧)པར་རང་ཤར་ཏེ། སྐུ་དེ་དག་ཀྱང་མི་ཆེ་བ། མི་ཆུང་བ། ཆ་མཉམ་པ། རྒྱན་དང་། ཁ་དོག་དང་། བཞུགས་ཚུལ་དང་། གདན་ཁྲི་དང་། རང་རང་གི་ཕྱག་རྒྱ་དང་བཅས་པ་སྟེ། ཞེས་པས་ཁྲོ་བོའི་རྣམ་པར་ཤར་བའི་ཚེ། སྐུ་དེ་དག་ཀྱང་དུང་ཁང་ན་ཡུངས་འབྲུའི་རྣམ་པ་ཙམ་ལས་མེད་ཀྱང་བར་དོར་འཇིག་རྟེན་གྱིས་ཁམས་ཁྱབ་པ་ཙམ་དུ་ཆེ་བ་ནས། ཡུངས་འབྲུ་ཙམ་དུ་ཆུང་བའི་བར་ཆ་མཉམ་ཞིང་། དེ་དག་ཀྱང་མགོ་བརྙན་མ་ངེས་པ་ལ་མཚོན་ཆ་སྣ་ཚོགས་པའི་འཁྲུལ་འཁོར་གྱིས་ངང་ཉིད་ལ་བརྡེག་པའི་སྣང་བས་སྐྲག་པ་དང་། འབྲུག་སྟོང་ལྡིར་བ་ཙམ་དུ་ཆེ་བའི་སྒྲ་མི་བཟད་པས་སྡངས་བ་དང་། མཚོན་ཆའི་རྣམ་པར་ཟུག་པའི་ཟེར་གྱིས་འཇིག་པ་སྟེ། ཀློང་གསལ་ལས། དེ་ཚེ་སྒྲ་འོད་ཟེར་དུ་འཁྲིགས། སྐུ་ཡིས་སྣང་བས་སྐྲག་པར་བྱེད། །ཅེས་སོ། །དེ་ལ་སེང་གེའི་གསོ་བ་མཐོང་བས་མཚང་ཕུགས་ནས་རིག་པ་བཞིན་རང་སྣང་ལ་བག་མི་ཚ་བའི་གདིང་དགོས་ཏེ། ཐུན་མོང་བའི་གང་ཟག་བཟང་པོ་དག་ཀྱང་འདི་ནས་

(༤༢༨)ལྡོག་པའི་ཚུལ་མན་ངག་སྙིང་དགོངས་ལས། ཀྱཻ་གསང་བའི་བདག་པོ། ད་ལྟ་ངོ་མ་འཕྲོད་ན་སྒོམ་སྒྲུབ་ཇི་ཙམ་བྱས་ཀྱང་སངས་མི་རྒྱའོ། །གདམས་ངག་དང་མ་ཕྲད་པས་འོད་ཀྱིས་འཇིགས་སོ། །སྒྲས་སྡངས་སོ། །ཟེར་གྱིས་སྐྲག་གོ། །གདམས་པའི་གནད་ངོ་མ་འཕྲོད་ན་སྒྲ་འོད་ཟེར་གསུམ་ངོ་མ་ཤེས་པས་འཁོར་བར་འཁྱམ་མོ། །ཞེས་སོ། །རྒྱུ་མཚན་དེས་རྣལ་འབྱོར་ཆེན་པོའི་རྒྱུད་དག་ལས་བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བའི་དོད་ཐུབ་བསྟན་མོད་དེ། དེ་དག་མན་ངག་གི་རྒྱུད་མ་ཡིན་པས་རང་བཞིན་ལྷུན་གྲུབ་ཀྱི་སྣང་ཆ་སྒྲ་ཇི་བཞིན་པ་འདི་གབ་སྟེ། རང་སྣང་ལོངས་སྐུར་ཤར་བའི་དབྱིངས་སུ་འཚང་རྒྱ་མི་ཤེས་པར་སྣང་བ་རང་ཚན་པར་འཛིན་པ་ལས་ཆེས་འཕགས་པའོ། །དེ་སྐད་དུ་ཀློང་དྲུག་པར། ཆོས་ཉིད་དག་པའི་བར་དོ་དང་། །ཡི་དམ་ལྷ་ཡི་སྒྱུ་ལུས་གཉིས། འདྲ་འོ་འདྲ་འོ་ནོར་ར་རེ། །ཞེས་སོ། །དེ་བཞིན་དུ་ཞི་བའི་སྣང་བ་ནི། ཁ་སྦྱོར་ལས། སྐུ་དེ་ཀུན་ཀྱང་ལྔ་ལྔའི་ཟུང་གིས་ཁྱབ་པ། ལྔ་ཚན་རེ་ལ་འོད་ཀྱི་མུ་ཁྱུད་དང་བཅས་པ། ཡབ་ཀྱི་ཆ་

(༤༢༩)འཛིན་པའི་རིགས་དང་། སེམས་དཔའ་དང་། སེམས་མ་དང་། དཀྱིལ་འཁོར་ཐམས་ཅད་གཅིག་ལ་རྫོགས་པར་གནས་སོ། །ཞེས་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུའི་སྣང་བ་དེ་ནི་རིམ་གྱིས་སྨིན་པ་འབྲས་ཀྱི་ལྗང་པ་ལྟར་བསམ་གཏན་གྱི་ཞག་ལྔར་རིམ་པ་བཞིན་འཆར་བའི་ཚུལ་ཞག་དང་པོར་རྣམ་པར་སྣང་མཛད་ཡུམ་དང་བཅས་པ་གཙོ་བོར་བཞུགས་པའི་ལྔ་ཚོམ། གཉིས་པ་ལ་མི་བསྐྱོད་རྡོ་རྗེ། གསུམ་པ་ལ་རིན་ཆེན་འབྱུང་ལྡན། བཞི་པར་སྣང་བ་མཐའ་ཡས། །ལྔ་པ་དོན་ཡོད་གྲུབ་པ་གཙོ་བོར་བཞུགས་པའི་ཚོམ་བུ་སྟེ། དེ་ལ་བསམ་གཏན་གྱི་ཞག་ནི་ད་ལྟ་ཏིང་ངེ་འཛིན་ལ་ཇི་ཙམ་གནས་པའི་ཡུན་རིང་ཐུང་ཡིན་ནོ། །དུས་དེར་གནད་གསུམ་གྱིས་གྲོལ་བ་ནི་སྔ་མ་ལས། །དེའི་ཚེ་རང་གི་སྙིང་ག་ནས་འོད་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེ་སྐུ་ཐམས་ཅད་ཀྱི་ཐུགས་ཀར་འབྲེལ་བར་འཆར་རོ། །དེ་ལ་རང་གི་ཤེས་པ་ཟིན་ན་མི་རྟོག་པའི་བསམ་གཏན་ལ་རང་བཞིན་དུ་གནས་སོ། །དེ་ནི་རིག་པ་འོད་ལ་འཇུག་པ་ཞེས་བྱའོ། །སྣང་བ་དེ་ཀུན་རབ་ཏུ་

(༤༣༠)འཁྲིག་པ་མངོན་པར་འགྱུར་ཏེ། སྙིང་གའི་ཟེར་ཐག་དེ་ལས་ཀྱང་ཐིག་ལེ་ཕྲ་མོ་གྲངས་མེད་པར་འཆར་རོ། །དེ་ནས་རང་གི་སྙིང་ག་ནས་འོད་ཐག་ཚོན་སྐུད་སྒྲིལ་བ་ཙམ་ཞིག་འཆར་རོ། །དེ་ནས་སྐུ་དེ་དག་ཐམས་ཅད་རང་གི་ལུས་ལ་ཐིམ་པ་སྙམ་བྱེད་པའི་སྣང་བ་འཆར་ཏེ། དེ་ནི་འོད་རིག་པ་ལ་ཚུར་འཇུག་པ་ཞེས་བྱའོ། །དེའི་ཚེ་སྐྱེས་བུ་རྣམས་ཀྱི་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ། །ཞེས་སོ། །དེ་ལ་བརྟན་པ་མ་ཐོ་བ་ན། ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་སྟེ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་རྡོ་རྗེ་སེམས་དཔའི་བོད་སེང་གི་ལམ་ནི་མ་བཀྲལ་ཡང་ལུང་གིས་གོ་བ། ཉི་ཟླ་ཁ་སྦྱོར་ལས། ཡང་རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་ཤིན་ཏུ་པྲ་བ་ཞིག་འཆར་ཏེ། དེ་ནི་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་བ་འོང་ངོ། །དེ་ལ་རང་གི་མིག་མ་ཡེངས་པར་བལྟས་པས་སྣང་བ་དེ་གཞན་དང་མ་འདྲེས་པར་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ། དེ་ཡང་མཐིང་ཁའི་སྣམ་བུའི་སྟེང་དུ་ཐིག་ལེ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབ་པ་ཙམ། །

(༤༣༡)དཔེར་ན་མུ་མེན་གྱིས་ཕོར་པ་ཁ་སྦུབ་པ་ལྟ་བུ་ལ་ཡེ་ཤེས་ཀྱི་གཏིང་མདངས་དང་ལྡན་པ་ཤིན་ཏུ་གསལ་ལ་འཚེར་བ་དེ་ཡང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ། །ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུའི་སྟེང་དུ་ཐིག་ལེ་ཤིན་ཏུ་གསལ་བ་དཔེར་ན་ཤེལ་གྱི་ཕོར་བ་ཁ་སྦུབ་པ་ལྟ་བུ་ཡེ་ཤེས་ཀྱི་གཏིང་མདངས་དང་བཅས་པ་སྔ་མ་ལྟར་འཆར་རོ། །ཡང་དེའི་སྟེང་དུ་སེར་པོའི་སྣམ་བུའི་སྟེང་དུ་དཔེར་ན་གསེར་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུ་གོང་དང་འདྲ་བར་འཆར་རོ། །ཡང་དེའི་སྟེང་དུ་དམར་པོའི་སྣམ་བུའི་སྟེང་དུ་དཔེར་ན་པདྨ་ར་གའི་ཕོར་པ་ཁ་སྦུབ་པ་ལྟ་བུ་ལ་གོང་དང་འདྲ་བར་འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་རྨ་བྱའི་གདུགས་ལྟ་བུ་འཆར་རོ། །དེ་དག་ཀྱང་ཡེ་ཤེས་ལྔའི་སྣང་བ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་རྩལ་མ་རྫོགས་པས་མི་སྣང་ངོ་། །དེ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའི་ཁོང་སེང་གི་ལམ་ཞེས་བྱའོ། །དེའི་ཚེ་མ་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ། །ཞེས་གསུངས་པ་ནི་སྣང་བ་རང་རང་གི་ཐད་ཀར་རིག་པའི་རང་

(༤༣༢)སོ་མ་ཡེངས་པར་བཞག་པས། དཔེར་ན་སྨན་པ་མཁས་པས་སྙིང་ཆུ་འདྲེན་པའི་ཚེ་སྙིང་ཐུར་བཙུགས་པ་རང་ས་ལས་སྤུ་ཙམ་མ་གཡོས་པའི་གནད་ཀྱིས་སྙིང་ཆུ་ཕྱིར་དྲངས་ནས་གསོ་བ་བཞིན་རིག་པ་རང་ས་ལས་མ་གཡོས་པས་གྲོལ་བ་ཡིན་ནོ། །དེའང་འདིར་དབྱིངས་ཀྱི་ཡོན་ཏན་མཐར་མ་ཕྱིན་པས་རྩལ་མ་རྫོགས་ཞེས་ཡེ་ཤེས་བཞི་སྦྱོར་གྱི་གོ་དོན་སླང་དགོས་ལ། ཀུན་མཁྱེན་གྱིས། འདིར་ད་དུང་ཀ་དག་ཏུ་གྲོལ་མ་ཟིན་པ་དང་སྦྱར་ནས་བཞི་སྦྱོར་དུ་བཞག་སྟེ། བློ་རྩིང་བ་དག་བྱ་བ་གྲུབ་པའི་སྣང་བ་མེད་པར་འདོད་པ་ནི་ཧ་ཅང་མི་རིགས་པའོ། །ཞེས་གསུངས་པས་དངོས་ཀྱི་འབྲས་བུ་རྫོགས་པ་ནི་ཡེ་ཤེས་ལྔའི་སྣང་བ་ཡིན་པས་རྒྱུད་ཀྱི་དགོངས་པ་ནི་ཤིན་ཏུ་ཟབ་ལ་རླིང་པར་ཤེས་དགོས་སོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པ་ཞེས་བྱ་སྟེ། སྔར་གྱི་སྣང་བ་དེ་དག་དང་རིག་པ་སྟེང་གི་འོད་ཟླུམ་ལ་འདུས་པ་སྙམ་བྱེད་པའི་རྩལ་ལས། སྟེང་ན་ཀ་དག་གི་སྣང་བ་ནམ་མཁའ་གཡའ་དག་པ་ལྟ་བུ་དེའི་འོག་ན་ལོངས་སྐུ་ཁྲོ་བོའི་དཀྱིལ་འཁོར་རྒྱ་ཆེ་ལ་ལྷུན་སྟུག་པ། དེའི་འོག་ན་ལོངས་སྐུ་ཞི་བའི་དཀྱིལ་འཁོར་འོད་གསལ་བ། ཕྱོགས་མཚམས་ན་རང་བཞིན་སྤྲུལ་པའི་ཞིང་ཁམས་བཀོད་ལེགས་

(༤༣༣)པ། འོག་ན་རིགས་དྲུག་འཁྲུལ་བའི་སྣང་བ་འདུལ་བྱེད་སྟོན་པ་དྲུག་དང་བཅས་པ་རང་སྣང་གཟུགས་བརྙན་ལྟར་ཤར་བ་ནི་གཞི་ལས་མ་གཡོས་པའི་གཞི་སྣང་ཞེས་བྱ་སྟེ་འཆར་ལུགས་བརྒྱད་དུ་སྣང་བའི་ཚུལ། ཐུགས་རྗེ་ལྟར་ཤར་བས་སྙིང་རྗེའི་ཤུགས་འཁོར་བ་ལ་འཇུག་པས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་ཆ་ནང་ན་གསལ། སྐུ་ལྟར་ཤར་བས་སྣང་བ་གང་དུའང་མི་འབྱེད། ཡེ་ཤེས་ལྟར་ཤར་བས་སྣང་བ་ཟང་ཐལ། གཉིས་མེད་ལྟར་ཤར་བས་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་ངོ་བོ་ཉིད་དུ་སངས། མ་དག་པ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། དག་པ་ལྟར་ཤར་བས་ཡེ་ཤེས་མ་བུ་འབྲེལ་བའོ། །དེའི་ཚེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་སྣང་ལ་ཐེ་ཚོམ་མི་ཟ་བར་ཡིད་ཆེས། མི་འགྱུར་བ་གསེར་གྱི་ཐུར་མའི་དཔེས་ཡིད་ཆེས་ཐོག་ལས་གཞན་དུ་མི་ཡེངས་པར་བཙན་ས་བཟུང་། དཔག་ཆེན་གྱི་མདའ་ཚུར་ལ་མི་ལྡོག་པའི་དཔེས་བཙན་ས་བཟུང་བའི་གཤིས་ལ་མི་གཡོ་བར་བཞག་པས་གྲོལ་བ་ཡིན་ནོ། །དེ་ལྟར་འཆར་ལུགས་བརྒྱད་དུ་བསྟན་པའང་འཁོར་འདས་སོ་སོའི་འཇུག་ལྡོག་རིག་པ་དང་མ་འདྲེས་ཤིང་

(༤༣༤)འབྲེལ་བ་ལྟར་གནས་པའི་མཚང་བསྟན་པའི་ཚུལ་རང་བཞིན་དུ་དབང་པོ་དྲུག་ལ་རྣམ་ཤེས་གཅིག་ཉིད་ཐ་དད་པར་འཇུག་པ་ལྟ་བུའི་དཔེས་གོ་བའི་དོན། རིན་པོ་ཆེ་སྤུངས་པའི་རྒྱུད་ནས་ངོ་བོ་དབྱིངས་ཆེ་ལ་འཐད་པས་གསལ་བར་བསྟན་པའི་ཆིངས་རླབས་པོ་ཆེའི་དོན་ལ་རྨོངས་པར་གྱུར་ནས། ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཡུལ་རང་ཚན་པ་བརྒྱད་དུ་བཟུང་བའི་འབྲེལ་ཚུལ་མང་པོ་བྱུང་བ་ནི་ནོར་བ་ཡིན་ལ། རྒྱུ་མཚན་དེས་ཚིག་དོན་རིན་པོ་ཆེར། ཁོ་བོས་ཀྱང་འདི་ཉིད་ལས། སྙིང་ཏིག་གི་གནད་ངེས་པ་རྣམས་རྙེད་པ་ཡིན་ཞེས་རང་བཞིན་ལེགས་པར་འདོམས་པའི་དོན་ལ་རྟོག་པ་དེང་སང་ཡང་སྲིད་ན་རྫོགས་པ་ཆེན་པོའི་བསྟན་པ་ཉི་ཞུར་ཙམ་གནས་སོ་སྙམ་ནས་དང་བ་སྟོན་པ་ལ་མཆོག་ཏུ་སྤྲོའོ། །འདིའི་སྐབས་ན་ཀློང་གསལ་ལས། དེ་ཚེ་རིགས་ཀྱི་བུ་དེ་ལ། །མངོན་པར་ཤེས་པ་དགུ་འཆར་ཏེ། །ཞེས་གསུངས་པ་ནི་རྣམ་པར་དཔྱད་ན་ལྷུན་གྲུབ་གྱི་སྣང་བ་ཆེན་པོའི་རྩལ་ལམ་རོལ་པ་ཆེན་པོ་ཉིད་ལས་ངོ་བོ་གཞན་དུ་མེད་པས་དོན་མཐོང་བར་ཤེས་ནས། འདིར་སྤྱིར་བཏང་གི་མངོན་ཤེས་ལྔ་དང་རྗེས་དྲན་གྱི་རིམ་པ་འགྲེལ་ཆེན་རིན་པོ་ཆེ་གསེར་གྱི་ཕྲེང་བའི་དགོངས་པ་ལྟར་སྐྱེ་ཚུལ་གྱི་དབང་ལས་རྗེས་དྲན་སྔོན་ལས་འབྱུང་བ་ནི། ཉི་ཟླ་ལས། ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་ཞལ་མཐོང་བ་དང་། ལམ་

(༤༣༥)རྣམས་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང་། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང་། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང་། བླ་མའི་མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང་། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུའོ། །ཞེས་གསུངས་པས། བསྐྱེད་རིམ་ལ་གོམས་པ་རྣམས་ཡི་དམ་རྗེས་སུ་དྲན་པས་ཞལ་མཐོང་བ་དང་། བླ་མ་མཆོག་ལ་གདུང་བ་དང་ལྡན་པ་རྣམས་མོས་གུས་དྲན་པའི་མོད་ལ་མདུན་དུ་བྱོན་ནས་མན་ངག་སྟོན་པ་དང་། གདམས་པ་རྣམས་དྲན་པ་ལས་དེ་དང་དེའི་བྱེད་ལས་ཀྱི་བར་མ་དོའི་གྲོང་ཁྱེར་ལས་དབུགས་འབྱིན་པའི་ཕྱིར་ད་ལྟ་ཉིད་ནས་གོམས་པ་གཅེས་སོ། །དེ་བཞིན་དུ་ཀློང་གསལ་ལས། མངོན་པར་ཤེས་པ་དྲུག་ཕྲག་དྲུག །ཅེས་པས་དབང་པོ་དང་། སེམས་ལས་སུ་རུང་བ་དང་། ཤེས་རབ་ལ་དབང་ཐོབ་པ་དང་།

(༤༣༦)ཡེ་ཤེས་ཀྱི་མཐོང་བ་དག་པ་དང་། ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ་དང་། སངས་རྒྱས་ཀྱི་གཟིགས་པ་ཕྱིན་ཅི་མ་ལོག་པར་མཐོང་བ་སྟེ། རེ་རེ་ལའང་རྣམ་པར་དག་པ་དང་། ཤིན་ཏུ་རྣམ་པར་དག་པ་དང་། རབ་ཏུ་རྣམ་པར་དག་པ་དང་། མཆོག་ཏུ་དག་པ་ལ་སོགས་ཀྱིས་དབྱེ་བས་སུམ་ཅུ་རྩ་དྲུག་ཏུ་ཡོད་པ་ཐེག་པའི་མཆོག་ལས་ཤེས་པར་བྱ་ཞིང་། འདིར་ཉི་ཟླ་ཁ་སྦྱོར་ལས། རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ། སྔོན་གྱི་སྐྱེ་གནས་ཤེས་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྣང་བ་ལྐོག་ཏུ་གྱུར་པ་ཐམས་ཅད་ཤེས་པ་དང་། རིགས་དྲུག་གི་གནས་མཐོང་ཞིང་ཤེས་པ་དང་། དབང་པོ་རྣམས་རྣམ་པར་དག་པའི་མངོན་པར་ཤེས་པ་དང་དྲུག་འཆར་རོ། །ཞེས་དོན་བསྡུའོ། །དེ་བཞིན་དུ་སྔོན་ཐོས་པའི་ཆོས་སུ་གྱུར་ཏོ་ཅོག་དུས་གཅིག་ཏུ་རང་རྒྱུད་ལ་འཆར་ཞིང་མ་ཐོས་པའི་ཆོས་ཀྱི་རྣམ་གྲངས་ཀྱང་ཚད་མེད་པར་འཆར་བས་ནི་མི་བརྗེད་པའི་གཟུངས་ཐོབ་པ་སྟེ། །

(༤༣༧)དེ་ཉིད་ལས། དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་སྟེ། སྔོན་གྱི་ཆོས་རྣམས་ཐམས་ཅད་རྒྱུད་ལ་དུས་གཅིག་ལ་འཆར་རོ། །དེ་བཞིན་དུ་སྔར་མ་ཐོས་པའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ། །ཞེས་དང་། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དང་དུ་བློའི་འཇུག་པ་ཞི་བས་ཏིང་ངེ་འཛིན་ལ་གནས་པའི་ཚུལ་ཡང་། ཁ་སྦྱོར་ལས། རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་དུ་ཤར་བས། རྣམ་པར་རྟོག་པ་ངན་པ་ནི་གཏན་ནས་མི་སྐྱེ་ཞེས་སོ། །སྐབས་འདི་དག་ཏུ་དབང་པོའི་རིམ་པས་བར་དོའི་གྲོལ་ཚད་ནི་མ་ངེས་པ་ཡོད་དོ། །སེང་གེ་རྩལ་རྫོགས་ལས་ཞག་ལྔ་སྐུ་གདུང་འབར་བ་ལས་སྐད་ཅིག་མ་ལྔ་དང་། ཉི་ཟླ་ཁ་སྦྱོར་ལས། དེ་ལྟར་ན་དབང་པོ་ནི་གསུམ་སྟེ། རབ་ཀྱིས་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར་རོ། །འབྲིང་ཞག་ལྔ་ལ་བརྟན་པ་ཐོབ་པ་ཡོད་དོ། །ཐ་མ་ནི་སྐད་ཅིག་མ་ཉི་ཤུ་རྩ་གཅིག་ན་བརྟན་པ་ཐོབ་བར་ངེས་པ་ཡིན་ན། །ཞེས་དང་། རང་ཤར་

(༤༣༨)ལས། དབང་པོའི་བྱེ་བྲག་གི་ཞག་ཉི་ཤུ་རྩ་གཅིག་ཏུའང་བཤད་ཅིང་། འདིར་སྐད་ཅིག་མ་དང་བསམ་གཏན་གྱི་ཞག་ཤན་མ་ཕྱེད་པར་གཅིག་ཏུ་སྨྲ་བ་དག་ལ་ངག་གི་དབང་པོའི་ལུང་རིག་གི་སྡེར་མོས་བསྣད་པར་གྱུར་ཏོ། །དེ་བས་ན་སྣང་བ་ལ་ཤེས་པ་ཤར་ནས་དེར་འདུག་གོ་སྙམ་དུ་ཡུལ་རྟོག་པའི་ཡུན་ལ་རྣམ་གྲོལ་གྱི་སྐད་ཅིག་ཏུ་བྱེད་ལ། བྱ་བ་རྫོགས་པའི་སྐད་ཅིག་ནི་དེ་བས་ཡུན་རིང་བ་སྟེ། དཔེར་ན་དབང་པོ་ཡུལ་ལ་སད་པ་དང་། རང་བཞིན་ཤེས་པ་དང་། རྩལ་རྫོགས་པ་ལ་ལྟོས་པའི་ཁྱད་པར་རོ། །ཇི་ལྟར་ཡང་། སྔར་ཤར་བའི་ལྷུན་གྲུབ་ཀྱི་སྣང་བ་ནང་དུ་སྡུད་པའི་ཚེ་ཐིམ་ལུགས་བརྒྱད་དུས་གཅིག་ལ་འབྱུང་བའི་ཚུལ་རང་ཤར་ལས། དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཞེས་རིགས་དྲུག་གི་སྣང་ཆ་རང་ངོ་ལ་མི་སྣང་བས་འཁྲུལ་པའི་མིང་མེད། ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །ཞེས་པས་ཆོས་ཉིད་མ་བུ་འདྲེས་པས་ཡེ་ཤེས་ལོགས་ན་

(༤༣༩)མེད། འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །ཞེས་མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་མ་གྲུབ་པར་ཡེ་ཤེས་ནང་དུ་གསལ་བའི་དོན་ནོ། །གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟ་བུ་འོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟ་བུའོ། །ཞེས་པ་ནི་ཐིམ་བྱ་དང་ཐིམ་བྱེད་འདྲེས་ཏེ་སྟོང་པ་ལ་གཏད་པའི་ཡུལ་མེད་པས་བསམ་འདས་ཆེན་པོའི་དགོངས་པ་ལ་གནས་པའི་ཚུལ་ལོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །ཞེས་པ་ནི་རིག་པ་རང་ཡུལ་ལ་སླེབས་པས་ཡ་ང་བ་དང་བག་ཚ་བ་མེད་པའི་ཚད་དོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བཏུལ་བ་ལྟ་བུའོ། །ཞེས་པ་ནི། ཐིག་ལེ་ཉག་གཅིག་ལ་འདུས་པའི་དཔེ་དོན་ཏེ། དེ་དག་ཏུ་གྲོལ་བར་བྱེད་པའི་གནད་རིག་

(༤༤༠)པ་སྟོང་ཉིད་ཟང་ཐལ་བསམ་བརྗོད་ལས་འདས་པ་ད་ཀ་དག་གི་རང་ངོར་འདུག་པས་མཐར་ཐུག་གི་གྲོལ་ས་ཅེར་མཐོང་ཡིན་པ་རང་ཐོག་ཏུ་ངོ་ཤེས་དགོས། ཡིན་ཐོག་ཏུ་ཐག་ཆོད་དགོས། གྲོལ་ཐོག་ཏུ་གདིང་བཅའ་དགོས། རང་བཞིན་གྱི་སྣང་བ་ལ་ཕར་བལྟས་ན་མཐའ་ཡས་ཀྱང་། ཚུར་བལྟས་ན་གཅིག་ཀྱང་མེད་པས། མེད་དོ་སྙམ་པའི་འཛིན་པ་ཡང་རང་གྲོལ་བའི་སྐད་ཅིག་མ་རྗེན་པའི་རང་ངོ་རྟོག་དཔྱོད་མེད་པ་ནི་གདོད་མའི་གྲོལ་ས་པར་གྱིས་བཏབ་པའི་གནད། ཐུགས་རྗེ་ཡུལ་ལ་ཇི་ལྟར་འཇུག་ཀྱང་དེ་ཉིད་ཀྱི་རྗེས་མི་བཅད། ནང་དུ་མི་དགག་པར་ཤར་ས་དེ་ཀར་ཅོག་གིས་བཞག་པས། ཕྱི་ནང་བར་མེད་ཀྱི་ཤེས་པ་ཟང་ཐལ་ལེ་བས་བར་དོའི་སྣང་བ་རིག་མདངས་སུ་རང་དག་ནས་གྲོལ་ས་ཅེར་མཐོང་དུ་ངོ་ཤེས་པའི་གནད་སྙིང་གི་ཞུན་ཐིགས་ཏེ། གནད་གསུམ་གྱི་མན་ངག་འདི་ཀུན་མཁྱེན་བླ་མས་ཁོ་བོའི་བགོ་སྐལ་དུ་བཞག་ནས་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དུ་བྱིན་པ་ཡིན་ཏེ། འདི་སྐད་དུ། ཁ་འདུམས་ལ་ཆོད་ཆེ་བ།

(༤༤༡)མདོ་འདུས་ལ་ཚངས་ཆེ་བ། གནད་ཟབ་མ་གལ་ཆེ་བ། སྙིང་གི་བུ་མཆོག་དག་ལས་གཞན་ལ་གསང་བའི་རྒྱས་གདབ་པའི་མན་ངག་གོ། །ཞེས་བཀའ་གཅིག་ཀྱི་ཕྱག་རྒྱས་བཏབ་ཅིང་ཀུན་གྱིས་རྟོགས་པར་དཀའ་བའང་། འདི་ནི་རྒྱུད་ཀྱི་རྡོ་རྗེའི་གནས་ལས་རང་གིས་རྙེད་པ་སྟེ། འདི་དང་གཞན་མང་པོ་དག་རང་གིས་རྟོགས་ཀྱང་གཞན་ལ་བཤད་པས་ནི་མི་གོ། །བསྟན་པས་ནི་མི་རྟོགས། སླར་རང་ལ་ཐིམ་ཞིང་ནུབ་པ་རྒྱ་མཚོ་ལས་ཆུ་བོ་བབས་པ་སླར་དེ་ཉིད་དུ་ཐིམ་པ་བཞིན་ནོ། །ཞེས་གསུངས་པ་སྟེ། མདོར་བསྡུ་ན། དེ་ལྟར་ལྷུན་གྲུབ་ཀྱི་སྣང་བའི་ཆ་ཐིམ་ལུགས་བརྒྱད་དུ་བསྟན་པ་སོགས་བར་མ་དོའི་གནས་སྐབས་གང་དུའང་ངོ་བོ་རང་ས་ཟིན་པ་དེའི་ཚེ། རིག་པ་དང་པོའི་འཁྲུལ་གཞི་ལས་ནི་འཕགས། རང་ངོའི་ཆོས་ཉིད་ནི་གསལ། སོ་སོ་རང་རིག་པའི་བྱེ་བྲག་ནི་ཕྱེད། ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྲོལ། འབྲས་བུ་གཞན་བྱུང་གི་རྐྱེན་ལ་རག་ནི་མ་ལུས། ཐད་ཀའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གཤིས་སུ་གཏན་ལ་ཕབས་པ་གང་ཡིན་པ་དེ་ནི་གདོད་མའི་གྲོལ་ས་ཆེན་པོ་ཞེས་བྱ་སྟེ། རང་ཤར་ལས། གྲོལ་ས་ཐོག་མ་གང་ཡིན་པའོ། །ཞེས་གསུང་ལ་རང་བཞིན་བརྗོད་ན། ཕྱིར་གསལ་གྱི་མཁྱེན་ཆ་ཤེལ་འོད་ནང་དུ་ནུབ་པ་ལྟར་ཐིམ་ལ་མ་རྨུགས་པ་ཆོས་སྐུའི་ངོ་བོ། རང་

(༤༤༢)བཞིན་གསལ་ལ་མི་རྟོག་པ་གཟུགས་སྐུ་གཉིས་ཀྱི་འཆར་གཞི། ཐུགས་རྗེའི་འཇུག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོས་ཉིད་གདུལ་བྱའི་ཁམས་ལ་ཆུ་སྣོད་previous hit ཇིཙམཡོད ་ལ་ཟླ་གཟུགས་དེ་སྙེད་དུ་འཆར་བར་ནུས་པ་ནི་ཆོས་ཀྱི་དབྱིངས་གཞོན་ནུ་བུམ་པའི་སྐུའི་བཞུགས་ཚུལ་ཏེ་ཀློང་གསལ་ལས། ངོ་བོ་སྟོང་གསལ་ཡེ་ཤེས་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེ་སངས་རྒྱས། ཞེས་སོ། །དེ་ལྟ་བུའི་ཀ་དག་གཞིའི་རང་ས་ནས་སྤྲུལ་པ་མི་འགྱེད་ཀྱང་། གཞི་སྣང་ལྷུན་གྲུབ་ཀྱི་རྩལ་ལས་གཟུགས་སྐུར་འཆར་བའི་གནད་གྲུབ་མཐའ་འདི་འཛིན་པ་རྣམས་ཀྱིས་ཤེས་དགོས་ཏེ་རྒྱལ་བའི་དབང་པོས། དེ་ཡང་ཀ་དག་གི་རང་ས་དེ་ནས་སྤྲུལ་པ་མི་འགྱེད་དེ། སྐུ་དང་ཡེ་ཤེས་ཀྱི་སྣང་བ་རགས་པ་ལས་འདས་པའི་ས་ཡིན་པའི་ཕྱིར་རོ། །སྤྲུལ་པ་ཡང་ཡས་མར་འགྱེད་པ་སེམས་ཅན་དངོས་ཀྱི་དོན་བྱེད་པ་ནི་ཀ་དག་ལས་ལྷུན་གྲུབ་ཀྱི་གཞི་སྣང་ཤར་བ་

(༤༤༣)ནས་འཕྱེད་དོ། ལམ་ནས་འགྱེད་པ་ལ་འཕོ་བ་ཆེན་པོའི་ལུས་བཟུང་བ་དང་། རང་བཞིན་སྤྲུལ་པར་བགྲོད་པ་གཉིས་ཀྱི་སེམས་ཅན་རང་ལས་རྒྱུད་གཞན་རྣམས་ཀྱི་དོན་ལ། བར་དོ་སྤྲུལ་པ་འགྱེད་ཚད་ལྷུན་གྲུབ་ཀྱི་སྒོ་ལས་རང་སྣང་འཁོར་བར་སྣང་བ་དེའི་དོན་བྱེད་པར་སྣང་སྟེ། རྨི་ལམ་དུ་སེམས་ཅན་གྱི་དོན་བྱས་ཀྱང་རང་སྣང་ཙམ་ལས་གཞན་ངོར་ཕན་པ་མ་བྱུང་བ་དང་འདྲ་བར་ཤེས་པར་བྱའོ། །གནས་འདི་རྫོགས་པ་ཆེན་པོའི་ཁྱད་པར་གྱི་གྲུབ་མཐའ་གཅིག་ཡིན་པས་ཅུང་ཟད་རྟོགས་དཀའ་བར་བྱེད་དོ། །ཞེས་སོ། །བཞི་པ་སྲིད་པ་བར་དོ་ནི། ཕྱི་ལུས་ཀྱི་སྲིད་པ་ཡིད་ལུས་དབང་པོ་ཀུན་ཚད་ཐོགས་མེད་དུ་རྒྱུ། ནང་སེམས་ཀྱི་སྲིད་པ་སྙམ་བྱེད་ཀྱི་རྣམ་པར་རྟོག་པ་དུ་མ་ལ་ཡིད་འཇུག །ལུས་སེམས་གཉིས་འདུས་ཀྱི་སྲིད་པ་རྡོ་རྗེའི་གདན་དང་། མའི་མངལ་ཏེ་རྟེན་གཉིས་པོ་མ་གཏོགས་གང་དུའང་ཐོགས་མེད་དུ་འཇུག་ཅིང་བག་གྲང་། འདིར་རྒྱ་གར་རྡོ་རྗེའི་གདན་ནི་སྤྱིར་བསྐལ་པ་བཟང་པོའི་སངས་རྒྱས་

(༤༤༤)རྣམས་ཀྱི་ཐུན་མོང་དུ་འཚང་རྒྱ་བའི་མཛད་པ་སྟོན་པའི་གནས་ཆེས་མཆོག་ཏུ་གདོན་མི་ཟ་མོད་ཀྱི། དག་དང་མ་དག་གི་འགྲོ་བ་ཕལ་མོ་ཆེའི་སྤྱོད་ཡུལ་དུ་མངོན་སུམ་ན། གང་དུ་བསམ་པ་དེར་སྐད་ཅིག་ལ་བརྟོལ་བའི་བར་དོ་རྫུ་འཕྲུལ་གྱི་ལུས་ཅན་ལ་དེར་ཐོགས་པའི་དགག་བྱ་ཅི་ཞིག་ཡོད། ལས་འཕྲོ་ངན་པས་མ་ཡིན་ཟེར་ན་དེང་གི་ཚེ་མུ་སྟེགས་དང་ཀླ་ཀློའི་ཚོགས་ཀྱང་བག་མི་ཚ་བར་རྒྱུ་བའི་ཕྱིར་དབང་པོ་ཡིད་ཀྱི་གཟུགས་ཅན་དེར་ཐོགས་པའི་རྒྱུ་རྐྱེན་གང་ཡང་མེད། དེའི་ཕྱིར་དག་ས་དང་ལྡན་པའི་མཐུས་རྣམ་པར་གྲོལ་བའི་ས་ལ་ཐོགས། ལས་ཀྱི་མཐུས་མའི་སྐྱེ་གནས་ལ་ཐོགས་པས་རྟེན་གཉིས་པོའི་ངོས་འཛིན་འདི་ལྟར་འདོད་དེ་རྒྱལ་བའི་དབང་པོ་པདྨ་ལས་གྲོལ་གྱིས། དེ་ལ་སློབ་དཔོན་ཕལ་དག་རྡོ་རྗེའི་གདན་རྒྱ་གར་གྱི་དེ་ལ་ངོས་འཛིན་ཡང་། འདིར་ཀ་དག་མི་འགྱུར་བའི་ནང་དབྱིངས་སངས་རྒྱས་ཐམས་ཅད་སངས་རྒྱས་པའི་གནས་མཆོག་དག་པ་མྱ་ངན་ལས་འདས་པའི་སྒོར་ཞུགས་པ་དེ་ལ་འདོད་ལ། མའི་མངལ་ནི་མ་དག་པ་འཁོར་བའི་སྒོ་འགྲོ་དྲུག་གི་སྐྱེ་གནས་

(༤༤༥)གང་རུང་ལ་འདོད་པ་ཡིན་པས། སྒྲ་ཇི་བཞིན་པ་མ་ཡིན་པར་ཤེས་པར་བྱའོ། །ཞེས་སོ། །གཞན་ཡང་འདིས་ཤེས་ཏེ་བར་དོའི་སྲིད་པ་ཅན་དེ་ཉིད་རི་བྲག་ལ་སོགས་པ་འབྱུང་བ་གང་ལའང་ཐོགས་མེད་དུ་འཇུག་པའི་ནུས་པ་ཡོད་པས་བྲག་གི་ཁོང་། གོར་མའི་ནང་། སྒོ་ང་དང་ཤིང་གི་སྦུབས་ལ་སོགས་པར་ཡང་སེམས་ཅན་འོང་བ་ནི་མཐོང་བའི་ཆོས་ཅན། དེ་ཡང་ཤ་གཟུགས་དང་དབང་པོ་རང་ཚན་དུ་ཡོད་ན་ཡིད་ལུས་དང་འགལ་བར་འགྱུར་ཏེ་རང་ངོ་ལ་ཡོད་ཡོད་འདྲ་བ་རྨི་ལམ་གྱི་སྣང་བ་ལྟ་བུར་འཆར་བས་ཆ་ལ་བཏགས་པར་ཟད་དེ་འདི་སྐད་དུ། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །རིགས་མཐུན་ལྷ་མིག་དག་བས་མཐོང་། །མི་ཟློག་དེ་ནི་དྲི་ཟའོ། །ཞེས་རང་དང་རིགས་མཐུན་པའམ། ལྷའི་མིག་ཐོབ་པ་མ་གཏོགས་གཞན་གྱིས་ཕར་མི་མཐོང་ཞིང་། དེས་ཚུར་སེམས་ཅན་གྱི་གནས་རིགས་ཐམས་ཅད་མཐོང་ལ། མིང་བཞི་འདུས་པའི་ཕུང་པོ་ལས་

(༤༤༦)རླུང་གིས་བསྐྱོད་པས། གང་དུའང་རང་ས་མི་ཟིན་ཅིང་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུ། ཤེས་པ་ཕྱད་ཕྱོད་བན་བུན་སྔར་ཐས་དྲན་པ་བདུན་འགྱུར་གྱིས་གསལ་བའི་ངང་ནས་ང་ནི་ཤི་བའོ་སྙམ་ནས་བློས་མི་འཁྱུད་པ་ཙམ་གྱི་སྡུག་བསྔལ་དྲག་པོ་འབྱུང་ངོ་། །དེ་ཡང་བར་དོར་ཇི་ཙམ་གནས་དགོས་པའི་ཡར་ཕྱེད་སྔ་མའི་ལུས་ཀྱི་རྣམ་པ་ཅན་དང་། མར་ཕྱེད་ནས་ཕྱི་མ་གང་དུ་སྐྱེ་བ་དེའི་ལུས་དང་རྣམ་འགྱུར་ཅན་དུ་སྣང་ནའང་ཁམས་གོང་མ་ལ་གཟུགས་མེད་པས་རྣམ་པ་འཆར་རྒྱུ་མེད་ཚེ་ཅི་ཡང་མེད་པའི་སྟོང་ཕྱད་ཀྱི་སྣང་བ་འཆར་བར་ཤེས་དགོས་ལ། ཡང་གསང་སྔགས་ཀྱི་སྒོར་ཞུགས་ནས་རྡོ་རྗེའི་བླ་མ་ལ་དམ་ཚིག་ཆེན་པོ་ཉམས་པས་རྡོ་རྗེའི་དམྱལ་བ་དང་། མཚམས་མེད་ལ་སོགས་པའི་སྟེང་དུ་ཆོས་སྤངས་པའི་ལས་ཀྱིས་མནར་མེད་དུ་སྐྱེ་བ་ནི་མར་གྱི་ཟང་ཐལ། རྟོགས་པས་གྲོལ་བ་ནི་ཡར་གྱི་ཟང་ཐལ། འཕོ་བ་འབྱོངས་བས་སྐྱེ་གནས་གང་དུའང་ཟང་ཐལ་བས་བར་དོ་མེད་ལ། འགྲོ་བ་གཞན་ཆོས་འདིའི་སྒོ་མ་མཐོང་བའམ། མཐོང་ཡང་ཡིད་མ་ཆེས་

(༤༤༧)བ་དང་དམ་ཚིགས་མ་དག་པ་དང་། ཉམས་སུ་མ་ལོངས་པ་རྣམས་ལ་ཆོས་ཉིད་བར་དོ་ཡུན་ཐུང་བས་གྲོལ་བ་ལོང་ཡོད་དུ་མ་ཤར། བྲེད་སྡངས་དང་བཅས་སྲིད་པའི་བར་དོར་ཡང་ནས་ཡང་དུ་ཁ་འཁྱལ་བའི་ཚུལ། ཞག་བདུན་བདུན་ལ་སྐྱེ་འཆིའི་སྣང་བ་རེ་ཤར་ནས་ཤིན་ཏུ་སྡུག་བསྔལ་བས་དགེ་བའི་སྟོབས་འདེགས་པ་ལའང་བདུན་ཚིགས་ཕན་ཡོན་ཆེ་བའི་རྒྱུ་མཚན་ནོ། །སྤྱིར་བར་སྲིད་ཀྱི་ཚེ་རིང་མཐའ་ཞག་བཞི་བཅུ་རྩ་དགུ། ཐུང་མཐའ་བདུན་དུ་བཤད་པ་ནི་སྤྱི་ཚན་གྱི་དབང་དུ་བྱས་ལ། གཞན་དགེ་བའི་སྟོབས་ཀྱིས་གློ་བུར་དུ་འཕོ་བ་དང་། ལས་འགའ་ཞིག་གིས་དེ་ལས་རིང་བར་སྲིད་པའང་བཤད་པ་ཡིན་ཏེ། དཔེར་ན་ཚེ་ལོ་བརྒྱ་པ་ལ་སོགས་དུས་ཀྱི་ཚེ་ཚད་ངེས་པ་ལྟར་བཤད་ཀྱང་འདོད་པའི་ཁམས་ན་དུས་མ་ཡིན་པའི་འཆི་བས་འཚེ་བའང་ཡོད་ལ། བཅུད་ལེན་གྲུབ་པས་རིང་པོར་འཚོ་བའང་ཡོད་པ་བཞིན་ནོ། །ཇི་ལྟར་ཡང་དུས་དེའི་ཚེ་ཡུལ་བ་རྐང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་དཔེས་གང་དུ་བསམ་པའི་ཡུལ་ལ་སྐད་

(༤༤༨)ཅིག་གིས་སླེབས་པའི་རྫུ་འཕྲུལ་ཡོད་པའི་དུས་དེར་ཆོས་འདིའི་སྒོ་མཐོང་བ་རྣམས་ཀྱིས་བར་མ་དོའི་ཤེས་པ་ངོས་ཟིན་པའི་མོད་ལ་ཕྱོགས་བཅུ་སྤྲུལ་པའི་ཞིང་ཡིད་ལ་དྲན་པར་བྱས་ཏེ། དེར་འགྲོ་བའི་འདུན་པ་དྲག་པོ་གཏད་པས་སྲིད་པ་བར་དོ་ལ་རང་གར་འཛིན་པའི་བག་ཆགས་དང་། ཆོས་ཉིད་བདེན་པའི་བྱིན་རླབས་རྒྱུད་ལ་ཞུགས་པས་སྲིད་པ་ཕྱི་མར་བརྒྱུད་པའི་ནུས་པ་ཟད་དེ། དག་པའི་ཞིང་དེ་ཉིད་དུ་སྐྱེས་ནས་འཚང་རྒྱའོ། །ཡང་ཆོས་སྒོ་འདིའི་བདེན་པ་མ་མཐོང་ཡང་རྣལ་འབྱོར་ཆེན་པོའི་སྒྱུ་ལུས་ལ་གོམས་པ་ཡོད་སྲིད་ན་ཆོས་ཀྱི་སྤྱན་ལྡན་ཤནྟ་པུ་རི་པས། གཉིད་དམ་འཆི་བའི་འོད་གསལ་ལུགས་ལྡོག་ཏུ། །སླར་ཡང་མཆེད་པ་ཀུན་གཞིའི་རྣམ་ཤེས་ལས། །ཡིད་ཉིད་གཅིག་པུར་ལངས་པས་རྨི་ལམ་སེམས། །དབང་པོ་ཀུན་ཚངས་ཡིད་ཀྱི་ལུས་གྲུབ་པ། །དེ་མཚུངས་སྐད་ཅིག་མངོན་བྱང་ལྔ་ལས་ནི། །དང་པོའི་མགོན་པོ་ལེགས་པར་བསྐྱེད་པའི་ཚུལ། །བར་དོ་སྒྱུ་ལུས་ལོངས་སྐུར་སྡང་བར་ཤོག །ཅེས་པའི་

(༤༤༩)ཚུལ་དྲན་པར་བྱ་ཞིང་། དེར་རང་དབང་མི་འདུ་བ་གང་ཞིག་སྐྱེ་གནས་ངན་པའི་རྣམ་པ་བརྟགས་ཏེ་འབྲེལ་པ་གཅད་པའི་ཚུལ། ཉི་ཟླ་ཁ་སྦྱོར་ལས། །ལྷ་དང་མི་ནི་ཁ་དོག་དཀར། །ཡི་དྭགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུ་འམ། །ཡང་ན་བལ་ནག་གཡེངས་པ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོ་བཞིན། །ལྷ་མིན་ཁ་ཆར་འབབ་པ་བཞིན། །ཞེས་དང་། མགོའི་ལྟ་ཕྱོགས་ནི་དེ་ཉིད་ལས། དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་དང་མི་ནི་གྱེན་ལ་ལྟ། །ལྷ་མིན་བྱོལ་སོང་དེ་བཞིན་ཕྲེད། །ཡི་དྭགས་དམྱལ་བ་ཐུར་དུ་ལྟ། །འདི་དག་ད་བཟོད་སྐྱེ་བའི་དབང་། །ཞེས་འགྲོ་བ་དྲུག་གི་གནས་སུ་ད་བཟོད་སྐྱེ་བའི་རྟགས་འོད་དང་གཟུགས་བརྙན་ལ་སོགས་པའི་རྣམ་པ་ཅན་དུ་འཆར་བ་ནི་འདི་ལྟ་སྟེ། མཐོ་རིས་ནི་འོད་དཀར་དཔག་ཚད་ཙམ་དུ་གསལ་བ་དང་། མགོ་ཡང་གྱེན་ལ་སྟོན་ཞིང་། མ་དག་པ་ངན་འགྲོའི་གནས་ལ་ཡི་དྭགས་ལ་དུ་བ། དམྱལ་བ་ལ་སྡོད་དུ་མ་མམ་བལ་ནག་གསེད་པ་ལྟ་བུ། བྱོལ་

(༤༥༠)སོང་ལ་ཁྲག་བཙོ། ལྷ་མིན་ལ་ཁ་ཆར་རྣམས་སུ་སྣང་ཞིང་། མགོ་ཡང་ལྷ་མིན་དང་བྱོལ་སོང་ཕྲེང་། དམྱལ་བ་དང་ཡི་དྭགས་ཐུར་ལ་ལྟ་བའི་ཁྱད་པར་ལེགས་པར་བརྟགས་ཤིང་གཞན་ཡང་མངོན་གྱུར་དུ་ལྷ་མིའི་གནས་མཐོང་བའམ། དེ་བཞིན་དུ་དུད་འགྲོ་ལ་ནགས་ཆལ་དང་མཚོ་ཀྱིང་། །དམྱལ་བ་དང་ཡི་དྭགས་མེའི་འོད་ཟེར་མཛེས་པ་ལ་སོགས་མདོར་ན་འདོད་པར་སྐྱེ་བ་རྣམས་ཡུལ་ལ་དགའ་གདུང་། གཟུགས་སུ་སྐྱེ་བ་རྣམས་འོད་ལ་དགའ་གདུང་། གཟུགས་མེད་དུ་སྐྱེ་བ་ཅི་ཡང་མེད་པའི་སེམས་གནས་ལ་དགའ་གདུང་འཆར་ཞིང་། གང་སྐྱེའི་གནས་ཡིད་དུ་ལྷག་པར་འོང་ཞིང་གདུང་བ་འཕེལ་ནས་བལྟར་ཕྱིན་པའམ། འཇིགས་སྐྲག་གི་སྣང་བས་དེད་པས་དེ་དག་ལ་སྐྱབས་སུ་མཐོང་ནས་གབ་པའི་སེམས་དར་གཅིག་ཆགས་པ་ལས་སྐྱེ་བ་ཡིན་པས། རགས་པའི་ལུས་རྟེན་མེད་པའི་རྐྱེན་གྱིས་ལུས་འཚོལ་བ་ལ་སྲེད་པ་ཇི་ལྟར་འཕེལ་ཡང་གནས་ངན་གྱི་ཀློང་དུ་མི་འཇུག་པ་ལ་གཟབས་པར་བྱའོ། །དེ་ལྟར་སྐྱེ་

(༤༥༡)གནས་ཀྱི་མཚང་འདིར་མཁས་པ་དང་གྲུབ་པར་གྲགས་པའི་ཁྲིད་ཡིག་རྣམས་སུའང་གདོད་འཇུག་པའི་ལྟས་བཤད་མ་ཐགས་ཉིད་མ་བརྗོད་པར། ཞུགས་ཟིན་པའི་ལྟས་ལྷ་ལ་གཞལ་ཡས་ཁང་། ལྷ་མིན་ལ་འོད་ཀྱི་འཁོར་ལོ། མི་ལ་ཁང་མཛེས་སོགས་བསྟན་པ་ནི་ནོར་བར་ཤེས་ཏེ་ཉི་ཟླ་ཁ་སྦྱོར་ལས། འགལ་མེའམ་ནི་ཆར་བའམ། །དེ་བཞིན་གྲང་བ་ནམ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང་། །ལྷ་ཁང་ངམ་ནི་ཡང་ཐོག་གམ། ཁང་བུ་དག་ནི་བརྩིགས་པར་མཐོང་། །ངན་སོང་རྣམས་ནི་སྤྱིལ་བུའམ། །ཕུགས་རྡུགས་གྲོག་པོ་སྟོང་པར་མཐོང་། །འདི་དག་མངལ་དུ་ཚུད་པའི་ལྟས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། །ཞེས་པས་གསལ་ལོ། །འོན་ཀྱང་རྒྱ་མཚོ་སྤྲིན་ཕུང་དུ་དེ་ལྟར་གསུངས་པ་ནི་རེ་ཞིག་སྔ་རབས་པ་དག་གིས་ཡི་གེའི་རྗེས་སུ་འབྲངས་པ་སྟེ། ལ་ར་ས་ནས་སར་འཕར་བའི་སྤངས་རྟོགས་ལ་ཁྱད་པར་ཡོད་པ་བཞིན་དཔྱད་པ་རྫོགས་པའི་

(༤༥༢)མན་ངག་ཐེག་མཆོག་རིན་པོ་ཆེར་དེ་ལྟར་ཞལ་གྱིས་མ་བཞེས་པའི་ཕྱིར་རོ། །གཞན་ཡང་བཤད་ཚུལ་གྱི་ཁྱད་པར་ཁ་ཅིག་ཏུ། །ལུས་འཕགས་བོར་སྐྱེ་ན་དང་བ། སྒྲ་མི་སྙན་ཉ། བ་གླང་སྤྱོད་དུ་གླང་། འཛམ་བུ་གླིང་དུ་མི་ཕོ་མོ་ཆགས་པ་སྤྱོད་པར་མཐོང་བས། དེ་ལ་རབ་ཀྱིས་ཆགས་སྡང་དང་མིག་སེར་སྤངས་ནས་སྣང་བ་བདེན་མེད་དུ་སྦྱོང་། འབྲིང་གིས་དབང་དུས་ཀྱི་ཉམས་ལེན་ངེས་པས་བླ་མའམ་ཡི་དམ་ཡབ་ཡུམ་དུ་སྒོམ་ནས་གསང་དབང་གི་དོན་ཉམས་སུ་མྱོང་ཞིང་ཤེར་དབང་གོས་བདེ་སྟོང་ལམ་དུ་སློང་། དེ་ཙམ་གྱི་བློ་ནུས་དང་མི་ལྡན་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པའི་འདོད་ཆགས་ལ་མི་གཙང་བའི་འདུ་ཤེས་དགུ་སོགས་ཞེན་ལོག་གི་གཉེན་པོ་བསྟེན་ཅིང་དག་པའི་ཞིང་ཡིད་ལ་བྱས་པས་མངལ་སྒོ་ཁེགས་ཏེ་མངོན་དགའ་དང་བདེ་བ་ཅན་ལ་སོགས་པར་པདྨོའི་སྦུབས་ལས་རྫུས་ཏེ་སྐྱེ་བ་ལེན། བརྩོན་འགྲུས་ཞན་པས་དབང་པོ་ཐ་མར་བཞག་ཀྱང་། ཤེས་རབ་ཀྱི་སྒོ་ནས་

(༤༥༣)ལམ་གྱི་གནད་ཤེས་པ་དག་ནི་ཁམས་དྲུག་ལྡན་གྱི་རྟེན་ལ་དངོས་གྲུབ་ཐོབ་པའི་རྟེན་ཁྱད་པར་ཅན་འཛམ་བུའི་གླིང་ལས་ཀྱི་ས་པའི་གཞན་འབྱོར་དམ་པ་ལྔ་དང་རང་ཉིད་འབྱོར་པའི་དཔལ་ལྔ་སྟེར་བའི་མངལ་དུ་ཇི་ལྟར་འཇུག་པའི་ཚུལ་ཤནྟ་པུ་རི་བས། བར་དོའི་ལུས་དེ་མ་ཡི་མངལ་དུ་ནི། །ཞུགས་ཚུལ་དང་པོ་མགོན་པོ་མི་བསྐྱོད་པའི། །སྐུ་ལས་ཞུགས་པའི་རྡོ་རྗེའི་སེམས་བསྐྱེད་ཅིང་། །དེ་ལས་ལུས་དཀྱིལ་བཀོད་ཅིང་སྒོ་གསུམ་དག། བྱིན་གྱིས་བརླབས་ཤིང་སེམས་དཔའ་སུམ་བརྩེགས་སུ། །བྱས་ནས་རིག་མའི་འདོད་ཡོན་རྣམ་རོལ་པའི། །ཉིན་སྣང་སྐྱེ་ཤི་བར་དོའི་གོམས་འདྲིས་ཀྱིས། །སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་བྱེད་ཤོག། ཅེས་པའི་ངེས་པ་ལ་ད་ལྟ་ནས་འདྲིས་པར་བྱ་ཞིང་དུས་དེའི་ཚེ་ལས་ལ་སྦྱར་བར་བྱའོ། །ཐ་མའི་ཐ་ཤལ་ཆོས་ཀྱི་བག་ཆགས་མེད་པ་དག་ནི་རྒྱུད་ལས། དཔེར་ན་རྩྭས་ནི་མེ་འཛིན་དང་། །དེ་བཞིན་འདམ་གྱིས་རྫས་འཛིན་དང་། །མཁའ་འགྲོ་འདོད་པའི་

(༤༥༤)དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། །དབང་མེད་ཆགས་པའི་རྙིས་འཛིན་ཏོ། །ཞེས་ཕ་མའི་སྙོམས་འཇུག་གིས་རྙིས་བར་སྲིད་ཀྱི་སེམས་ཅན་འཛིན་པའི་དབང་ལས་ཕོ་མོ་འཁྲིག་པ་བསྟན་པའི་མངལ་སྒོར་དབྱར་གྱི་ཤ་རུས་ལ་སྦྲང་མ་འདུ་བ་ལྟར་བར་སྲིད་བྱེ་བ་དཔག་མེད་འཕངས་པ་ལས་དེར་སྐྱེ་བའི་ལས་ཅན་དེ་མའི་བཤང་ལམ་ནས་རང་དབང་བྲལ་བར་འཇུག་པས་དེའི་ཚེ་ཞིང་དག་པར་སྨོན་ལམ་འདེབས་པ་དང་། སྐྱབས་འགྲོ་བྱེད་པ་དང་། མངལ་སྒོ་ངན་པ་ལས་ལོག་སྟེ་བཟང་པོ་འདེམ་པར་འདུན་པ་བསྒྱུར་བས་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ། བླ་མ་དམ་པ་དགེ་བའི་བཤེས་གཉེན་དང་མཇལ་ཏེ་རྗེས་སུ་བཟུང་ནས་གྲོལ་བ་ཡིན་ནོ། །དེ་ལྟར་བར་དོའི་རང་བཞིན་རྣམས་ཅུང་ཟད་གསལ་བར་བཤད་པ་ནི་ད་ནི་དུས་དང་བསོད་ནམས་ཀྱིས་དབང་ལས་སྙིང་ཏིག་ལ་མོས་པས་སྤྱོད་པ་ཉུང་ཟད་ཡོད་སྲིད་ནའང་ཕྱིན་ཅི་མ་ལོག་པའི་གནས་ལུགས་རྟོགས་པ་དང་། སྐྱེ་བ་འདིའམ་

(༤༥༥)འཆི་ཁར་གྲོལ་བའི་གདིང་ཐོབ་པ་དཀོན་པར་ཤེས་ནས་འདི་དག་ཏུ་གྲོལ་བར་ཐོབ་པའི་རེ་བ་ལ་ཡིད་གདུངས་པའོ།། །།སྤྱི་དོན་གསུམ་པ་དབང་པོ་ཐ་མ་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་པ་ནི། འདི་ལྟ་བུའི་མངོན་སུམ་འོད་གསལ་གྱི་སྒོ་མཐོང་ཡང་། མི་ཚེ་སོས་དལ་དུ་རྒ་བའི་སྙིང་རུས་ཀྱིས་ཉམས་སུ་མ་ལོངས། ལམ་གྱི་གནས་སྐབས་སུ་བླ་མ་དམ་པས་མ་ཟིན་པས་པའི་མན་ངག་འདི་གཞན་ལས་ཁྱད་པར་འཕགས་སོ་སྙམ་པའི་གློ་བ་དགའ་ཙམ་ལས་ལམ་རྟགས་དང་སྣང་བ་འཕེལ་བའི་ས་ཟིན་གང་ཡང་མེད། ཤེས་རབ་ཞན་པས་ཆོས་བརྒྱུད་རྫོགས་པ་ཆེན་པོར་བློ་བདེ་ཡང་གང་ཟག་རྫོགས་པ་ཆེན་པོར་མ་སོང་བས་ཆོད་ཆུང་། དེ་ལྟ་ནའང་མོས་པ་ཆོས་ཕྱོགས་སུ་སྤྱད་པས་མི་དགེ་བའི་འཇུག་པ་སྲབ་པས་རྨི་ལམ་དགེ་བ་ཙམ་དུ་གྱུར་བའི་ལས་ཅན་གང་ཞིག་སྲིད་པའི་བར་དོ་རྨི་ལམ་གྱི་སྣང་ཆ་ལྟ་བུར་སླེབས་དུས་ང་ཤི་འདུག་སྙམ་དུ་ངོ་ཤེས། བླ་མ་ལ་མོས་གུས་ཡོད་པ་གཞིར་བཞག་ནས་དེ་ཉིད་དྲན་

(༤༥༦)པ་ལས་དེས་གསུངས་པའི་གདམས་པ་དྲན་པར་འགྱུར་ཏེ། སྟོན་དུ་ཆོས་ཉིད་ཀྱི་བར་དོ་ངོས་མ་ཟིན་ཅིང་བདེན་སྟོབས་མ་རྙེད་པས་སྲིད་པ་བར་དོར་ཁ་འཁྱལ་པ་དེ་ངོ་ཤེས། ད་ནི་རང་བཞིན་སྤྲུལ་པའི་ཞིང་དུ་འགྲོ་བར་བྱའོ་སྙམ་པ་ཙམ་ལས་ཆོས་ཉིད་ཀྱི་བྱིན་རླབས་ཀྱིས་ཞིང་ཁམས་དེར་པདྨའི་སྦུབས་སུ་རྫུས་ཏེ་སྐྱེ་བའི་ཚུལ། ཉི་ཟླ་ཁ་སྦྱོར་ལས། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན། ཞེས་པས་གདམས་ངག་གབ་པ་ནི་ཅི་ཡང་མེད་དེ་བྱ་སླ་ལ་ཆོད་ཆེ་བ་ཡིན་ནོ། །དེ་ལ་ད་ལྟ་ནས་མན་ངག་སྟོན་པའི་བླ་མ་ལ་གདུ་ང་བ་ཡོད་པ་དང་། ཉིན་དུས་རང་སྣང་མངོན་སུམ་ལ་ལྟ་བ་དང་། མཚན་མོ་གཉིད་དུ་འགྲོ་ཁར་ཡང་ང་འཆི་བ་ཡིན། ཐིམ་རིམ་ངོ་ཤེས་པར་བྱས་ཏེ་རང་བཞིན་སྤྲུལ་པའི་ཞིང་དུ་འགྲོ་བར་བྱའོ་སྙམ་པའི་འདུན་པ་དྲག་པོ་དང་བཅས་སྤྲུལ་པའི་ཞིང་གི་བཀོད་པ་དང་ཡོན་ཏན་ལ་ལྟ་བའི་ངང་དུ་ཉལ་ཞིང་། ཐུན་བར་དག་ཏུའང་གོང་དུ་བཤད་པའི་

(༤༥༧)རྣམ་ཤེས་རླུང་ཞོན་གྱིས་རྩལ་འབྱོངས་པ་ཞིག་ནི་ངེས་པར་དགོས་པས་འཁོར་བ་དང་ངན་སོང་ལ་འཇིགས་པ་འགལ་ཙམ་ཡོད་ན་དེ་དག་ལ་སྙིང་གཏམ་དུ་བྱས་པའོ། །དེ་ལ་རང་བཞིན་སྤྲུལ་པའི་ཞིང་གི་ཡོན་ཏན་བཤད་པ་ནི་འདི་ལྟ་སྟེ། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པའི་སྐུའི་ཞིང་ཁམས་དེ་ན། སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་དམ་པ་ཐོབ་པའི་གནས་དེ་ན། གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ་རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་བ་སྒོ་བཞི་དང་ལྡན་པ། རིན་པོ་ཆེའི་རྟ་བབས་དང་ལྡན་པ། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ། བལྟ་ན་སྡུག་པ། ཐེམ་སྐས་དང་། སྐར་ཁུང་དང་ལྡན་པ། སྒོ་བཞི་ན་སེང་སྐར་ཆེན་པོ་

(༤༥༨)བཞི་ཡོད་པ། སེང་སྐར་ནས་ཉི་མ་འཆར་བས་རིན་པོ་ཆེ་ཤེལ་ལས་གྲུབ་པ་ལ་ཕོག་ནས་ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷུག་པར་འཆར་བའོ། །གཞལ་ཡས་ཁང་དེའི་ཕྱི་རིམ་ན། ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཡོད་པ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་པ་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་རིམ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ནའང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེའང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང་། མཐིང་རི་ལ་དང་། བྱ་ཀ་ཏི་དང་། ནེ་ཙོ་མི་སྐད་ཤེས་པ་དང་། ཁུ་བྱུག་དང་། ཤང་ཤང་ཏིའུ་དང་། རི་སྐེགས་དང་། དེ་ལ་སོགས་ཏེ་བྱ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང་། སྤབ་དང་། ཟེར་མོ་དང་། ལྷའི་བྱ་དྲིལ་བུའི་སྐད་ཅན་དང་། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང་། དུང་གི་མདོག་ལྟར་དཀར་བ་དང་། བྱི་རུའི་

(༤༥༩)མདོག་ལྟར་དམར་བ་དང་། ཨིནྡྲ་ནཱི་ལ་ལྟར་ལྗང་བ་ལ་སོགས་ཏེ། ཡིད་དུ་འོང་བ་དང་། སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱིས་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་འཆད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ། སྲོད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་གསང་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རེངས་ནང་གི་ཆོས་འཆད་དོ། །ཉི་མ་ཕྱེད་ན་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཆོས་འཆད་དོ། །དེ་ཡང་ཞག་རེ་ལ་ཆོས་ཐུན་བཞི་བཞི་འབྱུང་ངོ་། །དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ། །ལོ་ཡང་ལྔ་བརྒྱ་ལྔ་བཅུ་ཐུབ་བོ། །ཞིང་ཁམས་དེ་ན་ཟས་དང་སྐོམ་ཡང་ཡིད་ལ་དྲན་པ་ཙམ་གྱིས་ཚིམ་པ་ཡོད་དོ། །དེ་ན་ནད་མེད་པས་མཆོག་ཏུ་བདེ་ལ། བྱུང་སྲིད་ནའང་ཆུ་ཡན་ལག་

(༤༦༠)བརྒྱད་དང་ལྡན་པ་དེ་འཐུངས་པས་ནད་སེལ་ཏོ། །མེ་ཏོག་སྣ་ཚོགས་གྱིས་སྤྲུལ་པའི་སྐུ་དེ་ལ་མཆོད་པ་ཆེར་བྱེད་པ་ཤ་སྟག་གོ། །གཞལ་ཡས་ཁང་དེའི་ཟུར་བཞི་ན། མུ་ཏིག་ལས་བསྐྲུན་པའི་མཆོད་རྟེན་བཞི་ཡོད་དེ། །དེ་བཞིའི་བར་ན་དྲིལ་བུ་གཡེལ་ཁའི་དྲྭ་བའི་ཐག་པས་སྦྲེལ་ནས་ཡོད་དོ། །ཐག་པ་དེ་རླུང་གིས་བསྐྱོད་པ་དང་དྲིལ་བུའི་སྒྲ་ཡིད་དུ་འོང་བ་སྣ་ཚོགས་འབྱུང་ངོ། །ཕྱོགས་བཞིན་དར་སྣ་ཚོགས་ཀྱི་བ་དན་བཞི་ཡོད་དེ། དེ་རླུང་གིས་བསྐྱོད་པ་ལས་དྲི་ཞིམ་པ་སྣ་ཚོགས་འབྱུང་ངོ། །གཞལ་ཡས་ཁང་དེ་ནི་ཤར་ཕྱོགས་ན་དཔག་ཚད་ལྔ་བརྒྱ་འདས་པའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷ་དང་ལོངས་སྤྱོད་མཉམ་པ་ཤ་སྟག་གོ། །ཤར་ཕྱོགས་ཀྱི་སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་དེ་བཞིན་དུ་ཡོད་དོ། །ཞེས་པས་ཕྱོགས་གཞན་གསུམ་གྱི་བཀོད་པ་དང་ཚེ་ཚད་དང་། ལོངས་སྤྱོད་ལ་སོགས་པའི་ཁྱད་པར་ཅུང་ཟད་མ་གཏོགས་ཤེས་པར་འགྱུར་ལ་

(༤༦༡)རྟེན་དང་བརྟེན་པའི་མངོན་བརྗོད་ཀྱི་ཁྱད་པར་གཞན་ནི་ཨ་ཏི་བཀོད་པ་ཆེན་པོ་ལས། དཔལ་དང་ལྡན་དང་པདྨ་བརྩེགས་པ་དང་། ལས་རབ་ཉིད་ནི་ཡོངས་སུ་རྫོགས་པའི་ཞིང་། །རིན་ཆེན་འབྱུང་ལྡན་པདྨ་གར་དབང་རྟ། །དོན་ཡོད་གྲུབ་པས་ཤེས་བྱའི་སྒྲིབ་པ་སྦྱོང་། །དཀར་སེར་དམར་དང་ལྗང་ཁུའི་ཁ་དོག་གསལ། །ཞེས་དང་། དེ་དག་གི་དབུས་ན་བཅོམ་ལྡན་འདས་གཟུགས་ཀྱི་རྒྱལ་པོའི་ལྷ་ཚོགས་ཁྲོ་བོའི་དཀྱིལ་འཁོར་གྱི་རྣམ་པར་བཞུགས་པའི་ཚུལ་ཡང་རང་ཤར་ལས། ཞིང་ཁམས་དེ་དག་གི་མདུན་གྱི་བར་སྣང་ལ་སྤྲུལ་པའི་སྐུ་ཁྲོ་བོའི་ཞིང་ཁམས་ཡོད་དེ། དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དེ། དེ་ཡང་གཞལ་ཡས་ཁང་འདི་ལྟ་བུ་ཡོད་དེ། ཐོད་པའི་ཁང་པ་གྲུ་བཞི་དང་ལྡན་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། ཐོད་པ་སྐམ་པོས་འབྲས་བུ་བྱས་པ། ཤ་རིར་ཡོད་པས་རྩིག་པ་བྱས་པ། བྷནྡྷ་ལྕང་ལོ་ཅན་གྱིས་ཁ་བད་བྱས་པ། རྒྱ་དང་དཔངས་སུ་དཔག་

(༤༦༢)ཏུ་མེད་དེ། གནམ་ལྕགས་ཀྱི་གཟེར་བཏབ་པ། རཀྟའི་ཞམ་ཆུ་འབབ་པ། ཉི་ཟླའི་ཀ་གདན་བྱས་པ། ཆུ་སྲིན་ཁའི་ཀ་གཞུ་བྱས་པ། ལྷ་ཆེན་པོ་བརྒྱད་གདུང་དུ་བྲེས་པ། མཆོག་ཆེན་པོའི་གྲབ་བཏང་བ་ཡོད་དོ། །ཉིན་མོ་རླུང་འཚུབས་པ། མཚན་མོ་མ་འབར་བ། གཞལ་ཡས་ཁང་དེའི་གྲུ་བཞིན་ཞིང་ཆེན་གྱི་གདུགས་པུབ་པ། ལྷ་མོ་ལྔ་གར་བྱེད་པ། ས་གཞི་ཐམས་ཅད་ཀྱང་རཀྟའི་རྦ་ཀློང་འཁྲུག་པའོ། །གཞལ་ཡས་ཁང་དེའི་ནང་ན་བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བ། ཐུགས་ཞི་བ་ལས་མ་གཡོས་ཀྱང་། སྐུ་ཁྲོ་བོའི་ཆ་བྱད་དུ་བསྟན་པ། མཁའ་འགྲོ་མ་དང་། ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་ཡོད་དེ། །དེ་ཡང་འདི་ལྟ་སྟེ། མཁའ་འགྲོ་མ་སུ་རྣ་ཉེ་བར་ཞི་བ་དང་། ཚངས་པ་དུང་མགྲིན་ཅན་དང་། དྲང་སྲོང་ཟླ་འོད་གཞོན་ནུ་དང་། ཡང་འཁོར་གྱི་མཁའ་འགྲོ་མ་ཨེ་ཀ་ཙ་ཏི་སྤུན་དྲུག་དང་། དེའི་བྲན་མོ་བཅུ་བཞི་དང་། །གཡོག་མོ་ལྔ་བཅུ་རྩ་བརྒྱད་དང་། ཡང་

(༤༦༣)གཡོག་འབུམ་ཁྲི་འབུམ་སྟོང་ལ་སོགས་ཏེ། མཁའ་འགྲོ་མའི་འཁོར་དཔག་ཏུ་མེད་པས་བསྐོར་བའོ། །བཅོམ་ལྡན་འདས་དེའི་ཐུགས་ལས་སྤྲུལ་པའི་འཁོར་ཕྱག་ན་རྡོ་རྗེ་ལ་སོགས་ཏེ། ཁྲོ་བོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ། དགའ་རབ་རྡོ་རྗེ་ལ་སོགས་ཏེ་མིའི་འཁོར་དཔག་ཏུ་མེད་པས་བསྐོར་བའོ། །འཁོར་རྣམས་ལ་འབྲས་བུ་གསང་སྔགས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས་ཞི་བ་སྤྲུལ་པའི་སྐུའི་བྱང་ཆུབ་སེམས་དཔའ་རྣམས་གྲོལ་བར་བྱེད་པ། ཐམས་ཅད་ཀྱང་ཁྲོ་བོའི་གཉེར་མ་དང་ལྡན་པ་ཤ་སྟག་གོ། །གཞལ་ཡས་ཁང་དེ་ནི་ཤིན་ཏུ་ཡངས་པ་དང་ལྡན་པའོ། །ཞེས་སོ། །འདི་ལྟར་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་བཞིན་དུ་བཀོད་པས་ན་རང་བཞིན་སྤྲུལ་པའི་ཞིང་ཁམས་ཞེས་བྱ་བ། ལས་འཕྲོ་ཅན་ལས་དེ་ཉིད་མངོན་དུ་སྣང་བའི་རྒྱུ་ནི་ཁམས་བདེ་གཤེགས་སྙིང་པོའི་ཁྱབ་བྱེད་ཀྱི་སྙིང་ཁ་ན་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་

(༤༦༤)རང་གསལ་བའི་གཞི་སྣང་ལྷུན་གྲུབ་རིན་པོ་ཆེའི་སྒོ་ལོངས་སྐུའི་ཕྱོགས་བཞིན་དུ་གདོད་མ་ཉིད་ནས་ལམ་གྱི་སྣང་བར་ཡོད་པའི་རང་བཞིན་དུ་གསལ་བ་ལ་ཤར་ལ་སོགས་པའི་བརྡས་བརྟགས་པ་ཉིད་ཐུན་མོང་བ་ཁ་ཅིག་ལྟར་ཕྱོགས་གཤེད་ན་ཡོད་པར་ནི་མི་བལྟའོ། །དཔག་ཚད་ཀྱི་ངེས་པ་བཤད་པས་འགལ་ལོ་སྙམ་ན། ཞིང་ཁམས་དེ་དག་ཁམས་གསུམ་པོའི་ཆོས་ཉིད་ལས་རྒྱང་རིང་པོ་ཉིད་དུ་འཕགས་པས་དེ་སྐད་བཤད་པས་སྒྲ་ཇི་བཞིན་པ་མ་ཡིན་ལ་དེ་བཞིན་དུ་ཁྲོ་བོའི་དཀྱིལ་འཁོར་སྟེང་ན་བཞུགས་པའང་དུང་ཁང་དུ་ཁྲོ་བོའི་ལྷ་ཚོགས་ཡེ་ནས་བཞུགས་པའི་རྣམ་ཆ་ལས་ཤར་བ་ཡིན་ནོ། །དེ་ཡང་སྤྱིར་རང་བཞིན་ཞེས་པའི་སྒྲས་གནས་པའི་རང་བཞིན་སྤྲུལ་པ་དང་། བགྲངས་པའི་རང་བཞིན་གཉིས་སུ་ཕྱེ་བ་འདི་ཉིད་གོ་དོན་སློངས་ཆེ་སྟེ། སྔ་མའི་ཚུལ་གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། ངོ་བོ་ཉིད་ཀྱི་སྣང་བ་ལ། །ངོ་བོ་ཉིད་ཀྱི་སྐུ་ཤར་བ། །དཔེར་ན་རང་དང་གཟུགས་བརྙན་བཞིན། །ཞེས་འབྲས་བུའི་ལོངས་སྐུ་བྱད་ལྟ་བུ་ལས་ཆོས་ཉིད་ཀྱི་

(༤༦༥)ལོངས་སྐུ་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟ་བུ་སེམས་ཅན་ཐམས་ཅད་ལ་བར་དོའི་ལམ་དུ་སྣང་བ་དེས་གདུལ་བྱའི་དོན་དངོས་སུ་བྱེད་པའི་ཕྱིར་ཕྱེད་སྤྲུལ་ལོངས་སྐུའི་རྣམ་པར་བཞག་ལ། ཕྱི་མ་ནི་ཕ་རོལ་ཏུ་ཕྱིན་པའི་བཅུ་གཅིག་ཀུན་ཏུ་འོད་ཀྱི་སའི་སྣང་བ་དེ། རང་ལམ་གྱི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་གསུང་ནི་ཐོས་ལ། ཤེས་བྱའི་སྒྲིབ་པས་བསྒྲིབས་ནས་སྐུ་ནི་མི་མཐོང་སྟེ། སྐུ་ནམ་མཐོང་བ་ན་ཤེས་བྱའི་སྒྲིབ་པ་ཟད་ནས་སངས་རྒྱ་བར་འདོད་པའི་ཕྱིར་རོ། །གྲུབ་པའི་མཐའ་འདི་འཛིན་པ་རྣམས་ཀྱིས་ཤེས་པར་བྱ་བའི་གནས་གཅིག་ཏུ་ཡོད་པས་དེང་བདག་ཉིད་ཀྱི་འདུན་སར་རྫོགས་པ་ཆེན་པོའི་བསྟན་པའི་སྣང་བ་ཉི་ཞུར་ཙམ་སྣང་བའི་ངེས་བརྗོད་དུ་བྱས་པ་སྟེ། འདི་ཙམ་གྱི་སྐུ་གསུམ་ལྷུན་གྱིས་གྲུབ་པའི་འབྲས་བུའི་ས་ལ་ལེགས་པར་སྦྱོར་བའི་སྡོམ་ཚིག་བསྟན་ཟིན་ལ། རང་བཞིན་གྱི་རྣམ་པར་གཞག་པ་དབྱིས་ཕྱིན་པའི་མཐའ་ལ་རག་པར་འདོད་པའི་ཤེས་རབ་ཅན་ཡོད་ན། དེ་བཞིན་

(༤༦༦)གཤེགས་པས་ལེགས་པར་གསུངས་པའི་གནས་གང་ཡིན་པ་དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ་ལ་སོགས་ཏེ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་མ་ལུས་ཤིང་ལུས་པ་མེད་པར་ཡོངས་སུ་ཚང་པས་བྱིན་གྱིས་བརླབས་པའི་བཀའ་རྩོད་པ་མེད་ཅིང་། རེ་ཞིག་བོད་ཡུལ་འདི་ན་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱི་གཞུང་ལྟར་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་ཞིང་དགོངས་འགྲེལ་རྒྱ་མཚོའི་རྩེ་མོར་ཕྱིན་པས་ལུས་ཅན་མ་ལུས་པ་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་ཁྲིད་པའི་རྣམ་གསུམ་ཤིང་རྟ་དགོངས་འགྲེལ་དང་བཅས་པ་དང་། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛོད་ཆེན་པོར་དོན་དམ་པར་ལྷུན་གྱིས་གྲུབ་ཅིང་། ཞར་ལ་ཐེག་པའི་རྒྱལ་པོར་འཁུ་བའི་སྐལ་པ་ངན་པའི་རི་དྭགས་དང་། ཀླ་ཀློའི་གྲུབ་མཐའ་ལུང་དང་རིག་པའི་མཚོན་ཆས་ཚར་གཅོད་པ་ལ་ཆོས་ཀྱི་གྲགས་པའི་བརྟུལ་ཞུགས་མ་སྨད་པས་རིན་པོ་ཆེ་སྣ་བདུན་གྱི་ངེས་ཚིག་བཟང་པོས་ལེགས་པར་བསྲུངས་པ་དག་ལས་ཤེས་པར་བྱ་བ་ཁོ་ནའོ། །ཞེས་རང་གི་སློབ་མའི་ཚོགས་ལ་གདམས་

(༤༦༧)པའོ།། །།ཉི་ཟླ་ཇི་བཞིན་འཕགས་པའི་ལམ་གྱིས་རྗེས་སུ་འགྲོ་བའི་བློ་གྲོས་དྲི་མ་མེད་པ་གང་། །ལེགས་གསུངས་ཡོན་ཏན་མཆོག་ཏུ་རྒྱ་ཆེའི་དོན་འབྲས་འདིར་མཆིས་ཨུ་དུ།།།རའི་མེ་ཏོག་བཞིན། །འདི་ཐོས་རང་བཞིན་ལེགས་པར་ཤེས་ནས་ཀླུ་དབང་གཙུག་གིས་ནོར་བུ་ལྟ་བུར་འཛིན་པའི་རིགས། །རྫོགས་པ་ཆེན་པོའི་སྣོད་མཆོག་ཉིད་དེ་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔར་གྲགས་པ་ཅན། །འདི་སྣང་བདེ་སྡུག་གདེངས་ཀ་ས་བརྩེན་ལ་ཕྱི་མའི་འཇིག་རྟེན་བལྟར་མི་མངོན། །བདག་འཛིན་ནགས་ཚལ་ཤིན་ཏུ་སྟུག་པོར་ཀུན་འབྱུང་གཉིད་དུ་གཡུར་བ་ཅན། །སྲིད་པའི་འཁོར་ལོ་གང་དུ་འཁྱིལ་བས་གྲོང་ཁྱེར་བཞི་ཡིས་ཆུ་བོ་ལ། །བརྒལ་བའི་ཕ་མཐས་ཐུག་པ་མ་ཡིན་འཁོར་བས་བསྡུས་པའི་རྣམ་རྟོག་ཅན། །སྣ་ཚོགས་སྡུག་བསྔལ་ཕྲག་པར་ལྕི་ཡང་པྲེད་དུ་མ་ཚོར་དམ་པའི་མགོན་དང་མཇའ་བ་མིན། །མ་ལུས་མི་ལུས་ལུས་པ་མེད་པའི་ཆོས་ཀྱི་མིག་ནི་ཟླ་བས་གདུངས་པའི་པདྨོ་བཞིན། །དཔལ་དང་འབྱོར་པའི་སྣ་ཞགས་རིང་པོའང་སླད་ཀྱི་སྲིད་པ་བག་ལ་ཉལ་དུ་འགུགས་པའི་རྟེན། །སུ་ཞིག་གླང་པོའི་རང་བཞིན་ཤེས་ནས་དམ་ཆོས་སྒྲུབ་པ་མི་ཡི་ནང་ན་ཁྱུ་མཆོག་གོ། །ཞེ་སྡང་ལྟ་བུའི་སྡིག་པ་ཡོད་མིན་སྲོག་གིས་ཅི་བྱ་དེ་བཟློག་བརྩན། །བཟོད་དང་མཚུངས་པའི་དཀའ་ཐུབ་ཅི་ཞིག་འདི་ནི་བྱང་ཆུབ་སེམས་དཔའི་ལམ། །དམིགས་པ་མེད་

(༤༦༨)པའི་ཤེས་རབ་ལ་སོགས་ཕྱིན་དྲུག་སྤྱོད་པའི་གྲོགས་དང་བཅས། །ཤིན་ཏུ་ཞི་བའི་ནགས་སུ་འགྲོ་བ་སྐྱེས་བུ་ཆེན་པོའི་ངང་ཚུལ་ལགས། །གང་ན་སྐྱེ་བོས་ཀུན་ནས་སྟོངས་པའི་བྲག་རིའི་ཁང་བཟངས་བཀོད་ལེགས་ཤིང་། །ནགས་ཚལ་མེ་ཏོག་འབབ་ཆུའི་སྒྲ་བཅས་བདག་ལ་སྐྱོ་བ་བསྐུལ་བ་བཞིན། །བྱ་དང་རི་དྭགས་ཁྲོ་བ་མེད་གང་ཚངས་པའི་གནས་པ་བཞི་ཡི་རྟེན། །སྲོག་དང་བཅས་པའི་ལུས་ནི་དེར་གཡོ་རང་དོན་མངོན་པར་བྱང་ཆུབ་ཤོག །ཞིང་རྡུལ་མཉམ་པའི་འགྲོ་འདིའི་ཀུན་རྟོག་རྒྱ་མཚོ་ཆེན་པོའི་རྡུལ་ཇི་བཞིན། །དེ་སྙེད་འདུ་བླའི་ཆོས་ཚུལ་རྒྱ་མཚོར་བདག་གི་ཕྲིན་ལས་དཔལ་འབར་ནས། །སེམས་ཅན་མ་ལུས་སྨིན་པར་བྱེད་པས་རྒྱལ་བ་རྒྱ་མཚོ་མཉེས་བྱས་ཏེ། །སླར་ཡང་གདོད་མའི་ནང་དབྱིངས་རྒྱ་མཚོར་སྙེལ་བ་མེད་པར་འཇུག་གྱུར་ཅིག །ཚུལ་འདི་ཀོང་སྨྱོན་དཔའ་བོའི་དབང་ཕྱུག་སོགས། །དམ་པའི་རིགས་ཅན་འགའ་ཡིས་སྔོན་བསྐུལ་ཡང་། །རེ་ཞིག་སྤེལ་བའི་དུས་ལ་མ་བབ་པས། །མཁའ་འགྲོ་རྒྱ་མཚོས་ཀློང་གིས་རྒྱ་བསྡམས་སོ། །ནམ་ཞིག་སྔགས་ཀྱི་བདག་མོའི་ཡང་སྤྲུལ་ནི། །ཞིང་སྐྱོང་ཌཱཀྐིའི་དབང་མོ་ཚེ་རིང་མས། །ཧི་ཧིའི་བཞད་སྒྲ་གཡོ་བའི་ལུང་བསྟན་བཅས། །ཆོས་འདིས་འགྲོ་ལ་ཕན་པའི་གཉེར་བླང་ཞིང་། །འཆི་མེད་

(༤༦༩)རི་བོའི་སྤོ་ན་མངོན་མཐོ་ལ། །བསྟེན་མཁས་ཡོན་ཏན་རྫོགས་པའི་བསྟན་འཛིན་རྗེས། །རིན་ཆེན་ཤེལ་གྱི་ཕྲེང་བ་བརྒྱ་རྩ་དང་། །གསེར་གྱི་མེ་ཏོག་བཅས་པའི་བཀས་བསྐུལ་ནས། །བྱང་ཆུབ་ལྗོན་པའི་ནགས་ཁྲོད་ཚེ་རིང་ལྗོངས། །གང་ན་པདྨའི་ཐུགས་རྗེ་ཉེར་བསྟེན་པ། །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པས་བཀོད། །སྲིང་མཚོར་དུབ་པའི་མགྲོན་པོ་དབུགས་འབྱིན་ཕྱིར། །བར་སྣང་ཟླ་བ་རྫིང་བུར་ཆས་པ་རླུང་གིས་ཤིན་ཏུ་གཡོ་བ་གང་། །བྱིས་པ་རྣམས་ནི་དེ་དང་དེར་འཛིན་རྒན་པོས་བྱེ་བྲག་ཕྱེད་པའི་གཏམ། །ཟླ་བ་གཡོ་མིན་རླུང་གིས་བསྐྱོད་པའི་ངེས་པ་བརྗོད་ནས་ཟླ་བའི་དངོས། །བདེན་གྲུབ་སྨྲ་བ་དེ་ཡང་རྫོགས་པའི་བྱང་ཆུབ་ཆོས་ལ་ཡོད་མ་ཡིན། །དེ་ཕྱིར་ལྟ་བའི་སྙིགས་མར་གྱུར་པའི་སེམས་ཅན་སེམས་ཀྱི་གཞན་དབང་ཅན་ཡང་ཆོས་འདིའི་སྒོ། །མཐོང་བའི་མོད་ལ་ཚུལ་མིན་ཡིད་བྱེད་འཇིག་ལྟའི་རི་བོ་ཉེ་བར་ལེན་བཅས་ཞིག་གྱུར་ཏེ། །ཆོས་དང་གང་ཟག་གཉིས་ཀའི་ལྟོས་གྲུབ་བསམ་གྱིས་མི་ཁྱབ་རྫོགས་པ་ཆེན་པོའི་དབྱིངས་ཞི་ནས། །ལྔ་བརྒྱའི་ཐ་མར་ཤིན་ཏུ་བསྲུང་དཀའི་རྒྱལ་བའི་ཕྲིན་ལས་ཆུད་མི་གསན་པའི་བཀྲ་ཤིས་ཤོག །སརྦ་མངྒ་ལཾ་་ཛ་ཡནྟུ། དགེའོ། །དགེའོ། །དགེའོ།

(༤༧༠)

(༤༧༡)ཀློང་ཆེན་སྙིང་གི་ཐིག་ལེ་ལས། རྡོ་རྗེ་ཐེག་པའི་སྨིན་གྲོལ་ལམ་གྱི་རིམ་པ་ལས་འཕྲོས་པའི་མན་ངག་གི་རྒྱབ་བརྟེན་པདྨ་དཀར་པོ་ཞེས་བྱ་བ་བཞུགས། །

(༤༧༢)བདེ་གཤེགས་སྙིང་པོ་འགྲོ་བའི་ཁམས་ལ་ཏིལ་མར་བཞིན་དུ་ཁྱབ་གདལ་ཡང་། །གློ་བུར་སྒྲིབ་གཉིས་རྟག་ཏུ་མི་བཟོད་བྲལ་བྱའི་ཚུལ་དུ་ནོགས་པ་དག །ཅིག་ཆར་སེལ་བའི་ནུས་མཐུ་ཚད་མེད་རྡོ་རྗེའི་ཐེག་པ་ལས་གཞན་མིན། །དེ་ཡི་རང་བཞིན་རྣམ་པར་དཔྱོད་མཁས་ཀུན་མཁྱེན་གྲུབ་དབང་ཚོགས་ལ་འདུད། །འཕགས་ཆོས་དུ་མའི་ནོར་གྱིས་ཡོངས་ཕྱུག་ལ། །དབང་རྣོན་མཆོག་གི་གདུལ་བྱའི་ཐབས་ཀྱི་ལམ། །སྨིན་གྲོལ་རྒྱ་མཚོའི་དབའ་ལ་བརྒལ་བ་འདི། །རིག་འཛིན་རྣལ་འབྱོར་དེད་དཔོན་དམ་པའི་སྲོལ། །ཤེས་རབ་གསུམ་གྱི་མེ་ལོང་

(༤༧༣)ཕྱིས་པའི་དོགས། །ཆོས་ཀྱི་གླེང་མོ་བྱེད་པའི་བཞིན་བཟང་མས། །དྲི་ཚིག་བརྡ་ཐབས་གླིང་བུ་འབུད་པའི་ཚེ། །མཆིད་ལན་ཀ་ལ་པིད་ཀའི་དབྱངས་སུ་ལེན། །མི་ཆོས་གཙང་མ་བཅུ་དྲུག་གི་ཐ་གྲུ་ཡངས་པའི་ཞིང་ས་ལ། ལྷ་ཆོས་དད་ནོར་གཏོང་བའི་མྱུ་གུས་ཡོངས་སུ་བསྲུངས་ཤིང་། ཐོས་བསམ་སྒོམ་པའི་སྙིང་པོ་ནོ་པི་ཀ་ལ་གཅིག་ཏུ་གཞོལ་བའི་ལོ་འབྲས་ཀྱིས་དུད་ཅིང་དམ་པའི་རྣམ་ཐར་བཟང་པོ་དང་ལྡན་པ་གང་གི་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་གྱི་གནད་དང་དེ་ལ་ཕར་ཕྱིན་གྱི་བགྲོད་འགྱུར་རྩི་ཚུལ་ཇི་ལྟར་གྱི་དྲི་བ་ཆེད་དུ་མཛད་པའི་ཆ་ལའོ་སྐོལ་

(༤༧༤)གྱིས་སྲིད་པ་འདི་ལ་རིག་གྲྭ་སོགས་བརྒལ་བརྟག་རྩོད་པའི་འཁོར་ལོའི་གྲར་འཆི་མ་མྱོང་བར། རྡོ་རྗེ་ཐེག་པའི་དབང་དང་སྙན་བརྒྱུད་ལས་བྱུང་བའི་ཡེ་ཤེས་ཁོང་ནས་དོན་བརྒྱུད་བཟུང་ཏེ་ཀུ་སུ་ལུའི་སྒྲུབ་པ་ལ་གཞོལ་བ་ལགས་ཚེ། རྒྱ་ཆེའི་བཤད་ཡམས་ཀྱིས་སྨྲ་བར་མ་སྤོབས་ཀྱང་། ཀློང་གསལ་རིག་པའི་རྩལ་གྱིས་སྣང་བ་དཔེ་ཆར་ཤར་བའི་གོ་ཡུལ་གྱི་ལམ་དུ་གཞལ་ན། སྤྱིར་རྒྱུ་མཚན་ཉིད་ཀྱི་ཐེག་པས་བསྐྱེད་བྱ་སྐྱེད་བྱེད་ལ་སོགས་པའི་ཀུན་རྫོབ་སྔོན་དུ་སོང་ནས་དོན་དམ་རྟོགས་པར་འདོད་ཅིང་། དེ་ཡང་ལམ་དུས་སུ་ཚོགས་གཉིས་ལ་མཉམ་རྗེས་རེས་འཇོག་ཏུ་གྱུར་པས་ས་ལམ་གྱི་བགྲོད་པ་ལ་བསྐལ་པའི་བར་དུ་ཐོགས་པར་བཤད་པ་ཉིད། རྡོ་རྗེ་ཐེག་པའི་སྐབས་སུ་རྗེས་དཔགས་གཏན་ཚིགས་ལ་མ་ལྟོས་པར་དབང་ལས་བྱུང་བའི་ཡེ་ཤེས་སྐད་ཅིག་མས་རང་གནས་ཀྱི་ཡེ་ཤེས་མངོན་སུམ་བཙན་ཐབས་སུ་ངོ་སྤྲད་དེ་སྒོམ་པས་སྤང་གཉེན་རང་གྲོལ་དུ་དག་ནས་ས་ལ་མ་ཆིག་རྫོགས་ཡེ་གྲོལ་ཡིན་ལ། དེ་ལྟར་ནའང་ཕར་ཕྱིན་གྱི་རྗོད་བྱེད་ལམ་ལྔའི་གོ་དོན་མ་ལྷོངས་ན་བརྗོད་བྱའི་དོན་ལ་རྨོངས་པར་འགྱུར་བས་འདི་ལྟར་ཁོ་བོའི་བླ་མ་ཀུན་མཁྱེན་ཀློང་ཆེན་པས། ཐོས་བསམ་

(༤༧༥)དང་བསོད་ནམས་ཀྱི་ཚོགས་གཙོ་ཆེར་སྤྱོད་པས་ཚོགས་ལམ། རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་ལམ་ལ་སྦྱོར་བས་སྦྱོར་ལམ། ཆོས་ཉིད་དངོས་སུ་མཐོང་བས་མཐོང་ལམ། མཐོང་ཟིན་སྒོམ་པར་བྱེད་པས་སྒོམ་ལམ། བསླབ་བྱ་མཐར་ཐུག་ནས་སྒོམ་དུ་མེད་པས་མི་སློབ་པའི་ལམ་ཞེས་བཞེད་པའི་ཚོགས་སྦྱོར་ནི་དོན་དམ་གྱི་ངོ་བོ་ཡོད་ངེས་ཡིན་སྙམ་དུ་ཡིད་ཀྱི་དཔྱོད་པ་ལས་བདེན་པས་མངོན་སུམ་དུ་མཐོང་བའི་སྐལ་པ་ཕྲ་བས་མོས་པས་སྤྱོད་པའི་ལམ་ཡིན་ལ་མཐོང་ལམ་ནས་ཕྱོགས་རེ་མཐོང་བའི་རྩལ་ཇེ་ཆེར་འཕེལ་བས་ས་དང་པོ་རྩིས་ཏེ། སྒོམ་པའི་ལམ་དུ་ས་བཅུ་རིམ་ཅན་དུ་བགྲོད་པས། དེ་ཡང་ནང་གསེས་སུ་ས་བདུན་པ་རིང་དུ་སོང་བ་མན་ཆད་ལ་མ་དག་པའི་ས་དང་། བརྒྱད་པ་མི་གཡོ་བ་ནས་བཟུང་དག་ས་གསུམ་དུ་བརྩི་ཞིང་། མི་སློབ་པའི་ལམ་ནི་རང་བཞིན་ཅི་ཡིན་པ་མངོན་སུམ་དུ་གཟིགས་པས་སངས་རྒྱས་ཀྱི་ས་ཁོ་ནར་ངེས་ལ། ལམ་དེ་དག་གི་བྲལ་བྱའི་དྲི་མའི་དཔེ་ཡང་ཨཱརྱ་མི་ཏྲིས་རྒྱུད་བླ་མར་དཔེ་རྣམ་པ་དགུས་བསྟན་པ་ནི་གཞུང་འགྲེལ་ཆེན་པོ་རྣམས་སུ་བརྟག་པར་བྱ་ལ། དེ་སྐད་དུ། ས་བདུན་ལ་བརྟེན་དྲི་མ་ནི། །མངལ་སྦུབས་དྲི་མ་དག་དང་མཚུངས། །མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་

(༤༧༦)རྣམ་པར་སྨིན་པ་བཞིན། །ས་གསུམ་རྗེས་འབྲེལ་དྲི་མ་རྣམས། །ས་འདམ་གོས་བཞིན་ཤེས་བྱ་སྟེ། །བདག་ཉིད་ཆེན་པོ་རྡོ་རྗེ་ལྟའི། །ཏིང་ངེ་འཛིན་གྱི་གཞོམ་བྱ་ཡིན། །ཞེས་བཤད་པ་ལྟར་འདི་དག་གི་རང་བཞིན་དཔྱིས་ཕྱིན་པ་ནི་རྗོད་བྱེད་ཀྱི་ཚིག་ཉུང་དུས་དཔོགས་པར་མི་ནུས་པས་བདག་ཅག་གི་བསྟན་པ་ཡོངས་རྫོགས་ཀྱི་གྲུབ་མཐའ་ཇི་ལྟར་འདོད་པའི་ཞེ་ཕུགས་སུ་ཡིད་བརྟན་འཆའ་རུང་བ་དཔལ་བསམ་ཡས་པ་ངག་གི་དབང་པོའི་བསྟན་བཅོས་སྤྱི་དང་། ཁྱད་པར་གྲུབ་མཐའ་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཞི་པ་ལ་བརྟག་པར་བྱ་ལ། སྒོམ་ཆེན་པ་ནི་བཤད་ཡམས་དང་རྟོག་དཔྱོད་ལ་གཙོ་བོར་མི་བྱེད་པས་དོན་གྱི་སྙིང་པོར། ས་ལམ་གྱི་ཡོན་ཏན་དང་སྤངས་རྟོགས་མཐར་ཕྱིན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་གནས་སྐབས་སུ་ཚོགས་བརྒྱད་ཀྱི་འཛིན་པས་བཅིངས་ཏེ་མངོན་མ་ནུས་པ་ཙམ་ལས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མ་ཞུགས་པ་འགའ་ཡང་མེད་ལ། དེའི་དཔེ་ནི་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་སྟོང་གསུམ་དར་ཡུག་ཆེན་པོའི་དཔེས་གསལ་བར་བསྟན་པ་བཞིན་ནོ། །དེ་ཉིད་རང་གནས་སུ་ཡོད་ཀྱང་རྒྱལ་རིགས་ཀྱི་བུ་རྒྱལ་སར་དབང་བསྐུར་བ་བཞིན་རྡོ་རྗེ་ཐེག་པའི་སྐབས་འདིར་སྨིན་གྲོལ་གྱི་

(༤༧༧)གསང་ལམ་ཟབ་མོའི་བརྡ་ཐབས་རྟེན་འབྲེལ་གྱིས་གསལ་བར་བྱེད་པ་སྟེ། གླང་པོ་ཆེ་ཆུར་འཇུག་གི་རྒྱུད་ཕྱི་མ་ལས་འགྲོ་བའི་སེམས་ཉིད་རང་རིག་འོད་གསལ་དོན། སངས་རྒྱས་མ་བཅོས་ལྷུན་གྲུབ་གནས་པའི་རྒྱུ། །དོན་གསལ་སྨིན་ཅིང་གྲོལ་བའི་ལམ་ཞུགས་ནས། །འབྲས་བུ་རང་རྒྱུད་གསལ་བར་མཐོང་བ་ཡིན། །ཞེས་དང་། དེ་ལ་དང་པོར་དབང་གི་བདག་པོའི་རྐྱེན་རྡོ་རྗེ་སློབ་དཔོན་ཁོ་ན་ལས་གཞན་དུ་མ་ཡིན་པས་དཔོན་སློབ་ཀྱི་འབྲེལ་པ་བརྟག་པ་གལ་ཆེ་སྟེ། ཨོ་རྒྱན་ཆེན་པོས། བླ་མ་མ་བརྟགས་གཡང་འཆོང་འདྲ། །སློབ་མ་མ་བརྟགས་དུག་འཐུངས་འདྲ། །ཞེས་པས་རྟེན་འབྲེལ་གྱི་རྩ་བ་འདི་ནས་མ་འཕྱུགས་པར་དགོས་པའི་ཕྱིར་དེའི་རང་བཞིན་བརྟག་པ་ལ། སློབ་དཔོན་གྱི་མཚན་ཉིད་ནི། རང་ཤར་གྱི་རྒྱུད་ལས། རྡོ་རྗེའི་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལ་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །

(༤༧༨)ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་གསུངས་པ་ལྟར་ལས་འདིར་མཚན་ཉིད་དྲུག་ལྡན་ཞེས་པ་འཁོར་བའི་ཆོས་རྒྱབ་ཏུ་དོར་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ། །ལག་ལེན་མཁས་ཤིང་ཉམས་མྱོང་ཡོད་པ། རྒྱུད་ཀྱི་ཚིག་དོན་ལ་མཁས་ཤིང་སྒྲུབ་པ་ལ་བརྩོན་པ། ལྟ་བའི་དོན་ལ་མཁས་ཤིང་ནུས་པ་རྫོགས་པ། སྙིང་རྗེ་ཆེ་ཞིང་གཏོང་ལ་དགའ་བ་སྟེ། ཡོན་ཏན་དེ་དག་རྫོགས་པ་ཞིག་དགོས་པར་གསུངས་ལ། གལ་ཏེ་གཞན་དུ་འདི་ནི་སྤྲུལ་གཞི་ཕུན་སུམ་ཚོགས་པའོ། །འདི་ནི་གོས་བླ་ན་མེད་པའོ། །འདི་ནི་འཇིག་རྟེན་མཐུན་འཇུག་གི་བཀུར་བའི་ཡུལ་དམ་པའོ། །ཞེས་པ་ལ་སོགས་པའི་གསོབ་ཏུ་ཞུགས་པ་ཙམ་གྱིས་ནི་མ་ཡིན་ཏེ། རྒྱུད་དེ་ཉིད་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲེང་བ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཕྱལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །ཅེས་གསུངས་

(༤༧༩)པའི་ཕྱིར་བདུད་ལྟ་བུ་དང་མ་འཕྲད་པར་བྱའོ། །དེ་བཞིན་དུ་སློབ་མའི་མཚན་ཉིད་ཀྱང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་དུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུང་པ་ཇི་བཞིན་སྤྱོད། །ཅེས་པ་ལ་སོགས་པས་མཚོན་ཏེ་མདོར་ན་གསང་སྔགས་སྟོན་པའི་སློབ་མ་དེ་པཎ་ཆེན་ནཱ་རོ་དང་། མི་ལ་བཞད་པ་རྡོ་རྗེའི་དཔེ་ཟླར་འོས་པ་ཉིད་དོ། །དེ་ལྟ་བུའི་དཔོན་སློབ་ཀྱི་རྟེན་འབྲེལ་བརྟག་པ་སྔོན་དུ་སོང་ནས་དབང་དང་གདམས་པའང་བཙན་ཐབས་སུ་མི་ཞུ་བར་ལོ་ཟླ་མང་པོའི་སྔ་རོལ་ནས་སྙན་གསན་དབབ་ཅིང་། དུས་ལ་བབས་ན་གནས་ཡོལ་སོགས་པའི་རྟེན་ཅིང་འབྲེལ་འབྱུང་ཐམས་ཅད་ཚུལ་བཞིན་དུ་ཚོགས་པར་བྱས་ལ་ཟབ་མོའི་དབང་ནོད་ཅིང་། དེའི་ཚེ་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་གཅིག་ཏུ་འདུས་ཏེ་དབང་བསྐུར་བའི་བྱ་བ་མཛད་པས་དུས་གཞན་དུ་ཟས་སྐོམ་ལ་སོགས་པ་བྱེ་བའི་བསྙེན་བཀུར་ལས་འདིར་སྣ་རེ་ཕུལ་བ་ཚོགས་ཆེ་

(༤༨༠)བར་བཤད་ཅིང་། དེ་བཞིན་དུ་དབང་རྟེན་ཁྱད་པར་ཅན་ལ་བྱིན་ནའང་དཔའ་བོ་དང་དཔའ་མོ་ཐམས་ཅད་དེ་ལ་རྟེན་བཅས་ཏེ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་པ་ཡིན་པས་གཞན་ལས་འབུམ་འགྱུར་གྱིས་འཕེལ་ཆེ་བ་སྟེ། ཚུལ་དེ་དག་ནི་རྩ་བའི་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཡིན་ཞིང་། རང་ངོས་ལ་སྐུ་དངོས་ཀྱི་རྗེས་སུ་བཟུང་བའི་ཐུགས་རྗེའི་ཆ་ནས་ལྷག་པའི་གོ་དོན་ཀྱང་ལྷོངས་པ་ཡིན་ནོ། །དེ་ལྟར་རྒྱུ་རྐྱེན་ཕུན་སུམ་ཚོགས་པས་གོ་ཕྱེ་ནས་དངོས་གཞི་དབང་གི་ངོ་བོ་ནི། སྒྲ་ཐལ་འགྱུར་གྱི་རྒྱུད་ལས། སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་གསུངས་པའི་དབང་བཞིའི་ཁོངས་སུ་དོན་དབང་ཡོངས་སུ་རྫོགས་པ་འདུ་ལ། གཞན་དུ་ན་གསར་རྙིང་གི་རྒྱུད་སྡེ་དང་མན་ངག་སོ་སོའི་དགོངས་པས་དབྱེ་བསྡུའི་ཁྱད་པར་གྱི་རིམ་པ་ནི་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱིར་ནུས་པ་འཇུག་པའི་དབང་བཞི་པོའི་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་དང་དག་པ་སྦྱོར་བའི་ཚུལ་ནི། ཕྱི་ལྟར་དུ་དུས་བཞི། ནང་ལྟར་དུ་ལུས་ངག་ཡིད་དེ་ཚོགས་པ་བཞི།

(༤༨༡)གསང་བ་ལྟར་དུ་གཏི་མུག་དང་། ཞེ་སྡང་དང་འདོད་ཆགས་དང་། ཆ་མཉམ་པ་བཞི་སྦྱང་གཞི་ཡིན་ལ། སྦྱོང་བྱེད་ནི། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་སྟེ་བཞིས་སྦྱངས་པས། དང་པོ་བུམ་དབང་གིས་ལུས་འཁྲུལ་རྟོག་རྩ་ཡིས་བཅིངས་པའི་དྲི་མ་སྦྱངས་ཏེ་ཚོགས་ལམ་བཅུ་གཉིས་རྫོགས་པའི་རྟེན་དང་སྐུའི་ནུས་པ་འཇུག་ཅིང་ཁྱད་པར་རྣམ་སྨིན་གྱི་རིགས་འཛིན་ཐོབ་པའི་རྟེན་བྱེད་ལ། དེའི་དམ་ཚིག་ནི། མཉམ་གཞག་ཏུ་ཟབ་གསལ་གཉིས་སུ་མེད་པའི་བསྐྱེད་རིམ་སྒོམ་ལ། རྗེས་ཐོབ་ཏུ་སྤྲུལ་པ་སྒྱུ་མ་ལྟ་བུའི་སྣང་ཞེན་ལྷའི་ཕྱག་རྒྱ་ལས་མི་འདའོ། །བཟའ་བའི་དམ་ཚིག་ནི། གཙང་དམེའི་གཉིས་རྟོག་བསལ་ནས་ཤ་ལྔ་བདུད་རྩི་ལྔར་བསམས་ནས་ལོངས་སྤྱོད་དོ། །བཅའ་བའི་དམ་ཚིག་ཏུ་རྡོར་དྲིལ་མཚན་ཉིད་དང་ལྡན་པ་རང་བཞིན་ཤེས་པའི་ངང་ནས་འཆང་ངོ་། །བསྲུང་བའི་དམ་ཚིག་ནི་སྣང་གྲགས་རིག་གསུམ་དཀྱིལ་འཁོར་གསུམ་གྱི་རྣམ་རོལ་དུ་རྩལ་སྦྱོང་ངོ་། །གཉིས་པ་གསང་དབང་གིས་ངག་འཁྲུལ་རྟོག་རླུང་གིས་བཅིངས་པའི་དྲི་མ་སྦྱངས་ཏེ་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་དང་གསུང་གི་ནུས་པ་འཇུག་ཅིང་ཁྱད་པར་ཚེ་དབང་རིགས་འཛིན་

(༤༨༢)ཐོབ་པའི་རྟེན་བྱེད་ལ། དེའི་དམ་ཚིག་ནི་མཉམ་གཞག་ཏུ་ཆགས་བྲལ་གཏུམ་མོ་ཙཎྜ་ལི་དང་བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ་འཇུག་གོ། །རྗེས་ཐོབ་ཏུ་ཤེས་རབ་ཡེ་ཤེས་ཀྱི་མེའི་ངོ་བོ་ཨ་ཐུང་གི་དྲོད་ལ་སེམས་འཛིན་ནོ། །བཟའ་བཏུང་གི་དམ་ཚིག་ནི་བྱང་སེམས་དཀར་དམར་གྱི་རང་བཞིན་དུ་ལོངས་སྤྱོད་དོ། །བཅང་བའི་དམ་ཚིག་བགྲང་ཕྲེང་དང་བྷན་དྷ་མཚན་ལྡན་ནོ། །བསྲུང་བའི་དམ་ཚིག་དོན་དམ་བྱང་ཆུབ་ཀྱི་སེམས་མཆོག་མི་ཉམས་པར་སྲུང་ངོ་། །གསུམ་པ་ཤེར་དབང་གིས་རགས་པ་ཚོགས་བདུན་དང་ཕྲ་བ་འཁྲུལ་རྟོག་ཡིད་ཀྱིས་བཅིངས་བའི་དྲི་མ་སྦྱངས་ཏེ་མཐོང་ལམ་རྫོགས་པའི་རྟེན་དང་ཐུགས་ཀྱི་ནུས་པ་འཇུག་ཅིང་། ཁྱད་པར་ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབ་པའི་རྟེན་བྱེད་ལ། དེའི་དམ་ཚིག་ནི་མཉམ་གཞག་ཏུ་རྩ་འབྱོངས་རླུང་ཆུན་ཐིག་ལེ་དག་སྟེ་སྲོག་རྩོལ་གྱི་ནུས་པ་ལ་དབང་སྒྱུར་ནུས་ནས་བླ་མའི་གནང་བ་ཐོབ་པའི་ཚེ། དངོས་སམ། ཡིད་རིག་ལ་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམ་པར་འཇུག་གོ། །རྗེས་ཐོབ་ཏུ་བདེ་སྡུག་བཟང་ངན་གྱི་སྣང་ཆ་ཐམས་ཅད་བདེ་སྟོང་ཡེ་ཤེས་ཀྱི་འཁོར་ལོར་རྩལ་སྦྱང་ངོ་། །བཟའ་བའི་དམ་ཚིག་ཏུ་སྙོམ་འཇུག་དགའ་

(༤༨༣)བཞིའི་རྣམ་རོལ་ཆེན་པོར་ལ་བཟླའོ། །བཅང་བའི་དམ་ཚིག་ནི་ཀུནྟ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྲོག་ལས་གཅེས་པར་བཟུང་ངོ་། །བསྲུང་བའི་དམ་ཚིག་ནི་ཤེས་རབ་མི་མོའི་རིགས་ལ་ལོག་ལྟ་སྐད་ཅིག་མ་ཙམ་ཡང་སྤང་ངོ་། །བཞི་པ་ཚིག་དབང་རིན་པོ་ཆེས་ཀུན་གཞི་ཤེས་བྱའི་དྲི་མ་སྦྱངས་ཏེ་སྒོམ་ལམ་ས་དགུ་རྫོགས་པའི་རྟེན་དང་རང་བྱུང་འོད་གསལ་གྱི་ནུས་པ་འཇུག་ཅིང་ཁྱད་པར་ལྷུན་གྲུབ་རིག་འཛིན་ཐོབ་པའི་རྟེན་བྱེད་ལ། དེའི་དམ་ཚིག་ནི་མཉམ་གཞག་ཏུ་བློ་འདས་ཁྲེགས་ཆོད་ཀྱི་དོན་ལ་ཡང་དག་གི་དགོངས་པས་བལྟ་ཞིང་། རྗེས་ཐོབ་ཏུ་དབྱིངས་རིག་དབྱེར་མེད་རྡོ་རྗེའི་ལུ་གུ་རྒྱུད་ཀྱི་གནད་ལ་གཟིར་ཞིང་བཞུགས་སྟངས་གསུམ་དང་མ་བྲལ་བར་བྱའོ། །བཟའ་བའི་དམ་ཚིག་ནི་སྟོང་ཉིད་གསལ་ཁྱབ་ཆེན་པོའི་དགོངས་པར་བྱེ་བྲག་དབྱེ་ན་རིག་རྩལ་དབང་གི་ལམ་ཁྱེར་ཡིན། ལ་བཟློས་པས་ཆོས་ཉིད་ལ་ཆོས་ཉིད་ཀྱིས་རོལ་ལོ། །བཅང་བའི་དམ་ཚིག་ནི་རྡོ་རྗེ་སེམས་དཔའི་མེ་ལོང་མཚན་ཉིད་དང་ལྡན་པའོ། །བསྲུང་བའི་དམ་ཚིག་ལ་མེད་པ་གཅིག་པུ་ཕྱལ་བ་ལྷུན་གྲུབ་ལ་སོགས་ཏེ་མཐར་བསྲུང་མཚམས་དང་བྲལ་བར་བལྟའོ། །དེ་ལྟར་ལམ་བཞིས་བགྲོད་པས་

(༤༨༤)སྦྱངས་འབྲས་ནི་སློབ་བྱ་མཐར་ཐུག་ནས་མི་སློབ་པའི་ས་སྟེ་དབྱེ་ན། བུམ་དབང་གིས་སྟོབས་བཅུ་མི་འཇིགས་རྣམ་བཞིའི་ནུས་པ་མངའ་བ་མཆོག་གི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལྟ་བུ། གསང་དབང་གིས་ངེས་པ་ལྔ་དང་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་ཞིང་གི་སྟོན་པ་ལྟ་བུ། ཤེར་དབང་གིས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་དྲི་མ་མཐའ་དག་དང་བྲལ་བའི་རྟོགས་པ་མཐར་ཕྱིན་པ་ནམ་མཁའ་ལྟ་བུའི་ཆོས་སྐུ། ཚིག་དབང་གིས་རྫོགས་པ་ཆེན་པོའི་ནང་གསལ་གཞོན་ནུ་བུམ་སྐུ་དང་རྣམ་དབྱེར་མི་ཕྱེད་པ་ངོ་བོ་ཉིད་སྐུ་སྟེ། དེའི་རང་བཞིན་ནི། ཐུན་མོང་ཐེག་པ་ལྟར་ན། མདོ་སྡེ་བརྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་དང་། དེང་སང་ཆོས་སྐུ་དང་ངོ་བོ་ཉིད་སྐུའི་རྣམ་དབྱེ་ཕྱེད་པ་ཉུང་སྟེ་ཁྱད་པར་ནི། དབྱིངས་དག་མཉམ་སྟོང་པ་སྐུ་རྣམས་ཀྱི་ཆོས་ཉིད་བྱེད་པའི་ཆ་ནས་ངོ་བོ་ཉིད་ཀྱི་སྐུ་དང་། ཡེ་ཤེས་སྤངས་རྟོགས་མཐར་ཕྱིན་པ་རིག་པའི་ངོ་བོ་སྟེ་མཚན་ཉིད་ཉི་ཤུ་རྩ་གཅིག་ནི་རྟོགས་པ་ཡེ་ཤེས་ཀྱི་ཆོས་ཀྱི་སྐུར་འགྱུར་ཏེ། ཀུན་མཁྱེན་གྱིས། སངས་

(༤༨༥)རྒྱས་ཀྱི་ཡེ་ཤེས་ཡིན་པ་གང་ཞིག་དབྱིངས་རིག་མཐར་ཐུག་མངོན་དུ་གྱུར་པའི་ཕྱིར་རོ། །ཞེས་དབྱེ་བ་ཕྱེ་བ་ཡིན་ནོ། །དེ་ལྟར་སྨིན་བྱེད་དབང་གིས་མཚམས་དང་དག་སྦྱོར་འདི་ཙམ་དབང་བཞི་ཁོ་ནའི་སྤྱི་དོན་རྩ་བར་བཞག་ནས་མདོ་ཙམ་སྙིང་པོར་དྲིལ་ཏེ་བརྗོད་ཀྱིས། དེ་ལས་དག་བྱ་དག་བྱེད་ཀྱི་འགྱུར་གྱི་རྣམ་པར་ཕྱེ་ནས་དབང་བསྒྱུར་ཐབས་ཀྱི་ཐེག་པའི་དབང་གིས་རྣམ་པར་དབྱེ་བ་བསམ་གྱིས་མི་ཁྱབ་པ་དང་ཚུལ་མཚུངས་པར་ས་བཅུ་དྲུག་ཏུ་སྤར་ཏེ་རྫུ་འཕྲུལ་བརྒྱ་ཐམ་པ་དང་རིགས་འཛིན་བཞིའི་ས་མཚམས་སྦྱར་བ་ཐུན་མོང་གི་ཡོན་ཏན་དུ་བཤད་ནས། མཐར་ཐུག་འབྲས་བུ་མགོན་པོ་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པ་ལས་བྱུང་བ་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དྲུག་ཅུ་ཐམ་པ། ཡེ་ཤེས་ཀྱི་དབྱེ་བ་དྲུག་བརྒྱ་དྲུག་ཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་བརྒྱ་དང་ཉི་ཤུ་ལ་སོགས་པའི་རྣམ་དབྱེ་དང་དབྱེ་བསྡུ་ནི་ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ཀྱི་རིམ་ཁང་དྲུག་པ་ལ་དཔྱད་པར་བྱ་ཞིང་། འདི་ཙམ་ཞིག་གིས་རྡོ་རྗེ་ཐེག་པའི་བསྟན་པ་ཐོ་ཅོ་འུད་སྐད་ཙམ་གྱི་ནུབ་རིའི་མལ་དུ་གཟིམས་པའི་སྐབས་འདིའི་གཏི་མུག་ཅན་དག་གཉིད་ལས་སློང་བའི་

(༤༨༦)རྐྱེན་ཙམ་དུ་གྱུར་ན་ཅི་མ་རུང་སྙམ་ནས་ཟློས་པའོ། །འོ་ན་དེ་ལྟར་དབང་བསྐུར་བ་ཙམ་གྱིས་ས་ལམ་གྱི་ཡོན་ཏན་དེ་དག་མངོན་དུ་འགྱུར་རམ་ཞེ་ན་དེ་ནི་མ་ལགས་ཏེ། འགྲོ་བའི་ཁམས་ལ་རྡོ་རྗེ་བཞིའི་རིགས་གནས་པ་དབང་བཞིའི་ནུས་པས་སད་པར་བྱེད་པའི་ཕྱིར་དུ་སྟེ། དེ་ཡང་དབང་རྣོན་མཆོག་གི་གདུལ་བྱ་དགའ་རབ་རྡོ་རྗེ་དང་། རང་བྱུང་པདྨ་ཨིནྡྲ་བྷཱུ་ཏི་ལ་སོགས་པ་ནི་དཀྱིལ་འཁོར་གྱི་བདག་པོ་ཉིད་ཐུན་མོང་གདུལ་བྱའི་སྣང་ངོར་ལམ་ལ་འཇུག་པའི་ཚུལ་བསྟན་པ་ཙམ་ཡིན་ཕྱིར་རང་བྱུང་ཐོས་གྲོལ་དུ་གྱུར་ཀྱང་། གང་ཟག་རིམ་གྱིས་པ་ལ་ནི་དེ་ལྟའི་རེག་པ་མི་འགྲོ་སྟེ། དེའི་ཕྱིར་སྐབས་འདིར་ཡང་གྲོལ་བ་དོན་དུ་གཉེར་བ་ཞིག་ཡིན་ཕྱིན་ཆད། དབང་ནོད་པའི་ལམ་སྟོན་གྱི་བླ་མ་དེ་ཡང་གཙོ་བོར་རང་རིག་ཡེ་ཤེས་ཀྱི་དགོངས་པ་ཚད་དུ་ཕྱིན་པའི་གྲུབ་ཐོབ་ཞིག་དང་། གདུལ་བྱ་སློབ་མའི་རང་བཞིན་ཡང་བསྐལ་པ་མང་པོ་ནས་ཚོགས་བསགས་པའི་བསོད་ནམས་ཀྱི་རྒྱ་བ་འཁྱོར་བའི་གང་ཟག་མོས་གུས་ཅན་ཞིག་འཛོམ་པ་ཁོ་ན་ཁག་ཆེ་ལ། དེ་ལྟ་བུའི་བླ་སློབ་ཀྱི་རྟེན་འབྲེལ་འཛོམ་ན་བླ་མས་དགོངས་པ་གཏད་པ་ཙམ་གྱིས་གྲོལ་བ་ཡང་སྲིད་དེ། དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་

(༤༨༧)ལ་བརྡ་བསྟན་པ་ཙམ་ཀྱིས་སྡེ་གསུམ་ཀློང་དགུའི་མན་ངག་ཐུགས་ལ་ཆུད་དེ་རྟོགས་གྲོལ་དུས་མཉམ་དུ་གྱུར་པ་དང་། ཏེ་ལོས་ནཱ་རོའི་དབུ་ལ་མཆིལ་ལྷྭམ་བརྡབ་པས་གྲོལ་བ་ཐོབ་པའི་ལོ་རྒྱུས་ལྟ་བུ་སྟེ། དེ་ལྟ་མ་ཡིན་ཡང་རྐྱེན་མོས་གུས་ཀྱིས་བྱས་ཏེ་རིམ་གྱིས་གྲོལ་བ་ཐོབ་ནས་ཚེ་གཅིག་ལ་སོགས་པར་སངས་རྒྱ་བར་ནུས་ལ། གལ་ཏེ་དེ་ལྟ་བུའི་བླ་སློབ་ཀྱི་རྟེན་འབྲེལ་འཛོམ་པ་ཞིག་མ་བྱུང་ན་མིག་གེ་མོ་དང་། དུད་འགྲོ་ཆེ་གེ་མོའི་སྐྱེ་སྤྲུལ་གྱི་སྟོང་སྒྲ་ལ་སོགས་པའི་རིག་འཛིན་གྱི་ཞལ་ཚབ། བསྟན་པའི་སྲོག་ཤིང་ལ་སོགས་པའི་མཚན་སྙན་པོའམ། སྡེ་སྣོད་དང་རྒྱུད་སྡེའི་གསན་རྒྱ་དཔག་ཏུ་མེད་པ་ལ་སོགས་པའི་སྐུ་བསོད་ཅན་ལ་བཅར་ཏེ། དཀྱིལ་འཁོར་ཕྱར་བའི་རྒྱ་ཁྱོན་ལ་འགྲན་བཟོད་པ་ཙམ་བཞེངས། བྷ་ལིང་རི་རབ་ལྟར་སྤུངས། རིན་ཐང་ཅན་གྱི་དབང་རྫས་དང་བཅས་ཏེ་བུམ་པས་མོག་མོག་མཛད་པ་དང་། བདུད་རྩིས་སྒྲུབ་ཁང་ཁེངས་པ་ཙམ་བྱིན་ཡང་ཡེ་ཤེས་འཕོ་བྱ་འཕོ་བྱེད་ཀྱིས་གདོད་ནས་སྟོངས་པའི་ཕྱིར་སློབ་མའི་ཤེས་རྒྱུད་ལ་ནུས་པ་འཇོག་རྒྱུ་མེད་པས་ཉོན་མོངས་པ་ཁ་བྲི་བ་ཙམ་ཡང་མི་སྲིད་ལ། འོན་ཀྱང་ཐོབ་ཐོབ་དང་ཞུས་ཞུས་ཀྱི་ཡི་གེ་བསགས་པ་

(༤༨༨)ལ་ནི་ཕན་ལོས་ཐོགས། ཀྱཻ་མ་བསྟན་པའི་ཉི་མ་ཆུ་ལྷའི་མགྲོན་དུ་ཕྱོགས་པ་དེས། །འགྲོ་མགྱོགས་ཤུགས་འཆང་རྐང་བྲན་གཞོན་པའི་ཁྲི་ཡི་སྟེང་། །སྣ་ཚོགས་ཝ་སྟྲའི་གཟི་བརྗིད་ཆེན་པོས་ཉེར་བཀླུབས་ཤིང་། །སྲིད་པའི་ཕུན་ཚོགས་ཕྲག་པའི་རྒྱན་དུ་ཡོངས་བཟུང་ནས། །ཤུགས་འགྲོའི་ཁལ་གྱིས་མདུན་ནས་བསྲུ་བའི་སྟོབས་ལྡན་འགས། །སྲིད་པའི་མྱོས་མས་ཡོངས་སུ་བཏང་ལ་གསང་རྒྱུད་ཆེའི། །ཟག་མེད་བློ་ལྡན་དུག་བོའི་མལ་དུ་མནལ་རྣམས་ཀྱིས། །སྨིན་གྲོལ་ལམ་དེང་གོམ་པ་འདེགས་ལ་གཞར་བྱེད། །ཤེས་བྱ་སྤྲོས་མེད་དངོས་པོར་མི་སྣང་བས། །གྱི་ནའི་རྒྱུད་ཚོད་དཔག་པར་ནུས་མིན་ཡང་། །ཁྱོད་འདྲས་གཞན་དོན་བྱ་བ་མི་རིགས་ཞེས། །ལུང་རྟོགས་ཡོན་ཏན་དབུ་མར་གཟིམས་སུ་བཅུག །དེ་ལྟ་ནའང་ཆོས་ཉིད་བདེན་པ་དང་། །ཚོགས་ཞིང་དུས་བབ་རྟེན་འབྲེལ་ཉི་མའི་འོད། །སུས་ཀྱང་དགག་པའི་ཡུལ་དུ་མ་གྱུར་པས། །སྦས་པའི་རྣལ་འབྱོར་རྣམས་ཚོ་ཐུགས་ངལ་བསྐྱུངས། །ཞེས་བར་སྐབས་ཀྱི་གཏམ་དུ་བྱས་ནས་མི་བསྲུན་པའི་ལུང་བསྟན་དུས་ལ་བབས་པར་བག་ཟོན་དུ་གདམས་པ་ནི། ཨོ་རྒྱན་ཆེན་པོས། མ་ཧཱ་ཡོ་ག་ཉམས་པའི་རྟགས།

(༤༨༩)གསང་སྔགས་ཨ་ནུ་ཡོ་ག་དང་། །ཨ་ཏིའི་ལྷ་དང་དཀྱིལ་འཁོར་རྣམས། །སྲང་མདོར་བཞེངས་པའི་དུས་བྱུང་ནས། །ཨ་ནུའི་བསྟན་པ་ཉམས་རྟགས་སུ། །རྩ་རླུང་ཐིག་ལེ་གསང་བའི་ཆོས། །སྲང་མདོར་སྟོན་ཅིང་ཐོ་ཅོ་དང་། །དྲོད་མེད་རུས་རྒྱན་ཁ་ཊཱཾྭ་འཆང་། །ངོ་མཚར་ཆེ་བར་གུས་བྱེད་ཅིང་། །ཁྲོམ་ལ་དབང་བསྐུར་བྱེད་པ་འབྱུང་། །ཨ་ཏིའི་བསྟན་པ་ཉམས་རྟགས་སུ། །ཁ་ལྟ་སྟོང་སྐད་རྦད་ཁམ་ཆེ། །དགེ་མེད་སྡིག་མེད་ཡིན་ཞེས་གླིང་། །ཁྲིམས་སྤངས་ཐ་མལ་སྤྱོད་བ་སྐྱོང་། །ཚོགས་འཁོར་ཡིན་ཞེས་སྲོག་ཆགས་གསོད། །སྒོམ་སྒྲུབ་དོར་ནས་སྲང་མདོར་འཁྱམ། །ཞེས་པ་རྣམས་ཇི་བཞིན་པ་མངོན་དུ་གྱུར་ཅིང་། །ཁྱད་པར་གསང་སྔགས་ཁྲོམ་དབང་དུ་བྱེད་པས་དངོས་གྲུབ་འཇིག་པའི་སྐབས་སུ་བཤད་སྲོལ་འདི་དག་ལ་ལས་སྒོ་ཡོད་པ་མ་ལགས་སྙམ་ནས་སྙིང་ལས་ཆེན་པོར་གྱུར་པ་ལགས། འོ་ན་དབང་ཐོབ་པའི་ཚད་གང་གིས་བྱེད་ཅེས་པ་ནི། གཏེར་ལུང་ལས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །བླ་མ་བྱ་བ་ཡོད་མ་ཡིན། །དབང་ཆོས་བཤད་བྱེད་མཁན་པོ་མེད། །རང་སེམས་ཆོས་སྐུར་རྟོགས་ཙ་ན། །དུས་གསུམ་རྒྱལ་བའི་དབང་ལུང་ཐོབ། །བརྒྱུད་

(༤༩༠)པ་འཛིན་པ་རྣམ་རྟོག་ཡིན། །ཞེས་གསུངས་པས་དེ་ཉིད་དབང་ཐོབ་པའི་ཚད་དུ་ཁོ་བོ་འདོད་པ་ལགས་པས་རྒྱས་སྤྲོས་མི་འཆལ་ལོ། །དེ་ལྟར་སྨིན་བྱེད་ཀྱི་དབང་ཟབ་མོས་རྒྱུད་སྦྱངས་ཏེ་གྲོལ་ལམ་དངོས་ཀྱི་སྐབས་དོན་ལ། ཕར་ཕྱིན་གྱི་ཚོགས་ལམ་དང་འགྱུར་རྩི་བའི་སྔོན་འགྲོ་ཕྱི་ནང་གསང་གསུམ་ནས་བརྩམས་ཏེ། ལས་དང་པོ་པའི་འཁྲིད་ཚུལ་ནི་ཁྲིད་ཡིག་དང་། བླ་མའི་མན་ངག་གིས་འཆད་པ་ཡིན་ཕྱིར་འདིར་བརྗོད་བྱའི་སྐབས་མ་ཡིན་ལ། དེ་ལས་ཉམས་སྐྱེ་ཚུལ་དང་ས་ལམ་ལྟོ་སྦྱར་བའི་ཆུ་ལ་ནི། རང་ལུགས་རྫོགས་པ་ཆེན་པོའི་རྒྱུད་སྡེ་ནམ་མཁའི་སྐར་ཚོགས་ལྟ་བུ་ནས་སེམས་ཀློང་མན་ངག་སྡེ་སོ་སོའི་ངེས་པས་ཟབ་ཁྱད་བཤད་པ་ཙམ་ལས་སྙིང་ཐིག་པས་གནས་ལུགས་ཡེ་གྲོལ་དུ་འཆད་ཅིང་རྒྱུ་འབྲས་ལས་འདས་པར་སྟོན་པ་སྟེ། དེ་ཡང་རྒྱུད་ཀློང་གསལ་ལས། བདེན་པ་མཐོང་བའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་པར། །རིམ་པས་ཉམས་སུ་བླངས་པས་འབྱུང་། །གཞན་དང་སྒོ་བསྟུན་གནས་སྐབས་ཀྱི། །ཡོན་ཏན་འབྲས་བུ་ཐོབ་ཚུལ་ལོ། །ཞེས་གསུངས་པ་ལྟར་ཕར་ཕྱིན་དང་སྒོ་བསྟུན་ནས་ས་ལམ་རིམ་གྱིས་འགྱུར་བ་རྩི་ཚུལ་ནི་

(༤༩༡)རིག་པ་རང་ཤར་གྱི་རྒྱུད་དོན་ཇི་ལྟ་བ་ཁོ་བོས་མཁྱེན་བརྩེའི་མེ་ལོང་གི་གཞི་ལམ་འབྲས་བུའི་སྐབས་སུ་བཤད་པ་ལྟར་ཡིན་ལ། དེ་ལས་གཞན་པའི་ས་ལམ་རིམ་གྱིས་སུ་ཕར་ཕྱིན་ལྟར་བརྩི་བའི་སྲོལ་མེད་དེ་ཀུན་བྱེད་ལས། ལྟ་བ་སྒོམ་མེད་དམ་ཚིག་བསྲུང་དུ་མེད། །ས་ལ་སྦྱང་མེད་ལམ་ལ་བགྲོད་དུ་མེད། །ཕྲིན་ལས་རྩལ་མེད་དབང་ལ་བསྐུར་དུ་མེད། །སྒོ་གསུམ་རྩོལ་མེད་དཀྱིལ་འཁོར་བསྐྱེད་དུ་མེད། །རྒྱུ་འབྲས་གཉིས་མེད་ནམ་མཁའ་ལྟ་བུའོ། །ཞེས་གསུངས་ལ། འདིར་བློ་ཆུང་བདག་ཁམས་ཀྱི་དྲི་མ་བླང་དོར་གྱིས་སྦྱང་དུ་མེད་པས་ཡེ་བཞག་ཁོ་ན་ཡིན་ན་ཐ་མལ་པ་དང་ཁྱད་པར་མེད་དམ་སྙམ་ན་མ་ཡིན་ཏེ། རང་བཞིན་རྫོགས་པ་ཆེན་པོའི་ཡེ་ཤེས་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་ཅིང་། སྐུ་གསུམ་རང་ཆས་སུ་ཚང་བའི་ཕྱིར་རྟ་བབས་ནས་མགིན་བཟང་ཞོན་པ་ལྟར་ཡིན་བཞིན་པ་སྤངས་ནས་མ་ཡིན་པ་ལོགས་ནས་བཙལ་མི་དགོས་ཏེ། མ་བཅོས་རང་བྱུང་གི་གནས་ལུགས་ཇི་བཞིན་པའི་ངང་ལས་མ་གཡོས་པས་འགྲུབ་པར་བསྟན་ཏེ། རྒྱུད་དེ་ཉིད་ལས། སྔ་རབས་འདས་པའི་སངས་རྒྱས་

(༤༩༢)རྣམས། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ད་ལྟ་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་པ་ཡི་རང་སེམས་ཏེ། །མ་བཅོས་ཇི་བཞིན་རྟོགས་གྱུར་པས། །ད་ལྟར་འགྲོ་བའི་དོན་ཡང་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །རང་སེམས་བྱང་ཆུབ་སེམས་ཉིད་འདི། །སྔ་མ་བཅོས་པར་ལུང་མ་བསྟན། །ད་ལྟ་ཏིང་འཛིན་སེམས་མི་འཆོས། །མ་བཅོས་ལམ་དུ་ཞུགས་ནས་བྱོན། །ཅེས་གསུངས་པ་ལྟར་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ལ་བཟོ་མི་འཆོས་པས་བྱ་རྩོལ་དང་བྲལ་བ་བའི་ངང་དུ་སངས་རྒྱས་ལག་པའི་མཐིལ་དུ་ཟིན་པའི་ཕྱིར་ཐེག་པ་མཐའ་དག་གི་རྩེ་མོར་གྱུར་པ་སྟེ། རང་བཞིན་རྒྱས་པ་ནི་ཀུན་མཁྱེན་ཀློང་ཆེན་པའི་བཀའ་འབུམ་རྒྱ་མཚོ་ལྟ་བུ་དང་། ཀཐོག་ཤཱཀྱ་རྡོ་རྗེ། མངའ་རིས་རིག་འཛིན་ཆེན་པོ་སོགས་ཀྱི་ཡིག་ཆ་ཇི་སྙེད་ཡོད་པས་བདག་ཅག་སེམས་ཁྲལ་བསྐྱུངས་ཏེ་ཉལ་ནས་འདུག་པ་གཅིག་པུས་ཆོག་པ་ལགས་སོ། །དེ་ལྟ་ནའང་ཁྱོད་ཀྱིས་དྲིས་པའི་དོན་ཅུང་ཟད། པཎ་ཆེན། གང་ཟག་རིམ་གྱིས་པའི་སླད་དུ་བརྗོད་པ་ལ། རྩེ་གཅིག་སྤྲོས་བྲལ་རོ་གཅིག་སྒོམ་མེད་ལ་སོགས་པའི་རྣམ་གཞག་གཙོ་བོར་ཕྱག་

(༤༩༣)རྒྱ་ཆེན་པོའི་ཕྱོགས་ལ་གྲགས་ཆེ་བར་འདུག་པས་མི་ལའི་མགུར་ནའང་གསལ་ཞིང་། ཨོ་རྒྱན་ཆེན་པོ་གྲུབ་པའི་རིག་འཛིན་གྱི་བརྫུ་ལ་ཞུགས་པ་ཆོས་རྒྱལ་དག་པོ་ལྷ་རྗེས་སྲོལ་བཏོད་པར་གྲགས་པའི་རྣལ་འབྱོར་བཞི་རིམ་འདི་བཞིན་ར་ལི་བསམ་གྱིས་མི་ཁྱབ་པའི་རྒྱུད་རྩ་བར་བཞག་སྟེ་དོན་གྱིས་ཐོབ་པར་དགོངས་ནས་ས་ལམ་གྱི་དོད་པོ་རྩིས་ནས་གསུངས་པ་ལ་སྔ་རབས་པ་ཁ་ཅིག་གིས་གཞུར་བརྟག་བྱས་ཀྱང་། བཤད་མ་ཐག་པ་ལྟར་ར་ལིའི་རྒྱུད་ཀྱི་ཁུངས་སྟོན་རྒྱུ་ཡོད་ཅིང་། ཇོ་བོ་རྗེས་ཀྱང་ཉེ་གནས་དགོན་པ་བར་ལྷན་ཅིག་སྐྱེས་སྦྱོར་གསུངས་དུས་སྦྱོར་བཞིའི་བཤད་པ་བདེ་མཆོག་གི་རྒྱུད་ནས་ལུང་དྲངས་ཏེ་བཤད་པར་མངོན་པས་བརྒལ་བ་བྱེད་པ་མུན་སྤྲུལ་དུ་ངེས་ལ། རྒྱུད་འདི་ཡང་དག་པ་མ་ཡིན་པས་བཞེད་པ་ནི་ཕྱོགས་སུ་ལྷུང་བ་ཙམ་མོ། །དེའི་ཕྱིར་ཡང་དགོན་པ། ཕ་ཝང་ཁ་བ་སོགས་ཀྱིས་ཀྱང་རྒྱ་ཆེར་སྟོ་སྦྱར་ནས་བཤད་ཅིང་། རང་ཅག་ཀྱང་རོང་པ་རྫོགས་ཆེན་པས་ཇི་སྐད་གསུངས་པ་བཞིན། ཨོ་རྒྱན་གྱི་རིག་འཛིན་ཤྲཱི་སིདྷ་ལ་ཞུས་པ་དང་། མཚོ་རྒྱལ་གྱིས་ཉམས་མྱོང་དུའང་ཆ་འདྲ་གསལ་ཞིང་། མཁས་མཆོག་སོག་བཟློག་པས་ཀྱང་སེམས་སྡེའི་ཉམས་རིམ་

(༤༩༤)དང་སྦྱར་ནས་བཤད་ལ་ཁྱད་པར་ཐུགས་གཏེར་ཆེན་པོ་རྩོད་པ་དང་བྲལ་བ་གྲོལ་ཐིག་དགོངས་པ་རང་གྲོལ་ལས་རྣལ་འབྱོར་བཞིའི་མིང་མ་བཏགས་པ་ཙམ་ལས་ཕར་ཕྱིན་གྱི་ལམ་ལྔའི་འགྲོས་དང་བསྟུན་ནས་བཤད་ཚུལ་ཁྱད་དུ་འཕགས་པ་གསུངས་པས་གང་ཟག་རིམ་གྱིས་པའི་དོན་དུ་དཔྱད་བཟོད་པའི་མན་ངག་འདི་ཁོ་ནའི་དགོངས་པ་ལྟར་བཤད་པར་བྱའོ། །འོ་ན་རྫོགས་པ་ཆེན་པོའི་རྒྱུད་ལས་ཡེ་གྲོལ་ཡིན་པར་འཆད་ན་ཁྱེད་ཀྱིས་འདིར་རིམ་ཅན་དུ་བཤད་པས་འགལ་བ་ཅན་དུ་འགྱུར་རོ་སྙམ་ནའང་མ་ཡིན་ཏེ། སྟོན་པ་རྡོ་རྗེ་འཆང་ཐབས་ལ་མཁས་པས་ཉན་ཐོས་ཐེག་པ་ནས་ཨ་ཏི་ཡོ་གའི་བར་ལ་རིམ་པ་དགུར་དབྱེ་བའི་དབང་པོ་རབ་འབྲིང་ཐ་གསུམ་ལའང་ནང་གསེས་ཀྱིས་ཕྱེ་ནས་བཤད་པའི་ཕྱིར་རོ། །དེས་ན་རྫོགས་པ་ཆེན་པོ་ནི་དབང་པོ་ཤིན་ཏུ་རྣོན་པོའི་ལམ་ཡིན་ཀྱང་འཇུག་པ་པོའི་གང་ཟག་ཐམས་ཅད་དབང་པོ་ཤིན་ཏུ་རྣོན་པོ་ཤ་སྟག་ཡིན་པས་མ་ཁྱབ་སྟེ། དེ་ལ་དགོངས་ནས་རིག་འཛིན་རྣམས་ཀྱི་དབང་པོ་འབྲིང་དམན་གྱི་ཁྱད་པར་ལ་དཔགས་ནས་སྲོལ་འདི་ལྟ་བུའང་བཏོད་པ་སྟེ། ཚུལ་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐབས་མཁས་ཤིང་ཐུགས་རྗེ་ཆེ་བའི་འཕྲིན་

(༤༩༥)ལས་ཡིན་པར་བལྟའོ། །ཞེས་བསྒྲུབ་དང་སུན་འབྱིན་གྱི་ཉི་མས་ལོག་སྨྲའི་མུན་པ་ཡོངས་སུ་བསལ་ནས་བརྗོད་བྱའི་དོན་དངོས་ལ། དང་པོ་ཕར་ཕྱིན་གྱི་སྦྱོར་ལམ་དང་མཚུངས་པར་སྟོན་པ་འཇིག་རྟེན་གྱི་རྣལ་འབྱོར་ལ་ནང་གསེས་ཆེ་འབྲིང་ཆུང་གསུམ་ལས་དང་པོ་འཇིག་རྟེན་ཆུང་ངུའི་རྣལ་འབྱོར་ནི། ཐུགས་གཏེར་ཆེན་པོ་གྲོལ་བའི་ཐིག་ལེ་ལས། ངོ་བོ་ངོས་བཟུང་མེད་ལ་སྟོང་པའི་རང་བཞིན་ལ། །རང་བཞིན་མ་འགགས་ས་ལེ་སིང་ངེ་རྗེན་ནེ་བ། །འཇིག་རྟེན་ཆུང་ངུའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན། །ཞེས་པ་དེའི་དགོངས་པ་ཉམས་མྱོང་གིས་བཀྲལ་བ་ན། རིམ་གྱིས་པའི་གང་ཟག་དེས་བླ་མ་དམ་པ་ཞིག་གི་དྲུང་དུ་རྣམ་གཡེང་སྤངས་ཏེ་བསྒོམས་པས་སེམས་ཀྱི་ངོ་བོ་ཡོད་མེད་མུ་བཞི་དང་བྲལ་བར་ཐག་ཆོད་ཅིང་། དེ་ལྟར་ཆོད་པ་ལ་གསལ་ལ་རྟོག་པ་མེད་པའི་ཞི་གནས་དེ་ཉིད་བསྒོམ་བྱའི་རང་བཞིན་དུ་ངོ་སྤྲད་ལག་བཅང་མཛད་པ་ལ་དྲན་པ་གཞུར་ཏེ་བསྒོམས་པས་རྣམ་རྟོག་འདི་ཉི་ཟེར་གྱི་སྦྲང་བུ་བས་ཀྱང་བྱ་བྱེད་མང་ལ་འགྱུར་ལྡོག་ཆེ་བས་སྒོམ་གྱི་ལས་འཕྲོ་མེད་དམ་སྙམ་སྐྱུགས་ལོག་པ་ཞིག་གི་རྗེས་སུ་ཇེ་ཞིག་ན་དྲན་པའི་ངོ་བོ་གསལ་ལ་གོ་མ་འགགས་པ། དངས་སིང་

(༤༩༦)ངེ་བ་རྗེན་ཡེ་ནེ་བ་ལས་སྟོང་པའི་ཉམས་ཤུགས་ཆེ་བ་ཞིག་འཆར་བ་དེ་ཉིད་ཇི་ཙམ་སྒོམ་རིང་ལ་ཡོད། མ་བསྒོམ་ན་ཐ་མལ་དུ་འཆོར་བ་ཞིག་འབྱུང་བ་སྟེ། འདི་ལ་མ་ཧཱ་མུ་དྲས་རྩེ་གཅིག་ཆུང་ངུར་འབོད། འགའ་ཞིག་གིས་ཕོ་ཚོད་བྱས་པའི་དེ་ལྟ་བུའོ་སྙམ་པའི་གོ་བ་ཡིན་པས་གྲུལ་མི་བཏུབ་བོ། །གཉིས་པ་འཇིག་རྟེན་འབྲིང་པོའི་རྣལ་འབྱོར་ནི། དེ་ཉིད་ལས། གང་དེ་མ་ཡེངས་བསྐྱངས་པས་བརྟན་པ་ཆེར་ཐོབ་ཅིང་ བསྒོམས་ཀྱང་ཡོང་ལམ་བསྒོམ་ཆ་ཤས་ཡོང་བ་ནི འཇིག་རྟེན་འབྲིང་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན ཞེས་པས་སྔ་མའི་འཕྲོ་མཐུད་དེ་སྙིང་རུང་ལ་ནན་ཏན་བསྐྱེད་པས་ཉམས་ཀྱི་འཛིན་སྟངས་སྔ་མ་ལྟར་ལས་ཅུང་ཟད་དངས་ཆ་ཆེ་རུ་འགྲོ་ཞིང་། དེ་ཉིད་མ་བསྒོམ་པའི་གནས་སྐབས་འགའ་ལའང་དྲན་པས་ཧྲིག་ཧྲིག་སླེབ་ནས་གསལ་སྟོང་རྗེན་ཡེ་རེ་བར་འཆར་བས་འདི་ལ་མ་ཧཱ་མུ་དྲ་བས་རྩེ་གཅིག་འབྲིང་པོ་ཟེར་རོ། །གསུམ་པ་འཇིག་རྟེན་ཆེན་པོའི་རྣལ་འབྱོར་ནི། དེ་ཉིད་ལས། ཏིང་འཛིན་དེ་ཉིད་སྔར་བས་གསལ་མདངས་ཆེར་སོང་ཞིང་ རྩོལ་མེད་ཉིན་མཚན་འཁོར་ཡུག་ཉིད་དུ་འབྱུང་བ་ནི འཇིག་རྟེན་ཆེན་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན ཞེས་པས་

(༤༩༧)བརྟན་པ་ཆེར་ཐོབ་སྟེ་གསལ་སྟོང་རྗེན་པ་ངོས་བཟུང་དང་བྲལ་བའི་ཉམས་ཉིན་མཚན་ཁོར་ཡུག་ཏུ་འབྱམས་པ་ལ་མ་ཧཱ་མུ་དྲས་རྩེ་གཅིག་ཆེན་པོར་བཏགས། །རྫོགས་ཆེན་སེམས་སྡེ་པས་གནས་པའི་ཉམས་ཤེས་པ་ཡུལ་ཕྱིར་མི་འཕྲོ་བ་ཞེས་པའང་འདིར་མཚུངས། འདིའི་ཉམས་ལ་ལུས་ལ་བདེ་ཉམས་དང་སེམས་ལ་དགའ་སྤྲོ་དཔག་མེད་འཆར། །མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའི་སྒོམ་ལ་ངེས་ཤེས་དང་། བྲོད་ཁ་སྐྱེ། ལུས་ཡོད་དུ་མི་ཚོར། འཇིག་རྟེན་མི་ཆོས་ལ་ཞེན་པ་ཆུང་དུ་འགྲོ། ཉམས་ཀྱི་མཐོ་དམན་ཤིན་ཏུ་ཆེ་བ་འོང་ངོ། །རེས་འགའ་འདི་ལས་ལྷག་པ་སུ་ལ་ཡོད་སྙམ་པའི་རང་མཐོང་སྐྱེ་རེས་ཤེས་པ་རླན་དང་བྲལ་ནས་ང་ལ་སྒོམ་མེད་སྙམ་པའི་ཡི་མུག་སྐྱེ་བའང་ཡོད། རེས་སེམས་ཅན་ལ་སྙིང་རྗེ་སྐྱེ་ཞིང་སངས་རྒྱ་རྒྱུ་དང་འཁོར་བར་འཁྱམ་རྒྱུ་མི་འདུག་སྙམ་པའི་སྟོང་འུད་ཀྱང་འཆར། གསལ་སྣང་ལ་འདུ་ཤེས་གྲུང་པོས་དཔྱད་ན་མཐོང་སྣང་མང་བ་འབྱུང་སྟེ་ཞལ་གཟིགས་ལུང་བསྟན་དུ་བཟུང་ན་ནོར་ས་རྔམ་པོ་ཆེ་ཡིན་ཏེ་བྱད་མཁན་མང་། འདིའི་མཉམ་གཞག་གནད་དུ་སོང་ན་སྒོ་ལྔའི་རྣམ་ཤེས་ཐད་ཀར་བག་ལ་ཞ་འགྲོ་བས་ཕྱིའི་སྒྲ་སྐད་གཟུང་ཡུལ་ལ་སོགས་

(༤༩༨)པའི་ཡུལ་རྐྱེན་གྱིས་མི་འཕྲོག །འོན་ཀྱང་ཕར་ཕྱིན་ཐེག་པ་དང་བསྟུན་ན་དག་པ་ས་གསུམ་ནས་སྒོ་ལྔའི་རྣམ་ཤེས་གནས་འགྱུར་ཏེ་ཞིང་ཁམས་རྣམ་དག་ལ་དབང་ཞིང་། དག་པའི་ཚེ་བྱ་གྲུབ་ཡེ་ཤེས་སུ་ཤར་བར་བཤད་པའི་ཕྱིར། འདི་ཉིད་དངོས་གནས་མ་ཡིན་ཀྱང་སེམས་འཛིན་ཡུལ་རྐྱེན་གྱིས་མི་འཕྲོག་པའི་ཆ་ནས་དེ་སྐད་དུ་བཏགས་པའང་ཤེས་པར་བྱའོ། །དེ་ཡང་ཚོགས་ལམ་པས་གོ། །སྦྱོར་ལམ་པས་མྱོང་། མཐོང་ལམ་པས་རྟོགས་པ་ཞེས་གོ་མྱོང་རྟོགས་གསུམ་དུ་སྦྱོར་བ་དང་། བླ་མ་ཡང་ཏིག་ཏུ། །ལྷ་མའི་སེམས་འཛིན། བྱང་ཆུབ་སེམས་དཔའི་བསམ་གཏན། སངས་རྒྱས་ཀྱི་དགོངས་པ་ཞེས་བཤད་པ་ལའང་རྣམ་པར་དཔྱད་ན་དབྱེ་བ་ཁྱད་པར་ཅན་དུ་ཁོ་བོས་རྟོགས་ལ་དེའི་ཕྱིར་འདི་ཡན་ཆད་ནི་སོ་སྐྱེའི་ལམ་དུ་བཞག་པས་ལྷག་མཐོང་མཚན་ཉིད་པ་མེད་པའི་ཕྱིར་ཐུགས་དམ་གྱི་ངོ་བོ་ཇི་ལྟར་བཟང་ཡང་ཉམས་ཙམ་མྱོང་བ་ཙམ་ཡིན་པས་རྩ་གཟུགས་ཀྱི་རྟེན་འབྲེལ་ལ་མངོན་ཤེས་དང་གྲུབ་རྟགས་ཐོན་པ་བྱུང་ཡང་རློམ་སེམས་བྱ་བའི་ཡུལ་མ་ཡིན་མོད། དེ་ལྟ་ནའང་ཕྱི་དུས་འདིར་ལམ་འདི་མཐར་སོན་པའང་རྙེད་པར་དཀའ་ཞིང་། སྙིང་རུས་ཅན་རེ་རེ་ཙམ་སྣང་བ་ལའང་བཤེས་གཉེན་རྣམས་

(༤༩༩)ཀྱིས་རྟོགས་པ་ཉིན་མཚན་འདྲེས་པར་ངོ་སྤྲོད་བྱེད་པ་འདུག་པས་ལོང་བས་ལོང་བ་ཁྲིད་དེ་སྒོམ་དམིགས་གཏད་ཉམས་མྱོང་ཅན་སྟོང་པ་དགྲར་ལངས་ཀྱི་བདུད་ཞུགས་པ་ཞིག་ལ་མི་ཚེ་སྟོང་པར་འཛད་པ་ལས་ཡོན་ཏན་སྐྱེ་བའི་རེ་བ་ཟད་མོད། འགའ་ཞིག་ནི་མཉམ་གཞག་གནད་དུ་མ་སོང་བ་ཅི་ཡིན་འདི་ཡིན་མེད་པའི་ལུང་མ་བསྟན་ཐོམ་ཡོ་རེ་བ་ཞིག་གི་ངོ་བོ་སྨྲ་བརྗོད་ཡི་ཤེས་པ་ལྟ་བུ་ཞིག་ལ་ང་འདྲའི་རྟོགས་པ་སུ་ལ་ཡོད། སྒོམ་མེད་བྱ་བའང་འདི་ཁ་ཡིན་སྙམ་པའི་རང་རྩིས་སྐྱེས་ཏེ་ཡུལ་གོང་མ་ལ་དག་སྣང་གཏན་ནས་མི་སྐྱེ་ཞིང་སོགས་འདོན་བྱེད་པའི་བློ་དང་བྲལ་བས་ནོར་ས་རྔམ་པོ་ཆེར་སོང་སྟེ་རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བའི་བསྟན་པ་ཐམས་ཅད་བསྣུབས་པས། དགེ་སྟོང་སྡིག་སྟོང་དུ་གོལ་བ་འབའ་ཞིག་ལས་མི་འདའ་བས་ཚུལ་དེ་ལ་བསམ་ནས་ཨོ་རྒྱན་ཆེན་པོས་རྒྱལ་པོ་ལ་གདམས་པ་བཞིན་ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བ་དང་། སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བ་ལ་བསླབ་ཅིང་ཉམས་མྱོང་དང་ལྡན་པའི་བླ་མ་དམ་པ་མིག་བཞིན་དུ་བརྟེན་ལ། གསོལ་འདེབས་མོས་གུས་དང་ལྡན་པས་དབང་བཞི་ཡང་ཡང་བླང་། ལྕགས་ལ་ཞུན་ཐར་གཏོང་བ་ལྟར་བརྡར་ཤ་

(༥༠༠)ཤིན་ཏུ་ཆོད་པ་གལ་ཆེ་བ་ཡིན་ནོ། །འདི་ཕར་ཕྱིན་ཐེག་པ་ལྟར་ན་དྲོད་རྩེ་གཉིས་སུ་དབང་པོ་ལྔ་དང་། བཟོད་ཆོས་གཉིས་སུ་སྟོབས་ལྔ་སྒོམ་པའི་སྦྱོར་ལམ་ངེས་འབྱེད་ཆ་བཞིའི་ཡེ་ཤེས་ཀྱི་ངོ་བོ་མཉམ་གཞག་གི་ཆ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྗེས་ཐོབ་ཀྱི་ཆ་རྟོག་བཅས་རྟོག་མེད་ཅི་རིགས་སུ་ཡོད་ཅིང་གཉེན་པོ་བཞི་ལ་བརྟེན་ནས་སྤང་བྱ་སྒྲིབ་པའི་ས་བོན་ཉམས་སྣད་པས་རྟོགས་པའི་ཁྱད་པར་སྒོམ་བྱུང་ཡེ་ཤེས་ཀྱི་བདག་མེད་གཉིས་རྟོག་པ་ཏེ། ཡོན་ཏན་གྱི་ཁྱད་པར་སྤྱན་དང་མངོན་ཤེས་སོགས་དུ་མ་དང་ལྡན་ཞིང་། ཚོགས་ལམ་ཆེན་པོ་ལས་འདིའི་ཡེ་ཤེས་དྲོད་བརྟན་པས་མཐོང་ལམ་ཐག་ཉེ་བ་སྟེ། བརྒྱད་སྟོང་འགྲེལ་ཆེན་ལས། བར་ཆད་མེད་ན་མཐོང་བའི་ལམ་ཆེས་ཉེ་བར་འབྱུང་བ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་ལས་འདིའི་ཁྱད་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་སྟེ། དེ་ལྟ་བུའི་སྦྱོར་ལམ་གྱི་འགྱུར་འདི་བརྩིས་ཡིན་ནོ། ༈ །གཉིས་པ་ཕར་ཕྱིན་གྱི་མཐོང་ལམ་དང་མཚུངས་པར་སྟོན་པས་མིང་དེ་སྐད་དུ་བཏགས་པ་མཐོང་ལམ་གྱི་རྣལ་འབྱོར་ཆེ་འབྲིང་ཆུང་གསུམ་ལས། དང་པོ་ཆུང་ངུའི་རྣལ་འབྱོར་ནི། དེ་ཉིད་ལས། མཁན་པོ་ཉིད་དང་གནས་ཉམས་དེ་དག་ཡུལ་

(༥༠༡)ཕུད་ནསཿ སེམས་མེད་སྟོང་པ་དྲི་མེད་མཁའ་ལྟར་རྟོགས་པ་ནིཿ མཐོང་ལམ་ཆུང་ངུའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིནཿ ཞེས་པས་སྔར་གྱི་རྩ་གཅིག་གི་རྣལ་འབྱོར་དེ་ཟབ་ཟབ་དང་གོ་བ་སྐམ་པོ་ལམ་ལུས་པར་རིག་པ་ལང་ར་ཆ་བཏགས་ཏེ་སྒོམ་པ་གནད་དུ་སོང་ན། རང་གི་མོས་གུས་དང་བླ་མའི་རྣལ་འབྱོར་གྱི་ནུས་པས་ཆན་ལ་ཕབས་བཏབ་བ་ལྟ་བུའམ་གུ་ཡངས་ལྟོ་འཚོལ་གྱི་སླད་དུ་མ་ཡིན་པར་སྐབས་འདིར་སྙིང་ཐག་པ་ནས་སེང་གེ་རི་སུལ་འགྲིམ་པ་ལྟར་དུར་ཁྲོད་ཉུལ་པའི་གཅོད་ཡུལ་ཟབ་མོའི་ལྷངས་འཚུབས་འཇིགས་སྐྲགས་ལ་སོགས་པ་དེ་མ་ཐག་པའི་རྐྱེན་གྱིས་སྔར་གཉེན་པོས་སོས་གཅུན་པའི་སྒོམ་གསལ་སྟོང་ཙམ་དུ་ཁས་ལེན་དང་དམིགས་གཏད་ཡོད་པའི། བདེ་བདེ་མོ་སྤྲོ་སྤྲོ་མོ་སྒོམ་བྱེད་ཀྱི་མཁན་པོ་དང་ཞི་གནས་ཀྱི་མྱོང་བ་སྦྲང་མ་རྩི་ལ་འབྱར་བ་ལྟ་བུ་དེ་གཏད་ཡལ་སོང་ནས་ཤེས་པའི་ངོ་བོ་གསལ་ལ་རྟོག་མེད་ཀྱི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སར་དག །ཡོད་མེད་རྟག་ཆད་ལ་སོགས་པའི་ཁས་ལེན་དང་བྲལ་བ་ནམ་མཁའི་དཀྱིལ་ལྟ་བུ་ཞིག་འཆར་བ་དེ་ལ་མ་ཧཱ་མུ་དྲས་སྤྲོས་བྲལ་ཆུང་ངུར་བཏགས། འདིའི་ཚེ་ཐོས་པ་ཉུང་བ་དང་བླ་མ་དམ་པས་མ་ཟིན་པ་རྣམས་སྔར་གྱི་

(༥༠༢)བདེ་གསལ་མི་རྟོག་པའི་ཉམས་དེ་ཡལ་བས་ང་ཡི་སྒོམ་བོར་བའམ་སྙམ་ནས་ཙབ་ཙུབ་བློ་མང་ཅི་ཡང་དྲན་ཞིང་ཡི་མུག་སྐྱེ་བའང་འདུག་གོ། །རློམ་པ་ཆེ་བ་དག་སྒོམ་མེད་འམ་དེ་འདི་ཁ་ཡིན་སྙམ་ནས་འགྲོ་དོན་ལ་རིངས་ནས་གཡེང་བས་ཁྱེར་བའང་འདུག་གོ། །དེའི་ཚེ་དེ་དག་གེགས་སུ་ཤེས་པར་བྱས་ཏེ་ཞུམ་པ་དང་ལྷག་པའི་ཕྱོགས་ལྷུང་གཉིས་ཀ་སྤངས་ནས་ད་ལྟའི་དྲན་པ་དེ་ཁས་སྒོམ་གོ་ཆོད་པར་བྱའོ། །འདི་ཤེས་པའི་ངར་གདངས་བྲལ་བའི་ལུང་མ་བསྟན་གྱིས་གཏད་མེད་དང་མ་ནོར་བ་གལ་པོ་ཆེ་ཡིན་ནོ། །གཉིས་པ་འབྲིང་པོའི་རྣལ་འབྱོར་ནི། དེ་ཉིད་ལས། སྟོང་འཛིན་ཡིད་ཆོས་ཉམས་ཀྱི་དྲི་མ་དེ་བུད་ཅིང་ཿ གང་ཤར་དྲན་རྟོག་ཡུལ་མེད་རྩ་བྲལ་རྟོགས་པ་ནིཿ མཐོང་ལམ་འབྲིང་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིནཿ ཞེས་པས། སྔར་གྱི་གསལ་སྟོང་ནམ་མཁའི་དཀྱིལ་ལྟ་བུ་ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས་པ་དེ་ལ་ངེས་ཤེས་སྐྱེས་པའི་སྟོང་འཛིན་ཕྲ་མོ་ཡོད་པ་དེ་སྦྲུལ་གྱི་ཤུན་པ་ལྟར་བུད། རྟོག་པ་གང་ཤར་ལ་ཅེར་འཛིན་གྱིས་དྲན་པས་རྒྱས་འདེབས་བྱེད་མི་དགོས་པར་རྣམ་རྟོག་རང་སྟོང་། གཞི་མེད་རྩ་བྲལ་དུ་ཤར་བ་ཞིག་འོང་། འདི་ནི་དྲན་པ་ཙམ་གྱི་ངོ་བོར་ཁྲེལ་གྱིས་འགྲོ། དྲན་པས་གསལ་མ་ཐེབས་ན་

(༥༠༣)ཐ་མལ་དང་ཁྱད་པར་མེད་པས་འདིའི་ཚེ་མ་ཡེངས་མི་སྒོམ་ལ་ལྟ་བའི་མཐིལ་བཅོལ་བ་ཡིན་ལ་མ་ཧཱ་མུ་དྲས་སྤྲོས་བྲལ་འབྲིང་པོར་བཏགས་སོ། །གསུམ་པ་ནི་དེ་ཉིད་ལས། སྣང་བ་སེམས་སུ་ཤེས་ཤིང་སེམས་ཉིད་རྩ་བྲལ་ཡང་ཿ སྟོང་འཛིན་སེམས་ཀྱི་དྲི་མ་ཕྲ་མོ་ཡོད་པ་ནིཿ མཐོང་ལམ་ཆེན་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིནཿ ཞེས་པས་འདི་ལྟར་རྟོག་པས་བཏགས་པའི་ཚེ་སྣང་བ་སེམས་ཀྱི་ཆོ་འཕྲུལ་དུ་གོ་ལ། སེམས་སྣང་ཐོག་ཏུ་བཞག་པས་སྣང་སེམས་ཡུལ་མེད་རྩ་བྲལ་དུ་གྲོལ་ཞིང་། རང་ངོར་སྟོང་འཛིན་ཞིག་པ་ལྟར་སྣང་ཡང་ལམ་གོང་མས་ཡས་གཞལ་ན་རིག་པ་ལ་སེམས་ཀྱི་དྲི་མས་སྦགས་པའི་སྟོང་འཛིན་ཕྲ་མོ་ཡོད་ལ་རྫོགས་ཆེན་སེམས་སྡེ་པས་ཏིང་ངེ་འཛིན་ལ་བྱིང་རྒོད་ལ་སོགས་པའི་རྐྱེན་གྱིས་མི་གནོད་པར་བཤད་པ་དང་མཚུངས། འདི་ལ་ཐུགས་དམ་གྱི་ངོ་བོ་བྱ་རྒྱུ་གང་ཡང་མེད་ཅིང་གནད་དུ་སོང་ན་ཡིད་ཀྱི་རྣམ་ཤེས་གནས་འགྱུར་བས་ཆེད་དུ་སྒོམ་པས་མྱོང་རྒྱུ་དང་བྲལ་ཡང་ལྷུན་གྲུབ་ཀྱི་དྲན་པས་མ་བསྐྱངས་ན་བྲལ་ཐོབ་ཤིན་ཏུ་ཆེ་བ་ཡོད་དོ། །དེ་ལྟ་ནའང་སྦྱོར་བཞིའི་བཤད་པ་གཞན་དག་ནས་འདི་ལ་མ་བསྒོམ་ཀྱང་ཡེངས་འཁྲུལ་མེད་པ་དང་། རྨི་ལམ་ལའང་མི་འབྲལ་

(༥༠༤)བར་འཆད་ཀྱང་རང་གཞུང་འདི་ནས་སྒོམ་ལམ་ཆེན་པོའི་སྐབས་སུ་ཡང་མཚན་འཁྲུལ་ཡོད་པར་བཤད་ཅིང་། རང་གི་མྱོང་བ་དང་ཡང་མ་འབྱོར་བས་བཏང་སྙོམས་སུ་བཞག་གོ། །དེ་ཅིའི་ཕྱིར་སྙམ་ན། ལྷུན་གྲུབ་ཀྱི་དྲན་པ་ལ་ཉིན་མཚན་ཁོར་ཡུག་ཏུ་ལ་བཟླ་བ་དྲི་མ་མཐའ་དག་ལས་རྣམ་པར་གྲོལ་བ་སངས་རྒྱས་ཁོ་ནའི་སྐབས་ལས་གཞན་དུ་མ་ཡིན་ཏེ། ཕར་ཕྱིན་ཐེག་པར། མ་དག་པ་སེམས་ཅན་གྱི་རིགས། །དག་པ་བྱང་ཆུབ་སེམས་དཔའི་རིགས། །ཤིན་ཏུ་དག་པ་དེ་བཞིན་གཤེགས་པའི་རིགས་ཞེས་གནས་སྐབས་ཀྱི་སྒོ་ནས་དབྱེ་སྟེ་ས་ལམ་གོང་འོག་གི་རིམ་པས་མིང་འདོགས་ཐ་དད་དུ་བཞག་པའི་ཕྱིར་ཏེ། འགྲོ་བའི་ཁམས་ལ་བདེ་གཤེགས་སྙིང་པོ་ཡོད་པ་གཞིར་བཞག་ནས་བྲལ་བྱའི་དྲི་མའི་དཔེ་ཡང་མགོན་པོ་བྱམས་པས་རྒྱུད་བླ་མར། འཆིང་བ་མཐའ་དག་གིས་བཅིངས་པའི་སོ་སོའི་སྐྱེ་བོ་པདྨ་དང་། སྦྲང་མ་དང་། སྦུན་པ་དང་། འདམ་རྫབ་ཀྱི་སྦུབས་ན་སངས་རྒྱས་གཏུམས་པའི་དཔེ་དང་། ཉན་རང་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་མ་རིག་པས་སྙིང་པོ་བསྒྲིབས་པ་ས་འོག་གི་དབུལ་པོའི་གཏེར་གྱི་དཔེས་བསྟན་པ་དང་། སློང་པ་སོ་སོའི་སྐྱེ་བོའི་རྒྱུད་ལ་ཡོད་པའི་ཐེག་ཆེན་མཐོང་སྤངས་ཀྱི་

(༥༠༥)དྲི་མ་དང་། འཕགས་པའི་རྒྱུད་ཀྱི། ཕྲ་བ་ལྷན་སྐྱེས་ལྟར་མི་མངོན་པའི་ཁྱད་དོ། །སྒོམ་སྤངས་ཀྱི་དྲི་མ་གཉིས་ནི། ཤུན་ལྤགས་དང་། གོས་ཧྲུལ་གྱིས་དཔེས་བསྟན་པ་ཡིན་ལ། ཁྱད་པར་སྐབས་འདིར་རགས་པ་ཡིན། བདེན་པ་མཐོང་བའི་ལམ་དུ་བྱེད་པས་ས་གནས་ཀྱི་ས་བཅུའི་དྲི་མའང་མ་དག་ས་བདུན་མན་ལ་བརྟེན་པའི་དྲི་མ་དང་། དག་པས་གསུམ་ལ་བརྟེན་པའི་དྲི་མ་ནི། མངལ་དང་འདམ་གྱི་གསེར་དཔེ་གཉིས་ཀྱིས་བསྟན་པའི་ཕྱིར་ཏེ། དེ་སྐད་དུ། ས་བདུན་ལ་བརྟེན་དྲི་མ་ནི། །མངལ་སྦུབས་དྲི་མ་དག་དང་མཚུངས། །མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ས་གསུམ་རྗེས་འབྲེལ་དྲི་མ་རྣམས། །ས་འདམ་གོས་བཞིན་ཤེས་བྱ་སྟེ། །བདག་ཉིད་ཆེན་པོ་རྡོ་རྗེ་ལྟའི། །ཏིང་ངེ་འཛིན་གྱི་གཞོམ་བྱ་ཡིན། །ཞེས་སོ། །དེ་ལྟར་སྐབས་འདིར་མཐོང་ལམ་གྱི་བརྡ་ཆད་བཞག་པའང་ཕར་ཕྱིན་ཐེག་པའི་སྐབས་སུ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས་ཆོས་ཀྱི་མིག་རྡུལ་དང་བྲལ་བ་ཐོབ་ཅེས་པ་དང་མཚུངས་ལ། དེའི་ཚེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོག་མར་ཐོབ་པས་དགའ་བ་རྒྱ་ཆེན་པོ་སྔོན་པས་ཆེས་འཕགས་པ་ཐོབ་པས་ས་དང་པོ་རབ་ཏུ་དགའ་བ་

(༥༠༦)ཞེས་བྱ་ཞིང་། འདིའི་ལམ་རྟགས་སུའང་རྗེས་ཐོབ་ལ་དགའ་སྤྲོའི་སྣང་བ་དཔག་ཏུ་མེད་པ་འཆར། ཐམས་ཅད་མཁྱེན་པའི་ཉེ་རྒྱུ་ཤེས་རབ་ཀྱི་རལ་ཁ་བྱེ་བ་སོགས་ངེས་པར་འབྱུང་བས་མཐོང་ལམ་མངོན་དུ་བྱས་ཏེ་ས་དང་པོ་ནོན་པའི་འགྱུར་རྩི་བ་ཡིན་ནོ། །འོ་ན་ཡོན་ཏན་གྱི་ཁྱད་པར་དུས་སྐད་ཅིག་མ་ལ་སངས་རྒྱས་བརྒྱའི་ཞལ་བལྟ་བ་ནས། ལུས་རེ་རེ་ལའང་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བསྟོན་པའི་བར་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས། སྤྱན་དང་མངོན་ཤེས། སྐྱེ་འཆི་རང་ཚན་པ་མེད་པ། འཛམ་བུའི་གླིང་གི་རྒྱལ་པོའི་སྐྱེ་བ་འཛིན་ནུས་པ་ལ་སོགས་པའི་ནུས་པ་མངོན་གྱུར་དུ་མེད་པས་སོ་སྙམ་ན། རྫོགས་པ་ཆེན་པོའི་རྒྱུད་ནས་ཁྱུང་ཕྲུག་སྒོ་ངའི་སྦུབས་ནས་རྩལ་རྫོགས་ཏེ་སྒོ་ངའི་རྒྱ་ལས་གྲོལ་མ་ཐག་འཕུར་བ་ལ་ཆགས་ཐོགས་མི་མངའ་བ་དང་། བྱ་བྲན་སྒོ་ང་རྒྱ་ལས་གྲོལ་ནས་ཀྱང་ཡུན་རིང་པོར་ཚང་དུ་བསྐྱེད་བསྲིང་བྱའི་དཔེས་བསྟན་ཏེ། ཕར་ཕྱིན་དུ་བསྐལ་པ་གྲངས་མེད་ལ་སོགས་པར་ལམ་ལ་ཞུགས་ནས་ཅི་ཞིག་ན་འབྲས་བུ་མངོན་འགྱུར་དུ་བྱ་བ་དང་། རྡོ་རྗེ་ཐེག་པའི་སྐབས་སུ་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་སྒོམ་ཆེན་གྱི་ལུས་རྒྱའི་སྦུབས་སུ་རྩལ་རྫོགས་ཏེ་ལུས་ཀྱི་

(༥༠༧)སྒོ་ངའི་རྒྱ་ལས་གྲོལ་མ་ཐག་དག་པ་གཉིས་ལྡན་གྱི་ས་ལ་མིག་འཕྲུལ་ལྟར་བཙན་ས་ཟིན་པའི་ངང་ལ་འདྲེན་རྒྱུ་ཡོད་པས་ཅིས་ཀྱང་ཡོན་ཏན་དེ་དག་མངོན་གྱུར་དུ་མཐོང་མི་དགོས་སོ། །འདིའི་ཚུལ་ཞིབ་པ་ནི། མཛོད་བདུན་ལ་སོགས་པ་མན་ངག་གི་བསྟན་བཅོས་རྣམས་སུ་བལྟའོ། །གསུམ་པ་ཕར་ཕྱིན་གྱི་སྒོམ་ལམ་དང་མཚུངས་པས་དེ་སྐད་དུ་བཏགས་པ་སྒོམ་ལམ་གྱི་རྣལ་འབྱོར་ཆེ་འབྲིང་ཆུང་གསུམ་ལས། དང་པོ་ཆུང་ངུའི་རྣལ་འབྱོར་ནི། དེ་ཉིད་ལས། སྟོང་འཛིན་ཡུལ་ཕུད་སྟོང་དང་མི་སྟོང་རྩིས་ལས་འདསཿ གཉིས་ཆོས་ལས་འདས་གཉིས་མེད་རོ་གཅིག་རྟོགས་པ་ནིཿ སྒོམ་ལམ་ཆུང་ངུའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིནཿ ཞེས་པས། སྔར་གྱི་སྟོང་པ་ཉིད་སྤྲོས་བྲལ་གྱི་གནས་ལུགས་དབུ་མ་ལ་འཇོག་པའི་སྟོང་འཛིན་གྱི་ཤེས་སྒྲིབ་དེ་ཡལ་ནས། སྣང་བ་དཀར་དམར་ལ་སོགས་པའི་འཆར་སྒོ་མཐའ་དག་སེམས་ལ་ཐིམ་པས་ཕྱི་གཟུང་ཡུལ་མངོན་དུ་འགྱུར་བ་མེད། སེམས་ཀྱི་འགྱུ་དྲན་ཐམས་ཅད་རིག་པ་བརྗོད་བྲལ་ལ་ཐིམ་པས་ནང་འཛིན་པའི་འདུ་ཤེས་གྲུང་པོ་དང་བྲལ་ཞིང་འཁོར་འདས་ཀྱི་རྟེན་འབྲེལ་ཐམས་ཅད་དུ་མ་རོ་གཅིག་ཏུ་ཤར་བ་ལ་

(༥༠༨)མ་ཧཱ་མུ་དྲས་རོ་གཅིག་ཆུང་ངུར་བཏགས་པའོ། །གཉིས་པ་འབྲིང་པོའི་རྣལ་འབྱོར་ནི། དེ་ཉིད་ལས། ཡིད་ཆོས་ཉམས་ཟད་གང་ཤར་ཡུལ་ལ་འཛིན་པ་བྲལཿ སྣང་སེམས་འདྲས་ཤིང་མཉམ་རྗེས་ཕལ་ཆེར་འདྲེས་པ་ནིཿ སྒོམ་ལམ་འབྲིང་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིནཿ ཞེས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྲོག་རང་གྲོལ་ལ་སོང་ནས་ཆུ་ལ་ཆུ་བཞག་པ་ལྟར་ཟུང་འཇུག་བློ་འདས་སུ་རྟོགས་པའི་བསམ་གཏན་དེ་ལ་དེར་འཛིན་ཡིད་ཆེས་ཀྱི་གཉེན་པོའི་སྒྲིབ་པ་ཅུང་ཟད་ཡོད་པ་དེ་ཡང་བྲལ་བས་ཉོན་ཡིད་ཀྱི་རྣམ་ཤེས་དག །སྣང་སེམས་ལ་རང་བྱན་ཆུད་པའི་མཐུ་ལས་ཡང་དག་གི་དྲན་པས་སླེབས་པ་ཙམ་གྱིས་སྤངས་གཉེན་རང་གྲོལ་དུ་ཤར། ཡུལ་དང་ཡུལ་ཅན་ཐ་དད་དུ་འཛིན་པའི་འདུ་ཤེས་སྤངས་པའི་མཉམ་རྗེས་ཕལ་ཆེར་དུ་འདྲེས་པས་ཇི་ལྟ་བའི་མཉམ་རྗེས་སུ་གོ་ལ། འདིའི་མཉམ་རྗེས་ཀྱི་ངོས་འཛིན་ནི་རང་ལུགས་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་འདོད་པ་ཁོ་བོའི་མན་ངག་གོལ་ཤོར་ཚར་གཅོད་དུ་ཤེས་པར་བྱས་ལ། སྐབས་སུ་མཉམ་རྗེས་རང་ཚན་པར་ཤར་བའི་ཕྱིར་རྫོགས་ཆེན་སེམས་སྡེ་བས། མཉམ་གཞག་ལ་འཁོར་འདས་རོ་

(༥༠༩)མཉམ། རྗེས་ཤེས་ཚོགས་བརྒྱད་སྒྱུ་མ་ལྟར་ཁོང་དུ་ཆུད་ནས་འཇིགས་པ་དང་བྲལ་བར་བཤད་པའང་འདིར་མཚུངས་ལ་སྦྱོར་བཞིའི་བཤད་པ་བཞིན་དུ་སྤྲོས་བྲལ་ཆེན་པོ་མི་ཐོས། རོ་གཅིག་འབྲིང་པོས་སྨྲས་ཏེ་འདི་དང་མི་མཚུངས་ཙམ་སྣང་སྟེ། ལུགས་སྲོལ་འདི་ལ་རྡོ་རྗེའི་ཚིག་རྐང་གི་དགོངས་པ་འཕྱུགས་པ་མེད་པར་བཀོད་པས་བསྲེ་བསླད་མི་བྱ་ལ། རྣལ་འབྱོར་དབང་ཕྱུག་མི་ལའང་འདི་ལྟར་བཞེད་པ་ཡིན་ནོ། །གསུམ་པ་སྒོམ་ལམ་ཆེན་པོ་ནི། དེ་ཉིད་ལས། ཡུལ་སྣང་སོ་མ་བཅོས་བསླད་མི་དགོས་སྒོམ་དུ་ཤརཿ མཉམ་རྗེས་ཁོར་ཡུག་འདྲེས་ཀྱང་མཚན་འཁྲུལ་ཡོད་པ་ནིཿ སྒོམ་ལམ་ཆེན་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིནཿ ཞེས་པས། སྔར་སྣང་སེམས་རོ་གཅིག་ཏུ་འདྲེས་ཤིང་། ཇི་ལྟ་བའི་མཉམ་རྗེས་ལ་རེས་འཇོག་ཡོད་པ་དེ་ཡང་བརྟན་པ་ཆེར་ཐོབ་སྟེ་ཉིན་སྣང་ལ་ཁོར་ཡུག་ཏུ་འདྲེས། འཇིགས་སྐྲག་ལ་སོགས་གློ་བུར་བའི་ཡུལ་སྣང་ལ་གཉེན་པོས་འཇུན་མི་དགོས་པར་རྗེས་ཐོབ་ཀྱི་རྩལ་དུ་འཆར་བ་ལ་མ་ཧཱ་མུ་དྲས་རོ་གཅིག་ཆེན་པོར་བཏགས་པའོ། །ཕར་ཕྱིན་ཐེག་པ་དང་བསྟུན་ན་སྐབས་འདིར་སྒོམ་ལམ་ཆེ་འབྲིང་ཆུང་གསུམ་གྱི་ཐ་སྙད་བཞག་ནས་འཕགས་

(༥༡༠)ལམ་ཡན་ལག་བརྒྱད་བསྒོམས་ཏེ་ས་གཉིས་པ་དྲི་མ་མེད་པ་ནས་བཟུང་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་དུ་བགྲོད་པ་ཡིན་ལ། དེ་ཡང་འདི་ལྟར་མདོ་སྡེ་རྒྱན་གྱི་དགོངས་པ་ལྟར་ཆེ་འབྲིང་ཆུང་གསུམ་སོ་སོ་ལའང་ནང་གསེས་གསུམ་གསུམ་དུ་ཕྱེ་བས་དགུར་འགྱུར་བའི་ཆུང་ངུའི་ཆུང་ངུས་ས་གཉིས་པ་དྲི་མ་མེད་པ་སྟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆུང་ངུའི་འབྲིང་གིས་ས་གསུམ་པ་འོད་བྱེད་པ་སྟེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆུང་ངུའི་ཆེན་པོས་ས་བཞི་པ་འོད་འཕྲོ་བ་སྟེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འབྲིང་གི་ཆུང་ངུའི་ས་ལྔ་པ་སྦྱང་དཀའ་བ་སྟེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འབྲིང་གི་འབྲིང་པོས་ས་དྲུག་པ་མངོན་དུ་གྱུར་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འབྲིང་གི་ཆེན་པོས་ས་བདུན་པ་རིང་དུ་སོང་བ་སྟེ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆེན་པོའི་ཆུང་ངུས་ས་བརྒྱད་པ་མི་གཡོ་བ་སྟེ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆེན་པོའི་འབྲིང་གི་ས་དགུ་པ་ལེགས་པའི་བློ་གྲོས་ཏེ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཆེན་པོའི་ཆེན་པོས་ས་བཅུ་པ་ཆོས་ཀྱི་སྤྲིན་ཏེ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ས་བཅུའི་འགྱུར་འདི་རུ་བརྩི་བ་ཡིན་པས་བྱང་ཆུབ་སེམས་དཔའ་དང་མཚུངས་ལ། དེའི་ངང་ཚུལ་ནི་རྒྱུད་བླ་

(༥༡༡)མ་ལས། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །དེ་ལྟ་མོད་ཀྱིས་རྡུལ་དང་། །རྒྱ་མཚོ་བ་གླང་རྨིག་རྗེས་ཆུ། །ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཁྱད་པར་ཉིད། །ཅེས་ཕྲིན་ལས་ཀྱི་བྱེད་ཚུལ་འདྲ་བའི་ཆ་ནས་སེམས་ཅན་སྒྲོལ་བ་ལ་སངས་རྒྱས་དང་ཕྱོགས་མཚུངས་པར་བསྟན་ཀྱང་། དོན་དུ་བྱ་བ་དང་བྱེད་པ་གཉིས་ཀའི་སྒོ་ནས་སངས་རྒྱས་ལྷག་པར་ས་རྡུལ་ལ་སོགས་པའི་དཔེས་བསྟན་པ་ཡིན་ལ། ཡོན་ཏན་གྱི་ཁྱད་པར་ས་གཉིས་པ་ནས་བཟུང་དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སྐད་ཅིག་མ་རེ་རེ་བཞིན་སྟོང་འགྱུར་དུ་སྒྲེ་བའི་ནུས་པ་མངོན་འགྱུར་དུ་ཡོད་མེད་ནི་སྔར་ཁྱུང་དང་བྱ་བྲན་གྱི་དཔེས་བཤད་ཟིན་ཏོ། ༈ །བཞི་པ་མི་སློབ་པའི་ལམ་ལ་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བ་ལས་དང་པོ་ཆུང་ངུའི་རྣལ་འབྱོར་ནི། དེ་ཉིད་ལས། དྲན་འདུན་རྩོལ་བའི་བློ་ཟད་མཉམ་རྗེས་འཁོར་ཡུག་འདྲེསཿ གཉིད་དུས་འཁྲུལ་པའི་དྲི་མ་ཕྲ་མོ་ཡོད་པ་ནིཿ མི་སློབ་ཆུང་ངུའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིནཿ ཞེས་པས་ལམ་འོག་མ་རྣམས་སུ་རྗེས་ཐོབ་ཀྱི་རྩལ་ལ་བསོད་ནམས་དང་

(༥༡༢)ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པར་རྫོགས་པའི་མཐུ་ལས། འདོད་ཁའི་ལྟ་བ་ལུང་རིག་གི་དངོས་པོས་རྟག་ཏུ་བཟོད་པ་ཟུང་འཇུག་དང་། གཉིས་མེད་དང་། བརྗོད་བྲལ་ཙམ་དུའང་འཛིན་པའི་ཁས་ལེན་མཐའ་དག་རང་སར་ཞིག་སྟེ་ད་ལྟའི་ཤེས་པ་གྲ་མཉམས་ཤིང་མདོག་མ་བསྒྱུར་ལ། བློས་མ་བྱས་པའི་ཡེ་ཤེས་ཀྱི་ངོ་བོར་བསྒོམ་བྱ་རྡུལ་ཙམ་མི་འདུག་པ་ལ་སྒོམ་བྱེད་གང་ནས་རྙེད། མཉམ་པར་གཞག་བྱ་འཇོག་བྱེད་དང་བྲལ་བ་ལ་རྗེས་ཐོབ་གང་ནས་འཚོལ། ལྟ་བ་བཟང་པོ་ཤུབས་ནས་དོན་པ་ལ་དྲན་པས་གང་ལ་འཛིན། ཡེངས་ཡུལ་ཆོས་ཉིད་དུ་སོང་བ་ལ་ཡེངས་མཁན་སུས་བྱེད། དགོངས་པ་ཀློང་ནས་གྲོལ་ཏེ་གཏད་མེད་ཡེ་འབྱམས་སུ་སོང་བ་ལ་བྱ་རྩོལ་གང་ནས་བསྒྲུབ། འཁོར་འདས་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་ཞེན་མེད་ལྷུན་གྲུབ་ཏུ་མྱོང་བ་ལ་དྲན་པའི་སོ་བ་གང་ལ་འཇུགས་སྒོམ་པའི་ཞེ་འདོད་རྨིང་ནས་ཞིག་པས་བཞག་པས་ཆོག་གོ། །འཇོག་རྒྱུ་ནི་མེད་དེ་ལྷུན་གྲུབ་ཏུ་འདུག་གོ། །ཡོད་པ་ནི་མ་ལགས་ངོས་བཟུང་དང་བྲལ་ལོ། །མེད་པ་ནི་མ་ལགས་སངས་རྒྱས་ཀྱི་དགོངས་པ་ལགས་སོ། །ད་རེས་ཀློང་ཆེན་རབ་འབྱམས་ཀྱི་བུ་རྒྱུད་དུ་སོང་བས་རང་ཉིད་གཅིག་པུར་བྲག་ཕུག་ནང་དུ་ཆིག་དགོད་ཤོར་ནས།

(༥༡༣)ཨ་ལ་ལ་ཧོ། ཨ་ལ་ལ་ཧོ། ཨ་ལ་ལ་ཧོ། ཞེས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྫ་རྔ་བརྡུངས་སོ། །དོན་རྨོངས་ཚིག་ལ་ཞེན་པ་ཁྱེད་ཅག་གིས་བལྟས་ན་ཧ་ཤང་གི་ལྟ་བ་ཨི་ཡིན་སྙམ་པ་ལོས་ཡོང་ངོ། །བོན་པོའི་ལྟ་བ་ཡིན་པ་འདྲ་དགོངས་པ་ལོས་ཡོང་ངོ་། །གཅེར་བུ་རྒྱང་འཕེན་པའི་གྲུབ་མཐའ་ཡིན་པ་འདྲ་སྙམ་པ་འདུག་གོ། །ཧེ་ཧེ་དབུ་མ་རབ་ཏུ་མི་གནས་པ་ཡང་འདི་གར་འདུག་གོ། །ཕྱག་རྒྱ་ཆེན་པོ་བློ་ལས་འདས་པ་ཡང་འདི་གར་འདུག་གོ། །རྫོགས་པ་ཆེན་པོ་གདོད་ནས་རྣམ་དག་ཀྱང་འདི་གར་འདུག་གོ། །གཞི་མེད་རྩ་བྲལ་གྱི་གདོན་ཆེན་རྣལ་འབྱོར་པའི་སྙིང་ལ་ཞུགས་ནས་ཅི་བྱེད་མི་གདའོ། །ཀུན་གཞིའི་རྣམ་ཤེས་ཆོས་སྐུར་ཐིམ་པའི་སྨྱོན་པ་ལ་གཟའ་གཏད་ཀྱི་དྲན་པ་ཡོད་པ་མ་ལགས་པས། བྱ་རྒྱུ་དར་བྱེད་རྒྱུ་མེད་པའི་ངང་ལ་འདར་ཉལ་བྱས་ཏེ་བསྡད་པས་ཡུལ་ལྔའི་རང་གདངས་ཀྱི་ཤེས་པ་ཕྲ་མོ་དེ་ཉིད་ཡིད་ཀྱི་རྣམ་པར་ཤེས་པ་དང་འདྲེས་ནས་མི་གདའོ། །འདྲེས་པ་དེ་སླར་ཡང་ཀུན་གཞིའི་རྣམ་ཤེས་ཀྱི་སྦུབས་སུ་ཆུད་པ་ལ་ཆོས་སྐུའི་འོད་གསལ་གྱི་མར་མེ་རང་འབར་བས་རང་བཞིན་གྱི་སྤྲོས་པ་དང་བྲལ་བར་གནས་སོ། །དེ་ལྟ་ནའང་ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱི་རྩལ་མ་

(༥༡༤)རྫོགས་པས་སྔར་གྱི་ཀུན་གཞིའི་སྦུབས་སུ་འཐུམས་ནས་འོད་གསལ་གྱི་མར་མེ་དེ་ནི་ཤི་ནས་མི་འདུག་གོ། །དེའི་ཚེ་ཡིད་ཤེས་ཁོ་གཅིག་པུར་ལངས་ནས་རྨི་ལམ་གྱི་གྲོང་ཁྱེར་ག་ལ་བ་དེར་ཕྱིན་ནས་སྣང་བ་དཀར་དམར་སྣ་ཚོགས་ཀྱི་བསླུས་པ་ཞིག་བྱུང་བས་འཁྲུལ་པའི་ཆ་ཤས་གཅིག་དུ་རུང་འདུག་གོ། །ཞེས་རང་ཉིད་ཀྱིས་ཇི་ལྟར་མཐོང་བའི་སྟེང་ནས་མིང་ཚིག་གིས་དྲངས་ནས་གསལ་ལ་དབྱིངས་ཆེ་བར་བཤད་པ་སྟེ། མ་ཧཱ་མུ་དྲ་བས་སྒོམ་མེད་ཆུང་ངུའི་མིང་འདོགས་ཙམ་ཆ་མཚུངས་སུ་སྦྱོར། གཉིས་པ་མི་སློབ་འབྲིང་པོའི་རྣལ་འབྱོར་ནི། དེ་ཉིད་ལས། ཉིན་མཚན་ཀུན་ཏུ་འོད་གསལ་འཁོར་ཡུག་གཅིག་ཏུ་གྱུརཿ གཉིད་ཀྱི་འོད་གསལ་ཕྲ་མོ་ཉམས་སུ་ཤར་བ་ནི༔ མི་སློབ་འབྲིང་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིནཿ ཞེས་པ་ལ་འདི་སྐད་འཆད་དོ། །ཉིན་སྣང་ལ་སྔ་མ་ལས་ལྷག་པའི་རྟོག་པ་ཞིག་བཙལ་ཀྱང་མི་རྙེད་པ་ཞིག་ལགས་སོ། །མཚན་སྣང་ལ་སྔ་མ་ལྟར་སྣང་མཆེད་ཀྱི་ཐིམ་རིམ་ལུགས་འབྱུང་ལུགས་ལྡོག་གི་རྟེན་འབྲེལ་ས་ཚོགས་ལ་བརྟེན་མ་དགོས་པར། ཡུལ་ལྔའི་བཟུང་ཡུལ་ནུབ་པའི་ངང་ལས་ཡིད་གསུམ་གྱི་རྩལ་བག་ལ་ཞ་སྟེ་མུན་པ་ལྟ་བུའི་གཏི་མུག་ཀྱང་མ་ཡིན་ལ།

(༥༡༥)གསལ་ཆེའི་གོ་ཡང་མི་ཕྱེད་པའི་མིང་རྟོགས་པའི་འོད་གསལ་ཞིག་ལ་གནས་སོ། །དེ་ནི་ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱིས་སད་པར་མ་བྱས་ན་གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ་བ་ཡིན་ནོ། །ཞེས་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་ངོ་སྤྲོད་མཛད་བྱུང་བ་ཡིད་ལ་བཅགས་ནས་གྲུང་ཆ་བཏོན་པས་མི་མཇེད་ཀྱི་བཀོད་པའང་གསལ་ལམ་སྙམ་པའི་སྣང་ཆ་གོ་མ་འགགས་ལ་འདུ་ཤེས་གྲུང་པོ་ལས་འདས་པ་ཞིག་བྱུང་ངོ། །དེ་ནི་གསལ་བའི་འོད་གསལ་གྱི་རང་བཞིན་ཡིན་ཏེ་ཆགས་ན་གཟུགས་ཁམས་སུ་སྐྱེ་བ་ཡིན་ནོ་ཞེས་ཀུན་མཁྱེན་བླ་མས་ཞལ་ཆེམས་སུ་བཞག་འདུག་པས་མཐའ་གྲོལ་ཀློང་ཡངས་ཆེན་པོའི་གནད་ལ་རྒྱུན་དུ་སློབ་པ་ཞིག་ལགས་སོ། །ཨ་ལ་ལ་ཧོ། ཕ་ཨོ་རྒྱན་ཆོས་རྗེའི་བྱིན་རླབས་དང་། །མ་ཡེ་ཤེས་ཌཱ་ཀྐིིའི་ཐུགས་རྗེ་ཡིས། །དབུ་མ་འོད་གསལ་གྱི་ཁང་མཛེས་ནང་། །ངའི་དགོངས་པ་ཅོག་བཞག་ཆེན་པོར་འཁྱིལ། །སྤྱིར་སྙིང་ཏིག་ཟབ་མོའི་བཀའ་དྲིན་དང་། །སྒོས་ཀུན་མཁྱེན་བླ་མའི་དགོངས་གཏེར་གྱིས། །ངའི་ཉམས་མྱོང་སོམ་ཉིའི་སྒྲོག་ལས་གྲོལ། །གྲོགས་གྲུབ་ཐོབ་ཚོགས་ཀྱང་གནོད་རྒྱུ་མེད། །ཚིག་དཔྱད་ལེགས་ཀྱི་སྟོང་པའི་འབྲུག་སྒྲ་དང་། །

(༥༡༦)དོན་ལག་བསྟར་གྱི་གསེར་ཞུན་དངས་མའི་བཅུད། །དེ་བསྲེས་ཀྱང་འདྲེས་པ་མ་ལགས་པས། །ངའི་མན་ངག་ལ་བཅོས་བསླད་མ་བྱེད་ཅིག །ཐབས་ལམ་གྱི་བདེ་བའི་འོད་གསལ་དང་། །ཐོད་རྒལ་གྱི་སྣང་བའི་འོད་གསལ་གཉིས། །འདིར་འཆད་པའི་སྐབས་སུ་མ་བབས་པས། །མ་མཁའ་འགྲོའི་ཡང་ཏིག་དེ་ལ་དྲིས། །གསུམ་པ་མི་སློབ་ཆེན་པོའི་རྣལ་འབྱོར་ནི། དེ་ཉིད་ལས། གཉིས་སྣང་ཤེས་བྱའི་དྲི་མ་ཕྲ་མོ་དེ་ཟད་ཅིང་ཿགཞི་དང་ལམ་གྱི་འོད་གསལ་གཅིག་ཏུ་འདྲེས་པ་ནཿམི་སློབ་ཆེན་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིནཿཞེས་པས་ཕྱི་སྣང་བའི་ཡུལ་ཟད། ནང་འཛིན་པའི་སེམས་ཟད། ལས་དང་བག་ཆགས་ཀྱི་མཐའ་སྟོངས་ཏེ། གདོད་མ་བཞིའི་གནས་ལུགས་འཁོར་འདས་ཀྱི་བློས་སྒྲོ་མ་བཏགས་ཤིང་། འཁྲུལ་གྲོལ་གྱིས་མཚམས་ལས་འདས་པ། ཅི་ཡང་མ་ཡིན་ལ་ཅི་ཡང་བྱར་བཏུབ་པ། གཞི་ཐོག་ནས་ཆོས་དྲུག་གིས་སངས་རྒྱས་པའི་ཡེ་ཤེས་འོད་གསལ་གྱི་སྦུབས་རང་བཞིན་གྱི་རྣམ་པར་དག་པ་དེའི་ངང་དུ་ད་ལྟའི་ལམ་གྱི་རིག་པ་བཟང་རྟོག་ངན་རྟོག་ལུང་མ་བསྟན་གསུམ་ཀའི་སྐྱོན་ཡོན་དགག་སྒྲུབ་ལས་འདས་པ་ནམ་མཁའ་དངས་པའི་ཀློང་

(༥༡༧)ལྟ་བུ་དང་འདྲེས་པས། བསྒོམ་བྱའི་ཆོས་མེད། བླང་དོར་གྱི་རིས་མེད། ཡིན་མིན་གྱི་རྩིས་མེད། ས་ལམ་གྱི་འཕྲང་མེད། སྐུ་གསུམ་འདུ་འབྲལ་མེད་པའི་ངང་དུ་ཉིན་མཚན་རིས་མེད་དུ་ལ་བཟློས་པ་ཞིག་ལ་ཟེར་བ་གདའ་སྟེ། རྫོགས་ཆེན་སེམས་སྡེ་ལས་ལྷུན་གྲུབ་ཀྱི་ཉམས་ཏིང་ངེ་འཛིན་ཐུན་མཚམས་ལས་འདས་པ་ཞེས་འཆད་ལ། མ་ཧཱ་མུ་དྲའི་སྒོམ་མེད་ཆེན་པོ་སྟེ་མན་ངག་དངོས་ན་སྙིང་ཏིག་གི་དགོངས་པ་དང་སྦྱར་ནས་བཤད་པས་ཁྱད་པར་ཅུང་ཟད་ཡོད་པར་ཤེས་དགོས་སོ། །འདི་ལྟ་བུའི་དགོངས་པ་དེ་སུ་ལ་མངའ་ན་གྲུབ་ཐོབ་ཆེན་པོ་རྣམས་ལའང་མནལ་ལམ་བྱུང་བའི་ལོ་རྒྱུས་འདུག་པས་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང་། པ་ཆེན་བི་མ་ལའི་དགོངས་པའི་ཀློང་ཆེན་པོ་འཁྱིལ་བར་རྟོགས་པས་བླུན་སྒོམ་མུ་ཅོར་སྨྲ་བ་རྣམས་ཕུ་ཐག་མ་ཆོད་པའི་ཅལ་ཅོལ་འུུད་སྐད་དུ་མ་སྨྲ་བར་བག་ཡོད་པར་བགྱིད་ན་ཅི་མ་རུང་སྙམ་པ་ཤར་ཏེ་ཡི་གེར་འགོད་པའང་ཐལ་ལོ། །སྐབས་འདིར་ཕར་ཕྱིན་ཐེག་པ་དང་བསྟུན་ན། སློབ་ལམ་བཞིར་བསླབ་བྱའི་ཚོགས་གཉིས་མཐར་ཐུག་པས་སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་པ་མངོན་དུ་གྱུར་ཏེ། ཕྲིན་ལས་ཕུན་སུམ་

(༥༡༨)ཚོགས་པས་འགྲོ་བ་མཐའ་དག་བྱང་ཆུབ་གསུམ་ལ་འགོད་པ་སྟེ། དེའི་ངོ་བོའི་རྟེན་གྱི་ཁྱད་ནི་སྐུ་གསུམ་ཡིན་ལ། དང་པོ་ཆོས་སྐུ་ལ་དབྱེ་ན་གཉིས་སུ་ཡོད་པས་སྔར་སྨིན་བྱེད་ཀྱི་མཐར་བཤད་ཟིན་ལ། བརྗོད་བྱ་རྒྱས་པ་ནི་མངོན་རྟོགས་རྒྱན་དང་། རང་བཞིན་གྱི་རྣམ་དབྱེ་ནི་ཀུན་མཁྱེན་སངས་རྒྱས་གཉིས་པས་གསང་རྒྱུད་ཀྱི་དགོངས་པ་རྒྱ་མཚོ་ལྟ་བུར་དཔྱད་གསུམ་དག་པའི་གྲུ་གཟིངས་ཀྱིས་བརྒལ་ནས་བཤད་པའི་ཕྱིར་བདག་འདྲས་སྨོས་ཅི་འཚལ་ལོ། །གཉིས་པ་ལོངས་སྐུ་ནི། འཁོར་བའི་ཆ་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་དབྱིངས་སུ་ནུབ་པས་ཆོས་སྐུ་དང་ངོ་བོ་གཅིག་ཀྱང་། སྣང་ཆའི་ཡོན་ཏན་མ་ལུས་པ་རྫོགས་ཏེ་ངེས་པ་ལྔ་དང་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཚུལ་གྱིས་རྟག་པ་རྒྱུན་དུ་ཞུགས་པ་སྟེ། དེ་ལ་ངེས་པ་ལྔ་ནི། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པར། སྟོན་པ་ངེས་པ་མཚན་དཔེ་རྫོགས་པའི་རྣམ་པར་སྣང་མཛད་ཀྱིས། འཁོར་ངེས་པ་ས་བཅུའི་སེམས་དཔའ་ལ། ཆོས་ངེས་པ་ཐེག་པ་ཆེན་པོ་འབའ་ཞིག །དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་གྱིས་སྟོན་ལ། སྐུ་གསུམ་ཡན་ལག་བདུན་ལྡན་ནི། སེམས་ཅན་ཀུན་ལ་བརྩེ་བའི་ཐུགས་རྗེས་

(༥༡༩)རྒྱུན་མི་ཆད་ལ། ཐུགས་རྗེ་ཆེན་པོས་ཐུགས་རྒྱུད་ཡོངས་སུ་གང་བ། འགོག་པ་མེད་པ་སྟེ་སྤྲུལ་སྐུའི་ཡན་ལག་གསུམ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་བཞིན་མེད་པ་སྟེ་ཆོས་སྐུའི་ཡན་ལག་གཅིག །ཟབ་རྒྱས་སྔགས་ཀྱི་ཆོས་འཁོར་ལ་རྟག་པར་ལོངས་སྤྱོད་པ་དང་། ཡེ་ཤེས་ཀྱི་སྐུ་རང་འོད་ཀྱི་ཡུམ་དང་སྦྱོར་བས་ཁ་སྦྱོར། ཟག་མེད་ཀྱི་བདེ་བ་ཆེན་པོ་རྒྱུན་ཆད་མེད་པ་སྟེ་ལོངས་སྐུའི་ཡན་ལག་གསུམ་དང་བདུན་ནོ། །གསུམ་པ་སྤྲུལ་སྐུ་ནི་ལོངས་སྐུའི་དབྱིངས་ཆོས་སྐུའི་ངང་ལས་མ་གཡོས་བཞིན་དུ་གདུལ་བྱའི་ངོར་གང་འདུལ་གྱི་སྤྲུལ་པའི་རོལ་པ་ཚད་མེད་པས། དབྱེ་ན་གསུམ། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་བ་དེ་བཞིན་དུ། །བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམས་པ་གྲོལ་བའི་ཐབས་ཆེན་པོ། །ཅེས་སོ། །དེའི་ཕྱིར་ལུགས་དང་། བྲིས་དང་གླེགས་བམ་ལ་སོགས་པ་ཐམས་ཅད་ནི་འགྲོ་བའི་བསོད་ནམས་འཕེལ་བའི་ཕྱིར་བཟོ་སྤྲུལ་པའོ། །དེས་ས་ལ་སོགས་པར་སྤྲུལ་ནས་ནད་དང་མུ་གེ་ལ་སོགས་པ་སྐྱོབ་པ་ནི་སྐྱེ་བ་སྤྲུལ་སྐུའོ། །མཆོག་གི་སྤྲུལ་སྐུ་ནི་མཛད་པ་བཅུ་གཉིས་ལ་སོགས་པ་སེམས་ཅན་འདུལ་བས་

(༥༢༠)འགྲོ་བའི་བླ་མ་ཤཱཀྱ་སེང་གེ་ལྟ་བུ་སྟེ། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་ནི། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་སོ། །དེ་དག་གི་བརྟེན་པ་ཡེ་ཤེས་ཀྱི་རང་བཞིན་ནི། གཞུང་ལུགས་ཆེན་པོ་རྣམས་སུ་ཤེས་ལ་ཁྱད་པར་ཀུན་མཁྱེན་ཆེན་པོའི་མན་ངག་གི་བསྟན་བཅོས་རྣམས་སུ་རིག་པར་བྱའོ། །དེ་ལྟ་ནའང་དེང་བརྗོད་བྱའི་ལམ་གྱི་གཙོ་བོ་རྡོ་རྗེ་ཐེག་པའི་བསྒྲུབ་བྱ་སྐུ་གསུམ་རང་ཆས་ཀྱི་མཚན་ཉིད་ནི། གྲོལ་ཐིག་གི་རྡོ་རྗེའི་ཚིག་རྐང་ལས། རིག་སྟོང་དབྱེར་མེད་གང་དེ་ཆོས་སྐུ་ཉག་གཅིག་ཡིནཿ རིག་པའི་ངོ་བོ་ཅིར་ཡང་མ་གྲུབ་སྟོང་པ་ཉིདཿ ངོ་བོ་སྟོང་པ་ཆོས་ཀྱི་སྐུ་

(༥༢༡)ཞེས་དེ་ལ་བརྗོད རང་བཞིན་མ་འགགས་འཁོར་འདས་ཀུན་ཏུ་རང་གསལ་བ རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་སྐུ་དེ་ཉིད་ཡིན རིག་པའི་ཆོ་འཕྲུལ་མ་འགགས་ཅིར་ཡང་འཆར་བ་ནི ཐུགས་རྗེ་མ་འགགས་སྤྲུལ་པའི་སྐུ་ཞེས་དེ་ལ་བརྗོད དེ་གསུམ་དབྱེར་མེད་རོ་མཉམ་བསམ་བརྗོད་བྲལ་བ་ནི ངོ་བོ་ཉིད་སྐུ་ཞེས་བྱ་དེ་ལ་བརྗོད་པ་ཡིན རང་རིག་ངོ་བོ་ཅིར་ཡང་མ་གྲུབ་མཁའ་ལྟར་དག དང་པོའི་སངས་རྒྱས་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན ཞེས་གསུངས་ལ་རྡོ་རྗེ་ཐེག་པའི་གྲོལ་སའི་མཐར་ཐུག་འདི་ཁོ་ན་ཡིན་པས་འཁོར་འདས་སོ་སོའི་འཇུག་ལྡོག་ཐམས་ཅད་ཀྱི་རྩ་བ་རང་རིག་ཡེ་ཤེས་ཆེན་པོར་ལ་བཟློས་པ་ཞིག་གི་ཉམས་ལེན་ལ་ལག་བཅངས་སུ་བྱེད་པ་འོ་སྐོལ་རྣལ་འབྱོར་པའི་ལམ་ཡིན་པས་ཕར་ཕྱིན་གཞུང་ལུགས་པའི་འགལ་གྲུབ་བརྒལ་བརྟག་གི་རྟོག་པའི་དྲ་བ་དང་། ས་ལམ་གྱི་གཟེབ་ཏུ་ཆུད་པའི་ངལ་བ་མཐའ་དག་ལས་གྲོལ་བའི་བློ་བདེ་རྒྱུན་ཆད་མེད་པ་ཞིག་ལགས་སོ། །དེ་ལྟ་ནའང་གཞུང་ལུགས་པར་རློམ་སེམས་ཆེ་བ་དག་གིས་རྡོ་རྗེ་ཐེག་པའི་ལམ་ལ་ཡིད་གཉིས་ཟ་བའི་ཅ་ཅོའི་འགལ་སྒྲོག་དང་རྣལ་འབྱོར་པས་ལམ་གྱི་གནད་ཅུང་ཟད་ཙམ་ཡང་མི་

(༥༢༢)ཤེས་པར་དོགས་པའི་ཉེས་པ་འགེགས་ཕྱིར་ཕ་རོལ་ཕྱིན་པའི་ལམ་ལ་གོམ་པའི་འདེགས་འཇོག་ཙམ་ཡང་བསྒྱུར་མ་མྱོང་སྟེ་ཀློང་ཆེན་རིག་པའི་རྩལ་གྱི་རྣམ་པར་དཔྱད་ནས་དབུ་མའི་རྩ་མདུད་གྲོལ་བའི་ལག་རྗེས་སུ་བྱས་པ་ལགས། སླར་སྨྲས་པ། དེ་ལྟར་དྲི་ཚིག་འོད་ཟེར་བརྒྱ་པ་ལས། །ལེགས་འོངས་མཆིད་ལན་པདྨ་དཀར་པོ་ནི། །དགོས་འབྲལ་མེད་པའི་ངག་གིས་བསྔགས་པ་མིན། །ངེས་པའི་དོན་ལ་སྦྱོར་བའི་ཕོ་ཉ་ཡིན། །ཤེས་རབ་གསུམ་གྱི་ལུས་སྟོབས་ཆེ་བའི་མཁས་གྲུབ་ཀློང་ཆེན་གཟིམས་པ་ལས། །མདོ་སྔགས་གཞུང་ལ་རྣམ་པར་དཔྱོད་པའི་སོར་རྟོག་ཡེ་ཤེས་མིག་ཟུམ་ལ། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་གནད་ལ་རྟོག་བཏགས་འགལ་འདུའི་གྲུབ་མཐའ་ཡིས། །ནོར་འཛིན་བུ་མོའི་ལྟོ་བ་སྦྲུམ་ཚེ་ངེས་དོན་མན་ངག་འདི་བྱས་སོ། །ཐོས་བསམ་རྒྱ་མཚོ་ལམ་གྱི་གྲོགས་ཡིན་ལ། །བསྟན་པའི་སྙིང་པོ་སྒྲུབ་པར་བསྔགས་ན་ཡང་། །རྒྱ་ཆེའི་གཞུང་ལ་དཔྱོད་པ་ཆེས་དཀོན་ཞིང་། །གལ་ཏེ་སྲིད་རྣམས་རྣམ་གཡེང་དགའ་མས་མྱོས། །དེ་ཕྱིར་དཔྱད་གསུམ་དག་པའི་མ་ཎི་ཀ ངེས་དོན་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས་མཆོག །ཟབ་དང་རྒྱ་ཆེའི་འོད་སྟོང་བཅུད་འདྲིལ་བ། །དེད་དཔོན་གྲུབ་

(༥༢༣)པའི་དཔའ་བོས་བླངས་དེ་མཚར། །དོན་རྒྱུད་བྱིན་རླབས་ཕབས་ཀྱིས་བྲན་པ་ཡིས། །ཀ་དག་བདུད་རྩིའི་ཉིང་ཁུ་འཐུངས་པ་ལས། །ཆོས་ཟད་རྟོགས་པས་མྱོས་པའི་རྒྱང་གླུ་དེར། །གྲུབ་པའི་རིག་འཛིན་ཡོད་ན་གསན་པར་རིག །རྣམ་གཡེང་ཚང་ཚིང་ནགས་ཀྱི་བས་མཐའ་རུ། །ཉོན་མོངས་རྩེ་འཇོར་རོལ་དང་ཆབ་གཅིག་པར། །མཐུན་འཇུག་ལག་རྐྱོང་གར་གྱི་འཚོ་བ་ཡིས། །ཡལ་གའི་རི་དྭགས་རྣམས་ལ་འདི་མ་འཚལ། །སྲིད་པ་ཆུ་ཤིང་ལྟ་བུའི་གྲོང་ཁྱེར་ནས། །གཡའ་གངས་བྲག་རིའི་གམ་དུ་བྲོས་ནས་ཀྱང་། །འོད་གསལ་ཏིང་འཛིན་གྲུབ་པ་དོན་གཉེར་བའི། །སྐལ་བཟང་གྲོགས་རྣམས་མཉེས་པའི་དགའ་སྟོན་མཛོད། །ཚེ་འདི་མི་རྟག་ལ་ཁའི་ན་བུན་འདྲ། །སྐྱེ་འཆིའི་སྣང་ཚུལ་བར་སྣང་གློག་ལས་མྱུར། །འཁོར་བ་གང་ལ་བརྟགས་ཀྱང་དུ ཁའི་གཞིར། །ངེས་པས་མི་ཚེའི་ལྷག་མ་ཆུད་མི་གསོན། །ཧ་ཅང་ཐོས་པར་ཞེན་ཡང་གྲོལ་བ་མིན། །འཆད་རྩོད་རྩོམ་ལ་ཨ་འཐས་རློམ་སེམས་རྒྱུ། །དེ་ཕྱིར་འདུ་འཛིའི་དབེན་པའི་བྲག་སྐྱིབས་སུ། །དབྱིངས་རིག་བསྲེ་བ་སྤྲང་པོའི་མདུན་མ་ཡིན། །འབྱུང་འགྱུར་ལུང་གི་རྔ་སྒྲ་མཐུ་ཆེ་བས། །འཚོ་བའི་འདུ་བྱེད་འཕྲོག་པའི་ཡ་མཱནྟ། །བོས་ཏེ་རིང་

(༥༢༤)པར་མི་ཐོགས་བཀུམ་ན་ཡང་། །གོང་མའི་གྲུབ་མཐའ་སྙོགས་ནས་སོང་བར་ངེས། །ད་ལྟ་ལས་ཀྱིས་འབྲེལ་བའི་མཆེད་ལྕམ་དང་། །ཕྱི་མཐར་བདག་ལ་དགའ་བའི་རྗེས་འཇུག་ཀུན། །གཅིག་པུར་སྙིང་པོའི་སྒྲུབ་པ་ལྷུར་ལེན་ལ། །ཁྲོ་བོའི་མྱོང་ཡིག་རྣམས་ལ་ནན་ཏན་གཟིགས། །དབང་ཆེན་མཁྱེན་བརྩེའི་འོད་ཟེར་ན་ཕྲ་ཡང་། །གུ་རུས་བྱིན་བརླབས་ཀློང་ཆེན་ཐུགས་ཀྱིས་བཟང་། །ཐོས་བསམ་སྒོམ་པའི་ན་ཚོད་བ་རླིང་བ་དེས། །གདམས་པའི་གནད་ལ་འཕྱུགས་པ་མེད་པར་ངེས། །དབེན་པར་བག་ཡངས་སྤྱོད་པས་ལ་བཟླས་ཤིང་། །གང་དྲན་ཐོལ་བྱུང་སྨྲས་པའི་མཐུ་བརྟས་ལས། །རེ་དང་དོགས་པའི་ཟོལ་གྱིས་མ་ཟློས་ཕྱིར། །ནོངས་ན་འཆགས་སོ་ཆོས་ཀྱི་དབྱིངས་སུ་མཉམ། །ལྷག་བསམ་དཀར་པོའི་ཆུ་ཁུར་ཞུ་བ་ལས། །མན་ངག་བདུད་རྩིའི་ཟིལ་མངར་བབས་པ་དེས། །ཉོན་མོངས་བག་ཆགས་ཚ་གདུང་བསལ་ནས་ཀྱང་། །རང་སྣང་གདོད་མའི་མགོན་པོར་བྱང་ཆུབ་ཤོག །

(༥༢༥)འུྃགནས་ལུགས་རྡོ་རྗེའི་ཚིག་རྐང་བཞུགས འུྃ༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ གཞི་ཡི་གནས་ལུགས་སྤྲོས་དང་བྲལ༔ གཞི་སྣང་རིག་པ་ཆོས་ཀྱི་སྐུ ལམ་ལ་བྱ་རྩོལ་ཡེ་ནས་དག༔ དེ་ཉིད་མངོན་གྱུར་གྲོལ་ས་ཆེ འབྲས་བུ་གུད་དུ་བཅད་མ་ཡིན འབྲས་ཉིད་རྒྱུ་རུ་ཡོད་པའི་དུས ཆམ་གྱིས་གནས་པ་ཞི་གནས་ཡིན ཐོལ་གྱིས་ཤར་བ་རིག་པའི་གདངས ཧྲིག་གིས་རིག་པ་ལྷག་མཐོང་ཡིན ཅེར་གྱིས་ཡལ་བ་གདོད་མའི་ངང་ གཉུག་མར་གནས་པ་ཆོས་ཀྱི་སྐུ ཤེས་བཞིན་འཆར་བ་ལོངས་སྤྱོད་རྫོགས གནས་འགྱུ་གཉིས་མེད་སྤྲུལ་པའི་སྐུ སྐུ་གསུམ་རིག་པ་དེ་ལ་ཟེར ལྷོད་དེ་གནས་ལ་དེར་འཛིན་མེད ཧྲིག་གེར་འགྱུ་བ་ངོས་བཟུང་བྲལ ལྷང་ངེར་གྲོལ་ལ་རྗེས་ཤེས་མེད སྐུ་གསུམ་ལྷུན་གྲུབ་དེ་ལ་ཟེར ལྟ་བ་མེད་ལ་བྱིང་རྒོད་བྲལ སྒོམ་པ་མེད་ལ་ལྷུམས་སུ་ཞུགས སྤྱོད་པ་མེད་ལ་གཟའ་གཏད་བྲལ རྣལ་འབྱོར་དབང་ཕྱུག་དེ་ལ་ཟེར ཐོལ་གྱིས་ཤར་བའི་རྣམ་རྟོག་དེ

(༥༢༦)རིག་ཅིང་དེ་ཁའི་རྒྱུན་སྐྱེ་ངན གཤིས་ལ་ཤོར་བའི་ལྷག་མཐོང་ཡིན མིང་ལ་རྗེས་ཐོབ་འདོག་ན་ཐོགས རྣམ་རྟོག་ཆོས་སྐུར་གྲོལ་བ་མིན ཐད་ཀར་རྩ་གདར་ཆོད་པ་དགོས ཡེ་ནས་རིག་པ་སྤྲོས་བྲལ་ལ ལྟ་སྒོམ་སྤྱོད་པའི་ཐ་སྙད་དང་ དེར་འཛིན་གཞི་རྩ་མེད་པར་སངས བཟང་རྟོག་ངན་རྟོག་ལུང་མ་བསྟན གང་གི་ཕྱོགས་སུ་མ་ལྷུང་ཞིང་ ཤར་གྲོལ་དབྱེ་བའི་མཁན་པོ་མེད ཤེས་རིག་རང་ཚུགས་མ་ཤོར་ན འདི་ལས་ལྷག་པ་གཞན་མ་དགོས མཁས་བཙུན་བརྒྱ་དང་གྲུབ་ཐོབ་སྟོང་ ལོ་པཎ་ཁྲི་དང་མན་ངག་འབུམ བསྟན་བཅོས་བྱེ་བ་ས་ཡ་དང་ མཇལ་ཀྱང་ཐེ་ཚོམ་བཅད་མ་དགོས ས་མ་ཡ དྷ་ཐིམ བུ་གཅིག་མཁྱེན་བརྩེའི་འོད་ཟེར་ལ ཤེས་རིག་ཀུན་ཏུ་བཟང་པོ་ཡིས བྱིན་རླབས་དགོངས་བརྒྱུད་ཚུལ་དུ་གནང་ ཀུན་ལ་མ་སྟོན་སྙིང་གར་སྦོས དེ་སྐད་འོག་མིན་བྲག་ཕུག་ཏུ ཆོ་འཕྲུལ་ཟླ་བའི་ཉེར་དྲུག་གི མུན་མཚམས་མཁའ་འགྲོ་འདུ་བའི་ཚེ རིན་ཆེན་ཤོག་སྐྱའི་

(༥༢༧)འུྃ ལོགས་སུ་ཕབ སྙན་བརྒྱུད་ཟབ་མོ་ཨ་ཐམ་རྒྱ འདི་ཁོ་ནའོ འདི་ཁོ་ནའོ༔ འདིའི་དོན་འགྲེལ་ཀུན་མཁྱེན་ཞལ་ལུང་༔

(༥༢༨)

(༥༢༩)རིག་འཛིན་མཁའ་འགྲོ་དགྱེས་པའི་གསང་གཏམ། །ཡིད་དཔྱོད་གྲུབ་མཐའ་འཇིག་པའི་ཐོ་ལུམ། །སྙིང་ཕྱུང་ལག་མཐིལ་བཀྲམ་པའི་མན་ངག །གསང་བདག་དགའ་རབ་དཔའ་བོའི་ཐོལ་གླུ། །ཀུན་མཁྱེན་ཞལ་ལུང་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས། །

(༥༣༠)དཔལ་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ལྟ་སྒོམ་སྤྱོད་འབྲས་དང་། །བྱ་རྩོལ་འཛིན་ཞེན་རང་སངས་གཉུག་མའི་ཀློང་། །ཐེག་པ་ཀུན་དང་མི་འདྲ་ས་ལམ་རྫོགས། །ཨ་ཏི་གསང་བ་ཆེན་པོར་ཕྱག་བགྱིའོ། །རིག་པའི་རྒྱུད་སྡེ་རང་བཞིན་རྫོགས་པ་ཆེའི། །རྣལ་མའི་དགོངས་པ་རིག་འཛིན་ཐུགས་ཀྱི་བཅུད། །མཁའ་འགྲོའི་སྲོག་ཏིག་ཀློང་ཆེན་རབ་འབྱམས་མཛོད། །འདི་ནི་སྙིང་དང་མིག་ལས་ངེས་པར་གཅེས། །དེང་སང་འདི་ན་ལོ་ཟླ་ཇི་སྙེད་དུ། །

(༥༣༡)ལམ་ལ་ཞུགས་རློམ་ལྷག་མཐོང་རྟོག་མེད་ཀྱིས། །མ་ཟིན་དཔྱོད་པའི་འདུ་ཤེས་གྲུང་པོ་ཡིས། །བསླུས་དག་ཡང་དག་ལམ་ལ་གཟུང་ཕྱིར་བཤད། །རང་ལྟ་མཆོག་འཛིན་ང་རྒྱལ་བདུད་ཀྱི་བློས། །མཐོང་མ་ཐག་ཏུ་སུན་འབྱིན་མ་སྨྲ་བར། །གཟུ་བོའི་བློ་ཡིས་ཅུང་ཟད་ཡིད་གཞུངས་ལ། །ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །ཞེས་གདམས་ཏེ། །དེ་ལ་བགྲང་བྱའི་ཁུར་མང་པོར་དབེན་པའི་བརྟུལ་ཞུགས་ཀྱིས་དུབ་པའི་སྒོམ་ཆེན་པ་ཇི་སྙེད་ཅིག་དང་། དེ་དག་གི་བོགས་དབྱུང་བའི་བཤེས་

(༥༣༢)གཉེན་དེས་གསང་རྫོགས་པ་ཆེན་པོའི་དོན་ལས་རིང་བ་ཕལ་གྱིས་སྒོམ་དོན་མཐར་ཐུག་གི་སྐྱེལ་སོ་གནས་ཀྱང་ངོ་ཤེས། །འགྱུས་ཀྱང་ངོ་ཤེས་ན་དེ་ལས་གཞན་པའི་ཐུགས་དམ་ཞིག་མི་དགོས་ཞེས་གསུང་གཅིག་ཏུ་སྐྱུར་བས་ཀ་དག་ཕྱོགས་ཡན་ཆེན་པོའི་དགོངས་པ་ལ་སྔ་འདྲིས་གཅིག་གིས་ཀྱང་ཉེ་རུ་མ་སོང་བར་ཧ་ཅང་རང་ཚོ་ཟིན་དྲག་ཅིང་མི་ཚེ་སྟོང་པར་འཛད་པ་ཕངས་ཆེས་ནས་དྲེགས་པ་དང་རྒྱགས་པ་སོགས་མ་ཡིན་པར་དོན་དམ་ལྷག་བསམ་གྱི་ཀུན་མཁྱེན་ཞལ་ལུང་ཞེས་བྱ་བའི་ཨུ་པ་དེ་ཤ་འདྲི་བ་ལ་ཡིད་ཕྱོགས་སོ། །དེ་ལ་སྙིང་ཏིག་ཐུན་མོང་མ་ཡིན་པའི་དགོངས་པ་རང་ལ་གནས་ལུགས་ཡེ་གྲོལ་རྒྱུ་འབྲས་ལས་འདས་ཤིང་ལྟ་སྒོམ་སྤྱོད་འབྲས་ཀྱིས་ཕན་གནོད་མེད་པར་སྟོན་ཏེ། འོད་གསལ་གྱི་རྒྱུད་སེང་གེ་རྩལ་རྫོགས་ལས། རིག་པ་མ་བསྒོམས་ལྷུན་གྲུབ་ལ། སྒོམ་པ་བྱས་པས་ང་མི་རྙེད། །རང་བྱུང་ཡེ་ནས་རྩོལ་མེད་ལ། །དཔྱོད་པ་བྱས་པས་ང་མི་མཐོང་། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་བལྟས་པས་ང་མི་མཐོང་། །ཞེས་གསུངས་ཤིང་། ཁྱད་པར་རང་རིག་ཡེ་ཤེས་ཟང་ཐལ་དང་སེམས་རྟོག་མ་རིག་འཁྲུལ་གཟུགས་

(༥༣༣)གཉིས་དབྱེ་ནས་རིག་པ་ཀློང་ཆེན་ཡངས་པའི་ངང་དུ་མཐའ་གྲོལ་རྗེས་མེད་དུ་བསྐྱངས་པས། སེམས་རྟོག་འགྱུ་འཕྲོའི་བག་ཆགས་ཐད་ཀར་དག་སྟེ་གོལ་ཤོར་ལས་འདས་པར་འཆད་ཀྱང་། དབང་པོ་ཤིན་ཏུ་རྣོན་པོའི་གང་ཟག་ལས་སད་པ་རེ་ཙམ་གྱིས་མ་གཏོགས་ཇི་བཞིན་རྟོགས་དཀའ་བས། འདིར་ཆེད་དུ་སྨྲ་བའི་སྙིང་པོ་ངོ་བོ་ལ་འཕེལ་འགྲིབ་དང་བཟང་ངན་བྲལ་ཐོབ་མེད་ཀྱང་། རྩལ་གྱི་རྣམ་རྟོག་ཁོ་ནས་འཁོར་འདས་བར་ལག་འབྱེད་ཅིང་སྒོམ་ཆེན་པ་བསླུ་བའི་ཕྱིར་དེའི་རང་བཞིན་ཞིབ་ཏུ་སྙད་པ་ལ། དེ་ཡང་རིམ་སྐྱེས་པའི་དབང་དུ་བྱས་ནས། རྣམ་རྟོག་ལ་གྲོལ་ལུགས་གསུམ་དུ་པཎ་ཆེན་བི་མ་ལའི་རྗེས་འབྲངས་རྣམས་བཞེད་པའི། འདི་ལྟར་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུར་གྲོལ་བ། རྣམ་རྟོག་ཁོ་རང་གྲོལ་བ་སྦྲུལ་གྱི་མདུད་པ་ཞིག་པ་ལྟར་གྲོལ་བ། རྣམ་རྟོག་ཕན་གནོད་མེད་པར་ཆོས་སྐུར་གྲོལ་བ་ཁང་སྟོང་གི་རྐུན་མ་ལྟ་བུར་གྲོལ་བ་ཞེས་མཚོན་དཔེ་རྣམ་གྲངས་གསུམ་གྱིས་བཤད་པའི་དང་པོ་ནི། ཤེས་པ་གསལ་སྟོང་རྩེ་གཅིག་ཏུ་གནས་

(༥༣༤)དུས་དེའི་ངང་ལས་རྣམ་རྟོག་ཐོལ་གྱིས་འཆར་བ་རིག་པ་སྟེ། གཟུགས་མེད་ཀྱི་ལྷ་དང་རྗེས་མཐུན་པའི་མཉམ་གཞག་དང་པོ་སྐྱེ་དུས་ནས་ཡོད་ཅིང་། དབྱེ་ན་དབང་པོའི་ཡུལ་རྒྱུན་འགགས་པ་ནམ་མཁའ་མཐའ་ཡས། གཉིད་འཐུག་ལྟར་བྱུང་ཚོར་འགགས་པ་ཅི་ཡང་མེད་པ། ཤེས་ངོ་ལ་གསལ། སྣང་ངོ་ལ་འགགས་པ་རྣམ་ཤེས་མཐའ་ཡས། བདེ་བ་བྲིང་ཙམ་ཡོད་ཀྱང་སྣང་ངོ་ལ་ཅི་ཡང་མེད་པར་རྟོགས་པ་ཡོད་མིན་མེད་མིན་ཏེ་རང་བཞིན་རྒྱས་པ་ཀུན་མཁྱེན་ཆེན་པོའི་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་གིས་དབྱེའོ། །དེ་ལ་བལྟ་བྱའི་རྣམ་རྟོག་དང་། ལྟ་མཁན་གྱི་དྲན་པ་གཉིས་སུ་ཡོད་པས་གཉིས་འཛིན་ནི་འཁོར་བའི་རྩ་བ་སྡུག་བསྔལ་གྱི་འབྱུང་ཁུངས་ས་ལམ་གྱི་བཀག་སོ་ཡིན་ཕྱིར་གནས་ཀྱང་ངོ་ཤེས་འགྱུས་ཀྱང་ངོ་ཤེས་པ་འདི་རྟོགས་པ་ཀློང་དུ་གྱུར་པའི་ཚེ་ནོར་ས་རྔམ་པོ་ཆེ་ཡིན་ནོ། །འོ་ན་སྔོན་གྱི་མཁས་གྲུབ་ཁ་ཅིག་གིས་དྲིས་ལན་དུ་འདི་ལྟར་བཤད་འདུག་པས་ཇི་ག་སྙམ་ན། དེ་ནི་ལས་དང་པོ་པའི་གང་ཟག་མོས་པས་སྤྱོད་པ་རྣམས་ལ་དྲན་པ་སྒོམ་གྱི་དངོས་གཞིར་བསྟན་ནས་འཁྲིད་པའི་སྐབས་ལ་དགོངས་ཀྱི། རྫོགས་ཆེན་གྱི་ལམ་ཅིག་ཆར་དུ་སྒྲ་ཇི་བཞིན་པར་བསྟན་པའི་སྐབས་མ་ཡིན་པར་ཤེས་པར་བྱ་ལ།

(༥༣༥)དེ་ལྟ་མ་ཡིན་སྙམ་ན་ཀུན་མཁྱེན་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོར། །དེང་སང་གི་བསམ་གཏན་པ་ཁ་ཅིག་ད་ལྟའི་རིག་པ་འོག་འགྱུ་ཕྲེང་གསུམ་པོ་འདི་སྤྲོས་བ་ལ་ཡིན། གང་ཤར་ཅི་འགྱུས་སེམས་སུ་ངོ་ཤེས་ན་དེས་ཆོག་ཅེས་སྐྱེ་འགག་གྲངས་སུ་འདེབས་པ་རྣམས་ཀྱང་གནས་ལུགས་ཀྱི་དོན་དང་གནམ་ས་བས་ཀྱང་རིང་བ་ཡིན་ནོ། །ཞེས་གསུངས་པས་ཁྱེད་རང་ལ་ཆོས་སྐལ་མེད་པ་ཞིག་གོ། །གཉིས་པ་ནི། དེ་ལ་ཞེན་པ་མེད་པར་བསྐྱངས་ཤེས་ན་བལྟ་བྱ་དང་ལྟ་མཁན་གྱི་འཛིན་སྟངས་ཞིག་ནས་མཉམ་བཞག་རྩེ་གཅིག་པས། ལྟ་མ་དགོས་པར་རྣམ་རྟོག་ཁོ་རང་གིས་ཁོ་རང་ངོ་ཤེས་ནས་རང་གྲོལ་དུ་སོང་བ་ལ་སྦྲུལ་གྱི་མདུད་པ་ལྟར་གྲོལ་བའི་ཐ་སྙད་བཏགས་ཤིང་། ཆོས་སྐད་ཀྱི་དབང་དུ་བྱས་ན། ཐབས་ཀྱིས་ཟིན་པས་རྗེས་ཐོབ་མཚན་ཉིད་པ་ཡིན་ལ། འདི་ལ་ཐེག་པ་གཞན་དག་ནས་རྩིས་ཅན་དུ་བྱེད་ཀྱང་རྫོགས་ཆེན་པས་ངོ་ཤེས་མཁན་གྱི་འདུ་ཤེས་གྲུང་པོ་དེ་ཁ་གོལ་སྒྲིབ་ཏུ་བཤད་ནས་གཉིས་སྣང་གི་ཤེས་སྒྲིབ་ཕྲ་མོ་ཡོད་

(༥༣༦)པར་འདོད་ལ། དེའི་ཕྱིར་གནས་ཀྱང་ངོ་ཤེས་འགྱུས་ཀྱང་ངོ་ཤེས་པ་འདི་ལ་རྟོགས་པ་ཀློང་དུ་གྱུར་བའི་རྣལ་འབྱོར་པས་དཔྱད་ན་རྣམ་འབྱེད་ཤིན་ཏུ་ཕྲ་བ་ཡོད་པས་འདི་ཡང་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་དགོངས་པ་མིན་ནོ། །འདི་ལ་གྲུབ་པའི་མཐའ་ཁྱད་པར་ཅན་ལ་ཐོས་བསམ་གྱིས་དཔྱོད་པའི་མིག་ཟུམ་ཞིང་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཟང་ཀ་མ་བྲག་གི་སྐྱིབས་དང་། མལ་གྱི་ནང་སོགས་དབེན་པར་མོས་གུས་ལམ་ལྷོངས་ཀྱི་ཕོ་ཚུགས་ཁོ་ནའི་མཐུ་ལས་ཀློང་ཆེན་དགོངས་པའི་གསང་མཛོད་མ་ལོངས་པའི་འཁྲུལ་ཞིག་ཏུ་རློམ་པ་ཁ་ཅིག་དང་། རྟོག་གེ་པ་ན་རེ། འོ་ན་ངོ་ཤེས་མཁན་གྱི་རྟོགས་པ་དེ་ཡང་མེད་ན་ཧ་ཤང་གི་ལྟ་བ་མུན་རྡོ་བ་དང་མཚུངས་སོ་ཞེས་ཟེར་རོ། །ལན་བཤད་པ། ཧ་ཤང་ལ་ཡུལ་སེམས་རྟོག་དང་ཡུལ་མེད་རིག་པ་ཟང་ཀ་མར་ཕྱེད་པའི་གནད་མེད་པས། སེམས་རིག་སྐབས་མ་ཕྱེད་པའི་ཤེས་པ་ལུང་མ་བསྟན་གྱི་ངང་དུ་དྲན་བསམ་ཚོར་བ་ཐམས་ཅད་འགགས་ནས་བརྒྱལ་བའམ། གཉིད་འཐུག་ལྟ་བུའི་གཏི་མུག་ཕྱོགས་གཅིག་ཏུ་ལྷུང་ངོ་སྙམ་པ་དང་། ཁྱེད་

(༥༣༧)ཅག་གི་འདོད་པར་ཧ་ཤང་ལ་ལྟ་བ་ནོར་བ་འདི་ལྟ་བུ་ཞིག་ཡོད་དོ་སྙམ་པ་ཅི་ཡང་མི་སེམས་པ་སྒོ་ང་ལྟ་བུའི་ཕྱོགས་སྔ་ཇི་བཞིན་འདིར་བཀོད་ནས་བརྗོད་ཀྱི་གཞན་དུ་ན་སངས་རྒྱས་ཕལ་པོ་ཆེ་ལ་སོགས་པའི་གསུང་རབ་མང་པོ་ཧ་ཤང་གི་བློ་ལ་བཞུགས་ཤིང་། ཀཱ་མ་ལ་ཤི་ལས་སྒྲ་རྩོད་དྲིས་པའི་ཆེ་ཕྱགས་ཤིང་ཀླད་ལ་བསྐོར་བའི་བརྡས་འཁོར་བའི་རྒྱུ་དྲིས་པ་ན། བེར་གྱི་ཐུ་བ་གཉིས་སྤྲུགས་ནས་གཟུང་འཛིན་གྱིས་ལན་བྱ་བའི་བརྡ་ལན་སྟོན་ནུས་པ་སོགས་དབང་པོ་ཤིན་ཏུ་རྣོན་པོའི་གང་ཟག་ཡིན་པར་བསྙོན་དུ་མེད་ལ། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ལ་སོ་སོར་རྟོག་པའི་ཤེས་རབ་སྤངས་པའི་ཉེས་པ་འཇུག་ན་སྐྱོན་འདི་རྒྱལ་བའི་ཡུམ་ལའང་འཇུག་པས་དོན་དམ་པར་ཧ་ཤང་གི་ལྟ་བ་ཡིན་མིན་རྫོགས་པའི་སངས་རྒྱས་ཁོ་ནས་མཁྱེན་གྱིས་གཞན་གྱིས་མ་ཡིན་ནོ། །རྫོགས་པ་ཆེན་པོ་ཡུལ་སེམས་རྟོག་ལ་ཡུལ་མེད་ཡེ་ཤེས་ཀྱིས་རྟོག་དཔྱོད་མ་ཤོར་བར་རང་རིག་གི་དྲན་པ་ཤེལ་གོང་གཡའ་དག་བ་ལྟ་བུའི་ངང་དུ་ཀུན་རྟོག་བག་ལ་ཞ་ནས་རང་ངོ་ལ་བྲི་གང་དང་འཕོ་འགྱུར་མེད་པ་མཐའ་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པ་ལ་བཞུགས་པ་གཉིས་མཚུངས་པའི་ཡུལ་མེད་ལ། ཁྱད་པར་རྟོག་གེའི་རིག་པ་ངན་སྐྱུགས་དང་འདྲ་བ་ལ་བདུད་

(༥༣༨)རྩིར་མངོན་ནས་སྤྱོད་ཅིང་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་ལ་གོམ་པའི་འདེགས་འཇོག་གཅིག་ཀྱང་མ་མྱོང་བར་རང་ས་ན་རྡོལ་ཐབས་སུ་ཟུག་པ་ཁ་ཅིག་གིས་ཐེག་པ་འདིའི་དགོངས་པ་ལ་ཧ་ཤང་མཚུངས་ཟླར་སྦྲན་ནས་།།།བར་བྱེད་ན། རྒྱན་སྟུག་པོ་བཀོད་པའི་མདོ་ལས། །སྟོང་པ་ཉིད་ཀྱི་ལྟ་ཐོས་ཀྱང་། །དེ་ཉིད་ལྟ་བ་མ་ཞིག་ན། །གསོར་མི་རུང་བའི་ལྟ་ཅན་དེ། །སྨན་པས་བཏང་བའི་ནད་པ་བཞིན། །གསུངས་པ་འདི་ཁོ་ནའི་དགོངས་པ་ལ་ཤེས་རབ་གསུམ་གྱི་མིག་སྒྲུབས་ཤིག །གཞན་ཡང་ཡུམ་ལས། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། །རྣམ་པར་ཤེས་པ་མེད་སོགས་ཀྱི་དོན་དཔྱིས་ཕྱིན་པར་སོམས་ལ། སེང་གེའི་ཕྱི་ལ་གད་མཆོང་གཡང་མཆོང་མ་བྱེད་ཅིག་ཅེས་གདམས་སོ། །ད་ནི་ཚུལ་མ་ཡིན་པ་དེ་དག་བླ་ན་མེད་པའི་ལུང་གིས་རྒྱབ་སྐྱོར་ནས་བཟློག་པ་ནི། ཀུན་བྱེད་ལས། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོགས་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་དང་། རྩལ་རྫོགས་ལས། ཡེ་ཤེས་རང་

(༥༣༩)སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་གསུངས་ལ། དེ་དག་གི་རྒྱུད་དོན་བདེ་བླག་ཏུ་བཀྲལ་བ་ནི་གདོད་མའི་མགོན་པོ་དང་ཞལ་མི་གཉིས་པ་ཀུན་མཁྱེན་ངག་གི་དབང་པོས་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་དུ། དེང་སང་ཨ་ཏིར་རློམ་པའི་གླང་ཆེན་དག །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་དུ། །རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང་། །རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། །ཐེག་པ་འདིར་མོས་པ་ཙམ་དང་ལྡན་ཡང་ལེགས་པར་མཐོང་བའི་སྐལ་པ་ནི་སྐྲའི་ཉག་མ་ལ་བརྒྱར་བགོས་པའི་ཆ་ཙམ་ཡང་མེད་ལ། ཀུན་ཏུ་བརྟགས་པའི་གཏི་མུག་གིས་ལུས་སྒྱིངས་ཤིང་། ཕྲག་དོག་དང་ལོག་པར་རྟོགས་པའི་གསེར་གྱི་དྲྭ་བས་གདོང་བརྒྱན་པ། གླང་པོའི་ངང་ཚུལ་གྱིས་ཤེས་པར་རློམ་ལ་ཁ་གསག་དང་ལྡན་པ་ཁ་ཅིག་དག །རང་ཡང་ཉོན་མོངས་པ་

(༥༤༠)གཏི་མུག་དང་ལོག་པའི་ལམ་དུ་ཞུགས་པར་མ་ཟད། ཐར་པར་ཕྱོགས་པའི་སྐྱེ་བོ་བསོད་ནམས་ཆུང་ངུ་ཉེས་པ་དག་དང་ཕྲད་པ་ཀུན་ལ་འདི་སྐད་དུ་འདོམས་ཏེ་གང་ཤར་ཆོས་སྐུའི་རང་བཞིན་རྟོག་པ་ཟང་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ། །ཞེས་པ་དང་། ཏིང་འཛིན་ཡིན་བཞིན་མ་རིག་ཡིད། །ཅེས་པ་ལ་སོགས་པས་འགྲོ་བ་བསླུ་བའི་བཅོས་མ་ཉེ་བར་སྟོན་པས་གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་པ་འདིའི་ཆོམ་རྐུན་པ་ཞིག་དེང་སང་བྱུང་བར་ཟད་མོད། །འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ། །རྩལ་ལས་ཤར་བའི་རོལ་པ་ཞེས་བཤད་ཀྱི། །རང་བྱུང་གི་ཡེ་ཤེས་ཉིད་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐབས་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐབས་ཀྱིས་མ་ཟིན་ན་སྲིད་པར་འཇུག་པའི་ལས་དང་ཉོན་མོངས་སུ་བྱེད་པའི་ཕྱིར་དང་། རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཞེས་གསུངས་

(༥༤༡)པ་ལྟར་ངོ་ཤེས་མཁན་གྱི་འདུ་ཤེས་གྲུང་པོ་དེ་རྟོག་དཔྱོད་ཀྱི་རང་བཞིན་ཁོ་ན་སྟེ། ནམ་མཁའི་རྣལ་འབྱོར་ལྷ་བཙུན་ཆེན་པོས་ཀྱང་། སྒོམ་ཉམས་ཅན་གྱི་མདུན་སར། ལྷག་མཐོང་དང་བརྟག་དཔྱོད་མ་ནོར་བ། ཞེས་གྲགས་ལ། དེ་བཞིན་དུ་གང་ཤར་གྱི་ངོ་བོ་ལ་ལྟ་བ་དང་། རང་ངོ་འཛིན་པ་དང་། གཤིས་ཐོབ་ཏུ་གློད་པ་སྐད་དེང་སང་དར་ཆ་ཆེ་སྟེ་འདི་ཡང་ལམ་ཡང་དག་པ་མ་ཡིན་པའི་ཚུལ་ཀུན་མཁྱེན་བླ་མས། འདིར་ངོ་སྤྲད་ཀྱང་མ་འཕྲོད་པ་ཀུན་ཤར་ཐོག་དེར་གློད་པ་དང་ལྟ་བ་རང་ངོས་འཛིན་ཏེ། རྟོག་པ་ཉིང་འཁྲུལ་ཞེས་བྱ་བའི་གནད་མ་གོ་བ་ཡིན་ནོ། །ཤར་དུས་ནས་ཤར་ས་ཤར་མཁན་མེད་པའི་རིག་པ་རྗེན་སང་ངེ་བ་ཐུགས་རྗེ་འཆར་ཚུལ་མ་འགགས་པའི་ཡེ་ཤེས་སུ་གནས་པ་དེ་ངོས་བཟུང་བས། རྩ་བ་རང་བྱུང་གི་ཡེ་ཤེས་རང་ས་ན་རྗེན་པར་གནས་པ་དེ་ཞར་ལ་ངོས་ཟིན་པས། ངོ་བོ་དང་རང་རྩལ་གཉིས་སུ་མེད་པས་གཉིས་མེད་རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ་ཞེས་གསུངས་སོ། །འོ་ན་འདིའི་སྐབས་སུ་སྒྲུབ་བྱེད་རྣམ་པར་དག་པ་དེ་གང་ཡིན་ཅེ་ན། གྲོལ་

(༥༤༢)ལུགས་གསུམ་པ་རྣམ་རྟོག་ཕན་གནོད་མེད་པར་གྲོལ་བ་ཁང་སྟོང་གི་རྐུན་མ་ལྟ་བུ་དེ་ཉིད་རྣལ་འབྱོར་དབང་ཕྱུག་གི་ལམ་ཡིན་ཏེ་འདི་ལྟར་ཁང་པ་སྟོང་པའི་ནང་དུ་རྐུན་པོ་ཞུགས་ཀྱང་ཆོམ་རྐུན་ལ་ཐོབ་རྒྱུ་མེད། ཁང་སྟོང་ལ་ཤོར་རྒྱུ་མེད་པས་ཕན་གནོད་ཐོབ་ཤོར་གྱི་རང་བཞིན་ལས་ཡེ་ནས་འདས་པ་ལྟར། འདིར་རིག་པའི་ངོ་བོ་ཟང་ཐལ་རྟོག་དཔྱོད་ཀྱི་ཤེས་སྒྲིབ་དང་བྲལ་བའི་ཆུགས་མ་ཤོར་བ་དེ་ཉིད་སྒོམ་གྱི་སྙིང་རྡོའམ། གཉུག་མའི་དྲན་རིག་ཡིན་ལ། རྩལ་གྱི་རྣམ་རྟོག་ཇི་ལྟར་གཡོ་ཡང་དཔྱོད་བྱེད་ཀྱི་འདུ་ཤེས་དག་པས་ཤར་ས་ཤར་མཁན་མེད་པའི་རིག་སྟོང་རྗེན་པ་བློ་འདས་རྒྱ་ཡན་གྱི་ངང་དུ་ཆོས་སྐུ་འཕོ་མེད་རྒྱལ་པོའི་བཙན་ས་ཟིན་པའི་ཕྱིར་རྣམ་རྟོག་གི་ཕན་གནོད་མ་བྱས་པའི་སྒྲ་བཤད་བཞག་ལ། འདི་ནི་ཤིན་ཏུ་རྣམ་དག་བཤད་དུ་ཕངས་པའི་ཨུ་པ་དེ་ཤ་སྟེ། གནས་འགྱུ་གང་ཡིན་ཡང་འདྲ་སྟེ་ངོ་ཤེས་མཁན་ཁོ་རང་ཡུལ་མེད་མཐའ་བྲལ་དུ་མ་སངས་ན། རིག་པ་རང་གསལ་མལ་ལས་གཡོས་ཏེ། ཡུལ་ཐོག་ཏུ་ཤོར་འབྱམས་ལ་གོམས་པའི་འཁྲུལ་སྣང་མཐུ་བརྟས་པ་ཉིད་ལས་རྟོགས་པ་མཐོན་པོར་ཇི་ལྟར་རློམ་ཡང་འཁོར་བའི་ས་བོན་རྒྱུན་ཆགས་སུ་

(༥༤༣)གནས་ཤིང་། ད་ལྟ་ལམ་དུས་སུའང་དཔེར་མཚོན་ན་སྡུག་བསྔལ་དང་འཇིགས་སྐྲག་ལྟ་བུའི་རྣམ་རྟོག་དོས་དྲག་པ་ཤར་བའི་ཚེ་རྣམ་རྟོག་ཁོ་རང་ངོ་ཤེས་པ་ཙམ་གྱིས་ཁྱེད་ཀྱི་སྡུག་བསྔལ་དང་འཇིགས་སྐྲག་མཐའ་གྲོལ་དུ་སངས་པ་དེ་དགོད་འཆོར། འདི་ལ་ནི་ནམ་མཁའི་རྣལ་འབྱོར་ལྷ་བཙུན་རྒྱལ་པོ་ཉིད་དབང་པོར་གྱུར་ཏེ། དྭགས་པོ་བཀའ་བརྒྱུད་པ་རྣམས་རྣམ་རྟོག་ཆོས་སྐུར་འདོད་དེ་ངེད་རང་རྫོགས་ཆེན་པ་རྣམས་མི་འདོད་དོ། །ཞེས་དང་། དོན་ལ་རྣམ་རྟོག་ངོས་བཟུངས་མེད་པར་ཡལ་བ་དགོས་ཚུལ་སོགས་ཀུན་མཁྱེན་གསང་མཛོད་དུ་གསུངས་པ་དེ་ཨ་ལ་ལ། འདི་ཁ་གཅིག་པུས་ཆོག་ཀྱང་། རྣམ་རྟོག་དང་ལག་གདང་སྦྲེལ་བའི་སྒོམ་ཆེན་པ་དག་ལ་ངེས་གསང་རྫོགས་པ་ཆེན་པོའི་ལས་འབྲེལ་མེད་པས་ཅི་ཚུག་དྲག །ད་དུང་སྙིང་འགས་པ་འདྲ་བའི་གདམས་ངག་ཟབ་མོའི་གནད་བསྟན་གྱིས་ལོག་པའི་འདུ་ཤེས་རྒྱང་རིང་པོར་ཐོང་ལ་དར་ཅིག་ཉོན་དང་ཁོ་བོ་ནི་འདི་ལྟར་སེམས་སོ། །རྣམ་རྟོག་གི་ཕན་གནོད་མེད་པའི་གནད་ཀ་ནི་འོད་གསལ་རྫོགས་པ་ཆེན་པོའི་ཉམས་ལེན་མཐར་སོན་ཏེ་ཁྲེགས་ཆོད་ཀྱིས་ལུས་རྡུལ་ཕྲན་

(༥༤༤)དུ་དེངས། སེམས་ཆོས་ཉིད་དུ་དེངས་ནས་ཀ་དག་གི་སར་གྲོལ་དུ་ཉེ་བ་དང་། ཐོད་རྒལ་གྱིས་སྣང་བཞི་ཟད་པའི་ཚེ་ལུས་རྡུལ་ཕྲན་དུ་དེངས་པ་འོད་དུ་གསལ་བས་སྐྱེ་འཇུག་ལ་རང་དབང་ཐོབ་ཅིང་འཕོ་བ་ཆེན་པོའི་སྐུར་བཞེངས་སུ་ཉེ་བ་ན། དེའི་ལམ་རྟགས་སུ་ལུས་དུར་ཁྲོད་ཀྱི་རོ་ལྟ་བུར་འགྱུར་རོ། །ངག་བྲག་ཅ་ལྟ་བུར་འགྱུར་རོ། །སེམས་བར་སྣང་གི་ན་བུན་ལྟ་བུར་འགྱུར་རོ། །ཞེས་བཤད་པ་འདི་ཁོ་ནས་ཤེས་ཏེ། ལུས་དུར་ཁྲོད་ཀྱི་རོ་ལྟ་བུ་ནི་གཤེད་མ་བརྒྱས་བསྐོར་ཀྱང་ཉམ་ང་དང་བག་ཆ་བའི་ཀུན་རྟོག་རིག་པ་གཏད་མེད་ཀྱི་ངང་དུ་སངས་པ་ཡིན་ཏེ། འགོག་པའི་སྙོམ་འཇུག་ལྟ་བུའམ་དྲན་མེད་ནི་མ་ཡིན་ནོ། །ངག་བྲག་ཅ་ལྟ་བུ་ནི་རིག་གདངས་ཀྱི་ཚོར་བ་གྲ་མ་ཉམས་པས་གཞན་གྱི་རྗེས་སུ་ཟློ་ཞིང་། སེམས་རྟོག་ཡུལ་དུ་འཛིན་པ་གཏན་ཟད་དུ་སོང་བས་ལན་འདེབས་པའི་འདུ་ཤེས་ཟད་པ་དེ་ལྟད་མོ་ཆེ། འཇའ་སྐུར་ཡལ་བའི་གང་ཟག་ལ་ཞལ་ཆེམས་ཡོད་པར་གླེང་བ་ནི། རྫོགས་པ་ཆེན་པོའི་རྒྱུད་དང་། མན་ངག་གི་སྲང་ལ་བཏེག་ཆོ་བློ་ཆུང་དེ་དག་ཐོས་པ་ཆུང་བའི་སྐྱོན་དུ་ངེས་ལ། སྐུ་གདུང་འབར་བའི་རྒྱུད་ནས་ཐོད་རྒལ་གྱི་ཐིག་ལེ་གོམས་པའི་

(༥༤༥)ཚད་བསྟན་པའི་སྐབས་སུ་ཡང་། གཏམ་རྒྱུད་བརྗོད་པ་ཟད་པའི་ཕྱིར། །གཞན་ལ་སྨྲ་བྱེད་བསམ་པ་ཡང་། །སྐྱེས་བུ་འདི་ལ་འབྱུང་མི་སྲིད། །སྒྲ་ཚིག་རྗེས་སུ་ག་ལ་འགྱུར། །ཞེས་དང་། འོད་གསལ་རྡོ་རྗེའི་སྙིང་པོའི་གནས་གསུམ་གསལ་བར་བྱེད་པ་ཚིག་དོན་རིན་པོ་ཆེའི་མཛོད་ལས་ཀྱང་། ངག་བྲག་ཆའི་རྣམ་པ་ལྟར་བརྗོད་འཛིན་མེད་པར་སོང་བ་ནི་རྩ་གནས་ཀྱི་ཡི་གེ་རླུང་གི་ཐིག་ལེར་ཚུད་པ་ལས་བྱུང་བ་སྟེ། རྫོགས་པ་ཆེན་པོ་བརྗོད་དུ་མེད་པའི་དོན་ངག་གི་གྲགས་པ་ལ་ཞུགས་ཏེ། རབ་ཏུ་སྤྲོས་མེད་སྨྲ་བྱའི་ཡུལ་ལས་འདས་པའི་ཡེ་ཤེས་ལ་དབང་བའོ། །ཞེས་གསུངས་པས་ཀྱང་གོ་ལ་དེས་ན་ཐེག་པ་གཞན་གྱིས་བསྐྱེད་རིམ་ལ་གོམས་ནས་འདོད་གཟུགས་ཀྱི་ལྷ་དང་རྗེས་མཐུན་པར་རགས་ལུས་དངས་མར་གནས་འགྱུར་ནས། ཞིང་ཁམས་རྣམ་དག་ཏུ་སོང་སྟེ་ལམ་ལྷག་མ་བགྲོད་པ་ལ་འཇའ་ལུས་ཀྱི་མིང་བཏགས་པ་དང་། རྫོགས་པ་ཆེན་པོའི་སྣང་བཞི་མཐར་སོན་པ་དགའ་རབ་རྡོ་རྗེ་ལྟ་བུའི་འཇའ་ལུས་གཉིས་གོ་འཕང་མཆོག་དམན་ཡོད་པ་མ་རྟོགས་པས་ནོངས་ཏེ། གནད་འདི་ནི་ཁོ་བོས་ཀུན་མཁྱེན་ཆེན་པོའི་

(༥༤༦)མན་ངག་ལ་བརྟེན་ནས་རིག་སྟེ། འདིར་བཀོད་པ་ལ་རིག་འཛིན་གྱི་ས་ལ་བཞུགས་པའི་བླ་མ་དམ་པ་རྣམས་མཉེས་ནས་ཨེ་མ་ཧོ། །ཨ་ལ་ལ་ཞེས་གསུངས་པར་གདོན་མི་ཟའོ། །སེམས་བར་སྣང་གི་ན་བུན་ལྟ་བུ་ཞེས་པ་ནི། ཀློང་དྲུག་པ་ལས། །རང་རིག་བསམ་ངོ་བྲལ་བ་དང་། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་པ་ལྟར་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཐུན་མོང་མ་ཡིན་པར་སེམས་དང་རིག་པ། ཀུན་གཞི་དང་ཆོས་སྐུ་ཐ་དད་དུ་དབྱེ་བའི་ཕྱིར། རིག་པའི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཁྱད་ཆོས་དྲུག་དང་ལྡན་པའི་གཞི་དབྱིངས་ཀུན་ཏུ་བཟང་མོའི་ཀློང་ཡངས་པར་འཁྱིལ་ཞིང་སེམས་རྟོག་དཔྱོད་བྱེད་ཀྱི་འདུ་ཤེས་བར་སྣང་ལ་ན་བུན་ཡལ་བ་ལྟར་གཞི་མེད་དུ་དེངས་པའི་དགོངས་པ་སྟེ། གནས་ལུགས་རིན་པོ་ཆེའི་མཛོད་ལས་ཀྱང་། ནམ་མཁའི་ངང་དུ་སྣོད་བཅུད་སྟོང་པ་བཞིན། །དགག་སྒྲུབ་ཆགས་སྡང་དང་པོའི་དབྱིངས་སུ་ཡལ། །འདིར་སོང་མེད་པའི་རྟོག་ཚོགས་རྗེས་མེད་དེ། །བར་མེད་རིག་པའི་ངང་དུ་ཕྱལ་ཡས་ནས། །རེ་དོགས་འཛིན་པའི་ཆོས་ལས་འདས་པ་ཡིན། །གཟུང་

(༥༤༧)འཛིན་སེམས་ཀྱི་བརྟོད་ཕུར་ཐོན་པ་ཡིན། །འཁྲུལ་སྣང་འཁོར་བའི་གྲོང་ཁྱེར་སྟོངས་པ་ཡིན། །དེ་ཕྱིར་ཕྱི་རོལ་ཡུལ་སྣང་ཆོས་རྣམས་དང་། །ནང་གི་རང་སེམས་འཆར་ཚུལ་རོལ་པའི་རྩལ། །ཐམས་ཅད་ཡེ་སྟོང་ཕྱལ་བར་སུས་ཤེས་པ། །ཕྱལ་བའི་གནད་དུ་ཆོས་རྣམས་བཀྲོལ་བ་ཡིན། །ཞེས་དང་། འཛིན་པས་མ་བཅིངས་གཟུང་བའི་ཡུལ་ལས་འདས། །དམིགས་གཏད་ཆོས་མེད་ཧར་སངས་རྒྱ་ཡན་པ། མ་ཡེངས་དྲན་པ་ཟད་པའི་དགོངས་པ་ནི། །མཁའ་ལྟར་ཕྱལ་ཡས་སྒོམ་དང་མི་སྒོམ་མེད། །འདི་ནི་ཀུན་བཟང་དགོངས་པའི་ཀློང་ཆེན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་མཚན་འདི་ལྟ་བུའི་རྡོ་རྗེའི་ཚིག་བཀྲོལ་ནས་གསལ་བར་བཤད་ཀྱང་ད་དུང་ཡིད་ཆེས་མི་སྐྱེ་བར་གྱུར་ན་ནི་གདོད་མའི་མགོན་པོ་མིའི་རྫུ་ལ་ཞུགས་པ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་འདི་སྐད་དུ་ཨ་ལ་ལ་འདིའི་ཐེག་པ་དང་གཞན་ལ་ཁྱད་པར་གནམས་བས་ཀྱང་ཆེ་སྟེ། བསྟན་ཡང་མི་རྟོགས། བཤད་ཀྱང་མི་གོ། །ད་དུང་ཆོས་ཀྱི་ཁ་འཛིན་ཙམ་ལས་ངོ་སྤྲོད་སྔ་མའི་སྟེང་དུ་འཇོག་པ་རྣམས་ལ། རང་བཞིན་རྫོགས་པ་ཆེན་པོ་སྙིང་ཐིག་གི་ལས་འབྲེལ་མེད་པས་ཅི་བྱས་ཀྱང་

(༥༤༨)སངས་རྒྱས་པ་ལ་སྔ་འདྲིས་གཅིག་གིས་ཉེ་རུ་མ་སོང་བ། ཡི་མུག་ལ་དགོད་འཆོར་བ་མཚར་ཆེའོ་ཞེས་གསུངས་པའི་དོན་ཐོག་ཏུ་ཕེབས་པ་ཉིད་དོ། །འདི་ལྟར་ཁོ་བོས་རྒྱུད་ལུང་དབང་པོར་བཞག །ཉམས་མྱོང་དཔའ་གདིང་དུ་བསྐྱེད་ནས་རྫོགས་པ་ཆེན་པོའི་ལམ་དྲང་པོར་བཤད་ཅིང་། རིག་པ་མ་ཡིན་པ་སུན་ཕྱུང་བ་ཡང་སྡང་ཞེན་གྱི་ཕྱོགས་སུ་རྒྱུག་པ་མ་ལགས་ཏེ། མདོ་སྡེ་རྒྱན་ལས། ཆོས་བཟང་རིག་པས་རྣམ་དཔྱོད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོགས་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །ཞེས་གསུངས་པས་ན་དེང་སང་སྙིགས་མའི་དུས་ཐེག་པ་འདིའི་དགོངས་པ་ཀློང་དུ་གྱུར་ནས་གྲུབ་མཐའ་སློང་ཤེས་པའི་བཤེས་གཉེན་དཀོན་ཅིང་། ཀུན་མཁྱེན་ཆེན་པོ་དངོས་དང་མཚུངས་པའི་རྒྱལ་ཚབ་རྫོགས་ཆེན་སྡེ་གསུམ་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་བཀྲལ་བ་མཛོད་བདུན་རྩ་འགྲེལ་དང་སྙིང་ཐིག་གི་དགོངས་གཏེར་ཆོས་སྐུའི་རིང་བསྲེལ་དུ་ལྷུན་གྱིས་གྲུབ་པའི་བསྟན་བཅོས་རྣམས་ཀྱི་གཞུང་ལ་བལྟ་བར་མི་ནུས་ཤིང་དཔྱོད་པའི་ཤེས་རབ་ཀྱིས་ཕོངས་པས། ཐེག་

(༥༤༩)མཆོག་སྙིང་པོའི་ལྟ་བའི་ཉིང་ཁུ་ཡིད་དཔྱོད་ཀྱི་ལྟ་སྒོམ་དང་འདྲེས་ནས་ཆོས་སྐད་གྱ་གྱུར་སྨྲ་ཞིང་འཆལ་བར་ཤིན་ཏུ་ཕངས་ནས་ཚིག་ཉུང་དོན་གསལ་གྱི་མན་ངག་འདི་ལྟར་ཆེད་དུ་བརྗོད་པའི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱང་འཕེལ་ཏེ། རྩ་ལྟུང་གི་འགྲེལ་བར། ལྟ་བ་འོག་མ་གོང་མ་ལ་གཟུད་པ་དང་འདུལ་བའི་བསམ་པས་གཞན་དུ་གྲུབ་མཐའ་དམོད་པ་ནི་ཉེས་པ་མེད་དེ་བསོད་ནམས་ཀྱང་མང་དུ་འཕེལ་ལོ། །ཞེས་བཤད་ལ། དེའི་མཐུས་ཡེ་ཤེས་ཀྱི་ཚོགས་ཆེན་པོར་འཕེལ་བ་ནི་གདོན་མི་ཟ་བ་ཉིད་དོ། །དེ་ལྟར་ཡང་མན་ངག་འདི་ཉིད་ལྟ་བ་གོ་ཡུལ་རྒྱས་འདེབས་སུ་ཤོར་བའི་གང་ཟག་ལ་བསྟན་ན་བྱ་ཤོར་ཁ་ལྟ་དྲེད་པོར་འགྲོ་ཞིང་། ལས་དང་པོ་པ་རྣམས་ཀྱི་སོ་སོའི་རྒྱུད་ཚོད་ཉམས་དང་སྦྱར་ནས་རྣམ་རྟོག་ལམ་ཁྱེར་ལ་རིམ་པས་བསླབ་དགོས་ཕྱིར། འགའ་ཞིག་སྡངས་སྐྲག་སྐྱེས་ནས་འདོར་བའི་ཉེན་ཡོད་པས་ཁྱབ་གདལ་དུ་མི་སྟོན་པའི་བཀའ་རྐྱ་སྟོབས་བཅུ་མངའ་བ་ཉིད་ཀྱིས་གདམས་ཏེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ་ཞེས་ལ་ས་དང་པོ་བ་

(༥༥༠)ཐེག་པ་ལ་གསར་དུ་ཞུགས་པ་དག་གི་མདུན་དུ་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་སྡངས་ཤིང་སྐྲག་ནས་ལོག་པར་ལྟ་བས་འདོར་དུ་འོང་བའི་ཕྱིར་རོ་ཞེས་གསུངས་ལ། དེ་བཞིན་དུ་མུ་ཅོར་སྨྲ་བའི་རྟོག་གེ་བ་དག་ལའང་མན་ངག་འདི་དག་གི་ཟུར་ཙམ་ཡང་བསྟན་པར་མི་བྱ་སྟེ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། ཚིག་འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ནང་དུ་ཟུར་ཙམ་ཡང་བརྗོད་པར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། དེ་དག་རྣམས་ཀྱིས་ཚིག་འདི་ཀུན་ཐོས་པས། སྐྲག་པ་དང་སྡངས་པ་དང་བརྒྱལ་བར་འགྱུར་ཏེ། གསང་སྔགས་རྣམས་ལ་མི་མོས་ཏེ། ཡིད་་ཕྱུང་ནས་སྐུར་བ་འདེབས་པས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་དེ་ཉམས་སུ་མྱོང་བར་གྱུར་པས་ན་བསྟན་ཅིང་ཐོས་པ་ལྟ་ཅི་སྨོས་ཏེ། རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ། །གསུང་གི་རྡོ་རྗེས་གསོལ་པ། ཀྱཻ་བཅོམ་ལྡན་འདས་ཉན་ཐོས་ལ་སོགས་པ་དེ་དག་ཀུན་དེ་ལྟར་འབྱུང་བ་དེ་ཅིའི་རྒྱུ་ལགས་ཞེས་དྲིས་སོ། །བཀའ་སྩལ་པ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་བསྐལ་པ་གྲངས་མེད་ནས་གསང་སྔགས་ཀྱི་སྣོད་དུ་མ་གྱུར་ནས་བློ་ཆུང་བའི་ཕྱིར་

(༥༥༡)ཏེ། དཔེར་ན་ཁབ་ཀྱི་མིག་ཏུ་རས་ཡུག་བརྫངས་པས་ཤོང་བ་མེད་ཅིང་འགྲོ་བའི་སྐབས་མེད་པ་དང་འདྲའོ། །ཞེས་གསུངས་པའི་དོན་ཐོག་ཏུ་བབ་ཕྱིར་ཤིན་ཏུ་གསང་བར་བྱ་ལ། དེ་ལས་གཞན་དུ་ཐེག་པ་འདི་ལ་མོས་པས་ཞུགས་ཤིང་ལམ་གྱི་གནད་མ་ལོངས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཆོས་ཉིད་ཟད་པར་ཐུགས་རྒྱལ་བ་རྣམས་ཀྱིས་འདི་ལ་གཟིགས་ཤིག །གཟིགས་ནས་ཀྱང་ཆོས་ཀྱི་དབྱིངས་ཅི་ཡང་མ་ཡིན་པའི་བདེན་པ་ཆེན་པོ་དང་། རིག་འཛིན་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཐུགས་རྗེ་རྨད་བྱུང་དང་། ནགས་ཁྲོད་ཀྱི་སྤྲང་པོ་ཀུ་སུ་ལུ་བ་བདག་གིས་ལྷག་བསམ་རྣམ་པར་དག་པའི་མཐུ་རྣམས་ལས། འཆིང་བ་མཐའ་དག་སྐད་ཅིག་ལ་གྲོལ་ཏེ་མྱུར་དུ་ཀུན་ཏུ་བཟང་པོའི་དགོངས་པ་བརྗོད་མི་ཤེས་པ་ལ་རེག་པར་གྱུར་ཅིག །གལ་ཏེ་སྐལ་བ་དམན་ལ་ལོག་ལྟ་ཆེ་ཞིང་རང་རྩིས་ཀྱི་དྲེགས་པས་རྒྱགས་པ་མཐའ་དག་གིས་མི་མཐོང་བར་རིག་འཛིན་བརྒྱུད་པ་དང་བཅས་པས་བྱིན་གྱིས་རློབས་ཤིག །ཨ་ལ་ལ་ཧོ། །ཀློང་ཆེན་པོའི་མཁའ། །སྙིང་ཆེན་པོའི་ཏིག །མིག་ཆེན་པོའི་འགྲིའུ། མཛོད་བདུན་གྱི་བཅུད་ལྟ་བུའི་ཤོག་དྲིལ་འདི་ཉིད་སྙིང་ཏིག་གཉན་པོའི་བཀའ་སྲུང་རྣམས་

(༥༥༢)ལ་གཉེར་རོ། །ས་མ་ཡ། ས་མ་ཡ། ས་མ་ཡ། རྒྱ་རྒྱ་རྒྱ༔ ཧོ་ཧོ། སྣང་བ་ནི་གཏད་མེད་རིག་པ་ནི་ཡེ་གྲོལ། །ལྟ་སྒོམ་ནི་བྱར་མེད་ཚོགས་དྲུག་ནི་རང་ཡན། །དྲན་འཛིན་དང་གཉེན་པོར་ལྟོས་གཞག་ནི་མ་དགོས། །རྫོགས་ཆེན་གྱི་བྱ་བྲལ་ཆོས་ཟད་དུ་ཐལ་ཐལ། །ཐོས་བསམ་གྱིས་ཕོངས་པའི་བླུན་སྒོམ་གྱི་ཇོ་རྫུས། །རྒྱུད་ལུང་དང་མན་ངག་དགྲ་བོ་རུ་མ་མངོན། །ཐ་སྙད་ཀྱི་རྟོག་བཏགས་མུ་ཅོར་ལ་ཞེན་པས། །ཆོས་བརྒྱད་ཀྱི་གྲོང་དུ་མི་མགོ་ནི་མ་བསྐོར། །བྲག་ཕུག་ཏུ་སྙིང་པོའི་སྒྲུབ་པ་ལ་གཞོལ་བས། །རང་བྱུང་གི་སློབ་དཔོན་པདྨ་དང་ཡབ་ཡུམ། །ནམ་མཁའི་ངང་རྣལ་འབྱོར་ཀློང་ཆེན་གྱི་བྱིན་རླབས། །སྙིང་དབུས་ཀྱི་མི་ཤིགས་ཐིག་ལེ་རུ་བབས་ནས། །འབད་རྩོལ་ལ་མ་ལྟོས་ལྷོད་གྲོལ་ལ་ལངས་སོལ། །སྣང་གསས་ནི་བརྡ་དང་དཔེ་ཆ་རུ་ཤར་མོད། །མགྲིན་པ་འདི་གདམས་པའི་བང་མཛོད་དུ་འདུག་གོ། །གདམས་ངག་ནི་ཚིག་དང་དཔེ་ཧྲུལ་ལ་མ་ལྟོས། །ཀློང་ཆེན་གྱི་དགོངས་པའི་གསང་མཛོད་ནས་རྡོལ་བྱུང་། །གཟུང་འཛིན་གྱི་རྩ་རླུང་དབུ་མ་རུ་ཆུད་པས། །ཡེ་ཤེས་ལ་ཕོ་ཚོད་མ་དགོས་པ་ངོ་མཚར། །བྱིང་རྒོད་དང་འགྱུ་དྲན་གཏད་མེད་དུ་སངས་ནས། །རང་གྲོལ་

(༥༥༣)ལ་གསལ་འགྲིབ་མེད་པ་འདི་སྐྱིད་དོ། །བསྒོམས་པའི་དང་སྡུག་བཙིར་བློས་བྱས་ཀྱི་ཅི་བྱེད། །མི་སྒོམ་པའི་བློས་བཏང་ཐ་མལ་དང་མ་ནོར། །སྒོམ་བ་དང་མི་སྒོམ་ཞེ་འདོད་ལས་ཐར་བའི། །ད་ལྟ་ཡི་ཤེས་རིག་གདོང་གཏད་འདི་ཧོ་ཧོ། །ལོ་ཟླའི་དང་དཀའ་སྤྱད་སྡུག་བཙིར་གྱི་ཞེ་ཡུས། །མངོན་ཤེས་དང་རྫུ་འཕྲུལ་གྲུབ་རྟགས་ལས་འདས་ཀྱང་། །གཟུང་འཛིན་གྱི་རྩ་མདུད་སྙིང་ཁ་རུ་གྲོལ་བས། །རྫོགས་ཆེན་ཁོས་བསླུས་ཡོང་བསམ་པར་ང་མི་གདའ། །རྒྱ་གར་གྱི་རིག་འཛིན་པད་འབྱུང་དང་བི་མ། །བོད་ཡུལ་གྱི་བཻ་རོ་ཀློང་ཆེན་གྱི་དྲིན་ལས། །གངས་ཅན་འདིར་སྙིང་པོའི་བསྟན་པ་ནི་དར་ཟིན། །བྲག་ཕུག་ཏུ་ཆོས་ཉིད་ཟད་སར་རང་བསྐྱལ་གཏོང་། །དབང་བསྐུར་དང་བཀླགས་ལུང་བཤད་འབྱམས་ཀྱི་ཁྲིད་རྒྱུན། །འཇུག་སྒོ་ལས་བསྟན་པའི་སྙིང་པོ་ནི་མ་ཡིན། །མོས་གུས་དང་སྒྲུབ་ཚུགས་ཞེ་རུས་ཀྱི་ངང་ནས། །དོན་བརྒྱུད་དེ་སྙིང་ལ་བབ་པ་ཞིག་དགོས་སོ། །སྒྲུབ་བརྩོན་གྱི་སློབ་མ་ཀློང་གྲོལ་དང་སྐུ་གསུམ། །དག་སྣང་གི་བློ་ཅན་འོད་གསལ་དང་རིག་གྲོལ། །རྐྱེན་ངན་དང་ལྟ་སྒོམ་རྡོ་རུས་སུ་ཐུག་པས། །གྲུབ་ཐོབ་དེ་གོང་མའི་བཤུལ་ལམ་ལ་མཆོངས་ཤོག །

(༥༥༤)མདོ་མེད་ཀྱི་སྤྲང་པོ་འཁོས་ཁྱེར་དང་བྲལ་ཡང་། །སྔོན་སྦྱངས་གྱི་ལས་འཕྲོ་ཅུང་ཟད་ཅིག་ཡོད་དྲག །ཨོ་རྒྱན་གྱི་རྒྱལ་ཚབ་དམ་པ་དང་མཇལ་ནས། །ཉམས་རྟོགས་ཀྱི་ཕ་ཕོགས་དངོས་གྲུབ་ཏུ་ཐོབ་བོ། །ཀུན་མཁྱེན་གྱི་བླ་མ་དྲི་མེད་དང་འོད་ཟེར། །ཀུན་རྟོག་གི་སྣང་ཆར་ཞལ་མཇལ་དང་དབུགས་དབྱུང་། །བརྡ་ཚིག་གིས་བྱིན་བརྒྱུད་སྙིང་དབུས་སུ་ཕབ་པས། །རྫོགས་ཆེན་གྱི་དགོངས་པ་འཁྲུལ་མེད་ཞིག་རྟོགས་སོ། །དེ་ཕྱིར་ན་འདི་རུ་ཀུན་མཁྱེན་གྱི་ཞལ་ལུང་། །ཡིད་དཔྱོད་དང་འདྲེས་པའི་རྫོགས་ཆེན་གྱི་ལྟ་བ། །ངང་པས་ནི་ཆུ་དང་འོ་མ་ནི་ཇི་བཞིན། །སོ་སོ་རུ་འབྱེད་པའི་ཕོ་ཉ་རུ་མངགས་སོ། །འདི་ཀོས་ཀྱང་སྙིང་པོའི་བསྟན་པ་ལ་ཕན་ནས། །རི་སུལ་ཀུན་འཁྲུལ་ཞིག་བྱ་བྲལ་གྱིས་ཁེངས་ཤིང་། །སྐྲ་སེན་ཙམ་སྙིགས་མའི་ལྷག་མ་རུ་བཞག་སྟེ། །དགའ་རབ་དང་འཇམ་དཔལ་བཤེས་གཉེན་ལྟར་གྱུར་ཤོག །ཅེས་པའང་དཔལ་གྱི་བསམ་ཡས་མཆིམས་ཕུའི་གནས་ཀྱི་ལྟེ་བ་འོག་མིན་བྲག །བྲེ་གུ་བརྩེགས་པའི་དགེའུ་འོག་གི་དབང་པོས་བསྲུངས་པའི་ཕྱོགས། གསང་ཆེན་མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུག་ཏུ་བཏགས་ཤིང་ངོས་འཛིན་བགྱིས་པའི་གནས་མཆོག་ག་ལ་བར། ལོ་གསུམ་

(༥༥༥)སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་ཚེ། །འཁྲུལ་པའི་སྣང་ཆ་ལ་ཀུན་མཁྱེན་ངག་གི་དབང་པོའི་ཞལ་ཐེངས་གསུམ་མཇལ་ཞིང་། གསུང་གི་བདུད་རྩིས་དབུགས་དབྱུང་ནས་རྒྱུད་བྱིན་གྱིས་བརླབས་པའི་སྐལ་བཟང་དཔག་ཏུ་མེད་པའི་མཐུ་ལས། མཉམ་རྗེས་རིས་མེད་དུ་སངས་ཤིང་ཐེག་པ་འདིའི་རྒྱུད་དང་མན་ངག་བསྟན་བཅོས་རྣམས་ཀྱི་གཞུང་ལ་ཕྱི་ནང་ཞུས་དག་ཕེར་བའི་ངེས་ཤེས་གཏིང་ཆུགས་པའི་སྤོབས་པ་ཅུང་ཟད་རྙེད་པ་ལ་བརྟེན་རང་བཞིན་རྫོགས་པ་ཆེན་པོའི་དོན་རྒྱུད་ཀྱི་དགོངས་པ་ཟབ་མོ་ནུབ་པར་ཕབས་ནས། པདྨ་དབང་ཆེན་མཁྱེན་བརྩེའི་འོད་ཟེར་ཞེས་བགྱི་བའི་ཀུ་སུ་ལུ་པས་རང་ལོ་སོ་གཉིས་པར་སླེབས་ཤིང་། ཀུན་མཁྱེན་སངས་རྒྱས་གཉིས་པ་དེ་ཉིད་ཀྱིས་ཀྱང་སྒྲུབ་གནས་འདི་ཉིད་རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས་པར་བསྔགས་ནས་ཆུ་ཡོས་དགུང་ལོ་ལྔ་བཅུ་རྩ་དྲུག་པ་ཞེས་པའི་རྒྱལ་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་ཉིན། སྐུ་གདུང་ཉིད་ཆོས་སྐུའི་བཞུགས་སྟངས་ཀྱི་གདུང་ཆེན་ལྔ་དང་རིང་བསྲེལ་གྱི་འབྱུང་གནས་སུ་བཞག་ནས། འཇའ་འོད་ལ་སོགས་ཏེ་ཐེག་པ་མཆོག་གི་གདོད་མའི་ས་ལ་གྲུབ་མཐའ་སྙོགས་པའི་རྟགས་མཚན་ཕུལ་དུ་ཕྱིན་པས་འགྲོ་བ་རྒྱ་མཚོ་དད་པའི་ཞིང་ས་ལ་བཀོད་དེ། དགོངས་པ་གདོད་མའི་གཞི་དབྱིངས་སུ་རེ་ཞིག་ཐིམ་ནས་འགྲང་བྱའི་ཕུང་པོ་དུས་བུག་ཡོན་ཏན་གྱི་གྲངས་སུ་བརྒལ་བའི་དུས་ཀྱི་མཆོད་པར་ཉེ་བའི་ཚེ་ཡི་གེར་བཀོད་པ་ཤིན་ཏུ་གསང་བའི་སྡེ་ཚན་ནོ། །སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།

(༥༥༦)

(༥༥༧)སྙིང་ཏིག་སྒོམ་པའི་བྱ་བྲལ་གྱི། །གོལ་ཤོར་ཚར་གཅོད་སེང་གེའི་ང་རོ་བཞུགས། །

(༥༥༨)ཡེ་ནས་མ་བསྒོམས་མ་བསྒྱུར་མ་བཅོས་ཤིང་། །མ་ཡེངས་མ་བཟུང་རིག་པའི་སྙིང་པོ་ཅན། །བཏང་བཞག་ཆེད་འཛིན་བློ་བྲལ་རྫོགས་པ་ཆེར། །རང་བབས་གཉུག་མའི་རྒྱུན་གྱིས་ཕྱག་བགྱིའོ། །འོད་གསལ་རྒྱུད་སྡེ་རྫོགས་པ་ཆེན་པོའི་བཅུད། །པདྨའི་ཐུགས་ཉིག་མཁའ་འགྲོའི་སྙིང་གི་ཁྲག །རིམ་དགུའི་ཐེག་པ་ཀུན་ལས་འདས་པའི་དོན། །དགོངས་བརྒྱུད་ཁོ་ནའི་མཐུ་ལས་བརྗོད་བྱ་མིན།

(༥༥༩)དེ་ལྟ་ན་ཡང་སྙིང་པོའི་དོན་མཆོག་ལ། །གཅིག་ཏུ་གཞོལ་བའི་སྒོམ་ཆེན་རྣམས་ཀྱི་དོན། །རྟོག་དཔྱོད་འཇུར་བཙིར་ཁྲིགས་བཅད་མ་ཡིན་པར། །ཀློང་ཆེན་དགོངས་པའི་མཛོད་ནས་འདི་བྱས་སོ། །དེ་ལ་འདིར་སྔོན་གྱི་སྨོན་ལམ་དག་པས་མཚམས་སྦྱར། རྟོག་པ་དོན་གྱི་བརྒྱུད་པ་དང་ལྡན་པའི་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་ཞིག་དང་མཇལ། དེ་ལ་རྩེ་གཅིག་གི་དད་

(༥༦༠)འདུན་དྲག་པོས་ཡིད་ཁྱེད་ཤེས་ཀྱི་བློ་ཁེལ་ངེེས་གསོལ་བ་འདེབས་ཤེས་ན་རྐྱེན་མོས་གུས་ཀྱིས་བྱས་ཏེ་བླ་མའི་རྟོགས་པ་སློབ་མ་ལ་འཕོས་ནས་རང་བཞིན་སྤྲོས་བྲལ་རྫོགས་པ་ཆེན་པོའི་གནས་ལུགས་ཚིག་དང་དཔེ་ཡིས་མི་མཚོན་ལ། གོ་མ་འགགས་ཤིང་། རྒྱ་མ་ཆད། ཕྱོགས་སུ་མ་ལྷུང་བ་ད་ལྟའི་ཁྲེགས་ཆོད་ཀྱི་ཤེས་པ་སྤུ་མ་བརྫེས་མདོག་མ་བསྒྱུར་བ་འདི་ཀ་སྒོམ་ལ་ཁྲིལ་གྱིས་སོང་ནས་སྒོམ་རྒྱུའི་ཞེན་པ་དག །ལྟ་སྒོམ་གྱི་སྒྲོག་ལས་གྲོལ། ངེས་ཤེས་ནང་ནས་སྐྱེ། སྐྱེ་མཁན་ཡུལ་མེད་དུ་སོང་། བཟང་རྟོག་གིས་ཕན་མ་བཏགས། །ངན་རྟོག་གིས་གནོད་མ་བསྐྱལ། ལུང་མ་བསྟན་གྱི་མགོ་མ་བསྐོར་

(༥༦༡)པར་དབྱིངས་རིག་ཆམ་བརྡལ་དུ་སོང་ནས་ལམ་རྟགས་ཀྱི་ཡོན་ཏན་མངོན་དུ་འགྱུར་ཞིང་། དེ་ལ་གོལ་ས་དང་། ནོར་ས་དང་། ཤོར་ས་ཞེས་བྱ་བའི་མིང་མེད་པ་ཞིག་ལགས་སོ། །དེ་ལྟར་ནའང་། ཆོས་འདི་ཐེག་པའི་རྩེ་རྒྱལ་ཡིན་ཀྱང་གང་ཟག་ལ་མཆོག་དམན་འབྲིང་གསུམ་སྣ་ཚོགས་ཡོད་ཅིང་དབང་པོ་ཡང་རབ་ཤ་སྟག་ཚོགས་དཀའ་བས་གདུལ་བྱ་དང་འདུལ་བྱེད་ཀྱི་བར་དུ་འཛོལ་ཤོར་ནས་བསྒོམས་ཀྱང་ཡོན་ཏན་སྐྱེ་དཀའ་བའི་སྐྱོན་འདི་ནས་ཤོར་རོ། །དེ་ལ་རིམ་སྐྱེས་པའི་དབང་དུ་བྱས་ན་ཐུགས་དམ་ལ་གོ་བ་མྱོང་བ་རྟོགས་པ་གསུམ་ཡོད་པ། ཐུན་མོང་ཐེག་པའི་ལམ་རིམ་དང་སྦྱར་ན། ཚོགས་ལམ་པས་གོ། །སྦྱོར་ལམ་པས་མྱོང་། མཐོང་ལམ་པས་རྟོགས་ཞེས་མཁས་གྲུབ་རྣམས་གསུངས་པ་འདི་ཤིན་ཏུ་བཀའ་བཙན་པར་སྣང་ངོ། ༈། དེང་སང་གི་དུས་སུ་ཕལ་ཆེར་གོ་བ་ལ་སྒོམས་

(༥༦༢)རྣལ་མར་བཟུང་ནས་རྒྱས་འདེབས་སུ་ཤོར་བ་མང་། དེ་ཇི་ལྟ་བུ་ཞེ་ན། ཤེས་པ་གསལ་སྟོང་གང་དུའང་མི་རྟོག་པའི་མཉམ་གཞག་ལྷོད་ལྷོད་འབོལ་འབོལ་འདི་སྐྱེས་དུས་བདེ་ཉམས་ཁོ་ན་ཤས་ཆེ། ངའི་སྒོམ་འདི་ཀ་ཡིན། འདི་ལས་ལྷག་པ་སུས་ཀྱང་མི་ཤེས། ངས་འདི་ལྟ་བུ་རྟོགས་སྙམ་པའི་རང་མཐོང་ཡང་སྐྱེ་བ་ཡོད་པས་འདིའི་ཚེ་བླ་མ་ཚད་ལྡན་གྱིས་མ་ཟིན་ན། ཇི་སྐད་དུ་རྫོགས་ཆེན་ནས། གོ་བ་ལྷན་པ་འདྲ་སྟེ་གོག་ནས་འགྲོ། །ཞེས་བཤད་པ་ལྟར། རྐྱེན་བཟང་ངན་དང་འཕྲད་ཚེ་ཆུ་དང་འོ་མ་སོ་སོར་བྱེ་བ་མང་ཞིང་། དེ་ཡང་རྐྱེན་ངན་ལམ་དུ་ལྷོངས་པ་ནི་ཅུང་ཟད་སླ་མོད། བཟང་རྐྱེན་ལམ་དུ་ལྷོངས་པ་ཤིན་ཏུ་དཀའ་བས་རྟོགས་པ་མཐོན་པོར་རློམ་པ་དག་ཀྱང་ཚེ་འདིའི་ཆེ་ཐབས་འབའ་ཞིག་ལྷུར་ལེན་ཅིང་། རྣམ་གཡེང་ལྷའི་བུའི་བདུད་ལ་ཞེན་པ་ཁོ་ནས་གང་བ་འདི་ནི་ཚོགས་དྲུག་རང་གྲོལ་གྱི་གནད་མ་རྟོགས་པས་ལན་ལ། དེང་སང་ནི་འདི་ལ་ཡ་མཚན་དང་གྲུབ་རྟགས་སུ་བྱེད་པས་འདིར་སྨྲ་བ་པོ་བྱ་རོག་དཀར་པོར་ཟད་མོད། འོན་ཀྱང་སྙིང་ནས་དམ་ཆོས་བྱེད་

(༥༦༣)པ་དག་འདིའི་ཚེ་མཚན་མ་ཅན་གྱི་ལྟ་བ་ཐོམ་ཡོ་རེ་བ་དེ་ལ་སྒོམ་གོ་མི་གཅོད་པར་ཐུན་བཞིར་བླ་མའི་རྣལ་འབྱོར་ལ་རྩལ་འདོན་ཅིང་དབང་བཞི་བླངས་རྗེས་ཐུགས་ཡིད་བསྲེས་པའི་ངང་ལ་རིག་པ་ཁ་ཡན་དུ་ཀློད་ལ་ཉམས་དེའི་ངོ་བོ་གཏད་མེད་ཁུངས་མེད་དུ་མ་སོང་བར་སྙིང་ལ་རྡོ་རུས་གཏུག་གོ། །དེ་བཞིན་དུ་ཉམས་མྱོང་ལ་ཞི་གནས་ཤས་ཆེ་བའི་སྟོང་ཉམས་དང་། ལྷག་མཐོང་ཤས་ཆེ་བའི་གསལ་ཉམས་སོགས་མདོར་ན་འགྱུ་དྲན་གྱི་མཚང་རིག་ཅིང་སོ་སོར་རྟོག་པའི་ཤེས་རབ་ཀྱི་རྩལ་འབར་ནས་གནས་འགྱུ་གཉིས་ཀ་སྒོམ་དུ་ཁྱེར་ཤེས་པ་ཡོད་ཀྱང་། ཤེས་མཁན་གྱི་ངོ་བོ་ལ་ང་བདག་གི་འཛིན་སྟངས་དམ་སྤྲིང་ངེ་བ་དང་། །བརྟག་དཔྱད་བསམ་གཞིགས་ཀྱི་གཤིས་ལ་ཤོར་བ་སོགས་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཤེས་བྱའི་སྒྲིབ་པ་རྔམ་པོ་ཆེ་འདི་ན་ཡོད་པས་རྣམ་རྟོག་ལ་ཆོས་སྐུའི་མིང་འདོགས་མི་སྔ་བར་ད་ལྟར་གྱི་ཤེས་པ་གྲ་མ་ཉམས་ཤིང་ཟུར་མ་ཆག་པ་འདི་ཀ་ལ་སྒོམ་མཁན་གྱི་གཉེན་པོ་དང་། ལྟ་བའི་ཞེན་པས་མ་བཅིངས་པར་ཟང་ཐལ་

(༥༦༤)ཁ་ཡན་དུ་ལམ་དུ་འཁྱེར་བ་ཁོ་ན་ལས་ལྷག་པའི་མཉམ་གཞག་དང་རྗེས་ཐོབ་ཀྱི་གོ་བ་ལ་བརྟག་དཔྱད་ཀྱི་བྱ་ཤོར་ན། ལམ་གོལ་ས་དང་། ནོར་ས་དང་། ཤོར་ས་གསུམ་གྱི་འཕྲང་ཡོད་དེ་དེ་ལ་དེ་དག་གི་ངོས་ཟིན་མ་ཤེས་ན། ཡིན་པ་དང་མིན་པའི་སྟངས་མི་ཕྱེད་པས་འདིར་དེ་དག་གི་མཚང་འཆད་ན། སྟོང་པ་ཉིད་ཅེས་པ་དེ་ཡེ་གདོད་མ་ནས་སྟོང་ཞིང་བདག་མེད་པ་སྤྲོས་པའི་མཐའ་བཞིའམ་བརྒྱད་དང་བྲལ་བ་ད་ལྟའི་ཤེས་པ་བློ་འདས་ཁ་ཡན་འདི་ཀ་རིག་པ་ལ་ཟེར་བ་དེ་མ་གོ་བར། ཐེག་པ་འོག་མ་ལྟར་ཡོད་མེད་དགག་སྒྲུབ་ཀྱི་བློས་དཔྱད་པའི་རྗེས་ཀྱི་ཅི་ཡང་མེད་པའི་སྟོང་པའམ། རྒྱུད་སྡེ་འོག་མ་ལྟར་སྭ་བྷཱ་ཝའི་སྔགས་སོགས་ཀྱིས་སྟོང་པར་སྦྱངས་པའི་ཏིང་ངེ་འཛིན་གསལ་སྟོང་ཙམ་དུ་ཁས་ལེན་ཅིང་སྒྱུ་མ་ལྟ་བུའི་ལྟ་བ་ལྟར་མྱོང་ན་ནོར། །དེ་བཞིན་དུ་ཞི་གནས་ནི་ཕྲ་རགས་ཀྱི་རྣམ་རྟོག་རང་སར་ཞི་སྟེ། སེམས་ཉིད་འགྱུ་དྲན་གྱི་རླབས་དང་བྲལ་ནས་དངས་སེང་ངེ་གནས་པའི་ཆ་རང་རིག་རང་གསལ་དེ་ཡིན་པ་མ་གོ་བར་གནས་པ་དྲན་མེད་ཧད་པོ་ལ་གོ་ན་ནོར།

(༥༦༥)ལྷག་མཐོང་ནི་གནས་འགྱུ་གཉིས་ཀ་རང་ངོ་རིག་པའི་ཤེས་པའི་ངར་གདིང་གསལ་རིག་འཛིན་མེད་འདི་ཀ་ཡིན་པ་ལ། དེ་མ་གོ་བར་གནས་འགྱུ་ལ་བརྟག་དཔྱད་བྱེད་པའི་བློ་དང་ནོར་ས་ཡོད། མཉམ་གཞག་དང་རྗེས་ཐོབ་ཅེས་པ་ལ་བཞེད་ལུགས་སྣ་ཚོགས་ཡོད་ཀྱང་། རྫོགས་ཆེན་རང་སྐད་དུ་གང་ཤར་གྱི་ངོ་བོ་དྲན་པའི་རྩིས་ཟིན་བཞིན་པའི་ངང་དུ་གནས་པ་ལ་མཉམ་གཞག་དང་། དེ་ཉིད་ཤེས་བཞིན་གྱི་ངང་དུ་སྤྲུལ་བསྒྱུར་སོགས་འགྱུ་བའི་ཆ་དེ་རྗེ་ཐོབ་ཡིན་པ་མ་གོ་བར། ལྟ་སྟངས་ཀྱི་སྟོང་པ་ལ་རྩེ་གཅིག་ཏུ་འཇོགས་པ་ལ་མཉམ་གཞག་དང་། དེ་ལས་ལངས་ནས་གང་ཤར་ལ་སྒྱུ་མ་ལྟ་བུའི་སྟོང་ཉིད་ཀྱི་རྒྱས་འདེབས་བྱེད་པ་ལ་རྗེས་ཐོབ་ཏུ་འདོགས་པ་ནོར། ཡེངས་མེད་ནི། འཁྲུལ་འབྱམས་ཀྱི་རྣམ་རྟོག་འོག་འགྱུར་ཤོར་བ་དང་ལུང་མ་བསྟན་དུ་མ་སོང་བར་ཡང་དག་གཉུག་མའི་དྲན་པ་ལ་ཟེར་གྱིས། ཡེངས་ཀྱི་དོགས་པའི་ཟོན་འཇུག་པ་དང་། སྡུག་བཙིར་འཇུར་དྲན་གྱིས་བཅིངས་ན་ནོར། ཐ་མལ་གྱི་ཤེས་པ་ནི་ད་

(༥༦༦)ལྟའི་ཤེས་པ་སྐྱོན་ཡོན་གང་གིས་ཀྱང་མ་བསླད་པའི་རང་བབས་འདི་ཀ་རིག་པའི་རྒྱུན་གྱིས་སྐྱོང་བ་ལ་ཟེར་བ་མ་གོ་བར། འཇིག་རྟེན་ཐ་མལ་གྱི་རྣམ་རྟོག་རང་རྒྱུད་པ་ལ་ངོས་འཛིན་པ་ནོར། སྒོམ་མེད་ནི་གནས་ལུགས་ལྷུམས་སུ་ཞུགས་ནས་སྒོམ་མི་སྒོམ་གྱི་ཞེན་པ་དག་སྟེ་སེམས་ལ་བཟོ་བཅོས་དང་དམིགས་གཏད་གང་ཡང་མེད་པར་ཁྱབ་གདལ་གྱི་དྲན་པའི་མཁར་ཚུགས་པ་ལ་ཟེར་གྱིས། བློས་བཏང་བའི་བཏང་སྙོམས་ཐ་མལ་དུ་སྡོད་པའམ། ཅི་ཡིན་འདི་ཡིན་མེད་པའི་ལུང་མ་བསྟན་དུ་རྒྱ་འབྱམས་ན་ནོར། གང་ཤར་སྐྱོང་བ་ཟེར་བ་དེ། གང་ཤར་གྱི་རྣམ་རྟོག་དེ་ལ་ཅེར་གྱིས་བལྟས་ནས་དགག་པ་ཡང་མ་ཡིན། དེ་ལ་བརྟག་གཞིག་བྱེད་པ་ཡང་མ་ཡིན། དེའི་རྗེས་སུ་འབྲང་བ་ཡང་མ་ཡིན་པར་རྣམ་རྟོགས་ཤར་མཁན་ཁོ་རང་གི་རིག་ཐོག་ཏུ་ཀློད་ནས་གནས་འགྱུ་ཟང་ཐལ་དུ་སྐྱོང་བ་ལ་ཟེར་བ་མགོ་བར། གང་ཤར་རང་དགར་རྗེས་སུ་འབྲང་ཞིང་རྟོག་དཔྱོད་བྱེད་ན་ནོར། དེ་བཞིན་དུ་གོལ་ས་གསུམ་ནི། བདེ་བ་ལ་ཞེན་ན་འདོད་ཁམས་ཀྱི་ལྷར་སྐྱེ། གསལ་

(༥༦༧)བ་ལ་ཞེན་ན་གཟུགས་ཁམས་ཀྱི་ལྷར་སྐྱེ། མི་རྟོག་པ་ལ་ཞེན་ན་གཟུགས་མེད་ཀྱི་ལྷར་སྐྱེ་བས་གོལ་ས་ཞེས་བྱ་ལ། དེའི་ངོས་འཛིན་དང་ནོར་ས་བཤད་ན། བདེ་བ་ཞེས་བྱ་བ་དེ་རྩ་བའི་སྡུག་བསྔལ་ཆེན་པོ་གསུམ་གྱིས་མ་བསླད་པར་གནས་ལུགས་དེའི་ངང་ལ་འབྲལ་མི་ཕོད་པ་ལྟ་བུའི་དགའ་བདེའི་ཉམས་འཆར་བ་ལ་ཟེར་གྱིས། ཟག་བཅས་འདོད་ཆགས་ཀྱི་བདེ་བ་ལྟ་བུའམ། ཡུལ་རྐྱེན་གྱིས་བསྒྱུར་བའི་སྐྱིད་སྣང་དང་དགའ་སྤྲོའི་རྣམ་རྟོག་འཆར་བ་ལྟ་བུ་ལ་ཟེར་བ་མ་ཡིན། གསལ་བ་ཞེས་པ་དེ་རྨུགས་པའམ་བྱིང་འཐིབས་ལྟ་བུའི་བགེགས་ཀྱིས་མ་བསླད་པར་རིག་པའི་དར་ཆའམ་འཆར་སྒོ་འགག་མེད་དུ་གསལ་བ་ལ་ཟེར་གྱིས། ཡུལ་སྣང་གི་ཁ་དོག་བཟོ་དབྱིབས་སོགས་མཚན་བཅས་ཀྱི་འཆར་སྒོ་འཁྲུལ་སྣང་གི་རང་གཟུགས་ལ་ཟེར་བ་མ་ཡིན་ནོ། །མི་རྟོག་པ་ཡང་། རྣམ་རྟོག་མི་འགྱུ་དགུ་འགྱུ་ཨ་འཐས་འཁྲུལ་རྟོག་གི་གཡོ་འཁྲུགས་དང་བྲལ་བའི་རྟོག་མེད་ནམ་མཁའ་ལྟ་བུ་ལ་ཟེར་གྱིས། དྲན་མེད་དུ་བརྒྱལ་བ་ལྟ་བུའི་

(༥༦༨)ཚོར་བ་འགགས་པའམ་གཉིད་འཐུག་ལྟ་བུའི་མུན་ནག་ལ་ཟེར་བ་མ་ཡིན་ནོ། །མདོར་ན་ཉམས་གསུམ་པོ་འདི་ཡང་ལམ་རྟགས་ཀྱི་འཆར་ཚུལ་ཙམ་དུ་ཤུགས་འབྱུང་དུ་བྱུང་བ་ཡིན་པ་མ་རྟོགས། དེ་ཡོད་དུ་རེ་ནས་ཆེད་དུ་སྒོམ་པ་དང་། བྱུང་བ་ལ་སྒོམ་རྣལ་མར་བཟུང་ནས་ཞེན་ཅིང་ཆགས་ན་ཁམས་གསུམ་དུ་གོལ་བའི་རྒྱུ་ལས་མ་འདས་སོ། །དེ་བཞིན་དུ་ཤོར་ས་བཞི་ལ་སྟོང་པ་ཉིད་ཤེས་བྱའི་གཤིས་ལ་ཤོར་བ། སྟོང་པ་ཉིད་ལམ་དུ་ཤོར་བ། སྟོང་ཉིད་གཉེན་པོར་ཤོར་བ། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་དང་བཞི་ཡོད་ཅིང་དེ་དག་རེ་རེ་ལའང་ཡེ་ཤོར་དང་འཕྲལ་ཤོར་གཉིས་སུ་དབྱེ་བར་བཤད་ཀྱང་། མདོར་ཧྲིལ་གྱིས་དྲིལ་ན་དོན་དམ་པའི་སྟོང་ཉིད་ཀྱི་ངོ་བོ་གདོད་ནས་རྣམ་པར་དག་པ་བྱས་ཆོས་དང་བློས་བཏགས་ཀྱི་སྒྲོག་ལས་གྲོལ་བ་ད་ལྟའི་རིག་པ་ཀ་དག་ཕྱོགས་ཡན་ཆེན་པོའི་གནད་མ་གོ་བར་སྣང་བ་ལ། སྟོང་པས་རྒྱས་འདེབས་ལྟ་བུའི་སྟོང་པ་ལོགས་ནས་བསྒྲུབ་ན་གཤིས་ལ་ཤོར་བའོ། །དེ་བཞིན་དུ་རང་རིག་ཐ་མལ་ཤེས་པའི་ལམ་ཁྱེར་ལ་ཡིད་མ་ཆེས་ཤིང་རྒྱུ་

(༥༦༩)འབྲས་དབྱེར་མེད་ཀྱི་རང་བཞིན་ཡེ་ནས་ལྷུན་གྲུབ་ཏུ་ཚང་བ་མ་ཤེས་པར། ལམ་སྟོང་ཉིད་སྒོམ་པས་འབྲས་བུ་ཆོས་ཀྱི་སྐུ་གཞན་ནས་འབྱུང་དུ་རེ་ནས་འབད་པས་བློས་བཏགས་ཏེ་སྒོམ་པ་ནི་ལམ་དུ་ཤོར་བའོ། ཉོན་མོངས་པ་དང་རྣམ་རྟོག་གང་ཤར་ཡང་དེ་ཁའི་ངོ་བོ་ཡེ་ནས་སྟོང་པ་ཉིད་ལས་མ་འདས་པས་སྤང་རྒྱུའི་ཉོན་མོངས་དང་། གཉེན་པོའི་སྟོང་ཉིད་གཉིས་སུ་མ་དགོས་པར་སྤང་བྱ་ཁོ་རང་རིག་པས་ངོས་ཟིན་པ་དང་མཉམ་དུ་སྦྲུལ་གྱི་མདུད་པ་ཞིག་པ་ལྟར་རང་གྲོལ་དུ་སོང་བའི་གནད་མ་གོ་བར། སྤང་བྱའི་རྣམ་རྟོག་དང་ཉོན་མོངས་ཀྱི་སྟེང་དུ་གཉེན་པོའི་སྟོང་ཉིད་ལོགས་སུ་བསྒོམ་དགོས་ན་གཉེན་པོར་ཤོར་བའོ། །རྒྱས་འདེབས་ལ་ཤོར་པ་ནི་སྤྲོས་བཅས་དང་སྤྲོས་མེད་གང་ཡིན་ཀྱང་ཡེ་ནས་ཀློང་ཆེན་ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ་གསལ་སྟོང་ཟུང་འཇུག་ཆེན་པོར་ལྷུན་གྲུབ་ཏུ་མ་ཤེས་པར་ཨ་འཐས་ཀྱི་སྒོམ་མཁན་དང་དམིགས་མེད་དུ་སྦྱོང་བའི་འཛིན་སྟངས་ཟུང་དུ་མ་ཆུད་པས་ཐབས་ཤེས་ཡ་བྲལ་བ་དང་། ཐ་མལ་གྱི་རིག་པ་བློ་འདས་ཀྱི་རྒྱུན་དམིགས་

(༥༧༠)མེད་ཀྱི་བྱ་རས་མི་སྐྱོང་བར་ཐོག་མའི་གོ་ཡུལ་དེ་ཡིད་ལ་བཞག་ནས་བསྒོམ་བྱ་སྒོམ་བྱེད་མེད་དོ། །ཐམས་ཅད་སྟོང་པ་ཉིད་དོ། །ཐམས་ཅད་ཆོས་སྐུའོ། །ལས་འབྲས་མི་བདེན་ནོ། །བློ་ཡིན་ནོ། །རྣམ་རྟོག་ཡིན་ནོ། །གང་ཡང་མ་གྲུབ་བོ་ཞེས་ཐག་ཆོད་ཀྱི་སྟོང་ལྟས་རྒྱས་འདེབས་པ་ལ་ཟེར་གྱིས་འདི་ནི་དེང་སང་ཤིན་ཏུ་མང་ངོ། །མདོར་ན་སྒོམ་བདག་པོའི་ལག་ཏུ་འཕྲོད་ནས་རྣམ་ཀུན་མཆོག་ལྡན་གྱི་སར་བགྲོད་པ་ལ་ཤོར་གོལ་ནོར་ས་གསུམ་གྱི་བསྐུངས་ས་དང་འཕྲད་ཤིན་ཏུ་དོག་པས་ཉམས་མྱོང་དེ་དག་ལ་གདར་ཤ་མ་ཆོད་ན་ཁ་ཁྱེར་དང་ཚིག་ཁྱེར་མཁས་ཀྱང་། ཇི་སྐད་དུ་རྫོགས་ཆེན་ནས། ཉམས་ན་བུན་འདྲ་སྟེ་ཡལ་ནས་འགྲོ། །ཞེས་བཤད་པ་ལྟར་ཡུལ་གྱི་རྐྱེན་བཟང་ངན་ཕྲན་བུས་ཀྱང་སྒོམ་ཆེན་པ་བསླུས་ནས་རྐྱེན་ཐོག་ཏུ་འཆོལ་བ་དེས་ལན་པར་གདའ་སྟེ། དེའི་ཕྱིར་གེགས་སེལ་བོགས་འདོན་གྱི་གནད་ཁྱད་པར་ཅན་གྱིས་མ་ཟིན་ན་མི་དང་མ་འཕྲད་པའི་བཅད་རྒྱ་དམ་པོ་བྱེད་པ་དང་། སྡུག་བཙིར་བྱས་ཡུས་ཅན་གྱི་སེམས་འཛིན་ལུས་གནད་དམ་པོས་འཆིང་བ་དང་། ལྷ་སྒོམ་པ་དང་སྔགས་

(༥༧༡)བཟླ་བ་དང་། རྩ་རླུང་སྒོམ་པ་ལ་སོགས་སྡུག་པོ་སྤུས་བཙལ་ནས་ཉོས་པ་གཅིག་པུས་ཐར་པ་བྱང་ཆུབ་ག་ལ་ཐོབ་སྟེ། འཕགས་པ་སྡུད་པ་ལས། གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་ཡི་སུལ། སྦྲུལ་གྱིས་གང་བར་ལོ་མང་བྱེ་བར་གནས་བྱས་ཀྱང་། །དབེན་པ་འདི་མི་ཤེས་པའི་བྱང་ཆུབ་སེམས་དཔའ་ནི། །ལྷག་པའི་ང་རྒྱལ་རྙེད་ནས་འགྲོ་བར་གནས་པ་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་ན་གང་ཤར་ལམ་འཁྱེར་གྱི་གནད་ཤེས་ནས་ལུས་ཀྱི་མཚམས་ཁང་དུ་སེམས་ཀྱི་སྒྲུབ་པ་པོ་དབེན་པར་གནས་པའི་སྒྲུབ་པ་ཁོ་ན་ལས་ཆོད་ཆེ་བའི་ལམ་མེད་པས་ལོ་མཚམས་ཟླ་མཚམས་ཀྱི་བྱས་ཡུས་ལ་རེ་ལྟོས་མི་འཆའ་བར་མི་ཚེ་ཁོ་ན་ལ་ཚད་བཅུགས་ནས་གནས་ལུགས་མ་བཅོས་པའི་རྒྱུན་སྐྱོང་བ་ལ་འབད་ཅིང་། བཟང་ངན་གྱི་རྣམ་རྟོག་གང་ཤར་ཡང་རྣམ་རྟོག་གོ་སྙམ་པའི་ཅེར་འཛིན་གྱི་ལྷན་པ་འདེབས་པ་དང་སྤང་བྱའི་སྟེང་དུ་གཉེན་པོའི་མེ་བཙའ་རྒྱག་པ་སོགས་གང་ཡང་མི་བྱེད་པར་མི་རྒན་གྱིས་བྱིས་པའི་རྩེད་མོ་ལ་བལྟ་བ་ལྟར་

(༥༧༢)སྣང་མེད་སྤྲོས་བྲལ་གྱི་ངང་དུ་ཉིན་མཚན་བར་མེད་དུ་ལ་བཟློ་བར་བྱས་པས་ལྷག་མཐོང་རྟོག་མེད་ཀྱི་རྩལ་རྫོགས་ཏེ། གནས་འགྱུ་དྲན་རིག་བཟང་རྟོག་ངན་རྟོག་ཇི་ལྟ་བུ་འཆར་ཡང་རིག་སྟོང་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་བཙན་ས་ཟིན་པས་ན་རྫོགས་ཆེན་ནས། རྟོགས་པ་ནམ་མཁའ་འདྲ་སྟེ་འགྱུར་བ་མེད། །ཅེས་པ་ལྟར་རྣལ་འབྱོར་པ་དེ་ལུས་ཐ་མལ་པ་ལྟར་སྣང་ཡང་སེམས་ཆོས་སྐུ་བྱ་རྩོལ་དང་བྲལ་བའི་དགོངས་པ་ལ་བཞུགས་པས་སྣང་སྲིད་བླ་མའི་དཀྱིལ་འཁོར་གང་ཤར་ཡེ་ཤེས་ཆམ་བརྡལ་ཡུལ་སྣང་བརྡ་དང་དཔེ་ཆ། ས་ལམ་བྱར་མེད་ལྷུག་པ་དགོངས་པ་འཁོར་འདས་ཡེ་གྲོལ་གྱི་ཀློང་ནས་གནས་སྐབས་སུ་བསྟན་པ་དང་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་། ལུས་རྒྱའི་འཆིང་བ་ཞིག་པ་དང་དུས་མཚུངས་པར་བུམ་ནང་གི་ནམ་མཁའ་བུམ་པ་ཆག་པ་དང་ལྷན་ཅིག་ཕྱིའི་ནམ་མཁའ་དང་དབྱེར་མེད་རོ་གཅིག་ཏུ་གྱུར་པ་ལྟར། གདོད་མའི་གཞི་དབྱིངས་ནང་གསལ་དཔྱོད་བྱེད་ཀྱི་ཤེས་པ་དང་བྲལ་བའི་གཞོན་ནུ་བུམ་པའི་སྐུར་མངོན་སངས་རྒྱ་བ་ནི་བསྒྲུབ་བྱའི་

(༥༧༣)མཐར་ཐུག་གོ། །འདིར་སྨྲས་པ། །ཀུན་རྫོབ་འཁྲུལ་བའི་སྣང་བརྫུན་པོ་ཆེ། །ཀློང་ཆེན་རིག་པའི་གཤིས་སུ་འུབ་ཆུད་པས། །འགྱུ་དྲན་སེམས་ཀྱི་བྱ་བྱེད་བྱིས་པའི་གར། །བློ་འདས་དྲན་པའི་ངང་དུ་བག་ལ་ཞ། །ལྟ་བ་མཐོན་པོར་སྙེགས་པའི་བཟང་རྟོག་དང་། །ཐེ་ཚོམ་སྒྲོག་ཏུ་ཆུད་པའི་ངན་རྟོག་ཆང་། །བཏུངས་བའི་གཏི་མུག་གཉིད་ཀྱིས་མ་བཟི་བར། །ཐ་མལ་རིག་པ་རྗེན་པ་ལྷོད་དེར་གནས། །གོ་ཡུལ་ཁ་ལྟར་འབྱམས་པའི་འུད་གོག་དང་། །གནས་འགྱུའི་འཕྲང་ལ་འཛེར་བའི་དུཁ་སོགས། །དགོངས་བརྒྱུད་རྡོ་རྗེའི་ཚིག་རྐང་ཟབ་མོ་ཡི། །ཉུང་ངུའི་གཏམ་གྱིས་ལན་བརྒྱར་ཟིལ་གྱིས་མནན། །སྔོན་བསགས་སྨོན་ལམ་དཀར་པོའི་རྟེན་འབྲེལ་དང་། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བཀའ་དྲིན་ལས། །དབུ་མའི་རྩ་མདུད་གྲོལ་བའི་ལག་རྗེས་སུ། །ཉམས་མྱོང་གནད་ཀྱི་མན་ངག་འདི་ཀོ་བྱས། །དེ་ལྟའི་དབྱར་རྔའི་ང་རོ་བསྒྲགས་པ་ན། །མཁས་རློམས་ཀུ་ཙི་ཡི་སྙིང་འགས་ཀྱང་། །ཉམས་རྟོགས་ཟབ་མོ་ཁོང་ནས་ལུད་པའི་ཕྱིར། །ཀློང་བརྡོལ་གཏམ་ལ་སྦ་

(༥༧༤)གསང་བྱ་མ་ཐུབ། །དགེ་དེས་རང་བབས་དྲན་པ་སྐྱོང་བ་ལ། །འཇུར་དྲན་ཆལ་བར་ཤོར་བའི་མི་དགེ་ཀུན། །ཤུགས་འབྱུང་གཉུག་མའི་ངང་དུ་དག་ནས་ཀྱང་། །ཀུན་གྱིས་རྫོགས་པ་ཆེན་པོ་རྟོགས་པར་ཤོག །ཅེས་གོལ་ཤོར་ཚར་གཅོད་སེང་གེའི་ང་རོ་ཅེས་བྱ་བ་འདི་ཡང་དད་གཏོང་ཐོས་པའི་ནོར་གྱིས་ཕྱུག་ཅིང་། འོད་གསལ་རྫོགས་པ་ཆེན་པོ་ལ་འཕྲོ་ཞུད་མེད་པར་སྐྱོང་བའི་སྟོན་དགེའི་ལས་འཕྲོ་ཅན་ཆོས་དྲུང་དམ་པ་ཀློང་གྲོལ་དབྱིངས་རིག་དང་། དབེན་པ་གསུམ་གྱིས་རྒྱུད་བསྡམས་ཏེ་འདག་འབྱར་ཁོ་ན་ལ་གནས་པས་འོད་གསལ་རྡོ་རྗེ་སྙིང་པོའི་སྒྲུབ་པ་ལ་བརྩོན་པ་སྐུ་གསུམ་དབྱིངས་རིག་སོགས་ཀྱིས་ལན་གཅིག་མ་ཡིན་པར་ཡང་ཡང་བསྐུལ་འདེབས་བྱུང་བར་བརྟེན། འོད་གསལ་རྫོགས་པ་ཆེན་པོ་མངོན་སུམ་གྱི་གནས་ལ་གོམས་པར་རློམ་པའི་ཀུ་སུ་ལུའི་རྣལ་འབྱོར་པ་པདྨ་དབང་ཆེན་ཡེ་ཤེས་དཔལ་གྱི་རོལ་མཚོས། དཔལ་གྱི་མཆིམས་ཕུའི་ལྟེ་བ་འོག་མིན་མཁའ་འགྲོའི་ཚོགས་ཁང་གསང་ཆེན་མེ་ཏོག་ཕུག་གི་མཚམས་མལ་དུ་བྲིས་པ་འདི་ཁྲིད་མ་

(༥༧༥)མཐོབ་པ་དང་། ཐོབ་ཀྱང་རང་རྩིས་ཀྱི་དུག་ཆུས་མྱོས་ཤིང་ལམ་གྱི་གནད་མ་ལོངས་པའི་སྐལ་མེད་ལོག་ལྟ་ཅན་གྱི་རིགས་ལ་བསྟན་པར་མི་བྱའོ། སྒྲུབ་པ་སྙིང་པོར་བྱེད་པ་རྣམས་ཀྱི་ཡི་གེ་འདི་ལ་ནན་ཏན་དུ་གཟིགས་ཤིག །ངེས་ཤེས་སྐྱེས་ཚད་ལ་ལུང་བྱིན་པ་ཡིན་ནོ། །སྙིང་ཏིག་གཉེན་པོའི་བཀའ་སྲུང་རྣམས་ལ་གཉེར་རོ། །ས་མ་ཡ རྒྱ་རྒྱ་རྒྱ

(༥༧༦)

(༥༧༧)རྫོགས་པ་ཆེན་པོ་གནས་ལུགས་ཅེར་མཐོང་ཞེས་བྱ་བ་བཞུགས། ལས་དང་པོ་བ་ལ་འདི་མཁོ།

(༥༧༨)གཞི་རང་གྲོལ་རྫོགས་པ་ཆེན་པོ་ལ། བློ་འདུད་བྱེད་བྲལ་བས་ཕྱག་བགྱིའོ། །དོན་རང་རིག་བློ་བྲལ་རྫོགས་ཆེན་ཞལ། དུས་ད་ལྟ་མཐོང་བར་བྱིན་གྱིས་རློབས། རྫོགས་པ་ཆེན་པོའི་དོན་གྱི་འཇོག་སོ་ནི། ད་ལྟའི་རང་སེམས་བཅོས་མེད་ལྷུག་པར་བསྒྱུར་བཀོད་སྤུ་ཙམ་མ་སོང་བའི་གསལ་རིག་རྗེན་པ་འདི་ཀ་ཡིན། དེ་ཉིད་དུས་རྟག་པར་ཟ་ཉལ་འགྲོ་འདུག་གང་གི་སྐབས་སུ་ཡང་མ་བརྗེད་ཙམ་པའི་དྲན་པས་སྐྱོང་བ་དེ་ལ་སྒོམ་ཟེར་བ་ཡིན་ཀྱང་ཤེས་བྱའི་སྒྲིབ་པ་དང་མ་བྲལ་བར་དུ་བདེ་གསལ་མི་རྟོག་གསུམ་

(༥༧༩)གྱི་ཉམས་དང་མ་འདྲེས་པ་ཞིག་འོང་མི་སྲིད་ཀྱང་དྲན་པས་ཆེད་དུ་གཅུར་བའི་འཇུར་དྲན་མ་ཡིན་པའི་ངོས་ནས་རང་ངོ་རང་ཤེས་མ་བརྗེད་ཙམ་དུ་བསྐྱངས་པས་ཅི་ཞིག་ན་དོན་དམ་སྤྲོས་བྲལ་གྱི་བདེན་པ་དཔེ་དང་ཐ་སྙད་ལས་འདས་པ་ཞིག་འཆར་ནས་ཡོད། དེ་ཡང་རེ་ཞིག་ལས་དང་པོའི་རིགས་ལ་རྣམ་རྟོག་ནག་པོ་ཁ་འབྱམས་ཀྱིས་དྲན་པ་ཡེངས་སུ་བཅུག་ཡོད་པས་རྣམ་རྟོག་བརྟད་འགྲིལ་མང་ཙམ་འོག་འགྱུར་སོང་རྗེས་སྐབས་ཤིག་ན་དྲན་པ་ཧྲིག་གེ་སླེབས་ནས་ང་ཡེངས་འདུག་སྙམ་པའི་འགྱོད་

(༥༨༠)པ་སྐྱེ་ཡང་། དེ་ཚེ་རྣམ་རྟོག་སྔ་མའི་གཞུག་གཅོད་དང་ཡེངས་པ་ལ་འགྱོད་པ་སོགས་གང་ཡང་མི་བྱ་བར་དྲན་པ་ཧྲིག་གེ་སླེབས་པ་དེ་ཁའི་ཐོག་ཏུ་རང་བབས་ཀྱི་རྒྱུན་སྐྱོང་རྣམ་རྟོག་ལ་ཆོས་སྐུར་ལྟ་མི་སྤང་ཟེར་བ་གྲགས་ཆེ་ཡང་། ལྷག་མཐོང་གི་རྩལ་མ་རྫོགས་རིང་དེ་ལྟར་བྱས་ན་ཅི་ཡིན་འདི་ཡིན་མེད་པའི་གཟེབས་སུ་ཚུད་ངེས་པས་དེས་ན་དང་པོའི་རིང་རྣམ་རྟོག་གང་ཤར་ལ་ཅེར་གྱིས་བལྟས་ནས་རྟག་དཔྱད་བསམ་གཞིག་གང་ཡང་མི་བྱ་བར་རྣམ་རྟོག་ངོ་ཤེས་མཁན་རང་གི་ཐོག་ཏུ་བྱིས་པའི་རྩེད་མོ་ལ་མི་རྒན་གྱིས་སུན་འབྱིན་སྣང་མེད་བྱེད་པ་བཞིན་དུ་རྩིས་མེད་བདེན་མེད་གཡས་ཆུང་ངུ་འཇོག །དེ་ལ་རྒྱུན་རིང་བར་གོམས་ཙ་ན་ཅི་ཞིག་ན་རྣམ་རྟོག་སྒོམ་ལ་ཤར་ནས་གནས་འགྱུ་མཉམ་གྲོལ་དུ་འགྲོ་བ་ཡིན། འདིའི་ཚེ་རྣམ་རྟོག་ངོ་ཤེས་ནས་ཆོས་སྐུར་གྲོལ་བ། རྣམ་རྟོག་ཁོ་རང་ཆོས་སྐུར་གྲོལ་བ། རྣམ་རྟོག་ཕན་མེད་གནོད་མེད་དུ་ཆོས་སྐུར་གྲོལ་བ་སོགས་རིམ་པར་འབྱུང་བ་རྫོགས་པ་ཆེན་པོའི་དགོངས་བརྒྱུད་ཀྱི་ཕ་ཕོགས་

(༥༨༡)ཐོབ་པའི་བཤེས་གཉེན་དམ་པས་སོ་མཚམས་འབྱེད་དགོས་ལ། ཐེག་པ་གཞན་པ་དང་ཡིད་དཔྱོད་པའི་རྣམ་རྟོག་ཆོས་སྐུར་ལྟ་བའི་ལུགས་དང་མི་འདྲ་བའི་གནད་ཆེ་ཤོས་ཤིག་འདི་ན་ཡོད་དེ་མན་ངག་སྡེའི་དགོངས་པ་ཐུན་མོང་མ་ཡིན་པ་ལོན་པའི་ས་གནས་ཀྱི་སེམས་དཔའ་རྣམས་ཀྱི་གྲུབ་མཐའ་སྙོགས། དེ་ནས་སྤངས་ཐོབ་བྲལ་བའི་སྤྲོས་བྲལ་ནམ་མཁའ་ལྟ་བུ་རྟོགས་པའི་ཚེ་སྒོམ་བྱེད་དང་དྲན་རིག་གི་གཉེན་པོ་གཏད་ཡལ་ལ་སོང་ནས་ཤེས་རྒྱུད་མཁའ་ལྟར་དག་སྟེ་ཐེ་ཚོམ་དང་ཡིན་མིན་གྱི་འཆིང་བ་རང་སར་གྲོལ་བ་ཞིག་འབྱུང་བ་སུས་ཀྱང་མ་བྱས་པའི་རིག་པ་བློ་འདས་ཟང་ཁ་རྒྱ་ཡན་ཆེན་པོར་ལ་བཟློ་བའི་ཚེ་ན། འདི་ཉིད་སངས་རྒྱས་ཀྱི་བདེན་མཐོང་མོས་དཔྱོད་ལས་འཕགས་པ་ཡིན་ངེས་པས་ཁམས་གསུམ་དུ་ལྡོག་པའི་གོལ་ས་ཆོད། འདི་ནས་ཀ་དག་གི་གནས་ལུགས་ཡེ་ཇི་བཞིན་པ་རྟོགས་པ་ཡིན་ཡང་ད་དུང་ཕོ་ཚུག་མ་བསྐྱེད་ན་དག་པའི་ས་གསུམ་ལ་མ་སླེབས་བར་བྲལ་ཐོབ་དང་ལྡོག་པ་ལ་ཚེགས་མེད་

(༥༨༢)པས་ཤེས་སྒྲིབ་དག་པའི་སླད་དུ་དབེན་པ་བརྟེན་དགོས། རྡོ་རུས་གཏུག་དགོས་ཕྱག་རྫོགས་གཉིས་ཀའི་རྒྱུད་དང་མན་ངག་ནས་རིག་པ་གཅིག་ཆོད་རང་གྲོལ་ལས་ལམ་གྱི་རྣམ་གཞག་མ་གསུངས་ཀྱང་། སྔོན་བྱོན་གྲུབ་ཐོབ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྟན་པ་རྗེས་ཐོབ་ཀྱི་རིག་པའི་རྩལ་ཆེན་རྫོགས་པ་ལ་དགོངས་ནས། རྩེ་གཅིག་སྤྲོས་བྲལ་རོ་གཅིག་སྒོམ་མེད་སོ་སོར་ཆེ་འབྲིང་ཆུང་གསུམ་གྱི་མིང་བཏགས་ནས་ས་ལམ་གྱི་དོད་པོ་བརྩི་བར་མཛད་པ་བཞིན་ནོ། །ལྷག་དོན་ཕྱི་རབས་པ་དག་སྤྲོས་བྲལ་མཚན་མ་ཅན་དུ་གོལ་བ་དང་། རྩེ་གཅིག་ཆེན་པོའི་བག་ཆགས་ལ་སྒོམ་པ་ཉིན་མཚན་ཁ་སྦྱོར་དུ་རློམ་སེམས་སྐྱེ་བ་སོགས། ཤེས་རབ་རྣམ་པ་གསུམ་གྱིས་བཏང་བར་ཟད་མོད། འདིས་མཚུངས་པར་མཐར་ཐུག་གི་གྲོལ་གཞི་དང་གྲོལ་ས་ཁྱད་ཆོས་དྲུག་ལྡན་གྱི་ཀུན་ཏུ་བཟང་པོའི་དགོངས་པ་ངེས་པར་ཤེས་དགོས་པ་ནི་རྫོགས་ཆེན་གསང་བ་སྙིང་ཐིག་པའི་ཟུར་སྐད་དེ། གནད་འདི་ལྟ་བུ་གོ་བར་བྱེད་པ་ལ་ཀུན་

(༥༨༣)མཁྱེན་ཀློང་ཆེན་པའི་གསང་མཛོད་བརྟོལ་དགོས་པས་ཕྱི་རབས་སུ་དགོངས་བརྒྱུད་ཀྱི་འཕོ་བ་ཐོབ་པའི་དོན་གྱི་རྣལ་འབྱོར་པ་རིམ་པར་བྱོན་པ་དག་ལ། ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་ཁ་ཆེམས་སུ་བྲིས་ཤིང་ད་ལྟ་བའི་དམིགས་བསལ་དག་པའི་སྣང་བ་ཅན་ཁྱབ་གདལ་ནམ་མཁའི་ཤེས་པས་ཟིན་བྲིས་སུ་བགྱིས་པའོ། སྣང་བ་ནི་སྐྱེ་མེད་རིག་པ་ནི་ཡེ་གྲོལ། །ཤེས་པ་ནི་ཟང་ཐལ་ཟུང་འཇུག་ནི་སྤྲོ་བཏགས། །ཁྱབ་བརྡལ་གྱི་དྲན་པ་བཟོ་མེད་དུ་ཆམ་ཆམ། །གདོད་འདེད་ཀྱི་སྣང་བ་ཅེར་གྲོལ་དུ་ཐལ་ཐལ། །ཕྱོགས་ལྷུང་ནི་མི་འདུག་རྫོགས་ཆེན་གྱི་ལྟ་བ། །སྣང་སྟོང་དང་ཟུང་འཇུག་མིང་ཚིག་དང་ཐ་སྙད། །ཨ་ཧོ་ཡེ་སྤྲོས་བྲལ་ལ་སྒོམ་རྒྱུ་ནི་མི་གདའ། །སྲ་མཁྲེགས་ཀྱི་རྡོ་གདན་འགྱུར་མེད་ཀྱི་གདིང་ཆེན། །རས་དཀར་གྱི་གུར་ཆུང་འཁོར་བ་ཡི་འཇིགས་སྐྱོབས། །བཟོ་མེད་ཀྱི་མཆེད་ལྕམ་རང་གྲོལ་གྱི་ཚོམ་བུ། །ཨ་ཧོ་ཡེ་སྣང་སེམས་ནི་སུ་འདྲ་ལས་བདེ་འདུག །ལྟ་སྒོམ་ལས་འདས་པ་རྫོགས་ཆེན་གྱི་རྣལ་འབྱོར། །བྱུང་རྒྱལ་

(༥༨༤)གྱི་སྤྱོད་པ་ཚད་ཕེབས་ཀྱི་རིག་མདངས། །སྐྱིད་ཉལ་གྱི་ངང་དུ་སྣང་སེམས་ཁོ་ཁྲལ་ཁྲོལ། རྟོགས་གྲོལ་ཁོང་ཉམས་ལེན་གྱི་མཐར་ཐུག་རང་ཡིན་ནོ། །ཐབས་ཤེས་ཀྱི་རྐང་པ་འདེགས་འཇོག་ཏུ་བསྒྱུར་ནས། །རི་སུལ་གྱི་དབེན་ཁྲོད་འབད་རྩོལ་གྱི་སྙོགས་པས། །བྲག་སྐྱིབས་ཀྱི་བསྟི་གནས་རྟོག་བྲལ་གྱི་གནས་སུ། །ནམ་མཁའི་དང་རྣལ་འབྱོར་ཀློང་ཆེན་དང་མཇལ་ནས། །ཤུགས་འབྱུང་གི་ཉམས་རྟོགས་རྒྱང་གླུ་རུ་བླངས་ཡོད། །ཡེ་གདངས་ལ་བདེ་སྡུག་བླང་དོར་ནི་མ་གྲུབ། །སྣང་བ་ཡི་རྫུན་ཕུག་རིག་སྟོང་གི་ཚད་དུ། །མཉམ་རྫོགས་སུ་ཐིམ་པ་ཀུན་བཟང་གི་དགོངས་ཀློང་། །ཆམ་བརྡལ་གྱི་ཆོས་སྐུའི་རྒྱལ་སྲིད་དང་མཇལ་བྱུང་། །འདིར་འདུས་ཀྱི་སྐལ་ལྡན་མཆེད་ལྕམ་དེ་ཕོ་མོ། །འཁོར་བ་ལ་མ་ཞེན་འཛིན་མེད་ཀྱི་རིག་སྟོང་། །ཆམ་ཡངས་ཀྱི་རང་གཤིས་ལྷུག་པ་རུ་སྐྱོངས་དང་། །གདོད་མ་ཡི་གཞི་དབྱིངས་ལ་མཉམ་གྲོལ་དུ་ཆས་འགྲོ། །ཞེས་རྡོ་རྗེའི་གླུ་གར་ཀྱང་མིག་འཕྲུལ་ལྟ་བུར་བརྩེས་པའོ། །

(༥༨༥)རི་ཆོས་ཞལ་གདམས་ངོ་མཚར་རྒྱ་མཚོ་བཞུགས། །

(༥༨༦)དཔལ་ལྡན་སངས་རྒྱས་ཀུན་གྱི་དངོས། །པདྨ་འབྱུང་གནས་ཐུགས་རྗེའི་བདག །མཐོན་མཐིང་རལ་པའི་ཅོད་པཎ་རྩེར། །བཞུགས་ལ་བདག་རྒྱུད་བྱིན་གྱིས་རློབས། །ཁྱེད་དད་པ་དམ་ཚིག་དང་ལྡན་ཞིང་སྙིང་ནས་ཆོས་དོན་དུ་གཉེར་བ་རྣམས་གསན་པར་ཞུ། །ཐོག་མཐའ་མེད་པའི་འཁོར་བ་ནས་ལས་ངན་གྱིས་རྒྱུ་བྱས། རྐྱེན་ངན་གྱི་དབང་དུ་ཤོར། གང་ནས་བསམས་ཀྱང་ཡང་ཞིང་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པའི་རིགས་དྲུག་བཙོན་པ་ཁྲི་མུན་དུ་བཅུག་པ་ལྟ་བུའི་གནས་སུ་ཁོར་ར་ཁོར་ཡུག་ཏུ་སྤྱོད་དགོས་པ་ཅི་ཡིས་

(༥༨༧)ལན་མནོ་བསམ་ལེགས་པར་ཐོང་། ད་ལྟ་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། རྐྱེན་མི་འདོད་པ་ཕྲན་བུ་ལའང་བག་ཚ་ནས་བློ་མི་བདེ་སིང་སིང་། སྣང་བ་ཐམས་ཅད་དོགས་པར་འཆར་ནས་ཡིག་འཆུས་པ་འདྲ་ན་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་དུས་ཨ་ཙ་མ། ད་དེ་དག་ལ་ཐར་པའི་ཐབས་ནི་གཏན་གྱི་འདུན་མ་དམ་པའི་ཆོས་ཁོ་ན་བསྒྲུབ་པ་ལས་གཞན་ཅི་ཡང་མ་ཡིན། སྣང་བ་སྒྱུ་མ་ཡིན་ཟེར། ཉིན་མོར་རྟ་ཞོན། ཆང་བཏུངས། རྩེད་འཇོ་ལ་རོལ། དགོངས་མོ་རས་གཟན་

(༥༨༨)གྱོན། སྦུད་པའི་དགང་སྟོང་འདྲ་བའི་རླུང་ཕིང་ཕིང་། ཌ་དྲིལ་ཁྲོལ་ཁྲོལ་གཅིག་པོས་སངས་མི་རྒྱ། འཁོར་བ་ལ་འཁྱམས་པའི་རྩ་བ་བདག་འཛིན་ཡིན་ཏེ་བཤེས་སྤྲིང་ལས། འདོད་པ་རྣམས་ནི་ཕུང་ཀྲོལ་བསྐྱེད་པ་སྟེ། །ཐུབ་པའི་དབང་པོས་ཀིམ་པའི་འབྲས་འདྲར་གསུངས། །དེ་དག་སྤང་བགྱིད་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས། །ཞེས་པའི་བདག་འཛིན་ལ་མདོར་བསྡུ་ན། ཡུལ་མཁར་དང་ནོར་རྫས་ལ་ཞེན་ཅིང་ཆགས་ནས་ཆོས་ལ་ཕྱི་བཤོལ་བྱེད། ཁབ་དང་སྐུད་པ་རྙེད་ཀྱང་ལྷ་གསོལ། སྙུང་བུ་དང་ལྷྭམ་སྒྲོག་བོར་ཡང་སྙིང་འཁུམ་པ་དེ་ཚོ་ཕྱི་ཡི་བདག་འཛིན་ཡིན། ཆོས་ལ་ཕྱོགས་རིས་བཅད། རང་ཕྱོགས་ལྷ་རུ་མཐོང་། གཞན་ཕྱོགས་འདྲེ་རུ་འཛིན། རང་རྒྱུད་ཀྱི་ཡོན་ཏན་ལ་རྟོག་དཔྱོད་མི་གཏང་བར་ཤཱཀྱ་ཐུབ་པའི་གྲལ་མགོར་སྡོད་རྒྱུ་བྱུང་ཡང་ང་རང་ཨ་ཐོབ་ཡིན་བསམ་བྱེད་པ་དེ་ཚོ་ནང་གི་བདག་འཛིན་ཡིན། བསྐྱེད་རིམ་དངོས་ཞེན་ཅན། སེམས་བསྐྱེད་ཕྱོགས་རིས་ཅན། རྫོགས་རིམ་དམིགས་

(༥༨༩)གཏད་ཅན། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཁ་ནས་ཟེར་རུང་སྟོང་པའི་ངོ་བོ་ལ་འདོད་སྲེད་ཅན་སྒེག་མོའི་ལུས་ལ་ཆགས་པ་བཞིན་དམ་སྤྲིང་ངེ། ཐོམ་ཡོ་རེ་བལྟ་ཞིང་། ང་འདྲའི་ཐུགས་དམ་སུ་ལ་ཡོད་སྙམས་ནས་འདྲི་ས་དང་གླེང་ས་མེད་པས་མི་ཚེ་དོན་མེད་ལ་འཛད་པ་དེ་ཚོ་གསང་བའི་བདག་འཛིན་ཡིན། དེ་ཁྱེད་རྣམས་ལ་དྲང་པོར་གླེང་ན། ཡུལ་དང་ནོར་རྫས་ལ་སྲེད་པ་གཏིང་ནས་སྤངས་པ་ཞིག་བྱུང་ན་ཆོས་ཕྱེད་ཚར་བ་ཡིན། ངས་དང་པོར་ངེས་དོན་གྱི་སྒོར་ཞུགས་པ་ཙམ་ནས་བདག་འཛིན་མཆིལ་མའི་ཐལ་བ་བཞིན་དུ་འབོར་ནུས་པ་ཡོད་དེ། གནས་ལུགས་བཙན་ས་ཟིན། འཁོར་སློབ་འདུ་བའི་སྒོ་ཚུགས། གཞན་དོན་ནུས་པའི་ཁུངས་སུ་གྱུར་པ་ནས། གདུལ་བྱ་ཐབས་ཀྱིས་འདུལ་བའི་དགོངས་གཞི་དང་དགོངས་པ་མཐའ་ཡས་པ་བྱུང་ནས། འཕྲལ་གྱིས་ཉེ་བར་སྤྱད་པ་འགའ་ཙམ་བདག་གིར་བཟུང་བ་ལས་གཏིང་ནོར་ཡིན་ཟེར། ནན་དགོས་ཟེར། ཤི་ན་སྤྱོད་ཟེར་བའི་ཕྱི་ཚིག་རེ་དོགས་ལྷུར་

(༥༩༠)ལེན་ཙམ་མ་བྱས་པར་གཙོ་བོར་དཀོན་མཆོག་ལ་མཆོད་པ། སེམས་ཅན་གྱི་སྲོག་བསླུ་བ། དགེ་འདུན་ལ་བསྙེན་བཀུར། ཞར་ལ་ངན་སློང་ལ་སྦྱིན་པ་སོགས་ཤི་གསོན་གྱི་དངོས་པོ་གནས་མ་ཡིན་པར་ཆུད་འཛའ་བ་དང་། བུང་བའི་ཚང་གསོག་གསོག་བྱས་པ་མེད། མཛོད་རྒྱབ་ཁུར་མ་ཡིན་པ་དེད་རང་ལ་བཅར་བ་རྣམས་ཞེ་མི་ཁྲེལ་བ་ཡིན་མོད། འཆི་བ་ཀུན་ལ་ཡོད་པས་ཐུགས་ལ་དགོངས་པར་མཛོད། ཆོས་ལ་ཕྱོགས་རིས་མེད་པས་ཐམས་ཅད་ལ་དག་སྣང་སྦྱང་ཅི་ཐུབ་ཞུས། ལྟད་མོ་ཀུན་ལ་བལྟས་པས་རང་ས་རང་ས་ན་ཟབ་པ་འདྲ་བ་རྐྱང་པ་འདུག་སྟེ་ལྟ་བ་རྫོགས་པ་ཆེན་པོས་ཆོག་པར་བྱུང་། །རྩ་ལྟུང་དབྱིངས་ལ་བཞག་པ་ཡིན། ད་ཉམས་ལེན་གྱི་སྔོན་འགྲོ་དེ་དག་ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་བའི་སྟོང་སྐད་ཀྱིས་ཁྱད་དུ་མི་གསོད་པ་གཞིར་བཞག་ནས། དངོས་གཞིའི་སྐབས་དོན་ལ། མི་མེད་ཀྱི་ལུང་པར་བཤེས་མེད་རིག་པའི་གྲོགས་དང་འགྲོགས་ནས་གནས་ལུགས་མ་བཅོས་པའི་རྒྱུན་སྐྱོང་བར་དམ་བཅའ་བཟུང་། བཟང་ངན་དང་རེ་དོགས་ཀྱི་གཏམ་

(༥༩༡)ལ་བདེན་འཛིན་དགག་བསྒྲུབ་མི་བྱེད་པར་མི་ཤི་བའི་ཤུལ་གྱི་གཏམ་བཞིན་ཅི་ལབ་ལབ་དུ་བཅུག །མི་ལུས་ཐོབ་པའི་དཀའ་ལུགས། ཆོས་དང་མཇལ་བའི་ཁག་ལུགས། མཚན་ལྡན་གྱི་བླ་མ་དཀོན་ལུགས། བདུད་ཀྱི་འཇུག་སྒོ་མང་ལུགས། ཚེ་ལ་ནམ་འཆི་མེད་ལུགས། འཇིག་རྟེན་ཁྱིམ་པའི་མནར་སྤྱོད་དང་སྡུག་བསྔལ་རྣམས་ལེགས་པར་བསམ་ནས་འཁོར་བ་ལ་སྐྱུགས་ལོག་པ་མཁྲིས་ནད་ཀྱིས་གདུངས་བ་ལ་བཙོ་ཟན་བྱིན་པ་ལྟ་བུ་ཞིག་དགོས། དེ་ལྟར་མ་ཡིན་པའི་གཏོ་འབོལ་བ། སྦྱིན་བདག་ལེགས་པ། གོས་དྲོ་བ། སྡོད་གནས་སྐྱིད་པ། གཏམ་སྙན་པ། མི་ཆོས་དང་མཐུན་པ་ཞིག་གི་སྟ་གོན་བྱེད་ཕན་ཆད་ཆོས་མ་བྱས་གོང་དུ་བདུད་འགྲུབ་ཚར་བ་ཡིན། ལར་མིག་རུ་ཟང་ཟང་དང་། རྟོགས་པ་མཐོ་མཐོ་མོའི་ཆོས་སྐད་བྱས་ཀྱང་བདག་འཛིན་དང་སྐྱིད་འདོད་ཀྱི་འགོང་པོ་མ་ཐུལ་ན་རྟགས་སྤྱོད་པས་སྟོན། ཚད་རྨི་ལམ་གྱིས་བཟུང་ཟེར་བ་ཡིན་པས་གོ་དགོས། སྡེ་དཔོན་ཆེན་པོའི་ཕོག་ཟ་བ་འདི་ཡང་། གང་

(༥༩༢)ལ་དབང་ཡོད་དེ་ལ་སྡིག་པ་ཡོད། ཟེར་བ་ལྟར་དེ་ཚོའི་ནོར་དང་ཟང་ཟིང་གི་འབྱུང་ཁུངས་ལ་བསམ་མནོ་ལེགས་པར་བཏང་ན་རང་གི་དགེ་སྦྱོར་ལ་ཡར་སྐྱེད་འཕེལ་བ་ལྟ་ཞོག །དཀོར་ནག་པོ་སྲོག་གི་སྤུ་གྲི་ཡིན། །ཟོས་དྲག་ནས་ཐར་པའི་སྲོག་རྩ་གཅོད། ཅེས་པ་ལྟར་མཐར་དམྱལ་བའི་གཏིང་རྡོ་ཆེན་པོར་མི་འགྱུར་བའི་ངེས་པ་མི་འདུག་པ་ལ་ལེགས་པར་གཞིག་ཏེ་འཚོ་བ་བསོད་སྙོམས་ཙམ་ལ་བརྟེན་ནས་མིའི་ངོས་བཟོད་སྤང་། རྒྱལ་བ་གོང་མས་ལྟོ་ཚད་ལ་ཕབ། གཉིད་སྲང་ལ་བཅུར། རིག་པ་ཞུར་ལ་དྲོངས། གསུངས་པ་ལྟར་ལྟོ་ཆས་འདི་ཡང་བཟའ་ཆེ་ན་ཉོན་མོངས་པ་ཤུགས་ཀྱིས་ལྡང་། ལྡེངས་ཚོད་ཀྱིས་མ་ལྡེངས་པས། རྔ་བརྡུང་། གླུད་གྱེར། གཏོ་ཡས་ལ་མགོ་འཁོར། འདི་མ་བྱས་ན་ལྟོ་མི་འདུག་ཟེར། སྲང་ཁའི་ཁྱི་ལས་ཀྱང་བྲེལ་ཚུབས་ཆེ་བར་སོང་གིས་དོགས་པས་ཚོད་ཟིན་པར་བྱ། ཆང་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུང་ཡིན་པས། ཕོར་པ་གང་བས་མང་བར་མི་འཐུང་། ཤ་སྤོང་མ་ནུས་ན་རན་པར་བཟའ་ཞིང་ཟས་ཀྱི་རྣལ་འབྱོར་ལ་སྤྱོད་

(༥༩༣)ཚུལ་ཁོ་བོའི་སྤྱོད་ཡུལ་ལམ་ཁྱེར་ལྟར་བྱ། གཏན་གྱི་དགེ་སྦྱོར་བྱེད་ལུགས་ལ་མཚོན་ན། གང་ཟག་དབང་པོ་རབ་འབྲིང་དང་། སོ་སོའི་འཁོས་བབས་ཀྱིས་གཅིག་ལ་ཚད་བཟུང་དཀའ་ཡང་། ཧ་ལམ་ངེད་ཀྱིས་དཔལ་གྱི་རི་བོར་ལོ་གསུམ་དང་ཟླ་བ་ལྔའི་བར་ལ་དཔེ་བྱས་ན། ཐོ་རེངས་ཕྱི་མཐའ་བྱས་པའི་གཉིད་ནམ་སད་ལ་མལ་ནས་ཧར་གྱིས་ལངས། རླུང་རོ་དགུ་ཕྲུགས་སུ་བུས་པའི་རླུང་ཁམས་དྭངས་སྙིགས་ཕྱེད་པར་ཡོད། དེ་ནས་སྔོན་འགྲོ་ཐོན་རྗེས་གསོལ་འདེབས་དྲག་པོ་གདུང་ཤུགས་མཆི་མ་ཐོན་པ་རེ་བྱས། ཐུན་མོང་མ་ཡིན་པའི་གྲོལ་ཐིག་སྙན་རྒྱུད་རླུང་གི་རྫོགས་རིམ་ཚ་རྟིང་བར་ཐུན་གཅིག་ཏུ་བསྒོམ་པས་དང་པོ་རླུང་གི་ཟུག་གཟེར་ལ་སྙིང་རུས་བསྐྱེད་དགོས་པ་བྱུང་སྟེ། རེ་ཞིག་ནས་གེགས་རྣམས་ངང་གིས་སངས། རླུང་རང་མལ་དུ་ཚུད། གཡས་གཡོན་གྱི་འཕོ་བ་དང་ཕྱེད་བཅས་སོ་གཉིས་ཀྱི་གནད་ཐིངས། ཉི་མ་རིང་ཐུང་གི་ལྡོག་པ་ཤེས། སྲོག་ཐུར་གཅིག་ཏུ་འདྲེས། བུམ་ཆེན་རིལ་བ་ཞབས་ཚགས་ཅན་མིག་

(༥༩༤)གིས་བལྟར་ཡོད་ཅིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་རྟགས་ཀྱང་མངོན་དུ་གྱུར་པ་འབྱུང་བ་འདི་ཡིན་པས་རླུང་ཡུན་ཐུང་ལ་དམིགས་པ་མི་གསལ་བ་ཞིག་བསྒོམ་པ་ལ་བྱས་ཡུས་མི་ཆེ་བ་གལ་ཆེ། དེ་ནས་ཚ་རྟིང་གི་ཆར་ཇའམ་ཐུག་པ་གཏ་རིགས་བཏུང་། གསུར་བསྔོ་བྱས། དེ་མ་ཐག་བསྙེན་བསྒྲུབ་གྱི་ཐུན་ལ་ཞུགས། དེ་ཡང་བསྐྱེད་རིམ་གྱི་ངོ་བོ་ཞེན་པ་མེད་པ། རང་བཞིན་ཞལ་ཕྱག་གསལ་བ། ཐུགས་རྗེ་འོད་ཟེར་སྤྲོ་བསྡུའི་དམིགས་པ་གསལ་བ་ལ་དྲན་པ་གཅིག་ཏུ་གཞུར་བས་བསྐྱེད་རྫོགས་ཀྱི་རྩལ་འབྱོངས་པ་མ་གཏོགས། དེང་སང་ཁ་ཅིག་ལྟར་མོས་པ་ལམ་ཁྱེར་ཉ་ར་ཉོ་ར་རང་གི་ཁམས་ཀྱིས་གང་ལྕོགས། རྒན་བུ་མ་ཎི་འདྲེན་འདྲེན་བྱས་པས་ཡོང་བ་མེད། དེ་ལྟ་བུའི་ཐུན་དེ་ཉིད་གུང་ཡོལ་བ་ཙམ་ལ་གྲོལ། ཆུ་གཏོར་གཏོང་། ལྟུང་བཤགས། བསམ་ལྷུན། གཙུག་ཏོར་རྣམ་རྒྱལ། ཡེ་ཤེས་སྐུ་མཆོག་སོགས་ཆོས་སྤྱོད་གཟུངས་སྔགས་སྨོན་ལམ་གྱིས་མཐའ་བརྟེན་དང་བཅས་པ་སོང་རྗེས། དཔེ་ཆ་ཤོག་བུ་བརྒྱད་ཙམ་རེ་མྱུར་པོར་འབྲི་རྒྱུ་ཡོད་ན་

(༥༩༥)དང་། དམིགས་བསལ་མེད་སྐབས་ཐོད་རྒལ་སྒོམ། དེ་ནས་གུང་ཚིགས་ཟ་བའི་ཚེ། ཤ་ལ་གཟུངས་སྔགས་ཁྱད་པར་ཅན་མང་པོ་བཏབ། སྙིང་རྗེ་བསྐྱེད། སྨོན་ལམ་བཏབ་རྗེས་ཕུང་ཁམས་ལྷར་གསལ་བས་ཟས་ཀྱི་རྣལ་འབྱོར་ལ་སྤྱད། ཡོན་སྦྱོང་གི་མདོ་འདོན། དེ་ནས་ཕྱག་བརྒྱ་ཕྲག་གཉིས་གསུམ་རེ་བཙལ་བ་དང་སྦྲགས། མདོ་སྔགས་ཀྱི་སྨོན་ལམ་སོགས་བཏབ་བོ། །དེ་མ་ཐག་མལ་དུ་ཞུགས་ཡི་དམ་གྱི་སྒོམ་བཟླས་ཁོ་ན་ལ་བརྩོན་པས། ཡི་དམ་རིགས་མི་འདྲ་བ་མང་པོའི་བསྙེན་པ་ཚད་དུ་ལོངས་པ་བསམ་ལས་འདས་པར་སོང་། སྲོད་ཚོགས་རེ་གཏོང་། གཏོར་བསྔོ་བྱས། རྗེས་ཆོག་རྣམས་དང་། རྫོགས་རིམ་བསྡུས། འོད་གསལ་ཟིན་པའི་གསོལ་འདེབས་གདུང་ཤུགས་ཆེ་བ་རེ་དང་། བསམ་པ་ལྷུན་འགྲུབ་མ་རང་གཞན་ཀུན་ལ་ཕྱོགས་རིས་མེད་པའི་སྨོན་ལམ་དོས་དྲག་པ་རེ་བྱས། རླུང་ཐུན་འཚམས་པ་གཅིག་བསྒོམ་རྗེས་གཉིད་ཀྱི་རྣལ་འབྱོར་ལ་ཞུགས། སད་རེས་འཁྲུལ་པ་རྒྱ་འབྱམས་སུ་མ་བཏང་བར་རྩེ་

(༥༩༦)གཅིག་འདུན་པའི་ཞུར་ལ་དྲངས་པས་བོགས་ཤིན་ཏུ་ཐོན་པ་བྱུང་། མདོར་ན་ལོ་གསུམ་འདིའི་རིང་ཟས་ལ་མང་ཉུང་མེད། གོས་རས་གཟན་གཅིག་ཁོ་ནས་འཁྱོལ་བ་བྱས། བུག་སྒོར་ངག་ཚིག་གཅིག་ཀྱང་བཏང་བ་མེད། ནང་ན་མཚམས་གཡོག་ཡོད་སྐབས་ཀྱང་ཤོག་སྒོ་ཕྱི་ནང་གིས་མཚམས་ཆོད་པའི་བུག་སྒོ་ནང་མ་ལས་འདས་པ་མེད། འཁོར་བ་ལ་ངེས་འབྱུང་དང་སྐྱོ་ཤས། ནམ་འཆི་ཆ་མེད་ཀྱི་བློ་དུང་ངེ་སྐྱེས་པས། ངག་འཁྱལ་དང་རང་བཞིན་གྱི་འཕྲོས་གཏམ་སོགས་ཕྲན་བུ་ཙམ་ཡང་ལབ་པ་མེད་པས། ངོས་ཀྱི་རྗེས་སུ་འཇུག་པ་རྣམས་མཚམས་ཀྱི་མིང་བཏགས། སྒོ་དྲུང་དུ་ཐོ་བརྩིགས། རྣམ་རྟོག་རྒྱ་འབྱམས་སུ་བཏང་། ཕྱི་རོལ་ཏུ་ཐག་ཟེར་ན་བྱ་ར། ཅ་ཅོ་སྒྲོགས་ན་རྣ་ཉན། བུག་སྒོར་མི་དང་འཕྲད་ན་རྒྱ་བོད་ཧོར་གསུམ་གྱི་གཏམ་བརྗོད་གླིང་བ་སོགས་ཚོགས་དྲུག་ཡུལ་ཕྱིར་སོང་བ། མཚམས་ཀྱི་གཡང་ཤོར་བ། སྣང་བ་ཡུལ་ཕྱིར་འབྲེངས་པ། དངོས་གྲུབ་ཕྱི་ལ་ཡལ་བ། བར་ཆོད་ནང་དུ་འགུགས་པ། བློ་ལང་ཤོར་དུ་ཐལ་བའི་ངང་

(༥༩༧)ལ་ལོ་མཚམས་ཟླ་མཚམས་ཀྱི་ཞག་གྲངས་རྫོགས། ཤེས་རྒྱུད་སྔར་ལས་སྤུ་གང་གིས་བཟང་དུ་མ་སོང་བར། མཚམས་ཐ་མལ་དུ་གྲོལ་བ་དེ་ནམ་ཡང་མ་བྱེད་པར། སྙིང་ལ་རུས་པ་བསྐྱེད་ལ། ན་རུང་། ཚ་རུང་། ཤི་རུང་། མཚམས་བྱས་རུང་། བསྐྱེད་རིམ་སྒོམ་རུང་། རྫོགས་རིམ་སྒོམ་རུང་། ཡི་གེ་འབྲི་རུང་། ཆོས་སྤྱོད་འདོན་རུང་། ཅི་བྱེད་ཀྱང་། རང་སེམས་ཀྱི་ངོ་བོ་བརྗོད་དུ་མེད་པ། བློས་བཏང་མ་ཡིན། ཧ་ཅང་བཅུར་བ་མ་ཡིན། ཧ་ཅང་གློད་པ་མ་ཡིན་པ། སྒོམ་རྒྱུ་མེད་ལ། ཡེངས་སུ་སྤུ་ཙམ་མེད་པ། ད་ལྟའི་ཤེས་པ་ལ་བསྒྱུར་བཀོད་དང་བཅོས་སླད་མ་བྱས་པར་འདི་དང་མ་བྲལ་བར་གྱིས་ཤིག །འདི་དང་བྲལ་བ་ན་རྣམ་རྟོག་ལ་ཅི་ཤར་ཆ་མེད་པ་ལ་བདག་སྤྲད་པས་སྒོམ་ཆེན་པ་བློ་རྒྱ་ཆེ་རུ་སོང་། ཆོས་ལ་རྒྱུས་ཡོད། བླ་མ་ལ་ངོས་འཛིན། མཆེད་གྲོགས་ལ་སྐྱོན་བརྗོད། ཕྱུག་བསྲེལ་འདུ་ལོངས་བསྒྲུབ། མི་བྱེད་དགུ་བྱེད་ཅིག་གི་སྟེང་དུ་འཁྱོལ་བའི་ཚེ། སྐྱེ་བོ་ཀླད་མེད་ཆོས་སྐུ་བསོད་ཆེ་ཟེར། འགྲོ་དོན་རྒྱས་ཟེར། རྩེ་གཏོར་འགམ་པ་ནི་བར་ཆོད་ཀྱི་བདུད་ཞུགས་པའི་རྟགས་

(༥༩༨)མཐར་ཕྱིན་པ་ཡིན་པས། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་ཤི་ལ་གཏད། ཤི་ཕུག་གྲོག་སྟོང་ལ་གཏད་ཅེས། ཇོ་བོ་བཀའ་གདམས་པའི་གཏད་པ་བཞི་པོ་འདི་ཆོས་པ་ཀུན་གྱིས་སྤྱི་ནོར་དུ་བྱས་པས་བདུད་ཀྱིས་གླགས་མི་ཁེལ་བ་ཡིན་ལ། གཞན་ཡང་ཉམས་རྟོགས་དང་རྨི་ལམ་གཞན་ལ་བཤད་པ་ཆོས་གཏམ་དང་མཚམས་སྒྲུབ་ཀྱི་སྡུག་ཡུས་འདྲེན་པ། དམ་ཚིག་མི་གཅིག་པ་ལ་གྲུབ་མཐའ་ཆོས་རྒྱུད་ཀྱི་མཚང་བརྗོད་པ་སོགས་དངོས་གྲུབ་ཡལ་ཞིང་རང་མཚང་སྟོན་པའི་རྒྱུ་ཡིན་པས་དམའ་མོའི་ས་བཟུང་། ཀུན་དང་མཐུན་པར་བྱ། ཧྲུལ་པོའི་གོས་གྱོན། སྣང་བ་གཏད་མེད་དུ་བཏང་། གཏིང་ནས་འཆི་བདག་གཤིན་རྗེའི་རྒྱལ་པོ་ལ་ཡང་མི་འཇིགས་པ་ལ། ལྟར་སྣང་ངང་པའི་རྒྱལ་པོ་ཡུལ་འཁོར་སྲུང་ལས་ཀྱང་དུལ་བས་གཞན་སྣང་དགེ་ལ་འགྱུར་ནུས་པ་ཞིག་དགོས། མདོར་ན་ཆོས་རྣམས་དག་བྱེད་པ་ལ་མཚན་ལྡན་གྱི་བླ་མ་མ་གཏོགས། བསླབ་བྱ་དྲང་པོར་བཤད་མཁན་ཕ་མ་ཡིན་ཀྱང་མི་ཡོང་བས་རང་ཚོད་རང་གིས་བཟུང་། སུའི་

(༥༩༩)ཁ་ལ་ཡང་མི་ཉན་པར་རི་དྭགས་རྒྱ་ནང་ནས་ཤོར་བ་ལྟ་བུ་ཞིག་དགོས། མཚམས་དང་སྒྲུབ་པ་ལ་གནས་པའི་ཚེ་དམ་བཅས་པ་རལ་དུ་མ་ཤོར་བ་སྤང་ལ་བེ་ཕུར་བཏབ་པ་བཞིན་ལྷན་ནེར་སྡོད་ཚུགས་པ་ཞིག་དགོས། གཏམ་ངན་དང་རྐྱེན་ངན་བྱུང་ཚེ་སེམས་ལ་འཕྲིག་མི་ཚུད་པ་སྨྱོན་པ་འུར་ལངས་པ་ལྟ་བུ་ཞིག་དགོས། མི་མང་དང་ལྷན་ཅིག་གནས་པའི་ཚེ་དྲན་པ་ཐ་མལ་དུ་མ་ཡེངས་པར་མ་གསར་གཅེས་ཕྲུག་དང་བྲལ་བ་ལྟ་བུ་ཞིག་དགོས། ལྷ་སྐུ་དང་དག་དྲན་སྒོམ་པའི་ཚེ་སྣང་སྲིད་དག་པ་རབ་འབྱམས་སུ་བསླབ་པ་ཞིག་དགོས། རླུང་དང་རྫོགས་རིམ་སྒོམ་པའི་ཚེ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་གྲིམས་ཆ་བག་ཡངས་སུ་མ་སོང་བ་དགོས། འཆི་བ་ཐོག་བབས་སུ་བྱུང་ཡང་སྐྱོ་སུན་དང་བློ་ལྷག་མེད་པ་བྱ་རྒོད་གནམ་འཕང་གཅོད་པ་ལྟ་བུ་ཞིག་དགོས། དགོས་པ་བདུན་དང་ལྡན་པ་ཞིག་བྱུང་ན་རྒྱལ་བ་གོང་མའི་གྲུབ་མཐའ་སྙོགས་ཤིང་བདག་གི་བསམ་པ་རྫོགས་པ་ལགས་སོ། །ཁྱོད་ཀྱིས་མི་ལུས་ཐོབ་པ་དོན་དང་ལྡན་ནོ། །དམ་པའི་

(༦༠༠)ཆོས་སྒོར་ཞུགས་པ་ལ་འབྲས་བུ་བྱུང་ངོ་། །ཨ་ལ་ལ་ཧོ། །ཞེས་པ་འདི་ཡང་དད་པ་མོས་གུས་ཀྱི་སྒོ་ནས་གསང་སྔགས་ཀྱི་སྣོད་མཆོག་ཏུ་གྱུར་པ་གཅོད་པའི་དབང་ཕྱུག་འཇའ་ལུས་རྡོ་རྗེའི་ངོར་རྫོགས་ཆེན་པོ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱི་སྙིང་གཏམ་ཉམས་མྱོང་གི་སྒོ་ནས་བཤད་པ་ཀུན་གྱིས་དབུ་སྔས་སུ་གླན་པར་ཞུ།། །།

(༦༠༡)ཀློང་ཆེན་སྙིང་ཐིག་གི་གཏོར་མའི་རེ་གཟིགས་གསལ་བ་བཞུགས། ༈ །མཆོག་ཏུ་མི་འགྱུར་བདེ་བ་ཆེ། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཟུང་འཇུག་རང་བྱུང་རྡོ་རྗེའི་སྐུ། །དཀྱིལ་འཁོར་ཀུན་བདག་བླ་མར་འདུད། །དེ་ལ་འདིར་རང་གཞུང་དུ་མི་གསལ་བའི་རིགས་ཞལ་ཤེས་སུ་སྩལ་བ་ཇི་བཞིན་གཏོར་མའི་རེ་གཟིག་ཅུང་ཟད་ཅིག་སྤེལ་བ་ལ་གཉིས་ལས། དང་པོ་བླ་མ་མཆོད་པ་དང་ཡང་གསང་བླ་སྒྲུབ་འདྲ་བ་ཟླུམ་གཏོར་དམར་པོ་པད་འདབ་བཞི་པ། ༈ །ནང་སྒྲུབ་རིག་འཛིན་འདུས་པ་ལ། བང་རིམ་དམར་པོ་གསུམ་གྱི་འོག་མ་ལ་འཁོར་ཚོགས་སྤྱི་བསྡུས་སུ་ཐེབ་ཀྱུ་ཅི་མང་། བར་མ་ལ་རྗེ་འབངས་ཉེར་ལྔ་མཚོན་བྱེད་མར་གྱི་ནོར་བུ་ཉེར་ལྔ། སྟེང་མ་ལ་རིག་འཛིན་བརྒྱད་མཚོན་བྱེད་རིན་པོ་ཆེ་ཟུར་བརྒྱད་པ་སེར་པོ། དེ་སྟེང་བདེ་སྟོང་ཡེ་ཤེས་བསྐྱེད་པ་མཚོན་བྱེད་ཉི་ཟླ་གཉིས་ཀྱི་སྟེང་འཁོར་བའི་སྐྱོན་གྱིས་མ་གོས་པའི་རྟགས་པདྨ་འདབ་བཞི་མཛེས་ཚོན་ཅན་གྱི་དབུས་སུ་ཟླུམ་གཏོར་དམར་པོ་བརྗིད་ལྡན། ༈ །ཡུམ་ཀ་བདེ་ཆེན་རྒྱལ་མོ་ལ། ཆོས་འབྱུང་གཉིས་བསྣོལ་སྟེང་མའི་རྩེ་མོ་མདུན་བསྟན་གྱི་ཐོག་ཏུ་དཔལ་གཏོར་

(༦༠༢)དམར་པོ་པདྨ་འདབ་བཞི་མཛེས་ཚོན་ཅན་གྱི་བར་མཚམས་རྣམས་སུ་ཐེབ་ཀྱུ་རིལ་བུས་མཚན་པ། ༈། གསང་སྒྲུབ་སེང་གདོང་མ་ལ། ཆོས་འབྱུང་སྔ་མ་ལྟར་གྱི་དབུས་སུ་དཔལ་གཏོར་དང་། །ཟུར་དྲུག་ལ་འཁོར་ཕྲ་མེན་མ་དྲུག་རང་འདྲ་དམར་པོ་རེ་མཐའ་བསྐོར་དུ་མཁའ་འགྲོ་སོ་གཉིས་སོགས་ལ་ཐེབ་ཀྱུ་གྲངས་མཉམ། ༈ །ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལ། ཁམས་གསུམ་ཟིལ་གྱིས་གནོན་པ་མཚོན་བྱེད་བང་རིམ་དམར་པོ་གསུམ་གྱི་འོག་མ་གཉིས་ལ་བདུན་བརྒྱ་དང་ཉེར་ལྔའི་ལྷ་ཚོགས་མཚོན་པའི་ཐེབ་ཀྱུ་གང་མང་། སྟེང་མར་དཔལ་གྱི་འཁོར་བརྒྱད་མཚོན་པའི་རྩིབས་བརྒྱད་སྔོན་པོ། དེ་སྟེང་ཐབས་ཤེས་གཉིས་མེད་མཚོན་པའི་ཉི་མ་དང་ཟླ་བ། དེ་སྟེང་ཡུམ་གནམ་ཞལ་མ་མཚོན་བྱེད་པདྨ་འདབ་བཞི། མཛེས་ཚོན་གྱི་དབུས་དཔལ་གཏོར་བརྗིད་ལྡན། ༈གཤིན་རྗེ་འཆི་བདག་ཟིལ་གནོན་ལ། དཔལ་གཏོར་དམར་པོ་བྲང་སྟེང་ཁྲམ་རིས་ཅན་ལ་འཁོར་གྱང་གནོན་སྤྲུལ་པའི་ལྷ་བརྒྱད་མཚོན་པའི་ཟུར་གསུམ་དམར་པོ་བརྒྱད་དང་ཐེབ་ཀྱུ་ལྷ་གྲངས་དང་མཉམ་པ། ༈རྟ་མགྲིན་ཁམས་གསུམ་རོལ་པ་ལ། དཔལ་གཏོར་དམར་པོ་འཁོར་གོ་ལ་མ་དྲུག་མཚོན་པའི་རང་

(༦༠༣)འདྲ་དྲུག་དང་ཐེབས་ཀྱུ་གང་མང་གིས་བསྐོར་བ། ༈ཡང་དག་སངས་རྒྱས་མཉམ་སྦྱོར་ལ། དཔལ་གཏོར་དམར་པོ་བྲང་རིས་ཟླ་གམ་ཅན་ལ་འཁོར་ཀཽ་རི་མ་བརྒྱད་མཚོན་པའི་རང་འདྲ་བརྒྱད་དང་ཐེབ་ཀྱུ་གང་མང་། ༈ཕུར་པ་བདུད་དཔུང་ཟིལ་གནོན་ལ། དཔལ་གཏོར་དམར་པོ་འཁོར་སྲས་མཆོག་ལྔ་དང་ཁྲོ་བཅུ་མཚོན་པའི་རང་འདྲ་བཅོ་ལྔ་དང་ཐེབ་ཀྱུས་བསྐོར་བ། ༈གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལ། རིག་བྱེད་དབང་མོ་མཚོན་བྱེད་པདྨ་འདབ་བཞི་མཛེས་ཚོན་ཅན་ཟེའུ་འབྲུ་སེར་པོ་དང་བཅས་པའི་ཁར་འོད་ཟེར་ཅན་མ་མཚོན་བྱེད་དམར་ཆ་ཉི་མ། དེ་སྟེང་ནོར་རྒྱུན་མ་མཚོན་བྱེད་གཏེར་བུམ་ལྗང་གུ། དེ་སྟེང་རྗེ་བཙུན་སྒྲོལ་མ་མཚོན་བྱེད་དཀར་ཆ་ཟླ་བ། དེ་སྟེང་ཟླུམ་གཏོར་དཀར་པོ་པདྨའི་རྒྱན་ལྡན། ༈དྲག་པོ་རྟ་ཁྱུང་འབར་བ་ལ། དཔལ་གཏོར་དམར་པོ་པད་འདབ་བཞི་པ། ༈ །ཞི་ཁྲོ་ངན་སོང་སྦྱོང་བ་ལ། འོག་གཞི་བང་རིམ་དམར་པོ་གསུམ་གྱི་རྨིང་ལ་དབང་མོ་ཉེར་བརྒྱད་མཚོན་པའི་ཕྱོགས་རེར་དཔལ་གཏོར་དམར་པོ་གྲི་རིས་ཅན་བདུན་རེ། བང་རིམ་འོག་མའི་སྟེང་ལ་ཞི་བ་ལྷག་མ་རྣམས་མཚོན་བྱེད་ཐེབ་ཀྱུ་དང་རིལ་བུ་དཀར་པོ། བར་མའི་སྟེང་ལ་ཐེབ་ཀྱུ་དམར་པོ།

(༦༠༤)སྟེང་མའི་ཁར་སེམས་དཔའ་རྣམ་བརྒྱད་མཚོན་པའི་རིན་པོ་ཆེ་ཟུར་བརྒྱད་པ་སེར་པོ། དེ་སྟེང་ཧེ་རུ་ཀའི་དཀྱིལ་འཁོར་མཚོན་པའི་རྩིབས་བརྒྱད་སྔོན་པོ། དེ་སྟེང་སྣང་སྟོང་གཉིས་མེད་མཚོན་པའི་ཉི་མ་དང་ཟླ་བ། དེ་སྟེང་རྒྱལ་བ་རིགས་བཞི་མཚོན་པའི་པདྨ་འདབ་བཞི་མཛེས་ཚོན་ཅན་གྱི་དབུས་སུ་དབྱིངས་དང་ཡེ་ཤེས་མཚོན་པའི་གཙོ་བོ་གཉིས་ལ་ཟླུམ་གཏོར་དམར་པོ་འཁོར་ལོས་བརྒྱན་པ་སྟེ། རྩ་བ་གསུམ་གྱི་གཏོར་མ་དེ་དག་ལ་རྒྱན་ཡང་། ཞི་བ་རྣམས་ལ་པ་ཏྲ་དང་། དྲག་པོར་མེ་རི་གཉིས་ཀར་པད་སྤུངས་སོགས་ཀྱི་དབུས་སུ་རང་རྟགས་ཕྱག་མཚན་དང་བཅས་པས་ཀུན་ནས་མཛེས་པར་བྱ་བའོ། ༈གཉིས་པ་ཆོས་སྐྱོང་གི་སྐོར། མ་མགོན་ལྕམ་དྲལ་ལ། གཙོ་མོ་ཨེ་ཀ་ཙ་ཊི་དཔལ་གཏོར་དམར་པོ། དེའི་གཡས་སུ་མགོན་པོ་ཟུར་གསུམ་གྲི་རིས་ཅན། གཡོན་དུ་དམ་ཅན་ཟུར་གསུམ་ར་མགོས་མཚན་པ། རྒྱབ་ཏུ་དྲང་སྲོང་ཟུར་གསུམ་གཡས་གཅུས། མདུན་ཏུ་དུར་ཁྲོད་ལྷ་མོ་ཟུར་གསུམ་མཐའ་བསྐོར་དུ་དཔལ་མགོན་བདུན་ཅུ་རྩ་ལྔར་ཐེབ་ཀྱུ་དེ་གྲངས་ཐམས་ཅད་དམར་པོ། ༈གཟའ་བདུད་ཆེན་པོ་ལ། གཙོ་བོ་ཟུར་གསུམ་དམར་པོ་གཡས་གཅུས། དེ་ལ་འཁོར་གཟའ་བརྒྱད་རང་འདྲ་བརྒྱད་

(༦༠༥)དང་ཐེབ་ཀྱུ། རྩེ་མོར་མི་རོ་དང་ཤ་དར། གཏོར་མ་སོ་སོར་མེ་རི་དང་དཀར་རྒྱན་མིག་གི་རྣམ་པས་བརྒྱན་པ། ༈ཚེ་རིང་མའི་རྟེན་གཏོར་ལ། ཁང་བཟང་ལྗང་གུ་ལ་ཁ་བད་དམར་པོས་མཛེས་པའི་སྟེང་གི་དབུས་སུ་གཙོ་མོར་ནོར་བུ་འབར་བ་དང་ཟུར་བཞིར་མཆེད་བཞི་བུམ་སྟེང་འབྲང་རྒྱས་དཀར་པོ་ནོར་བུས་མཚན་པ་བཞི། རྨིང་མཐའ་གངས་རིས་བསྐོར་བའི་ནང་ཁོངས་སུ་སྐྱེད་མོས་ཚལ། མཐུན་རྫས་དང་གཟུགས་འགྲོས་སྣ་ཚོགས་བྲིས་འབུར་ཅི་རིགས་པ། རྒྱབ་ཏུ་མདའ་དར་སོགས་དང་། མཆོད་གཏོར་ལ། བུམ་སྟེང་ཟླུམ་གཏོར་དཀར་པོ་དང་། ཕྱོགས་བཞིར་དཀར་ཟླུམ་བཞི། བར་མཚམས་སུ་ཐེབ་ཀྱུ་རིལ་བུ་ཅན། ༈ཆད་ཐོ་ལ། ཟུར་གསུམ་དམར་པོ་གྲི་རིས་ཅན་གྱི་ལོགས་གསུམ་ལ་ཐེབ་ཀྱུ་སུམ་བརྩེགས་རེ། ༈བསྟན་མ་ལ། ཟུར་གསུམ་གསུམ་གྱི་དབུས་མ་ནག་པོ། གཡས་དམར་པོ། གཡོན་དཀར་པོ་སོ་སོའི་མདུན་དུ་རང་མདོག་གི་ཐེབ་ཀྱུ་སུམ་བརྩེགས་རེ། ༈སྔོན་གཏོར་ལ། དཀར་ཟླུམ་འདབ་བཞི། མཐའ་ཆད་བུས་དཀྲིས་པའི་མདུན་དུ་ཐེབ་ཀྱུ་རིལ་བུ་ཅན་ཏེ། དེ་ལྟར་མཐའ་གཅིག་ཏུ་ངེས་པའི་ཁ་ཚོན་གཅོད་པའི་དཀའ་ཡང་འཇིག་རྟེན་མིག་

(༦༠༦)གཅིག་སྐྱབས་མགོན་མཆོག་གི་གསུང་རྡོ་རྗེའི་སྒྲ་གདངས་ཆེན་པོ་རྣ་བའི་བདུད་རྩིར་སོན་པ་ཇི་བཞིན་གང་ཞབས་སྤྱི་བོའི་ཅོད་པན་དུ་ཐོབ་པ་འབངས་ཨ་བྷཱ་ཡ་དྷཱི་ཀཱ་ཤས་རེ་གཟིག་ཏུ་སྤེལ་བས་གཞན་ལ་ཕན་པར་གྱུར་ཅིག་གུ།། །།

(༦༠༧)རྗེ་གྲུབ་ཐོབ་ཆེན་པོས་ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་དག་སྣང་དུ་སྩལ་བ་ཐུགས་རྗེ་བྱམས་པའི་མན་ངག་འགྲོ་བའི་སྲོག་འཛིན་བཞུགས། །དཔལ་མཆིམས་ཕུའི་མེ་ཏོག་ཕུག་ཉང་ཕུག་འོག་མར་ལོ་གསུམ་གྱི་དུས་རེ་ཞིག་ན། ལུས་ཀྱི་འདུ་བ་ཤིན་ཏུ་འཁྲུགས་ཏེ་ཚ་གྲང་ཁོད་མི་སྙོམས་པའི་ཟུག་རྔུས་མནར་བའི་ཚེ་ན་ཚ་རྐྱེན་ཐོག་ཏུ་རོ་སྙོམས། དམ་ཚིག་ཅན་འདྲས་ཚོགས་སྐོང་བགྱིས་པའི་ཚེ། མདུན་གྱི་ནམ་མཁར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སྐུ་སྨད་བལྟར་མི་མངོན་པ་ལ། སྐུ་སྟོད་ཧེ་རུ་ཀ་པ་གཟི་བརྗིད་ཅན། དབུ་སྐྲའི་ཐོར་ཚུགས་སྤ་ལྷས་ཀྱིས་བསྡམས་པ་ཞིག་མཇལ་བ་ལ་མོས་གུས་ཆེན་པོ་སྐྱེས་པའི་མོད་ལས་འདི་སྐད་གསུངས་པའི་སྣང་བ་ཤར་རོ། །ཐང་སྟོང་རྒྱལ་པོ་ལྟ་བ་ངོས་གཟུང་དང་བྲལ་བའི་རྒྱུད་ཅེས་བྱ་བ། ཐང་ནི་སྣ་ཚོགས་ཀུན་གཞིའི་ཐང་། །སྟོང་ནི་རྒྱུ་འབྲས་ངོ་བོས་སྟོང་། །རྒྱལ་ནི་འཁོར་བའི་གཡུལ་ལས་རྒྱལ། །རྒྱལ་ཁབ་སྤངས་པའི་རྒྱལ་པོ་ངས། །ཅི་ཡང་མ་ཡིན་གཞི་ཐོག་ནས། །སེམས་ཅན་འཁོར་བར་འཁྱམས་པ་མཐོང་། །ཐང་སྟོང་རྒྱལ་པོ་རང་ངོར་གྲོལ། །གྲོལ་ཅེས་བྱ་བའང་བློས་བཏགས་ཙམ། །རྒྱུ་འབྲས་འདི་ལ་ཡིད་མ་ཆེས། །

(༦༠༨)རྒྱུ་འབྲས་འདི་ལ་ཡིད་ཆེས་ན། །གཏད་མེད་ནམ་མཁའ་སྟོང་པ་ནས། །བདེན་མེད་འཇའ་ཚོན་གང་ནས་བྱུང་། །འཁོར་འདས་འདི་ལ་ཡིད་མ་ཆེས། །འཁོར་འདས་འདི་ལ་ཡིད་ཆེས་ན། །འཁོར་བ་སྤངས་པའི་ཕ་རོལ་ན། །མྱ་ངན་འདས་པ་ག་ལ་ཞིག །ལྟ་བ་འདི་ལ་ཡིད་མ་ཆེས། །ལྟ་བ་འདི་ལ་ཡིད་ཆེས་ན། །ལྟ་བ་ཐམས་ཅད་བཅོས་མ་སྟེ། །མ་བཅོས་ངོ་བོ་ཇི་ལྟར་མཐོང་། །སྒོམ་པ་འདི་ལ་ཡིད་མ་ཆེས། །སྒོམ་པ་འདི་ལ་ཡིད་ཆེས་ན། །སྒོམ་དུ་མེད་པའི་ཆོས་ཉིད་ལ། །འཇུར་བུས་བཅིངས་པ་ཐང་རེ་ཆད། །སྤྱོད་པ་འདི་ལ་ཡིད་མ་ཆེས། །སྤྱོད་པ་འདི་ལ་ཡིད་ཆེས་ན། །ཐང་སྟོང་རྒྱལ་པོའི་སྨྱོ་སྤྱོད་ཀྱིས། །གྲུབ་པ་ཐོབ་པ་ག་ལ་སྲིད། །རྒྱུ་འབྲས་ཉན་ཐོས་བྱིས་པའི་ཆོས། །འཁོར་འདས་ལག་པའི་ཕྱི་ནང་འདྲ། །ལྟ་སྒོམ་སྤྱོད་འབྲས་བློས་བཏགས་ཙམ། །ཡིད་ཆེས་ཡོད་ན་གཏད་སོ་ཡིན། །ཡིད་མ་ཆེས་ན་དངོས་གྲུབ་བསྐལ། །དེ་ཕྱིར་ཆོས་ཀུན་རང་ངོ་ནས། །དེར་འཛིན་བྲལ་བའི་གཤིས་ལུགས་ལ། །ལྷུག་པར་ཞོག་དང་སྙིང་གི་བུ། །ཞེས་གསུངས་པའི་མོད་ལ་གདམས་ངག་འདི་བཀའ་རྒྱས་བཏབ་ནས་གནང་བྱུང་ངོ། ༈ཆུ་བོ་འཁོར་བའི་རྒྱ་མཚོ་ཡིན། །གྲུ་གཟིངས་ཐར་པའི་ལམ་ཆེན་ཡིན། །སེམས་

(༦༠༩)ཅན་སྲོག་ལ་སྐྱོབ་པའི་ཕྱིར། །བརྟན་བྱེད་ལྷུན་པོའི་འཁོར་ལོ་དང་། །འཇིགས་སྐྱོབ་ཐུགས་རྗེའི་འཁོར་ལོ་ཡིས། །འགྲོ་བའི་སྡུག་བསྔལ་སོལ་ཅིག་བུ། །དེ་ལ་ལྷུན་པོའི་འཁོར་ལོ་ནི། །ཙཀྲ་མུ་ཁྱུད་བཞི་སྐོར་བའི། །ལྟེ་བར་རི་རབ་བང་རིམ་བཞིར། །འོག་ནས་རིམ་བཞིན་འབྱུང་བཞིའི་སྔགས། །དེའི་ཕྱི་བསྟན་མའི་སྙིང་པོ་ནི། །ཙི་རི་ཙི་རི་ལ་སོགས་མཐར། །ས་འཛིན་ལག་པ་ཆེན་པོའི་སྔགས། །ལཾ་ལཾ་ཧསྟ་མ་ཧཱ་རཏྣ་སྥོ་ཊ་བཾ་སྭཱ་ཧཱ། ཞེས་དང་དེའི་ཕྱི་མུ་ཁྱུད་ལ། །སངས་རྒྱས་ཀྱི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །ཆོས་ཀྱི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །དགེ་འདུན་གྱི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །ལྷ་དང་དྲང་སྲོང་གི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །ཐང་སྟོང་རྒྱལ་པོའི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །སྟོང་ཉིད་ཀྱི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །དེ་ཕྱིར་ཡེ་དྷར་ཅི་མང་བཀོད། །གཙུག་ལག་གསུམ་གྱི་ཐམ་ཤིང་དང་། །བཀྲ་ཤིས་རི་ཆེན་དགུའི་རྨིངས། །གསེར་གཡུ་ཕ་ཝང་ལོང་བུ་རྣམས། །ཞྭ་ཉེའི་པར་བུའི་ནང་དུ་བཅུག །བདེན་ཚིག་གྲུབ་པས་རབ་ཏུ་གནས། །རྟ་མགོའི་

(༦༡༠)ཚུགས་ཤིང་འོག་ཏུ་བརྟགས། །བརླན་དང་མ་བྲལ་དམ་ཚིག་ཡིན། །ཨེ་ཝཾཉྙཾ། འཇིགས་སྐྱོབ་ཐུགས་རྗེའི་འཁོར་ལོ་ནི། །ཐང་སྟོང་རྒྱལ་པོ་ང་ཡི་གཟུགས། །གཡོན་པ་བདེ་སྦྱིན་བྷནྡྷ་དང་། །གཡས་པ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །རླུང་ལྷའི་སྟེང་ན་བརྗིད་པ་ཡི། །ཐུགས་ཁར་འཁོར་ལོ་མུ་ཁྱུད་བཞིའི། །དབུས་ན་གསེར་གྱི་རྣམ་བཅུ་དབང་། །དེ་ཡི་མུ་ཁྱུད་ཕྱི་མ་ལ། །མཚལ་དང་ཅུ་གང་བསྲེས་པ་ཡིས། །ཀླུ་དབང་རྒྱལ་པོའི་སྔགས་ཤམ་དུ། །ཏ་དྱ་ཐཱ་ག་ཏེ་ག་ཏེ་པ་ར་ག་ཏེ་པར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཞེས་དང་རིགས་གསུམ་མགོན་པོའི་གཟུངས། །དེ་ཡི་མུ་ཁྱུད་ཐ་མ་ལ། ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ ཨཱརྱ་ཏཱ་རེ་དུ ཁ་ཤཱིནྟཾ་ཀུ་རུ་ཧོཨོཾ་པདྨ་ཏ་ཀྲྀ་ཏ་ཧ་ཡ་གྲཱི་ཝ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ གནོད་བྱེད་ཐམས་ཅད་མཱ་ར་ཡ་ཆིངས་ནན། ཞེས་དང་ཕྱི་ལ་དབྱངས་གསལ་བཀོད། །དྲི་བཟང་བདུད་རྩིའི་སྨན་གྱིས་བྱུག །རབ་གནས་བདེ་གཤེགས་རིང་བསྲེལ་དང་། །ཁྲིམས་ལྡན་དགེ་སློང་གཙུག་གི་སྐྲ། །གྲུབ་ཐོབ་དབུ་ལོ་ཕྱག་སེན་བཅས། །སེལ་མེད་གཙོར་བསྟན་རིན་ཆེན་གྱི། །ཟ་མ་ཏོག་གི་ནང་དུ་བཅུག །གྲུ་ཤན་རྟ་མགོའི་གཅུག་ཏུ་བསྐྱོན། །མི་ལག་མི་རེག་འགོམ་ཡུགས་སྤོངས། །

(༦༡༡)གྲུ་གཟིངས་མགོ་འཇུག་ལྡོག་མི་སྲིད། །ཤིན་ཏུ་གསང་ཞིང་གདམས་ངག་ཏུ། །སྙིང་རྗེ་བྱང་ཆུབ་སེམས་ལྡན་པས། །འབུ་སྲིན་སྦྲང་མ་ཡན་ཆད་ཀྱིས། །ཆུ་ནང་བྱིངས་པའི་སྲོག་ཆགས་སྟོང་། །ལོ་ལོ་བཞིན་དུ་ཚེ་ཐར་དང་། ཁ་འབར་གཏོར་གླུད་བརྒྱ་རྩ་བརྒྱད། །ཆུ་ལ་གཤེགས་ཤིང་ཐེ་ཚོམ་སྤོངས། །ཆོས་ཉིད་བདེན་པ་མཐུ་ཆེ་བའི། །རྟེན་འབྲེལ་ནུས་པ་མངོན་བྱུང་ནས། །མ་སྦས་མ་གབ་བུ་ལ་གདམས། །གཞན་དོན་སྒྲུབ་པ་སྙིང་སྟོབས་བསྐྱེད། །ཅེས་གསུངས་ནས་རང་སྣང་འོད་གསལ་ཆེན་པོའི་ཀློང་དུ་ཐིམ་པར་གྱུར་ཏོ།། །།

(༦༡༢)

(༦༡༣)མདོ་སྔགས་ཟུང་དུ་འཇུག་པའི་སྤྱོད་ཡུལ་ལམ་ཁྱེར་སངས་རྒྱས་ལམ་ཞུགས་ཞེས་བྱ་བ་བཞུགས། །

(༦༡༤)ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་གང་ཟག་དེས་ཚོགས་བསག་སྒྲིབ་སྦྱང་ཐབས་དུ་མའི་སྒོ་ནས་བྱ་དགོས་ལ། དེའི་བྱ་ཐབས་ནི་ཐམས་ཅད་མཁྱེན་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་ཕྱིར་སྤྱོད་ལམ་གྱི་ཞོར་ཙམ་ལའང་དགེ་བ་དཔག་ཏུ་མེད་པ་བསག་ཐབས་བསྟན་པས་འདིར་འདུམས་ཏེ་བློ་དམན་ལ་ཕན་པའི་ཕྱིར་བསྟན་པར་བྱའོ། །དེ་ལ་དང་པོར་སྔ་ཞོག་གཉིད་ཁྲ་ལྷག་གིས་སད་ཙ་ན་སེམས་ཅན་ཐམས་ཅད་མ་རིག་པ་ལས་སད་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད། མལ་ནས་ལྡང་བ་ན་སེམས་ཅན་

(༦༡༥)ཐམས་ཅད་སངས་རྒྱས་ཀྱི་སྐུ་ཐོབ་པར་ཤོག་ཅིག་སྙམ་པ་དང་། གོས་གྱོན་པའི་ཚེ་སེམས་ཅན་ཐམས་ཅད་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར་ཤོག་ཅིག །སྐ་རགས་འཆིང་བ་ན་དགེ་བའི་རྩ་བཟུང་དུ་འབྲེལ་བར་ཤོག་ཅིག །སྟན་ལ་འཇུག་པ་ན་རྡོ་རྗེའི་སྟན་ཐོབ་པར་ཤོག་ཅིག །ཁང་པའི་ནང་དུ་འདུག་པ་ན་སེམས་ཅན་ཐམས་ཅད་ཐར་པའི་གྲོང་ཁྱེར་དུ་འཇུག་པར་ཤོག་ཅིག །ཉལ་བའི་ཚེ་སེམས་ཅན་ཐམས་ཅད་སངས་རྒྱས་ཆོས་སྐུ་ཐོབ་པར་ཤོག་ཅིག །རྨི་ལམ་རྨིས་པ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བདེན་མེད་དུ་རྟོགས་པར་ཤོག་ཅིག །སྐྱོ་ཚ་གཡོ་སྐོལ་གྱི་ཚེ་མེ་ལྷབ་ཀྱིས་འབར་བ་

(༦༡༦)དང་། མེ་དེ་ཉི་དང་། དོད་ནས་ཡུམ་གོས་དཀར་མོའི་ངོ་བོ་ཡིན་ལ་ཡིན་པར་ངེས་ཤེས་བསྐྱེད། དེའི་ཀློང་དུ་རྣམ་པ་ཧཱུྃ་ལས་ཟ་བྱེད་རྡོ་རྗེ་མཁའ་འགྲོ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་འཛིན་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་ཞལ་གདངས་པའི་ལྗགས་རཾ་ཡིག་གིས་མཚན་པ་ལ་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་ལྗགས་ཀྱང་འདུས་པའི་ངོ་བོར་བསམ། མདུན་དུ་ཏིལ་ཅུང་ཟད་འདུ་བགྱིས་པ་དེར་རང་གི་སྙིང་ཁར་སྡིག་སྒྲིབ་རྣམས་པཾ་ཡིག་ནག་པོའི་རྣམ་པར་གནས་པ་ལ་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདུས་པར་གསལ་གདབ། དེ་བཞིན་དུ་ལྟེ་བར་རཾ་དང་རྐང་མཐིལ་དུ་ཡཾ་ལས་རླུང་དཀྱིལ་གསལ་བས་རླུང་གཡོས་ལྟེ་བའི་མེ་འབར་གྱེན་ལ་སོང་ནས་སྙིང་ཁའི་བཾ་ཡིག་རྔོན་པས་རི་དྭགས་དེད་པ་ལྟར་སྣ་བུག་ནས་ཐོན་མདུན་གྱི་ཏིལ་ལ་སྡིག་པ་རྭ་ཅན་གྱི་རྣམ་པས་ཐིམ་པར་བསམ་ལ། ཨོཾ་ཨཱཧཱུྃ་ལན་ཅི་རིགས་ཀྱིས་བདུད་རྩིར་བསྒྱུར། དེ་ནས་ཨོཾ་བཛྲ་ཊཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷ་སྨི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླ་བ་དང་སྒྲགས་མཐེབ་མཛུབ་ཀྱིས་ཏིལ་ཐབ་ནང་དུ་འབུལ། རྫས་

(༦༡༧)རྫོགས་པ་དང་ཡི་གེ་བརྒྱ་པ་ཚར་གསུམ་བརྗོད་ནས་ནོངས་པ་བཤགས། བཛྲ་མུས་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་མེ་དང་དབྱེར་མེད་དུ་འདྲེས་པར་བསམ་ལ། དགེ་བ་སེམས་ཅན་ཐམས་ཅད་ལ་བསྔོ། འགྲོ་བའི་ཚེ་སངས་རྒྱས་ཀྱི་ཞིང་ཁམས་རྡུལ་ཕྲ་རབས་ལ་སྐོར་བ་བྱེད་པར་བསམ། གོས་གསར་པ་ལྟ་བུ་གྱོན་རྒྱུ་བྱུང་ན་གོས་དེ་སྭ་བྷཱའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཏྲཱཾ་ལས་ལྷའི་གོས་རིན་ཐང་དང་བྲལ་པར་བསམ་ལ། རང་གི་རྩ་བའི་བླ་མ་བཞུགས་ཕྱོགས་སུ་འབུལ་བའི་འདུ་ཤེས་ཀྱི་དེང་ཙམ་བྱ། དེ་ནས་རང་ཡི་དམ་གང་བྱེད་དུ་གསལ་ལ་གྱོན། ཁྲུས་བྱེད་པ་དང་ཆུ་ལ་འཇུག་པ་སོགས་ཀྱི་ཚེ་ཆུ་དེ་ཡང་གདོད་མ་ཉིད་ནས་མཱ་མ་ཀཱིའི་ངོ་བོ་ཡིན་ལ་ཡིན་པར་ངེས་ཤེས་བསྐྱེད། རྣམ་པ་པཾ་ལས་ཆུའི་ལྷ་མོ་རྡོ་རྗེ་ཌཱཀྐིའི་སྐུར་གསལ་བཛྲ་ཌཱཀྐི་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླ་ཞིང་ནད་གདོན་སྡིག་སྒྲིབ་ཞི་པའི་གསོལ་བ་བཏབ། མཐར་དེ་ཉིད་འོད་དུ་ཞུ་ནས་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་ལ་ཁྲུས་དང་ཆུ་རྒལ་བ་ལ་སོགས་པ་བྱ། གུང་ཚིགས་ཟ་བ་ན། ཡོ་བྱད་རྣམས་མདུན་དུ་བརྡར་ལ་དེ་ཡང་ཇི་ལྟར་འདོད་པའི་

(༦༡༨)ཡོན་ཏན་ལམ་དུ་ཁྱེར་བ་གསང་སྔགས་ཀྱི་འཕགས་ཆོས་ཡིན་ཀྱང་། ཇི་སྲིད་བསྐྱེད་རྫོགས་ཀྱི་ནུས་པ་མངོན་དུ་གྱུར་པའམ། དྲོད་ཐོབ་པ་ཙམ་མ་བྱུང་བར་ལ་ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་བའི་དགེ་སྟོང་སྡིག་སྟོང་དང་། སྤྱོད་པའི་ཕྱོགས་སུ་ལྟ་བ་ཤོར་བའི་ཨ་འཐས་མངོན་ཞེན་དུ་གོལ་པའི་ལས་མི་བྱེད་པ་ཨོ་རྒྱན་སངས་རྒྱས་གཉིས་པའི་དགོངས་པ་ཐུན་མོང་མ་ཡིན་པས་འདི་ལྟར་ཤ་ཆང་ལ་སོགས་པ་ཟ་རྒྱུ་ཡོད་ན། ག་རེ་སྟོན་པ་སངས་རྒྱས་ཀྱི་བཀའ་ལས། ངས་ཤའི་ཟས་ནི་སུ་ལའང་མ་གནང་མི་གནང་གནང་བར་མི་འགྱུར་རོ། །ཞེས་དང་། དེང་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་བཟའ་བར་མི་རུང་ངོ། །ཞེས་ཁྲིམས་བསྒྲགས་པ་ཡིན་ནོ། །རྡོ་རྗེ་ཐེག་པའི་སྐབས་སུའང་ཏིང་ངེ་འཛིན་གྱི་ནུས་པ་མངོན་དུ་གྱུར་ནས་རང་ལ་སྒྲིབ་པས་མི་གོས་ཤིང་། སེམས་ཅན་དེ་ལ་ཤ་ཁྲག་གིས་འབྲེལ་པས་ཕན་ཐོག་ནུས་པ་ཡིན་ན་དང་གོ་བཅད། བདག་ལ་དེ་ལྟར་གྱི་གདེང་མི་འདུག །སེམས་ཅན་ཐམས་ཅད་ཀྱིས་ཕ་མ་མ་བྱས་པ་མེད། ཤ་འདིའི་བདག་པོ་སྲོག་ཆགས་དེ་འཕགས་པ་ཀ་ཏྱ་ཡ་ནས་བསོད་སྙོམས་ལ་གཤེགས་པའི་ལོ་རྒྱུས་ལྟར་སྐྱེ་བ་སྔ་མའི་ཕ་མ་ནི་ཡིན་ངེས་དེ་ཡིན་

(༦༡༩)ན་ད་ལྟའི་ཕ་མ་ལ་ཤན་པས་སྲོག་ལས་བྱས་པའི་ཤ་བྱིན་ན་བཟའ་བར་འདོད་དམ་སྙིང་རེ་རྗེ་སྙམ་དུ་བསམ་མནོ་ཞིག་བཏང་ན་བློ་གཟུར་གནས་ཤིག་ཡིན་ཕྱིན་ཆད་སྙིང་རྩི་ཤུམ་ཤུམ་པ་དང་སེམས་ཅན་དེ་ལ་སྙིང་རྗེ་དབང་མེད་དུ་མི་སྐྱེ་བའི་ཐབས་མེད། དེའི་ཚེ་བྱང་ཆུབ་ཀྱི་སེམས་མཚན་ཉིད་དང་ལྡན་པ་མ་བྱུང་ཀྱང་རྗེས་མཐུན་ཞིག་ངེས་པར་སྐྱེ་བས་དེ་ཁའི་ཤེས་པ་ངར་མ་ཉམས་པས་ཀཾ་ཀ་ནི་དང་། གཙུག་ཏོར་མའི་གཟུངས། བཏགས་གྲོལ་གྱི་ས་ཡང་སྙིང་སོགས་ཅི་ནུས་བཟླ། ཤ་ལ་ཕུས་འདེབས། དེ་ལ་དམིགས་ནས་སྨོན་ལམ་དྲག་པོ་གདབ། འདི་ལ་སྟོང་ཉིད་ལས་འབྲས་སུ་ཤར་བ་ཟེར། དེ་མ་གོ་ན་སྔགས་པར་ཁས་བླངས་ནས་ཤ་ཆང་བག་མེད་དུ་ཟ་བ་དང་། ཁྲ་སྤྱང་ལས་ཁྱད་པར་ག་ལ་ཡོད། དེ་བཞིན་དུ་ཆང་ལ་རྡོ་རྗེ་ཐེག་པའི་དམ་ཚིག་ཙམ་དུ་རོལ་པ་ལའང་། ཨོཾ་ཨཱཧཱུྃ་ཧ་ཧོ་ཧྲཱི ཞེས་པས་བྱིན་གྱིས་མ་བརླབས་པར་སྐྱེ་བོ་མི་ནག་པ་ལྟར་འཐུངས་ན་དམ་ཚིག་དང་དངོས་གྲུབ་གཉིས་ཀ་ཉམས་པར་བཤད་དེ་སྡོམ་བྱུང་ལས། ཧ་གསུམ་ལ་སོགས་དང་བྲལ་བར། །ཅི་སྟེ་དམ་ཚིག་ཅན་གྱིས་འཐུངས། །དེ་ནི་དུག་

(༦༢༠)འགྱུར་ཐེ་ཚོམ་མེད། །སྔགས་ཀྱི་དངོས་གྲུབ་མི་འབྱུང་ངོ་། །ཞེས་གསུངས། མང་ཉུང་ཀྱང་ཟ་ཐོད་གང་ལས་མང་བར་མི་འཐུངས། གལ་ཏེ་དེ་བས་མང་བ་འཐུངས་ནས་མྱོས་ན་དམྱལ་བ་དུ་འབོད་ཀྱི་གནས་སུ་སྐྱེས་ཏེ། རྒྱུད་ལས། སུ་ཞིག་ཆང་གིས་མྱོས་གྱུར་པ། །དེ་ལ་གེགས་ནི་མང་པོ་འབྱུང་། །སྔགས་པ་ཆང་གིས་མྱོས་འགྱུར་གང་། །དུ་འབོད་གནས་སུ་འཚོད་པར་འགྱུར། །ཞེས་སོ། །འོ་ན་སློབ་དཔོན་པདྨ་དང་གྲུབ་ཐོབ་བི་།།།པ་སོགས་ཀྱིས་ཆང་ཁལ་ལྔ་བརྒྱ་དུས་གཅིག་ལ་བཞེས་པ་མ་ཡིན་ནམ་སྙམ་ན། དེ་དག་ཆང་ཁལ་ལྔ་བརྒྱས་བཟི་བ་དང་ལྟ་ཅི་ངོམ་པ་ཙམ་ཡང་མ་བྱུང་བས་ཆང་རིན་མ་འཁྱོངས་པར་ཉི་མ་རྟོད་ལ་མནན་པའི་ལོ་རྒྱུས་འདུག་པ་ལྟར་ཁྱེད་ཀྱང་དུག་ལ་རྗེན་ཟས་ཀྱིས། ཉི་ཟླ་བཙོན་དུ་བཟུང་། རི་བོ་ཕན་ཚུན་བརྗེས། ནམ་མཁར་འཕུར་ནས་སོང་། སྤྱིར་བསྟན་པ་ལ་ཕན། སྒོས་རྡོ་རྗེ་ཐེག་པ་ལ་ཕན། དད་ལོག་སྣང་བ་བསྒྱུར་ནུས་པ་ཞིག་འོང་བར་གདའ་སྟེ་བཀའ་དྲིན་ཆེ། དེ་ལྟ་མ་ཡིན་པར་སྐད་ཅིག་ལ་འདུ་ཤེས་འཁྲུལ། སྲོག་རྩ་ལ་རླུང་ཞུགས་པའི་སྨྱོན་པ་ལྟར་ཅི་ཟེར་མེད། ཅི་བྱེད་མེད་པ་དེ་འདྲ་གྲུབ་རྟགས་ཡིན་ན་ངོ་མཚར་ཆེའོ། །

(༦༢༡)དེ་སྐད་དུ་ལུང་ལས། སྙིགས་མ་ལྔ་བདོར་གྱུར་པའི་དུས། །གསང་སྔགས་དམ་རྫས་ཤ་ཆང་ལ། །སྤྱོད་དུ་རུང་བའི་ཁུངས་སྨོས་ཏེ། །ཏིང་འཛིན་ཉམས་ཀྱི་དྲོད་མེད་པར། །ཤ་ཁྲག་ཆང་ལ་ཐམས་ཅད་སྦྱོར། །འདི་ཡང་དམ་ཚིག་མེད་དོ་ཞེས། །ཆོས་བཞིན་སྤྱོད་རྣམས་ཐབས་ཀྱིས་སྨོད། །དེ་འདྲ་བསྟན་པའི་མཐའ་རུ་འབྱུང་། །ཀྱཻ་མ་ཀྱི་ཧུད་དམྱལ་བ་ལས། །འགྲོ་ས་མེད་དོ་སྙིང་རེ་རྗེ། །ཞེས་བཤད་དོ། །དེའི་ཕྱིར་བླང་དོར་དེ་དག་ངེས་པར་བྱས་ལ་བྱང་ཆུབ་བསྒྲུབ་པའི་ལུས་རྟེན་ཆུད་མི་ཟ་བ་དང་རྡོ་རྗེ་ཐེག་པའི་དམ་ཚིག་ཚོགས་ཀྱི་འཁོར་ལོས་ལུས་དཀྱིལ་ཀྱི་འཁོར་ལོར་མཆོད་པའི་འདུན་པ་ལས་རྒྱགས་པ་དང་གཟི་བརྗིད་འཕེལ་བ་ལ་སོགས་པའི་ཆེད་དུ་མ་ཡིན་པར་དཀྱིལ་འཁོར་གསུམ་ལྡན་གྱི་ངང་། །ཧོ་བཟའ་བཅའ་བཏུང་བ་ཡང་དག་རྫས། །གདོད་ནས་ཚོགས་ཀྱི་འཁོར་ལོ་ཆེ། །ཨོཾ་ཨཱཧཱུྃ་དང་ཧ་ཧོ་ཧྲཱིས། །ཟག་མེད་བདེ་ཆེན་བདུད་རྩིར་གྱུར། །བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚང་བའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །བྱང་

(༦༢༢)ཆུབ་སེམས་ཀྱི་སྤྲིན་ཆེན་པོར། །གཉིས་མེད་མཉམ་པའི་ངང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །ཟས་ཀྱི་སྒྲིབ་པར་མི་འགྱུར་ཞིང་། །གཏན་པ་མེད་པའི་སྦྱིན་བདག་ཀྱང་། །ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །ཅེས་བརྗོད་ནས་རྡོ་རྗེ་ལུས་ཀྱི་དག་དྲན་འདི་ལྟར་ངེས་པར་བྱ་སྟེ། རྐང་མཐིལ་རླུང་། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ཁ་ས། སྒལ་ཚིགས་རི་རབ། མགོ་བོ་རི་རབ་ཀྱི་སྟོད་ཆ། ལུས་ཀྱི་དཀྱིལ་འཁོར་མི་མཉམ་པ་མེད་པ་གྲུ་བཞི། རྐང་བརྒྱད་ཀ་བ་བརྒྱད། མིག་པཉྩ་ར་ག །སྣ་ཕ་གུ། སོ་དྲ་བ་དྲ་ཕྱེད། ལྕེ་མཆུ་འདོད་སྣམ། རྣ་བ་རྟ་བབས། སྙིང་གའི་རླུང་རྒྱུ་བའི་རྩ་བཞི་སྒོ་བཞི། རྣམ་པར་ཤེས་པ་ཧེ་རུ་ཀ །ཚོགས་བརྒྱད་ཀོའུ་རི་མ་བརྒྱད། ཡུལ་བརྒྱད་ཕྲ་མེན་མ་བརྒྱད། རྟག་ཆད་མུ་བཞི་སྒོ་མ་བཞི། སྒལ་ཚིགས་ཉེར་བརྒྱད་དབང་ཕྱུག་ཉི་ཤུ་རྩ་བརྒྱད། མི་དགེ་བ་བཅུ་ཁྲོ་བོ་བཅུ། དགེ་བ་བཅུ་ཁྲོ་མོ་བཅུ། རྩིབ་མ་བཅོ་བརྒྱད་གིང་ཆེན་བཅོ་བརྒྱད། རུས་མགོ་སུམ་བརྒྱ་དྲུག་ཅུ་ཕོ་ཉ་སུམ་བརྒྱ་དྲུག་ཅུ། དབང་པོའི་སྒོ་བདུན་མ་མོ་བདུན། ལྟུ་ཚིགས་བཅུ་གཉིས་བསྟན་མ་བཅུ་གཉིས། མདོར་ན་ལུས་རྩའི་དཀྱིལ་འཁོར། རྩ་ཡི་གེའི་དཀྱིལ་འཁོར།

(༦༢༣)ཁམས་བདུད་རྩིའི་དཀྱིལ་འཁོར། རླུང་ཡེ་ཤེས་ཀྱི་དཀྱིལ་འཁོར། རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་རྣམ་པ་ལྔའི་རང་བཞིན་དུ་ཡེ་ནས་ལྷུན་གྲུབ་ཏུ་མཆིས་པ་ལ། ལག་པའི་སོར་མོ་ལྔ་འདོད་ཡོན་གྱི་ལྷ་མོ་ལྔར་ཤེས་པས་བཟའ་བཏུང་རྣམས་དབང་བཞིའི་དམ་ཚིག་དང་བསྟུན་པའམ། ཡང་ན་ཐབས་ལམ་པ་ཡིན་ན་བདེ་སྟོང་གི་བདུད་རྩི་གྲོལ་ལམ་པ་ཡིན་ན་ཟག་མེད་ཀྱི་བདུད་རྩིར་བསམས་ལ་མཆོད་པ་འབུལ་བའི་ཚུལ་དུ་སྐད་ཅིག་ཀྱང་མ་ཡེངས་པར་ལོངས་སྤྱད་པར་བྱ་ཞིང་། རོ་ལ་ཁ་མངར་གྱི་རྟོག་པའང་མེད་པར་སྟོང་ཉིད་གསལ་ཁྱབ་ཅན་དུ་ཤེས་པར་བྱ། ཚུལ་འདིའི་རིགས་པ་ནི་བཟའ་བཏུང་ཐམས་ཅད་ལ་བརྩི་བར་བྱའོ། །འོན་ཏེ་དེ་ཙམ་གོ་བའི་སྐལ་བ་དང་མི་ལྡན་པའམ། གལ་ཏེ་ལྡན་ཀྱང་སྡེ་སྣོད་འཛིན་པ་དང་བསྟུན་ནས་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་གུང་ཚིགས་ཀྱི་སྔ་རོལ་དུ་ཕུད་མཆོད་བྱེད་པར་སྤྲོ་ན། ཁ་ཟས་དེ་ཉིད་ཨོཾ་ཨཱཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས། ཕུད་དང་པོ་བཤོས་བུའི་ཚུལ་དུ་བྱས་ལ་གུ་རུ་བཛྲ་ནཻ་ཝི་ཏྱ་ཨཱཧཱུྃ། ཞེས་བླ་མ་ལ་དབུལ། རཏྣ་བཛྲ་ནཻ་ཝི་ཏྱ་ཨཱཧཱུྃ། དཀོན་མཆོག་སྤྱི་ལ་

(༦༢༤)དབུལ། ལོ་ཀི་ཤྭ་ར་བཛྲ་ནཻ་ཝི་ཏྱ་ཨཱཧཱུྃ། ཐུགས་རྗེ་ཆེན་པོ་ལ་དབུལ། ཨོཾ་ཨཱཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱཀྐི་ནི་བཛྲ་ནཻ་ཝི་ཏྱ་ཨཱཧཱུྃ་གིས་རྩ་གསུམ་སྤྱི་ལ་དབུལ། ཨོཾ་ཧ་རི་ཏི་པཎྜི་ཨ་ཁཾ་སྭཱ་ཧཱ། ཞེས་པས་འཕྲོག་མ་ལ་ཆང་བུ་གཅིག་བྱིན། ཨོཾ་ཧ་རི་ཏི་པཎྜི་ནི་ཁཾ་སྭཱ་ཧཱ། ཞེས་འཕྲོག་མའི་བུ་ལྔ་བརྒྱ་ལ་ཆང་བུ་གཅིག་བྱིན། ཨོཾ་ཨ་གྲ་པཎྜི་ཨ་སི་བྷྱ་སྭཱ་ཧཱ། ཞེས་འབྱུང་པོ་ཕུད་ལ་དབང་བ་དག་ལ་ཆང་བུ་གཅིག་བྱིན། དེ་ནས་བཟའ་བའི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱོད་པའམ། མི་ནུས་ན་རང་ལུས་ལ་གནས་པའི་སྲིན་བུ་རྣམས་ལ་སྙིང་རྗེའི་བསམས་པས་ད་ལྟ་ཟས་ཀྱིས་བསྐྱང་། མཐར་སངས་རྒྱས་ནས་ཆོས་ཀྱིས་བསྐྱང་བའི་འདུན་པས་རོལ་རྗེས། ཨོཾ་ཨུཙྪིཥྚ་པཎྜི་ཨ་ཤི་བྷྱ་སྭཱ་ཧཱ། ཞེས་འབྱུང་པོ་ལྷག་མ་ལ་དབང་བ་རྣམས་ལ་ཆང་བུ་གཅིག་བྱིན་པར་བྱའོ། །དེ་ནས་ཁ་བཤལ་ཏེ། ཡོན་ཡོངས་སུ་སྦྱོང་བའི་གཟུངས་འདོན་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ནས་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །ན་མས་མནྟ་པྲ་བྷ་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ་ཨརྟ་ཏེ་སཾ་མྱག་སཾ་བྷུདྡྷ་ཡ། ཏདྱ་ཐཱ། ན་མོ་

(༦༢༥)མཉྫུ་ཤྲཱི་ཡེ་ཀུ་མ་ར་བྷུ་ཏ་ཡ་བོ་དྷཱི་སཏྭ་མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ་ཏཏྱཱ་ཐཱ་ཨོཾ་ནི་ར་ལཾ་པེ་ནི་ར་བྷ་སེ་ཛ་ཡེ་ཛ་ཡ་ལ་བ་དྷེ། མ་ཧཱ་མ་ཏེ། དཀྵཻ་དཀྵཻ་ཎཱཾ་པཱ་རི་ཤྭ་དྷ་ཡ་སྭཱ་ཧཱ། གང་གིས་སྦྱིན་པ་གང་ལ་བཏང་། །སྦྱིན་པ་ཇི་ལྟར་མི་རྟོག་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་དེ་ལ་ཡོངས་རྫོགས་ཤོག། ཅེས་དང་ཤ་ཟོས་པའི་ཉེས་པ་བསལ་ཕྱིར་འཇམ་དཔལ་རྩ་རྒྱུད་ལས་བཤད་པའི་རིག་སྔགས་ཨོཾ་ཨཱབྷི་ར་ཧཱུྃ་ཥེ་ཙ་ར་མཾ། ཞེས་ཚར་བརྒྱ་ཙམ་བརྗོད་ཅིང་རུས་པ་ལ་ཧུས་གདབ། ངན་སོང་སྡུག་བསྔལ་མི་འབྱུང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་ལས་ལྷག་པའི་ལུས་ཐོབ་ནས། །དེ་ཡང་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སྨོན་ལམ་གདབ། ཟག་པ་འདོར་བའི་ཚེ་མེ་གཡོ་བ་དཀར་པོའི་རྒྱུད་ནས་གསུངས་པའི་ཟག་པ་ལུས་སྦྱིན་བྱ་བ་ནི། མཆིལ་མ་ལ་ཨོཾ་ཨཱ་ཤུ་ཨ་ཧ་རི་བྷྱ་སྭཱ་ཧཱ། སྣབས་ལ་ཨོཾ་སིང་ག་ན་ཨ་ཧ་རི་བྷྱ་སྭཱ་ཧཱ། ལུས་ཀྱི་དྲི་མ་སྤྱིར་ཨོཾ་མ་ལ་ཨ་ཧ་རི་བྷྱ་སྭཱ་ཧཱ། དྲི་ཆེན་ལ་ཨོཾ་བྷི་ཏ་ཧ་རི་བྷྱ་སྭཱ་ཧཱ། དྲི་ཆུ་ལ་ཨོཾ་ནུཉྩ་ཨ་ཧ་རི་བྷྱ་སྭཱ་ཧཱ། ལྷག་མའི་རིགས་སྤྱི་ལ། ཨོཾ་ཨུཙྪིཥྚ་ཨ་ཧ་རི་བྷྱ་སྭཱ་ཧཱ། ཞེས་སོ་སོའི་དུས་གནད་

(༦༢༦)དང་མཐུན་པར་བརྗོད་པས་ཡི་དྭགས་རྣམས་ལ་ཞར་བྱུང་གི་སྦྱིན་པ་རྒྱ་ཆེན་པོར་འགྱུར་རོ། །གཞན་ཡང་འགྱུར་སྔགས་ཁྱད་པར་ཅན་ནི་མཆོད་རྟེན་ལ་སོགས་པར་སྐོར་བ་བྱེད་པའི་ཚེ། ན་མོ་བྷ་ག་ཝཱ་ཏེ་རཏྣ་ཀེ་ཏུ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་ས་མྱཀ་ས་བྷུདྡྷ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བྷི་ཛ་ཡ་སྭཱ་ཧཱ། ཞེས་བརྗོད་པས་སྐོར་བ་གཅིག་བྱེ་བའི་གྲངས་སུ་འགྱུར། གལ་ཏེ་ཉི་ཟླའི་བགྲོད་སྟོབས་ཀྱིས་མཆོད་རྟེན་ལ་སོགས་པའི་གྲིབ་མར་འགོམ་དགོས་ན་གྲིབ་མའི་འོག་ཏུ་འཛུལ་ནས་དེ་ཉིད་བཏེག་པར་བསམ་ཞིང་། བཛྲ་བེག་ཨ་ཀྲ་མ་ཧཱུྃ། ཞེས་བརྗོད་པས་ཉེས་པ་སེལ་ལོ། །ཕྱག་བྱེད་པའི་ཚེ། ཨོཾ་ན་མོ་མཉྩུ་ཤྲཱི་ཡེ། ན་མསུ་ཤྲཱི་ཡེ། ན་མོཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཞེས་བརྗོད་པས་འགྱུར་སྔགས་གོང་དང་འདྲ། དེ་བཞིན་དུ་མེ་ཏོག་འབུལ་ན། ཨོཾ་ན་མོ་བྷ་ག་ཝ་ཏེ་པུཥྤེ་ཀེ་ཏུ་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སཾ་མྱཀ་སཾ་བྷུདྡྷ་ཡ་ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ་པུཥྤེ་སུ་པུཥྤེ་ཨུརྦྷ་ཝེ་པུཥྤེ་སཾ་བྷ་ཝེ། པུཥྤེ་ཨ་ཝ་ཀེ་ར་ཎི་སྭཱ་ཧཱ། ཞེས་བདུན་བཟླས་ཏེ་སྔགས་ནས་ཕུལ་ན་མེ་ཏོག་ཇི་སྙེད་ཕུལ་བ་དེ་སེད་ཀྱི་མེ་ཏོག་བྱེ་བ་ཕུལ་བར་འགྱུར་རོ། །གཞན་ཡང་སྐུ་

(༦༢༧)གཉེར་བ་ལྟར་ལྷ་བཤོས་ལ་འབག་དགོས་ན་ཨོཾ་དེ་ཝ་ཡ་ན་མ་ནི་དྷ་ས་སྭཱ་ཧཱ། ཞེས་བརྗོད་པས་ཉེས་པ་མི་འབྱུང་ཞིང་། དངོས་གྲུབ་ཏུ་འགྱུར་བར་བཤད་དོ། །དགེ་སྦྱོར་སྤྱིའི་འགྱུར་སྔགས། ཨོཾ་སཾ་བྷ་ར་སཾ་བྷར་བི་མ་ན་ས་ར་མ་ཧཱ་ཛཾ་བྷ་ཧཱུྃ་ཕཊ། ཅེས་དང་། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་དེ་ཐམས་ཅད་ལ་དམིགས་པ་མེད་པའི་སེམས་བསྐྱེད་དང་། རྗེས་བསྔོ་བ་སྨོན་ལམ་གྱིས་རྩིས་ཟིན་པར་གཅེས་སོ། །ཞེས་པའང་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་གོ་བདེ་བར་བརྗོད་པའོ།། །།། །

(༦༢༨)

(༦༢༩)བདག་ཉིད་ཆེན་པོ་བཻ་རོའི་སྒྲུབ་ཐབས་བཞུགས། །

(༦༣༠)ཨེ་མ་ཧོ། འཁོར་བའི་འཇིགས་པ་སྐྱོབས་པའི་དམ་ཆོས་དང་། །རིག་གྲོལ་སྤོབས་པའི་འབྱུང་གནས་རྫོགས་སངས་རྒྱས། གསུམ་ཀའི་བདག་ཉིད་རྩ་བ་གསུམ་གྱི་དངོས། །བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་སུ་མཆི། །ལན་གསུམ། སེམས་ཅན་ཁམས་ནི་ནམ་མཁའི་མཐའ་བཞིན་ཏེ། །གང་ཕྱིར་དམིགས་པ་མེད་པའི་བྱང་ཆུབ་སེམས། །སྨོན་འཇུག་དོན་དམ་སེམས་ལ་རབ་སྦྱར་ནས། །མཐའ་ཡས་འགྲོ་བ་བསྒྲོལ་བར་དམ་བཅའོ། །གསུམ། ཨཱཤེས་རབ་རང་བྱུང་སྒྲོན་མའི་དེ་བཞིན་ཉིད། །ཀུན་སྣང་རྒྱང་ཞགས་སྒྲོན་མའི་དག་ཆེན་དབྱིངས། །

(༦༣༡)བྲལ་ཐོབ་མེད་པའི་ཐིག་ལེ་སྟོང་སྒྲོན་ཀློང་། །ཆོས་ཉིད་མངོན་སུམ་རྣམ་སྣང་གང་ཆེན་མཚོ། །ཉམས་སྣང་གོང་འཕེལ་བཻ་རོ་ཙཱ་ནའི་ཞལ། །རིག་པ་ཚད་ཕེབ་ཀུན་མཁྱེན་ཡེ་ཤེས་ལུས། །ཆོས་ཟད་བློ་འདས་མཉམ་གཞག་ཆེན་པོར་བཞུགས། །རྡོ་རྗེ་སྐྱིལ་ཀྲུང་གདོད་ནས་རྫོགས་སངས་རྒྱས། །ཐེག་པ་ཡོངས་རྫོགས་ཆོས་གོས་རྣམ་གསུམ་དང་། །གནས་ལུགས་རྫོགས་པ་ཆེན་པོའི་པཎ་ཞུས་མཛེས། །གཡས་གཡོན་རྨ་བན་རིན་ཆེན་གཉགས་ལོ་མཆོག །ཆོས་རབ་འབྱེད་པའི་རྣམ་དཔྱོད་ཟད་མི་ཤེས། །གཙོ་འཁོར་གསུམ་གྱི་སྤྱི་མགྲིན་སྙིང་ཁ་རུ། །བདེ་

(༦༣༢)གཤེགས་ཀུན་གྱི་ཐུགས་གསུང་སྐུའི་བཀོད་པ། །ཡི་གེ་གསུམ་གྱི་བདག་ཉིད་ཆེན་པོས་མཚན། །གདན་གསུམ་ཡོངས་རྫོགས་སྐུ་ལས་འོད་འཕྲོས་པས། །རང་བཞིན་ཆོས་དབྱིངས་བདེ་བ་ཆེན་པོ་ནས། །ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛ ཧཱུྃ་རྣམ་སྣང་གང་ཆེན་མཚོ་ཡི་ཐུགས་ཀ་ནས། །སྒྲ་བསྒྱུར་བཻ་རོ་ཙཱ་ན་གཤེགས་སུ་གསོལ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །རྨ་བན་རིན་ཆེན་འོད་མཆོག་གཤེགས་སུ་གསོལ། །མཁྱེན་རབས་རལ་གྲི་གནོན་པོའི་ཟུར་ཕུད་ནས། །གཉགས་ཆེན་ཡེ་ཤེས་གཞོན་ནུ་གཤེགས་སུ་གསོལ། །རྣམ་གསུམ་ཐུགས་དང་བདག་ཡིད་མ་འདྲེས་པར། །བརྟན་པར་བཞུགས་ལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་འབུལ། །གསང་བ་གསུམ་གྱི་ཡོན་ཏན་དྲན་པས་བསྟོད། །ཁྱེད་ཤེས་དད་པས་སྙིང་ནས་གསོལ་བ་འདེབས། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་དངོས་གྲུབ་སྩོལ། །ཨོཾ་ཨཱགུ་རུ་བཻ་རོ་ཙཱ་ན་རཏྣ་ཛྙཱ་ན་ཧཱུྃ་སྭཱ་ཧཱ། ཞེས་ཆུ་བོའི་རྒྱུན་བཞིན་བཟླ་ཞིང་ཐུན་མཚམས་ཀྱི་ཉེར་བསྡུ་སྤྱི་དང་འདྲ་ལ། དགེ་བ་རྫོགས་བྱང་དུ་བསྔོའོ། །རྒྱ་རོང་སྐུ་ཆུང་གི་ངོར་རིག་འཛིན་འཇིགས་མེད་གླིང་པས་སོ། །དགེའོ། ༈ །རིག་འཛིན་འཇིགས་མེད་གླིང་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ནི། ༈། ཨེ་མ་

(༦༣༣)ཧོ། བདག་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གདན་གསུམ་ཡོངས་རྫོགས་ངོ་བོར་ལྷུན་གྲུབ་པའི། །སྙིང་དབུས་དད་པའི་གེ་སར་རྒྱས་པའི་ཀློང་། །ཁུ་རྡུལ་རྣམ་པར་བྱང་བ་ཉི་ཟླའི་སྟེང་། །རྒྱལ་ཀུན་འདུས་ཞལ་རིག་འཛིན་འཇིགས་མེད་གླིང་། །རྣམ་པ་ཀུན་གྱི་མཆོག་ལྡན་ཞལ་སྐྱིན་ནི། །གོས་དཀར་མཐོན་མཐིང་ཟུར་ཕུད་ལྡན་པའི་རྩེརའབུམ་ཕྲག་དྲུག་ཅུའི་ངོ་བོ་གླེག་བམ་མཛེས། །དཀར་དམར་མདངས་ལྡན་ཞི་འཛུམ་མཛེས་པའི་སྐུ། །སྲིད་ལམ་དུབ་པའི་འགྲོན་པོ་དབུགས་འབྱིན་ཞིང་། །བདེན་པ་དབྱེར་མེད་དོན་ལ་རྟག་གཟིགས་ཕྱིར། །སེམས་ཉིད་ངལ་བསོའི་བཞུགས་སྟངས་ཕྱག་རྒྱ་ཅན། །སྣང་ལ་རང་བཞིན་མེད་པར་ལམ་གྱིས་གསལ། །བདེ་གཤེགས་ཀུན་གྱིས་བགྲོད་པ་གཅིག་པའི་ལམ། །མོས་གུས་འདུ་འབྲལ་མེད་པར་ཕྱག་འཚལ་ལོ། །དྲན་པ་ཡེངས་མེད་མཆོད་པའི་ཕྱག་རྒྱར་འབུལ། །སྟོང་འཛིན་ཤེས་བྱའི་སྒྲིབ་པ་དབྱིངས་སུ་བཤགས། །མཉམ་པར་མ་བཞག་མེད་ལ་རྗེས་ཡི་རང་། །ལྷག་མཐོང་ཡེ་ཤེས་གསལ་བའི་ཆོས་འཁོར་བསྐུལ། །ས་ལམ་གཅིག་ཆོད་ངང་དུ་བཞུགས་གསོལ་འདེབས། །དགེ་ཚོགས་ཆོས་དབྱིངས་གཞོན་ནུ་

(༦༣༤)བུམ་སྐུར་བསྔོ། །ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །བདག་གིས་འབད་པ་ཐམས་ཅད་ཀྱང་། །རེ་དོགས་རྣམ་གཡེངས་འདུ་འཛི་དང་། །ཆོས་བརྒྱད་ཉོན་མོངས་གྱི་ནར་འཕྱན། །སྙིགས་མ་ལྔ་ཡི་མཐར་སྐྱེས་ཤིང་། །བྱིས་དང་སྡིག་གྲོགས་གཞན་དབང་གིས། །ཟིལ་གྱིས་ནོན་པའི་དུས་འདི་རུ། །ངེས་འབྱུང་རྒྱུད་ལ་སྐྱེ་བྱིན་རློབས། །དེ་ཡང་ཞི་བདེའི་དབང་གྱུར་ནས། །ཐེག་དམན་ལམ་དུ་མི་འཕྱན་པར། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་ཀུན། །སེམས་ཅན་དོན་དུ་འགྱུར་བར་ཤོག །བླ་མ་སངས་རྒྱས་འདུས་པའི་སྐུར། །ཐེ་ཚོམ་ལོག་ལྟ་བྲལ་གྱུར་ནས། །སློབ་པ་ལམ་གྱི་ཡོན་ཏན་ཀུན། །ཚེ་འདི་ཉིད་ལ་རྫོགས་པར་ཤོག །བདག་གིས་འབད་ཀྱང་ཐར་བར་དཀའ། །བླ་མའི་ཐུགས་རྗེས་གྲོལ་བ་ནི། །མོས་གུས་ཁོ་ནའི་རྒྱུ་འབྲས་ཕྱིར། །ཐུགས་ཡིད་གཅིག་ཏུ་འདྲེས་གྱུར་ཅིག །ཨཱོཾ་ཨཱགུ་རུ་ཨ་བྷཱ་ཡ་དྭཱི་པ་སིདྡྷི་ཧཱུྃ ཞེས་བཟླ་ཞིང་། མོས་གུས་བསྙེན་པས་བླ་མའི་ཐུགས་རྒྱུད་བསྐུལ། །གནས་གསུམ་ཨོཾ་དཀར་ཨཱདམར་ཧཱུྃ་མཐིང་ལས། །རང་རང་འོད་བྱུང་བདག་གི་གནས་གསུམ་ཐིམ། །སྒོ་གསུམ་ཤེས་བྱའི་སྒྲིབ་པར་བཅས་པ་སྦྱངས། །དབང་བཞི་ཐོབ་ནས་ཐུགས་ཡིད་གཅིག་ཏུ་འདྲེས། །སྐུ་བཞི་ལྷུན་རྫོགས་ལྷན་སྐྱེས་

(༦༣༥)བདེ་ཆེན་ངང་། །དྲན་པ་རང་སྟོང་བླ་མའི་ཞལ་མཐོང་གྱུར། །ཅེས་དབང་བཞི་བླང་བར་བྱའོ། །ཞེས་པའང་མདོ་ཁམས་ནས་རྒྱ་རོང་སྐུ་སྐྱེ་རྣམ་གཉིས་དང་། སྒྲུབ་བརྩོན་ཀརྨ་བསམ་འགྲུབ་ཀྱིས་ནན་ཏན་ཆེན་པོས་བསྐུལ་ངོར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སྨྲས་པའོ། །རྒྱལ་གདོན་ཞི་བའི་སྒོམ་བཟླས་བཞུགས། ༈། སྐྱབས་འགྲོ་སེམས་བསྐྱེད་ལན་གསུམ། རང་གི་སྙིང་ཁར་རྟ་མགྲིན་དམར། །ཕྱག་གཡས་ཐོད་དབྱུག་གཡོན་སྡིགས་མཛུབ། །ཞལ་རྔམ་དབུ་གཙུག་རྟ་མགོ་མཚེར། །པད་ཉིའི་གདན་ལ་དོར་སྟབས་བཞུགས། །སྤྱི་བོར་ཀརྨ་ཐོད་ཕྲེང་རྩལ། །ཁྲོ་འཛུམ་རྡོ་རྗེ་ཕུར་བུ་བསྣམས། །བླ་མ་ཡི་དམ་གཉིས་མེད་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །ནད་གདོན་ཞི་བར་བྱིན་གྱིས་རློབས། །ཞེས་བརྗོད་ལ། ཨོཾ་ཨཱཧཱུྃ། མ་ཧཱ་གུ་རུ་ཧྱ་གྷྲི་ཝ་ཧཱུྃ་ཕཊ ཅེས་མོས་གུས་རྩེ་གཅིག་པས་བརྒྱ་སྟོང་ཁྲི་འབུམ་ཅི་ནུས་བཟླའོ། ༈ །བསྙེན་གནས་ཀྱི་ཆོ་ག་བྱ་རྒྱུད་བདེ་ལམ་བཞུགས། ༈ །བསྙེན་གནས་ཀྱི་ཆོ་ག་ཤིན་ཏུ་བསྡུ་ན། ཐོ་རང་ལངས་ལ་ཁྲུས་བྱ་སྐྱབས་སེམས་ནི། འཕགས་པའི་ཐུགས་ནི་སངས་རྒྱས་ཏེ། །གསུང་ནི་དམ་ཆོས་སྐུ་དགེ་འདུན། །གང་ལ་སྐྱབས་མཆི་སེམས་ཅན་དོན།

(༦༣༦)ཚད་མེད་བཞི་བསྒོམ་ཁྱོད་བསྒྲུབ་བྱ། །ཤེས་ན་སེམས་ཅན་ཐམས་ཅད་བདེ་བ་དང་སོགས་བརྗོད། དེ་ནས་སྡོམ་པ་བླང་བ་ནི། སངས་རྒྱས་འཕགས་པ་དགོངས་སུ་གསོལ། །དེང་ནས་ཉ་སྟོང་བརྒྱད་རྣམས་སུ། །སྲོག་གཅོད་བརྐུ་དང་མི་ཚངས་སྤྱོད། །རྫུན་དང་ཆང་དང་གླུ་གར་རྒྱན། །ཁྲི་སྟན་མཐོ་དང་ཕྱི་དྲོའི་ཟས། །སྤངས་ཏེ་ཡན་ལག་བརྒྱད་པ་བསྲུང་། །ཉོན་མོངས་དགྲ་སྡེ་འཇོམས་པར་ཤོག །ལན་གསུམ། དེ་ནས་མདུན་བསྐྱེད་གསལ་གདབ་པ་ནི། །སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རི་པོ་ཏཱ་ལའི་ཞིང་། །འོད་སྣང་དཀྱིལ་འཁོར་ཆུ་སྐྱེས་ཟླ་གདན་སྟེང་། །ཧྲཱིཡིག་ཡོངས་གྱུར་འཕགས་པ་འཇིག་རྟེན་དབང་། །སྐུ་མདོག་དཀར་གསལ་མཉམ་པའི་སྟབས་ཀྱིས་བཞེངས། །གཡས་པ་མཆོག་སྦྱིན་གཡོན་པ་པད་དཀར་འཆང་། །དབུ་སྐྲ་ཐོར་ཚུགས་ཟུར་ཕུད་ནོར་བུས་སྤྲས། །རི་དྭགས་ཀྲྀཥྞའི་ཤུན་པས་ནུ་མ་བཀབ། །ཀ་ཤིའི་ཤམ་ཐབས་སྟ་ཟུར་གཡོན་དུ་དཀྲིས། །ཞི་ཚུལ་དགུ་ལྡན་སྙན་ཆ་གདུ་བུས་མཛེས། །བྱང་ཆུབ་སེམས་དཔའི་འོད་ཟེར་ཀུན་ནས་འཕྲོ། །སངས་རྒྱས་བྱང་སེམས་རིག་འཛིན་དྲང་སྲོང་བསྐོར། །དེ་ལྟར་གསལ་བའི་གནས་གསུམ་ཡིག་འབྲུ་ལས། །རང་འདྲའི་ཡེ་ཤེས་སེམས་

(༦༣༧)དཔའ་སྤྱན་དྲངས་བསྟིམ། །དེ་ནས་སྤྱན་འདྲེན་ནི། མ་ལུས་སེམས་ཅན་སོགས་དང་། མཆོད་པ་ནི། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་དང་། མཎྜལ་རྒྱས་བསྡུས་ཅི་རིགས་འབུལ། དེ་ནས་བྱང་སྡོམ་བླང་བ་ནི། །རྫོགས་པའི་སངས་རྒྱས་གང་བཞུགས་དང་། །གང་དག་འདས་དང་མ་བྱོན་པ། །དེ་དག་རྗེས་སུ་བདག་སློབ་ཅིང་། །བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །འགྲོ་དྲུག་སེམས་ཅན་མཐར་བགྱིད་ཤོག །ཅེས་ལན་གསུམ་བརྗོད་ཅིང་ཡི་གེ་དྲུག་མ་ལ་འབད། ཐུན་མཚམས་སུ་ཨོཾ་འཇིག་རྟེན་མགོན་པོ་སོགས་ཀྱིས་ཕྱག་གང་འགྲུབ་བྱའོ། །ལྟུང་བཤགས་དང་། བཟང་སྤྱོད་ལ་སོགས་པའི་བཤགས་བསྔོ་སྨོན་ལམ་བྱའོ། །ཞེས་པའང་རྒྱལ་པའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ།། །།

(༦༣༨)

(༦༣༩)ཚེས་བཅུའི་ཕན་ཡོན་གསོལ་འདེབས་བཞུགས། །

(༦༤༠)སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ལ་རྣམ་པ་ཀུན་ཏུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བསྐལ་བཟང་འདིར་བྱོན་སངས་རྒྱས་སྟོང་རྩ་ཀུན། །སྤངས་རྟོགས་མཉམ་ཞིང་འགྲོ་ལ་ཐུགས་བརྩེ་ཡང་། །གངས་རིའི་ཁྲོད་འདིར་ཁྱོད་དང་མཚུངས་པ་ཡི། །བཀའ་དྲིན་བརྗོད་དུ་མེད་པར་བསམས་ཀྱིན་དད། ཁ་བ་ཅན་འདི་ལག་ན་པདྨ་ཡིས། །གདུལ་བྱར་རྒྱལ་བས་ལུང་བསྟན་མཛད་པའི་དོན། །མེས་དབོན་གསུམ་དང་ཨོ་རྒྱན་ཆེན་པོ་ཡི། །མཛད་པའི་རྣམ་ཐར་ལས་གཞན་དམིགས་སུ་མེད། །གུ་རུང་སྒོམས་ང་སྒྲུབས་ང་རྗེས་སྙོགས། །ང་མཐོང་སངས་རྒྱས་ཀུན་མཐོང་ང་ཉིད་ནི། །བདེ་གཤེགས་འདུས་པའི་ངོ་བོ་ཉིད་ཡིན་པས། །ཚེས་བཅུ་བྱུང་རེས་བོད་དུ་འབྱོན་ཞེས་གསུངས། །དེ་ཕྱིར་རྣམ་ཐར་དྲན་པས་གསོལ་བ་འདེབས། །ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ། །དྷ་ན་ཀོ་ཤར་པདྨའི་སྦུབས་ལ་བྱོན། །རྒྱལ་ཟླར་ཨིནྡྲ་བོ་དྷི་ས་སྤྱན་དྲངས་ཏེ། །རྒྱལ་བུར་མངའ་གསོལ་རྡོ་རྗེའི་

(༦༤༡)ལམ་མཆོག་བསྙེན། །མཆུ་ཟླར་རྒྱལ་སྲིད་སྤངས་ནས་བསིལ་ཚལ་དུ། །བརྟུལ་ཞུགས་སྤྱོད་པས་མཁའ་འགྲོ་དབང་དུ་བསྡུས། །དབོ་ཟླར་བསྟན་ལ་རིམ་བཞིན་བཀྲི་བའི་སླད། །སློབ་དཔོན་པྲ་བྷ་ཧསྟིར་རབ་ཏུ་བྱུང་། །ནག་ཟླར་ཟ་ཧོར་རྒྱལ་པོས་གསོན་བསྲེགས་ཚེ། །མེ་ཡང་ཆུར་བསྒྱུར་སུམ་རྩེན་ལྷ་ཡིས་བསྟོད། །ས་ཟླར་ཨོ་རྒྱན་རྒྱལ་པོས་ཡབ་ཡུམ་གཉིས། །ལྷན་ཅིག་མེར་བསྲེགས་ལོག་སྲེད་ཅན་དག་ཀྱང་། །རང་དབང་མེད་པར་དད་པའི་གནས་ལ་བཀོད། །སྣོྲན་ཟླར་ལྷོ་ཕྱོགས་མཐར་སྐྱེས་རྒྱལ་ཁམས་སུ། །བསྟན་ལ་འཁུ་བའི་མུ་སྟེགས་ཐོག་གིས་བསྒྲལ། །གྲོ་བཞིན་ཟླ་བར་མཐའ་འཁོབ་ཟངས་གླིང་གི། །མུ་སྟེགས་རྒྱལ་པོས་ཟངས་ཆེན་ཁ་སྦྱོར་ནང་། །བཅུག་ནས་ཆུ་ཀླུང་བསྐྱུར་ཀྱང་རྫུ་འཕྲུལ་གྱིས། །ནམ་མཁར་གཤེགས་པའི་མོད་ལ་ཆུ་ཀླུང་ཡང་། །གྱེན་ལྡོག་སྡིག་སྤྱོད་རྒྱལ་པོའི་གནས་འཇིག་ལ། །ཉེ་བས་སྤ་བཀོངས་བཟོད་གསོལ་

(༦༤༢)སྐྱབས་སུ་བསྟེན། །ཁྲུམས་ཟླར་མུ་སྟེགས་ངན་པའི་ཟས་དུག་གིས། །བཀྲོངས་པར་སེམས་ཀྱང་གནོད་པ་མེད་ཀྱི་སྟེང་། །གཟི་མདངས་ལྷག་པར་རྒྱས་པའི་ངང་ཚུལ་བསྟན། །ཐ་སྐར་ཟླ་ལ་ཡང་ལེ་ཤོད་དུ་ཕེབས། །བལ་བོད་གཉིས་ཀའི་ལྷ་འདྲེས་མཐོ་མཚམས་ཀྱང་། །རྡོ་རྗེ་གཞོན་ནུའི་སྐུར་བཞེངས་དམ་ལ་བཞག །སྨིན་དྲུག་ཟླ་བར་བོད་ཡུལ་དབུས་སུ་བྱོན། །ཧས་པོ་རི་རྩེར་ལྷ་སྲིན་དམ་ལ་བཞག །རྒྱལ་བསྟན་བོད་དུ་དར་བ་ཁྱོད་གཅིག་པུའི། །དྲིན་ལ་གཞན་དྲིད་མི་འཇོག་བསམ་ཀྱིན་དད། །མགོ་ཟླར་སྲིན་ཡུལ་གཤེགས་པ་ལ་དགོངས་ནས། །མཆིམས་ཕུར་ཡོན་མཆོད་བཀའ་བགྲོས་བོད་ཡུལ་ཀུན། །གཏེར་གྱིས་གཏམས་པའི་སྟ་གོན་དང་འབྲེལ་བར། །གཞི་བདག་དབང་བསྡུས་གཏེར་གྱི་གཉེར་བྱང་གཏད། །དེ་ཕྱིར་བྱུང་ངོ་ཅོག་གི་ཚེས་བཅུ་རྣམས། །ཁྱོད་ཀྱི་མཛད་པ་ཕྲིན་ལས་དུས་ཆེན་དང་། །མ་དང་མཁའ་འགྲོ་འདུ་བའི་སྐབས་ཡིན་པས། །ནང་དུ་རྡོ་རྗེའི་ལུས་ལ་རྩ་ཐིག་རླུང་། །

(༦༤༣)འདུ་བ་ངོ་མཚར་ཅན་གྱི་རྟེན་འབྲེལ་ལས། །རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་འབྱོར་ཞིང་། །ཆར་ཆུ་འབེབས་ཤིང་མི་ཕྱུགས་ནད་རིམས་ཞི། །སད་སེར་དབུལ་ཕོངས་དམག་འཁྲུགས་གོད་ཁ་སོགས། །འཇིག་རྟེན་དུས་ཀྱི་རྒུད་པ་ཇི་སྙེད་ཀུན། །ཚེས་བཅུའི་དུས་མཆོད་བཟུང་ནས་གསོལ་འདེབས་ཀྱི། །བྱིན་རླབས་ཁོ་ནས་ཞི་བ་མངོན་སུམ་ཕྱིར། །ཞལ་བཞེས་དུས་ལ་བབ་པོ་ཐུགས་རྗེས་གཟིགས། །བོད་འབངས་བསམ་ཡོད་ཐམས་ཅད་ཁྱོད་ལ་དད། །བསམ་མེད་དྲིན་ཅན་ཕ་མ་དག་ལ་ཡང་། །འཁུ་བར་བྱེད་ན་ཁྱེད་ཀྱི་ཐུགས་རྗེ་ལ། །ཉེ་རིང་མ་མཆིས་ཐུགས་དམ་རྒྱུད་བསྐུལ་ལོ། །བོད་འབངས་ནམ་ཡང་ཡལ་བར་མི་འདོར་བའི། །ཞལ་བཞེས་དུས་ལ་བབ་བོ་ཐུགས་རྗེས་གཟིགས། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་བསམ་ཡས་རབ་བྱུང་པ་དབྱངས་ཡིག་དང་པོའི་མིང་ཅན་གྱི་ངོར་རིག་འཛིན་འཇིགས་མེད་གླིང་པས་སོ། །

(༦༤༤)ཨེ་མ་ཧོ། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་རྗེའི་གཏེར། ཁམས་གསུམ་མ་ལུས་སྒྲོལ་བའི་དེད་དཔོན་མཆོག། བོད་ཁམས་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པུ། །བཀའ་དྲིན་མཚུངས་མེད་ཨོ་རྒྱན་ཆེན་པོ་ལ། །ལུས་དང་ལོངས་སྤྱོད་བློ་སྙིང་བྲང་གསུམ་འབུལ། ཁ་ཞེ་ངོ་ལྐོག་མེད་པར་གསོལ་བ་འདེབས། །འཁོར་ཚེ་ཐོག་མ་མེད་ནས་ད་ལྟའི་བར། །མ་རིག་ལས་དང་ཉོན་མོངས་དབང་གྱུར་ནས། ཁམས་གསུམ་རྒྱུད་དྲུག་གནས་སུ་འཁྱམས་པ་བདག །སྡུག་བསྔལ་གསུམ་གྱི་ཞགས་པས་བཅིངས་པ་ལས། །མྱུར་དུ་ཐུགས་རྗེས་སྒྲོལ་ཅིག་གུ་རུ་རྗེ། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཡང་། །རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས་མཁྱེན། །གསོལ་བ་སྙིང་ནས་འདེབས་པའི་གང་ཟག་ལ། །ཐུགས་རྗེ་རྒྱུན་ཆད་མེད་པར་ཞལ་བཞེས་པའི། །ཐོས་གྲོལ་གསུང་གི་དོན་འབྲས་མ་ལུས་པ། །མངོན་སུམ་

(༦༤༥)མིག་གི་བདུད་རྩིར་སྩལ་དུ་གསོལ། །ཁྱད་པར་ནམ་ཞིག་ཚེ་ཡི་དུས་བྱས་ཏེ། །བེམ་རིག་འབྲལ་བའི་དུས་ལ་བབ་པ་ན། །སྐྱེ་འཆི་བར་དོ་གནད་གཅོད་སྡུག་བསྔལ་འཕྲང་། །ཤིན་ཏུ་འཇིགས་པ་ཆེན་པོའི་གཡང་ས་ལས། །སྐྱོབས་ཏེ་ངན་སོང་གསུམ་དུ་མ་བཏང་བར། །རང་སྣང་རྣམ་དག་ཟངས་མདོག་དཔལ་རིའི་ཞིང་། །སྐུ་གསུམ་བདེ་བ་ཆེན་པོའི་ཕོ་བྲང་ཆེར། །མགོན་པོ་ཁྱོད་ཀྱི་ཐུགས་དང་དབྱེར་མེད་དུ། །འདྲེན་པའི་དེད་དཔོན་མཛོད་ཅིག་མ་ཧཱ་གུ་རུ། །སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །སངས་རྒྱས་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །དམ་ཆོས་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །དགེ་འདུན་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །རྩ་གསུམ་ཀུན་འདུས་ཨོ་རྒྱན་ཆེན་པོ་མཁྱེན། །ད་ནི་དུས་ངན་སྙིགས་མའི་མཐའ་ལ་ཐུག །དམ་ཆོས་ཚུལ་བཞིན་བྱེད་པའི་ལོ་ད་མ་ཁོམ། །སད་སེར་བཙའ་ཐན་ནད་ཡམས་མུ་གེ་དང་། །འཁྲུགས་རྩོད་དུས་

(༦༤༦)ཀྱི་རྒུད་པས་ཀུན་ཏུ་མནར། །འབྱུང་བ་སྒང་གཤོངས་སྣོད་བཅུད་རྟེན་འབྲེལ་འཕྱུགས། །བོད་ཁམས་སེམས་ཅན་སྡུག་བསྔལ་དྲག་པོ་ལ། །སྤྱོད་ཚེ་རྗེ་བཙུན་གུ་རུའི་ཐུགས་རྗེ་ཡིས། །གནས་སྐབས་རྫོགས་ལྡན་གསར་པའི་སྒོ་འཕར་ཕྱེད། །མཐར་ཐུག་འོད་གསལ་ཆོས་སྐུའི་ཕོ་བྲང་དུ། ཁམས་གསུམ་ལུས་ཅན་མཐའ་དག་དབུགས་དབྱུང་ནས། །འཁོར་བ་དོང་ནས་སྤྲུགས་པར་མཛད་དུ་གསོལ། །ཞེས་མིག་ནས་མཆིམ་ཐོན་པའི་མོས་གུས་ཀྱིས་གསོལ་བ་གདབ་པར་བྱའོ། །ཞེས་པའང་ཡར་ཀླུང་ཤེལ་གྱི་བྲག་ཕུག་ཏུ་ཚོགས་ཀྱི་འཁོར་ལོ་དཔག་ཏུ་མེད་པར་བསྐོར་བའི་ཚེ། །གྲོགས་མཆེད་རྣམས་ཀྱི་ནན་གྱིས་བསྐུལ་ངོར་བྲག་ཉག་གུར་ཅོག་འོག་ཏུ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སྨྲས་པའོ།། །།

(༦༤༧)ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་སོགས་ངག་འདོན་འཐོར་བུའི་སྐོར་བཞུགས། །

(༦༤༨)ཐོག་མར་ངག་བྱིན་བརླབ་ནི། ཨོཾ་ཨཱཧཱུྃ། ལྕེ་དབང་རཾ་ཡིག་ལས་བྱུང་མེས་བསྲེགས་ནས། །འོད་དམར་རྣམ་པའི་རྡོ་རྗེ་རྩེ་གསུམ་སྦུབས། ཨཱ་ལི་ཀཱ་ལིའི་མཐའ་བསྐོར་རྟེན་འབྲེལ་སྙིང་། །མུ་ཏིག་ཕྲེང་བ་ལྟ་བུའི་ཡིག་འབྲུ་ལས། །འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད་པས་མཉེས། །སླར་འདུས་ངག་སྒྲིབ་དག་ནས་གསུང་རྡོ་རྗེའི། །བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ༔ ལན་བདུན། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵལན་བདུན། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་

(༦༤༩)ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎསྭཱ་ཧཱ། ལན་བདུན། ༈བཞེངས་བསྐུལ་བླ་མ་རྒྱང་འབོད་ནི། ཐོ་རངས་ལྡང་བའི་རྣལ་འབྱོར་ལ་བབ་པ་ན། བླ་མ་མཁྱེན། །བླ་མ་མཁྱེན། །བླ་མ་མཁྱེན། ཞེས་གདུང་བ་དྲག་པོས་བོས་ནས། སྙིང་དབུས་དད་པའི་གེ་སར་བཞད་པ་ནས། །སྐྱབས་གཅིག་དྲིན་ཆེན་བླ་མ་ཡར་ལ་བཞེངས། །ལས་དང་ཉོན་མོངས་དྲག་པོས་གཟིར་བ་ཡི། །སྐལ་པ་ངན་པ་བདག་ལ་སྐྱོབ་པའི་ཕྱིར། །སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །དྲན་དང་ཤེས་བཞིན་ཀུན་ཀྱང་བཞེངས་སུ་གསོལ། །ད་རེས་དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་ལོག་

(༦༥༠)ལྟ་ཅན། །སངས་རྒྱས་མ་བྱོན་ཞིང་དང་ལྐུགས་པ་སྟེ། །མི་ཁོམ་བརྒྱད་ལས་ཐར་བའི་དལ་བ་ཐོབ། །མི་འགྱུར་དབང་པོ་ཚང་དང་ཡུལ་དབུས་སྐྱེས། །ལས་མཐའ་མ་ལོག་བསྟན་ལ་དད་པ་སྟེ། །རང་ཉིད་འབྱོར་པ་ལྔ་ཚངས་སངས་རྒྱས་བྱོན། །ཆོས་གསུངས་བསྟན་པ་གནས་དང་དེ་ལ་ཞུགས། །བཤེས་གཉེན་དམ་པས་ཟིན་དང་གཞན་འབྱོར་ལྔ། །ཐམས་ཅད་རང་ལ་ཚང་བའི་གནས་ཐོབ་ཀྱང་། །རྐྱེན་མང་ངེས་པ་མེད་པའི་ཚེས་སྤངས་ནས། །འཇིག་རྟེན་ཕ་རོལ་ཉིད་དུ་སོན་པར་འགྱུར། །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །ད་རེས་དལ་རྟེན་དོན་ཡོད་མ་བྱས་ན། །ཕྱི་ནས་ཐར་པ་བསྒྲུབ་པའི་རྟེན་མི་རྙེད། །བདེ་འགྲོའི་རྟེན་ལ་བསོད་ནམས་ཟད་གྱུར་ནས། །ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་འཁྱམས། །དགེ་སྡིག་མི་ཤེས་ཆོས་ཀྱི་སྒྲ་མི་ཐོས། །དགེ་བའི་བཤེས་དང་མི་མཇལ་མཚང་རེ་ཆེ། །སེམས་ཅན་ཙམ་གྱི་གྲངས་དང་རིམ་པ་ལ། །བསམ་ན་མི་ལུས་ཐོབ་པ་སྲིད་མཐའ་ཙམ། །མི་ཡང་ཆོས་མེད་སྡིག་ལ་སྤྱོད་མཐོང་ན། །ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ཙམ། །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་

(༦༥༡)སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །གལ་ཏེ་མི་ལུས་རིན་ཆེན་གླིང་ཕྱིན་ཡང་། །ལུས་རྟེན་བཟང་ལ་བྱུར་པོ་ཆེ་ཡི་སེམས། །ཐར་པ་སྒྲུབ་པའི་རྟེན་དུ་མི་རུང་ཞིང་། །ཁྱད་པར་བདུད་ཀྱིས་ཟིན་དང་དུག་ལྔ་འཁྲུགས། །ལས་ངན་ཐོག་ཏུ་བབས་དང་ལེ་ལོས་གཡེངས། །གཞན་ཁོལ་དྲན་གཡོག་འཇིགས་སྐྱོབ་ཆོས་ལྟར་བཅོས། །རྨོངས་སོགས་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །སྐྱོ་ཤས་ཆུང་ཞིང་དད་པའི་ནོར་དང་བྲལ། །འདོད་སྲེད་ཞགས་པས་བཅིངས་དང་ཀུན་སྤྱོད་རྩུབ། །མི་དགེ་སྡིག་ལ་མི་འཛེམ་ལས་མཐའ་ལོག །སྡོམ་པ་ཉམས་ཤིང་དམ་ཚིག་རལ་བ་སྟེ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ད་ལྟ་ནད་དང་སྡུག་བསྔལ་གྱིས་མ་གཟིར། །བྲན་ཁོལ་ལ་སོགས་གཞན་དབང་མ་གྱུར་པས། །རང་དབང་ཐོབ་པའི་རྟེན་འབྲེལ་འགྲིག་དུས་འདིར། །སྙོམ་ལས་

(༦༥༢)ངང་དུ་དལ་འབྱོར་ཆུད་གསོན་ན། །འཁོར་དང་ལོངས་སྤྱོད་ཉེ་དུ་འབྲེལ་པ་ལྟ། །ལྟ་ཅི་གཅེས་པར་བཟུང་བའི་ལུས་འདི་ཡང་། །མལ་གྱི་ནང་ནས་ས་ཕྱོགས་སྟོང་པར་བསྐྱལ། །ཝ་དང་བྱ་རྒོད་ཁྱི་ཡིས་འདྲད་པའི་དུས། །བར་དོའི་ཡུལ་ན་འཇིགས་པ་ཤིན་ཏུ་ཆེ། །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །དགེ་སྡིག་ལས་ཀྱི་རྣམ་སྨིན་ཕྱི་བཞིན་འབྲང་། །ཁྱད་པར་དམྱལ་བའི་འཇིག་རྟེན་ཉིད་སོན་ན། །ལྕགས་སྲེག་ས་གཞིར་མཚོན་གྱིས་མགོ་ལུས་འདྲལ། །སོག་ལེས་གཤོགས་དང་ཐོ་ལུམ་འབར་བས་འཚིར། །སྒོ་མེད་ལྕགས་ཁྱིམ་འཐུམས་པར་འོ་དོད་འབོད། །འབར་བའི་གསལ་ཤིང་གིས་འབུགས་ཁྲོ་ཚུར་འཚོད། །ཀུན་ནས་ཚ་བའི་མེས་བསྲེགས་བརྒྱད་ཚན་གཅིག །གངས་རི་སྟུག་པོའི་འདབ་དང་ཆུ་འཁྱགས་ཀྱི། །གཅོང་རོང་ཡ་ངའི་གནས་སུ་བུ་ཡུག་སྦྲེབས། །གྲང་རེག་རླུང་གིས་བཏབ་པའི་ལང་ཚེ་ནི། །ཆུ་བུར་ཅན་དང་ལྷག་པར་བརྡོལ་བ་ཅན། །སྨྲེ་ངག་རྒྱུན་མི་འཆད་པར་འདོན་པ་ཡང་། །ཚོར་བའི་སྡུག་བསྔལ་བརྣག་པར་དཀའ་བ་ཡིས། །ཟུངས་ཀྱིས་རབ་བཏང་འཆི་ཁའི་ནད་པ་བཞིན། །ཤུགས་རིང་འདོན་ཅིང་སོ་ཐམ་པགས་པ་འགས། །ཤའུ་

(༦༥༣)ཐོན་ནས་ལྷག་པར་འགས་ཏེ་བརྒྱད། །དེ་བཞིན་སྤུ་གྲིའི་ཐང་ལ་རྐང་པ་གཤོགས། །རལ་གྲིའི་ཚལ་དུ་ལུས་ལ་བཅད་གཏུབས་བྱེད། །རོ་མྱག་འདམ་ཚུད་ཐལ་ཚན་རབས་མེད་ཀློང་། །མནར་བའི་ཉེ་འཁོར་བ་དང་འགྱུར་བ་ཅན། །སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །རྟག་ཏུ་བཀོལ་ཞིང་སྤྱོད་པའི་ཉི་ཚེ་བ། །རྣམ་གྲངས་བཅོ་བརྒྱད་གང་ལས་འབྱུང་བའི་རྒྱུ། །ཞེ་སྡང་དྲག་པོའི་ཀུན་སློང་སྐྱེས་པའི་ཚེ། །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དེ་དྲིན་ཆེན་བླ་མ་མཁྱེན། །དེ་བཞིན་ཕོངས་ལ་ཉམས་མི་དགའ་བའི་ཡུལ། །བཟའ་བཏུང་ལོངས་སྤྱོད་མིང་ཡང་མི་གྲགས་པར། །ཟས་སྐོམ་ལོ་ཟླར་མི་རྙེད་ཡི་དྭགས་ལུས། །རིད་ཅིང་ལྡང་བའི་སྟོབས་ཉམས་རྣམ་པ་གསུམ། །གང་ལས་འབྱུང་བའི་རྒྱུ་ནི་སེར་སྣ་ཡིན། །གཅིག་ལ་གཅིག་ཟ་གསོད་པའི་འཇིགས་པ་ཆེ། །བཀོལ་ཞིང་སྤྱོད་པས་ཉམ་ཐག་བླང་དོར་རྨོངས། །ཕ་མཐའ་མེད་པའི་སྡུག་བསྔལ་གྱིས་གཟིར་བའི། །ས་བོན་གཏི་མུག་མུན་པར་འཁྱམས་པ་བདག །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །ཆོས་ལམ་

(༦༥༤)ཞུགས་ཀྱང་ཉེས་སྤྱོད་མི་སྡོམ་ཞིང་། །ཐེག་ཆེན་སྒོར་ཞུགས་གཞན་ཕན་སེམས་དང་བྲལ། །དབང་བཞི་ཐོབ་ཀྱང་བསྐྱེད་རྫོགས་མི་སྒོམ་པའི། །ལམ་གོལ་འདི་ལས་བླ་མས་བསྒྲལ་དུ་གསོལ། །ལྟ་བ་མ་རྟོགས་ཐོ་ཅོའི་སྤྱོད་པ་ཅན། །སྒོམ་པ་ཡེངས་ཀྱང་གོ་ཡུལ་འུད་གོག་འཐག །སྤྱོད་པ་ནོར་ཀྱང་རང་སྐྱོན་མི་སེམས་པའི། །ཆོས་དྲེད་འདི་ལས་བླ་མས་བསྒྲལ་དུ་གསོལ། །ནངས་པར་འཆི་ཡང་གནས་གོས་ནོར་ལ་སྲེད། །ན་ཚོད་ཡོལ་ཡང་ངེས་འབྱུང་སྐྱོ་ཤས་བྲལ། །ཐོས་པ་ཆུང་ཡང་ཡོན་ཏན་ཅན་དུ་རློམ། །མ་རིག་འདི་ལས་བླ་མས་བསྒྲལ་དུ་གསོལ། །རྐྱེན་ཁར་འཆོར་ཡང་འདུ་འཛི་གནས་སྐོར་སེམས། །དབེན་པ་བརྟེན་ཀྱང་རང་རྒྱུད་ཤིང་ལྟར་རེངས། །དུལ་བར་སྨྲ་ཡང་ཆགས་སྡང་མ་ཞིག་པའི། །ཆོས་བརྒྱད་འདི་ལས་བླ་མས་བསྒྲལ་དུ་གསོལ། །གཉིད་འཐུག་འདི་ལས་མྱུར་དུ་སད་དུ་གསོལ། །ཁྲི་མུན་འདི་ལས་མྱུར་དུ་དབྱུང་དུ་གསོལ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །

(༦༥༥)བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བརྟན་པར་བཞུགས། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མཱ་ལ་ཡེ་སྟཾྭ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པར། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་

(༦༥༦)ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨཱོཾ་ཧཱུྃ་ཏྲཱྃ་ཧྲཱིཨཱ། ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱིས། །ཨོཾ་བཛྲ་ཝཥྚ་ཡེ་སྭཱ་ཧཱ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་དབུལ་བར་བགྱི། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །མཉེས་ཕྱིར་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །མཁའ་དང་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །ཏྲཱཾ་གུ་རུ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཧཱུྃ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་ནས། ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་

(༦༥༧)ཆེན་པོ་ལ་གནས་པར་གྱུར་ཅིག །ལན་གསུམ་གྱིས་ཚད་མེད་བཞི་སྒོམ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །བདག་གི་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་བགྱི། ༈ །མཛད་བཅུ་ནི། དགའ་བ་བརྒྱ་ལྡན་འཆི་མེད་གྲོང་ཁྱེར་ནས། །བྱང་ཆུབ་སེམས་ཀྱི་དམ་པ་ཏོག་དཀར་པོ། །ཤཱཀྱའི་རིགས་ཀྱི་ཐིག་ལེར་འཛིན་པའི་སྣོད། །སྒྱུ་འཕྲུལ་ལྷ་མོ་རི་དྭགས་མིག་ཅན་ཡིན། །འོད་སྟོང་ཤར་གྱི་རི་ལ་ཆས་པ་བཞིན། །ལྷུམས་ཀྱི་གེ་

(༦༥༨)སར་བཞད་པ་ལུམྦིའི་ཚལ། །ཚངས་དང་དབང་པོའི་སྲི་ཞུས་མཛེས་བྱས་ཤིང་། །བྱང་ཆུབ་རིགས་སུ་ལུང་བསྟན་ལ་ཕྱག་འཚལ། །ལང་ཚོས་དྲེགས་པའི་ཤཱཀྱ་གཞོན་ནུའི་དབུས། །སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་རོལ་རྩེད་མཐུ། །ཀུན་གྱིས་ཁྱོད་ལ་བཏུད་ཅིང་གྲགས་པ་ཡི། །སྐྱེ་དགུའི་རྣམ་ཤེས་མིག་དང་རྣ་བར་རྫོགས། །འདོད་སྲེད་ཞགས་པས་གཞན་དབང་མ་གྱུར་བཞིན། །ཡབ་ཅིག་དགྱེས་སླད་བཙུན་མོའི་སྒྱུ་མ་ལ། །སྒྱུ་མའི་ལྟ་བས་བལྟས་ནས་རྒྱལ་པོའི་ཁབ། །བསྐྱངས་པས་དོན་ཀུན་གྲུབ་པ་ལ་ཕྱག་འཚལ། །ཤིན་ཏུ་གཡོ་ཞིང་འཇིག་པ་རྒྱལ་སྲིད་ཀྱི། །ལྕགས་ཀྱུའི་དབང་དུ་མ་གྱུར་འགའ་མེད་ཀྱང་། །ངེས་པར་འབྱུང་བའི་རྐྱེན་བཞིས་ཁྱོད་ཀྱི་ཐུགས། །འཕྲོག་ནས་རང་བྱུང་དགེ་སློང་ཉིད་དུ་བསྟན། །བརྩོན་འགྲུས་རླབས་ཀྱིས་མི་དལ་ནཻ་རཉྫར། །དཀའ་ཐུབ་གདུང་བ་བཟོད་པའི་སྙིང་སྟོབས་དང་། །ཀུན་རྟོག་འདུལ་བ་འཛིན་པའི་བསམ་གཏན་ལ། །ཕྱོགས་བཅུའི་བདེ་གཤེགས་དགྱེས་ལ་ཕྱག་འཚལ་ལོ། །གྲངས་མེད་གསུམ་གྱི་སྲིད་དུ་རྣམ་རིག་ཀུན། །ཚོགས་གཉིས་ཐ་གུས་བཅིངས་པ་དོན་ཡོད་ཕྱིར། །བྱང་ཆུབ་ཤིང་དྲུང་བདུད་རྣམས་སྐྲག་བྱས་ནས། །མངོན་པར་རྫོགས་སངས་རྒྱ་བ་རྒྱལ་ཀུན་གཤིས། །འཁོར་བ་གཏིང་མཐའ་མེད་པའི་གཡང་ས་ལ། །རྒྱུག་

(༦༥༩)པའི་འགྲོ་བ་འཁོར་ལོ་གསུམ་གྱི་གྲུས། །བསྒྲལ་ནས་ཐར་པ་དང་ནི་རྣམ་མཁྱེན་གྱི། །གོ་འཕང་བཀྲི་བ་ཁྱོད་ལ་ཕྱག་འཚལ་ལོ། །རྟོག་ཅིང་དཔྱོད་ཀྱང་སྡོམ་པ་མིན་པའི་ཆང་། །འཐུངས་བས་ཆེས་བཟིང་མུ་སྟེགས་སྟོན་པའི་ལྕེ། །མཉན་དུ་ཡོད་པའི་ཆོ་འཕྲུལ་མཐུས་བཅད་པས། །སྐྱེངས་དང་གཟི་བརྗིད་ཉམས་པའི་ཆོ་ག་རྫོགས། །རྫུ་འཕྲུལ་རྐང་པ་བཞི་ལ་མཆོག་ཐོབ་ཁྱོད། །སྐྱེ་རྒ་ན་འཆིའི་ཚོར་བ་མི་མྱོང་ཡང་། །ངེས་པར་ཕ་རོལ་འགྲོ་འདི་མི་སེམས་རྣམས། །སྐྱོ་སླད་མྱ་ངན་འདའ་སྟོན་དེར་ཕྱག་འཚལ། །བསོད་ནམས་ཉམས་ཆུང་གྱུར་པའི་འགྲོ་བ་རྣམས། །དཀར་པོའི་ཆོས་རབ་འཕེལ་བའི་ཚོང་ཟང་ནི། །འཛད་པ་མེད་པའི་རིང་བསྲེལ་ཆ་བརྒྱད་དུ། །བཞག་སྟེ་ཆོས་ཀྱི་དབྱིངས་སུ་གཟིམས་པ་ལྟར། །བདག་ཀྱང་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ནས། ཁམས་གསུམ་ལས་འདས་འོག་མིན་ཆེན་པོ་རུ། །མངོན་པར་སངས་རྒྱས་སྤྲུལ་པའི་མཛད་པ་བཅུས། །ཀུན་མཁྱེན་ཁྱེད་དང་འགྲོ་དོན་མཉམ་པར་ཤོག །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །མཐར་ལྟུང་བཤགས་འདོན།

(༦༦༠)དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་ཁྲིད་ཡིག་དྲན་པ་ཉེར་གཞག་ལྟར་ཤེས་པར་བྱའོ། །མངྒ་ལཾ། ༈ །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། དང་པོ་སྐྱབས་སུ་འགྲོ་བ་ནི། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི ལན་གསུམ གཉིས་པ་སེམས་བསྐྱེད་ནི ཧོ སྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ཀྱི འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོ རང་རིག་འོད་གསལ་དབྱིངས་སུ་ངལ་བསོ་ཕྱིར ཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་དོ ལན་གསུམ གསུམ་པ་རྡོར་སེམས་བསྒོམ་བཟླས་ནི ཨཱ བདག་ཉིད་ཐ་མལ་སྤྱི་བོ་རུ པད་དཀར་ཟླ་བའི་གདན་གྱི་དབུས ཧཱུྃ་ལས་བླ་མ་རྡོ་རྗེ་སེམས དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུ རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལ ཁྱོད་ལ་སྐྱབས་གསོལ་སྡིག་པ་སྦྱོངསའགྱོད་སེམས་དྲག་པོས་མཐོལ་ལོ་བཤགསཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེང་ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོརབཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནས བདུད་

(༦༦༡)རྩི་བྱང་ཆུབ་སེམས་ཀྱི་སྤྲིན ག་བུར་རྡུལ་ལྟར་འཛག་པ་ཡིས བདག་དང་ཁམས་གསུམ་སེམས་ཅན་གྱི ལས་དང་ཉོན་མོངས་སྡུག་བསྔལ་རྒྱུ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ མ་ལུས་བྱང་བར་མཛད་དུ་གསོལ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་དང་ ཨོཾ་བཛྲ་སཏྭ་ཧཱུྃ ཅི་ནུས་བཟླ བཞི་པ་མཎྜལ་ནི ཨོཾ་ཨཱཧཱུྃ སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་ རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པས་གཏམས བདག་ལུས་ལོངས་སྤྱོད་བཅས་པ་ཡོངས་འབུལ་གྱི ཆོས་ཀྱི་འཁོར་ལོས་སྒྱུར་པའི་སྲིད་ཐོབ་ཤོག འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིང་ ངེས་པ་ལྔ་ལྡན་རིགས་ལྔའི་ཚོམ་བུ་ཅན འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ཡས་པ ཕུལ་བས་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག སྣང་སྲིད་རྣམ་དག་གཞོན་ནུ་བུམ་པའི་སྐུ ཐུགས་རྗེ་མ་འགགས་ཆོས་ཉིད་རོལ་པའི་རྒྱན སྐུ་དང་ཐིག་ལེའི་འཛིན་པ་རྣམ་དག་ཞིང་ ཕུལ་བས་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག ལྔ་པ་ཀུ་སུ་ལུའི་ཚོགས་གསོག་ནི ཕཊ ལུས་གཅེས་འཛིན་བོར་བས་ལྷ་བདུད་ཆོམ སེམས་ཚངས་པའི་སྒོ་ནས་དབྱིངས་ལ་ཐོན འཆི་བདག་གི་བདུད་བཅོམ་ཁྲོས་མར་གྱུར གཡས་ཉོན་

(༦༦༢)མོངས་བདུད་བཅོམ་གྲི་གུག་གིས གཟུངས་ཕུང་པོའི་བདུད་བཅོམ་ཐོད་པ་བྲེགས གཡོན་ལས་བྱེད་ཚུལ་གྱིས་བྷནྡྷ་ཐོགས སྐུ་གསུམ་གྱི་མི་མགོའི་སྒྱེད་པུར་བཞག ནང་སྟོང་གསུམ་གང་བའི་བམ་རོ་དེ ཨ་ཐུང་དང་ཧཾ་ཡིག་གིས་བདུད་རྩིར་བཞུ འབྲུ་གསུམ་གྱི་ནུས་པས་སྦྱངས་སྤེལ་བསྒྱུར ཨོཾ་ཨཱཧཱུྃ གྲངས་མེད་བརྗོད་མཐར ཕཊ ཡར་མཆོད་ཡུལ་མགྲོན་གྱི་ཐུགས་དམ་བསྐངས ཚོགས་རྫོགས་ནས་མཆོག་ཐུན་དངོས་གྲུབ་ཐོབ མར་འཁོར་བའི་མགྲོན་མཉེས་ལན་ཆགས་བྱང་ ཁྱད་པར་དུ་གནོད་བྱེད་བགེགས་རིགས་ཚིམས ནད་གདོན་དང་བར་ཆད་དབྱིངས་སུ་ཞི རྐྱེན་ངན་དང་བདག་འཛིན་རྡུལ་དུ་བརླགས མཐར་མཆོད་བྱ་དང་མཆོད་ཡུལ་མ་ལུས་ཀུན གཤིས་རྫོགས་པ་ཆེན་པོར་མ་བཅོས་ཨཱ དྲུག་པ་བླ་མའི་རྣལ་འབྱོར་ནི་ཕྱི་སྒྲུབ་ལྟར་རོ ༈ སྤུངས་གཏོར་བསྡུས་པ་བཞུགས། སྤུངས་གཏོར་ཤིན་ཏུ་ཁྱེར་བདེ་བ་བཏང་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་ལན་གསུམ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་ཇོ་བོ་ཁ་སར་པཱ་ཎིའི་སྐུ། །བཞེངས་སྟབས་ཕྱག་གཡས་མཆོད་སྦྱིན་ཅན་གསལ་བའི། །མདུན་དུ་རྣམ་པར་སྣང་མཛད་གངས་ཆེན་མཚོ། །སྐུ་ལ་ཞིང་ཁམས་རྫོགས་པའི་གཙུག་ཏོར་ནས། །མགྲིན་པ་ཡན་ཆད་དཀོན་མཆོག་སྲི་ཞུའི་མགྲོན། །དེ་བཞིན་ཐུགས་ཀར་ལྟེ་བའི་བར་དག་ལ། །མགོན་པོ་ཡོན་ཏན་སྐུ་སྨད་སྙིང་རྗེའི་མགྲོན། །པད་

(༦༦༣)གདན་བགེག་རིགས་ལན་ཆགས་གསལ་བ་ལས། །ཐུགས་ཀར་ཡི་གེ་དྲུག་མའི་འོད་ཟེར་གྱིས། །མཆོད་ཡུལ་མཉེས་བྱས་སྦྱིན་ཡུལ་སྡིག་སྒྲིབ་སྦྱངས། ཁམས་གསུམ་མ་ལུས་དག་པའི་ཞིང་དུ་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི བརྒྱ་རྩ་བརྗོད། ཧྲཱི བདག་ཉིད་ཐུགས་ལས་བྷྲཱུྃ་ཆད་ཡོངས་གྱུར་ལས། །སྟོང་གསུམ་དང་མཉམ་རིན་ཆེན་སྣོད་ནང་དུ། །འབྲུ་གསུམ་ཞུ་ལས་བདུད་རྩིའི་རྒྱ་མཚོ་ནི། །འདོད་ཡོན་ལོངས་སྤྱོད་ནམ་མཁའི་མཛོད་དུ་གྱུར། ༈ ཁམས་གསུམ་དག་པའི་ཞིང་། །སྲིད་གསུམ་ཐུགས་རྗེའི་མགྲོན། །མ་ལུས་ཁྱབ་པའི་ཟས། །ཆོས་ཉིད་ནུས་པའི་མཐུས་གཏོར་མ་མི་ཟད་པའི་གཏེར་དུ་སྦྲུལ་ནས་འབུལ་ལོ། །ཨོཾ་ཨཱཧཱུྃ། ལན་བདུན། །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས། སམ་བྷ་ར་བརྒྱ་རྩ་དང་ཆུ་ཐིགས་རིལ་བུ་དེ་མཚུངས་ཕུལ། མར་མགྲོན་ལ་དམིགས་ནས་དེ་བཞིན་གཤེགས་པ་རིན་ཆེན་མངས་སོགས་བཞིའི་མཚན་བརྗོད་ལ་གཤེགས། །དེ་ནས་ཆུ་སྦྱིན་ནི། འཕགས་པ་སྤྱན་རས་གཟིགས་དབང་གི། །ཕྱག་ནས་བབས་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམས་བྱས་ནས། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི བརྒྱ་རྩ་བརྗོད། དེ་ནས་པྲེ་ཏ་ལ་དམིགས་ནས། ཨོཾ་ཛ་ལ་མེ་དཾ་སརྦ་པྲེ་ཏ་བྷྱ་སྭཱ་ཧཱ། ཚར་གསུམ་ཡི་དྭགས་ཀྱི་

(༦༦༤)ཚོགས་གང་གཱའི་ཀླུང་གི་བྱེ་མ་སྙེད་ངོམ་ཞིང་ཚིམ་པར་གྱུར་ཅིག །ཆོས་སྦྱིན་ནི། སྡིག་པ་ཅི་ཡང་མི་བྱ་ཞིང་། སོགས། སྨོན་ལམ་ནི། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །སོགས་བརྗོད། ཅེས་པ་ཙམ་གྱིས་ཀྱང་རྒན་རྒོན་དང་ཤེས་བྱ་ལ་རྨོངས་པ་རྣམས་ལ་དགེ་བའི་གྲོགས་སུ་འགྱུར་ཏེ། ཁ་འབར་མ་དང་། གཟུགས་ལེགས་ལ་སོགས་པ་སྟོན་པའི་གསུང་རབས་རྣམས་ནས་མཚན་བཞི་ཡོད་མེད་གཉིས་ཀྱི་ཁྱད་ཙམ་ལས་གཞན་མ་གཏོར་མའི་དོན་པོ་གཟུངས་སྔགས་ཁོ་ནའི་ཕན་ཡོན་ལས་ཚིག་གི་སྦྱོར་བ་མ་གསུངས་པའི་ཕྱིར་རོ། །ཞེས་པའང་བློ་དམན་འགའ་ཞིག་གིས་ཆུ་གཏོར་གྱི་ཆོ་ག་ཁོང་དུ་མི་ཆུད་པ་ལ་ཕན་བློས་རང་བྱུང་རྡོ་རྗེས་སོ། །༈དཀར་གསུང་ཞིང་ཁམས་ཀུན་ཁྱབ་བཞུགས། དཀར་གསུར་ཞིང་ཁམས་ཀུན་ཁྱབ་ཅེས་བྱ་བ། དཀར་ཕྱེ་གཙང་མ་མར་དཀར་གྱི་ཁུ་བས་སྦགས་པ་སྣུམ་བག་ཅན་གྱི་ཁྲོད། ཤིང་ཏོག །དཀར་གསུམ། མངར་གསུམ། རིན་པོ་ཆེ། བདུད་རྩིའི་ཕུར་མ་སོགས་ཀྱང་བཏགས་ནས་འདྲེས་པར་བྱས་ལ་སོལ་མེ་དང་། སོ་ཏོག་ལ་སོགས་མ་ཡིན་པའི་མེ་ཐལ་འཇམ་པོ་ལ་བཏབ། ཆུ་གཙང་ཁོ་ནས་བྲན། རང་ཉིད་ཇོ་བོ་ཁ་སར་པཱ་ཎིར་གསལ། སྐྱབས་སེམས་སྔོན་དུ་འགྲོ་བས། ན་མོ། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་

(༦༦༥)ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལ་མི་འདའ་ཐུགས་རྗེའི་དབང་གིས་ན། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཞིང་ཁམས་རྒྱ་མཚོའི་མགྲོན་རིགས་མཆོག་དམན་ཐམས་ཅད་བྱོན་ནས་མདུན་གྱི་ནམ་མཁའ་བཞུགས་པར་གྱུར། ཨོཾ་ཨཱཧཱུྃ། ལན་བདུན་བརྗོད། དུ་བ་འདི་འདོད་ཡོན་གྱི་ལྷ་མོ་གཟུགས་རྡོ་རྗེ་མ་མཛེས་ཤིང་ལྷན་སྡུག་པ། དབྱངས་སྙན་པ། དྲི་ཞིམ་པ། རེག་བྱ་འཇམ་པ། ཕྱག་གཉིས་ན་ལྷའི་བདུད་རྩི་རོ་བརྒྱ་དང་ལྡན་པའི་བུམ་པ་བསྣམས་ནས་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པར་སྤྲོ་ཞིང་། སྣོད་བཅུད་ཀྱི་ཉམས་གྲིབ་དང་རྨུག་པ་དག་པར་བྱེད་པའི་སྤྱི་གཙུག་ནས་སངས་རྒྱས་རིན་ཆེན་མངས་ཕྱག་གཡས་མཆོག་སྦྱིན་གྱི་རྒྱས་དབུལ་བ་སེལ་ཞིང་། འདོད་ཡོན་གྱི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་དུ་སྤྲུལ་པར་གྱུར། ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱ་སརྦ་ཏཏཾྑ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ན་མོ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་དགོངས་བརྡ་སྙན་རྒྱུད་ཀྱི་བླ་མ་དམ་

(༦༦༦)བ་མ་ཚང་བ་མེད་པ་རྣམས་དང་། ཐེག་པ་རིམ་པ་དགུ། མདོ་སྒྱུ་སེམས་གསུམ། སྒྲུབ་སྡེ་བཀའ་བརྒྱད་རྒྱུད་སྡེ་ཕྱི་ནང་། དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བསམ་ཡས་གྲངས་མེད་པ་ལ་འབུལ་ལོ། །བདག་གི་རིག་འཛིན་གྱི་སྡོམ་པ་དང་དམ་ཚིག་ལ་ཉེས་པའི་སྐྱོན་བྱུང་བ་ཐམས་ཅད་སོར་ཆུད་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་ཨཱཧཱུྃ། ཕྱི་སྣོད་ཀྱི་འཇིག་རྟེན་ཡུམ་ལྔའི་རང་བཞིན། ནང་བཅུད་ཀྱི་སེམས་ཅན་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་ཆེན་པོ་བརྒྱད། མཁའ་སྤྱོད་དང་ས་སྤྱོད་ཀྱི་བདག་པོ་དཔལ་ལྡན་རྡོ་རྗེ་ཕག་མོ། རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། ཁྲོས་མ་ནག་མོ་དང་སེང་གེའི་གདོང་ཅན། ཀུ་རུ་ཀུལླེ་དང་འོད་ཟེར་ཅན། དཔལ་དང་ནོར་རྒྱུན་མ། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། ཁྲོ་གཉེར་ཅན་དང་རི་ཁྲོད་མ། ཡུམ་ཆེན་མོ་ལ་སོགས་ཏེ་གསང་སྔགས་དང་རིགས་སྔགས་གཟུངས་སྔགས་ཀྱི་ལྷ་མོ་རྣམས་ལ་འབུལ་ལོ། །བདག་གི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐོངས་ནས་ཕྲིན་ལས་རྣམ་པ་བཞི་ཐོགས་མེད་དུ་འགྲུབ་པ་དང་། འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ་

(༦༦༧)མི་འབྱུང་ཞིང་ལམ་སྣ་དང་བསུན་མ་མཛད་དུ་གསོལ། ཨོཾ་ཨཱཧཱུྃ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཚོན་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས། སངས་རྒྱས་དགའ་བའི་དཔལ་ལ་སོགས་ཕྱོགས་བཅུ་དང་མར་མེ་མཛད་དང་རྣམ་གཟིགས་ལ་སོགས་པ་དུས་གསུམ་གྱི་སངས་རྒྱས་མཆོག་ཟུང་དང་། སྒྲ་གཅན་འཛིན་ལ་སོགས་ཉན་ཐོས་ཀྱི་དགེ་འདུན་ཟུང་བཞི་ཡ་བརྒྱད། རང་སངས་རྒྱས་རིགས་གཉིས། གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་དགྲ་བཅོམ་པའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་གིས་སོ་སོ་ཐར་པའི་སྡོམ་པ་དང་འགལ་བ་ཐམས་ཅད་སོར་ཆུད་ནས་ངན་སོང་གསུམ་དང་མི་ཁོམ་པའི་གནས་རིགས་ལས་ཐར་ཏེ་ཉན་རང་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་ཅིག །ཨོཾ་ཨཱཧཱུྃ། འཕགས་པ་འཇམ་དཔལ་གྱིས་མཚོན་བྱང་ཆུབ་སེམས་དཔའི་དགེ་འདུན་ཉེ་བའི་སྲས་བརྒྱད་རྡོ་རྗེ་སྙིང་པོ་དང་། བློ་གྲོས་མི་ཟད་པ་ལ་སོགས། བསྐལ་བཟང་གི་སེམས་དཔའ་བཅུ་དྲུག །ཆོས་འཕགས་དང་། རྟག་ཏུ་ངུ་ལ་སོགས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་རྣམས་ལ་འབུལ་ལོ། །བདག་གི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་

(༦༦༨)པའི་ལྟུང་བ་ཉམས་སུ་མྱོང་བ་མཐའ་དག་ལྷག་མེད་དུ་བྱང་ནས་ཐེག་པ་ཆེན་པོའི་ལམ་ལ་བར་ཆད་མེད་པར་གྱུར་ཅིག །ཨོཾ་ཨཱཧཱུྃ། ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྐྱོང་མ་མགོན་ལྕམ་དྲལ། དཔལ་མགོན་བདུན་ཅུ་རྩ་ལྔ། དྲེགས་པ་ཕོ་རྒྱུད་མོ་རྒྱུད། ལྷ་ཀླུ་ཡུལ་ལྷ་གཞི་བདག །འཛམ་བུའི་གླིང་དང་གངས་ཅན་ན་གནས་པའི་དགེ་བསྙེན་དཀར་ཕྱོགས་སྐྱོང་བ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་སྲུངས། །དཀོན་མཆོག་གི་དབུ་འཕང་བསྟོད། འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་ཕོབས། ནད་མུག་འཁྲུགས་རྩོད་སོལ། རྣལ་འབྱོར་པ་བདག་ཅག་ཆོས་སྒྲུབ་པའི་བར་ཆད་སྲུང་ཞིང་ཡོན་བདག་དང་གནས་མལ་མཛད་དུ་གསོལ། ཨོཾ་ཨཱཧཱུྃ། གཞན་ཡང་ལྷ་ཀླུ་མི་དང་བྲམ་ཟེའི་དྲང་སྲོང་བདེན་ཚིན་གྲུབ་པའི་ཚོགས། གནོད་སྦྱིན་ཛམ་བྷ་ལ། ལྷན་ཅིག་སྐྱེས་པའི་ལྷ་འགོ་བའི་ལྷ་ལྔ། ཁྱིམ་ལྷ་དང་ཞིང་ལྷ་ལ་སོགས་ཁར་རྗེ་དང་དབང་ཐང་བསྐྱེད་པའི་ལྷ་འབྱུང་བ་བཞི་དང་རི་དང་ནགས་ཚལ་གྱི་ལྷ་རྣམས་ལ་འབུལ་ལོ། །བདག་གི་ལེགས་པ་དང་དཀར་པོའི་ཕྱོགས་ཐམས་ཅད་བསྐྱེད་པའི་སྟོངས་གྲོགས་མཛད་དུ་གསོལ། ཨོཾ་ཨཱཧཱུྃ། དྲི་ཟའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་དང་། གླུ་དང་གར་ལ་སྲེད་

(༦༦༩)པའི་དྲི་ཟ་རབ་དགའ། མིའམ་ཅི་གྲོང་ཁྱེར་བར་སྣང་ལ་བཅས་པའི་སྡེ་ཚན་གྱིས་མཚོན་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། ལན་ཆགས་ཤ་འཁོན་ཆགས་པའི་རིགས། འཕྲོག་མ་མ་བུ་ལྔ་བརྒྱ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་བཅས་པའི་ཚོགས་ལ་འབུལ་ལོ། །གདོན་དང་གནོད་པ་མ་མཛད། ཁ་རྗེ་དང་དབང་ཐང་མ་འཕྲོག །རུ་ང་དང་གདུག་རྩུབ་སྤོངས་ཤིག །ཨོཾ་ཨཱཧཱུྃ། ཁྱད་པར་དུ་འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་དང་། དབུལ་ཞིང་ཕོངས་པར་གྱུར་པའི་ཡི་དྭགས་སྡེ་ཚན་གཉིས། ཁར་སངས་ད་ནངས་སམ། ན་ནིང་གི་ལོ་ཟླ་ཞག་དུས་ནས་སྔ་མའི་ལུས་རྟེན་བོར། ཕྱི་མའི་ལུས་རྟེན་མ་རྙེད། སྲིད་པ་བར་མ་དོར་ཉམས་ང་བའི་འཕྲང་ལ་སྐྱབས་དང་སྐྱོབ་པ་མེད་པ། མགོན་དང་དཔུང་གཉེན་མེད་པ། སྔོན་གྱི་བསགས་རྒྱབ་མེད་པ། དགེ་བའི་ར་མདང་ཉུང་བ། མིང་བཞི་འདུས་པའི་ཕུང་པོ། ཚོར་བ་སྡུག་བསྔལ་གྱི་རང་བཞིན། འཇིགས་སྐྲག་འཁྲུལ་སྣང་གིས་མནར་བ། འཁྱགས་ལྟོགས་སྐོམ་གསུམ་གྱིས་གདུང་བ། ཚེ་ཚད་ངེས་པ་མེད་པ། བྱ་སྒྲོ་རླུང་གིས་བཏེག་པ་བཞིན། གར་འགྲོའི་རང་དབང་དང་བྲལ་བའི་

(༦༧༠)བར་དོའི་སེམས་ཅན་ཆེ་གེ་མོས་གཙོ་བྱས་པའི་བར་དོར་གནས་པ་ཐམས་ཅད་ལ་འབུལ་ལོ། །གནས་གྲོགས་ལོངས་སྤྱོད་བཟའ་བཏུང་ཕུན་སུམ་ཚོགས་པ་དང་ཕྲད་ནས་བག་ཕེབས་པར་གྱུར་ཅིག །དེ་ལྟར་གྱུར་པའི་མོད་ལ་འཕགས་པ་སྤྱན་རས་གཟིགས་དང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་མཐོང་ནས་བར་དོ་ལ་བར་དོ་ཡིན་པར་ངོ་ཤེས། འཁྲུལ་སྣང་རྒྱས་ཐེབས། བླ་མ་དང་དཀོན་མཆོག །ཡི་དམ་དང་ལྟ་བ་རྗེས་སུ་དྲན་ཏེ། ལས་ངན་པའི་སྒྲིབ་པ་སྐད་ཅིག་ལ་དག་ནས་རིག་པ་ལ་རང་དབང་ཐོབ། བདེ་བ་ཅན་དང་པདྨ་འོད་ལ་སོགས་པའི་ཞིང་ཁམས་ཁྱད་པར་ཅན་བཙན་ཐབས་སུ་བགྲོད་ནུས་པར་ཤོག་ཅིག །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་འཁོར་གྱུར་ཅིག །ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་ནུས་པའི་མཐུས། འདོད་ཡོན་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག །སྡིག་པ་ཅི་ཡང་མི་བྱ་ཞིང་སོགས་པས་ཆོས་སྦྱིན་དང་བསྔོ་སྨོན་ཀྱང་བྱའོ། །རང་བྱུང་རྡོ་རྗེས་གཞན་ལ་ཕན་པའི་བློས་བཀོད་པའོ། དམར་གསུར་ལ་བརྟེན་ནས་རང་གཞན་གྱི་འཆི་བ་བསླུ་བ་བཞུགས། །

(༦༧༡)དམར་གསུར་ལ་བརྟེན་ནས་རང་གཞན་གྱི་འཆི་བ་བསླུ་བ་ནི། ཨོཾ་ཨཱཧཱུྃ་ལན་གསུམ་བརྗོད། དམར་གསུར་འདོད་ཡོན་རྒྱ་མཚོ་འདི། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ། །ཟས་ཀྱི་ཉེར་ལེན་མི་མངའ་ཡང་། །མཆོད་པའི་ཡུལ་དུ་དམིགས་ནས་འབུལ། །བདག་ཅག་བསོད་ནམས་ཚོགས་རྫོགས་ནས། །མྱུར་དུ་ཡེ་ཤེས་མཐོང་བར་ཤོག །མགོན་པོ་ཡོན་ཏན་མགྲོན་རྣམས་ལ། །ཟག་མེད་བདུད་རྩིར་དམིགས་ནས་འབུལ། །བྱང་ཆུབ་སྒྲུབ་ལ་བར་གཅོད་པའི། །འགལ་རྐྱེན་མི་མཐུན་ཕྱོགས་ལས་སྲུངས། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱིས། །རང་རང་འདོད་པའི་ལོངས་སྤྱོད་དུ། །མཐོང་ནས་ཟད་མེད་གཏེར་ལ་སྤྱོད། །དགའ་མགུ་ཚིམས་ཤིང་ཡི་རང་ནས། །སོ་སོའི་སྡུག་བསྔལ་བྲལ་བར་ཤོག །བགེགས་རིགས་ལན་ཆགས་མགྲོན་རྣམས་ལ། །ཕམ་རྒྱལ་འཐབ་རྩོད་མེད་པར་བསྔོ། །སོ་སོའི་ཡིད་ལ་གང་འདོད་པའི། །ཟད་མི་ཤེས་པའི་ལོངས་སྤྱོད་དུ། །གྱུར་ནས་ཤ་འཁོན་བུ་ལོན་བྱང་། །གནོད་སེམས་འཁོན་འཛིན་དག་པར་ཤོག །ཁྱད་པར་གཞན་གྱི་ལུས་སྲོག་ལ། །རྣམ་པར་སྡང་བའི་གནོད་སྦྱིན་དང་། །ཤ་ཟ་སྲིན་པོ་འབྱུང་པོའི་གདོན། །ཚེ་བརྐུ་མདངས་འཕྲོག་སྲོག་ལེན་ཅིང་། །ཤ་དང་ཁྲག་ལ་གདུང་བ་རྣམས། །དམར་

(༦༧༢)གསུར་འདོད་ཡོན་ཀུན་ཁྱབ་འདིས། །ངོམས་ཤིང་ཚིམས་ལ་མཐུན་གྱུར་ཅིང་། །ཁྲོ་ཞིང་གཏུམ་པའི་སེམས་བོར་ནས། །བྱང་ཆུབ་སེམས་དང་ལྡན་པར་ཤོག །རྒྱུ་འབྲས་བསླུ་བ་མེད་པ་དང་། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདག་གི་ལྷག་བསམ་རྣམ་དག་མཐུས། །བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་ལས། །རང་གི་ཡུལ་ཁམས་བསྲུངས་བ་བཞིན། །མཐར་ཐུག་རང་གཞན་དོན་ཡོད་ཅིང་། །གནས་སྐབས་འཆི་བས་འཇིགས་པ་ལས། །འགྲོ་བ་མང་པོའི་སྲོག་ཐར་ཤོག །གང་ཞིག་འདི་རུ་ལྷགས་པ་ཡི། །ས་འམ་འོན་ཏེ་བར་སྣང་གནས། །འབྱུང་པོ་གདུག་པའི་སེམས་ལྡན་ཀྱང་། །རྒྱུད་ལ་བྱང་ཆུབ་སེམས་སྐྱེས་ནས། །གཞན་ལ་འཚེ་བའི་བློ་སྤངས་ཏེ། །ཐར་པའི་ས་བོན་ཐེབས་པར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །སོགས་དགེ་བ་བསྔོ། སྤྱིར་དུས་ལ་ངེས་པ་མེད་ཅིང་ཁྱད་པར་མུན་སྲོས་ལ་གནོད་སྦྱིན་རྣམས་གཞན་གྱིས་སྲོག་ལ་འཚེ་བའི་སླད་དུ་རྒྱུ་བ་ཡིན་པས། དེ་ཚེ་དམར་གསུར་སྦྱར་ཞིང་རང་གི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཆོས་དང་ཟང་ཟིང་གི་སྦྱིན་པ་ཐུན་མོང་དུ་གྱུར་པ་འདི་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཞེས་པའང་ཀློང་གསལ་བ་དང་ཆོས་ལྡན་པས་བསྐུལ་ངོར་རིག་པ་འཛིན་པ་མཁྱེན་བརྩེའི་ལྷས་སོ།། །།

(༦༧༣)གསོན་གཤིན་གྱི་བསྔོ་བ་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས། །གསོན་བསྔོ་ནི། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམ་པ་ཐམས་ཅད་དང་། རིགས་ལྔ་གངས་ཆེན་མཚོའི་རྣམ་འཕྲུལ་རྒྱ་མཚོས་བཀོད་པའི་ཞིང་ཁམས་མཐའ་ཡས་མུ་མེད་པ་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ། ལྷ་དང་དྲང་སྲོང་བདེན་ཚིག་སྨོན་ལམ་ལ་མངའ་བརྙེས་པ་ཐམས་ཅད་སྦྱིན་པའི་བདག་པོ་ཆེ་གེས་ཐོག་དྲངས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་གཟིགས་ཤིང་དགོངས་སུ་གསོལ། དེང་སྦྱིན་པའི་བདག་པོས་ལྷག་བསམ་རྣམ་དག་གིས་བསྒྲུབས་པའི་དགེ་བའི་རྩ་བ་འདིས་མཚོན་རང་གཞན་རྣམས་ཀྱིས་དུས་གསུམ་བསགས་ཡོད་ཀྱི་རྣམ་པར་དཀར་བའི་བྱེད་འབྲས་ལ་བརྟེན་ནས་ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དང་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བསྟན་པའི་རྩ་ལག་གཏད་

(༦༧༤)རབས་བདུན་དང་རྒྱན་དྲུག་མཆོག་གཉིས། འདས་རྗེས་ཐོབ་པའི་པཎ་གྲུབ་རྣམ་གསུམ། རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི། ཤམྦྷ་ལའི་རིགས་ལྡན་ཆོས་རྒྱལ། རིགས་གསུམ་སྒྱུ་འཕྲུལ་མེ་ས་དབོན་རྣམ་གསུམ། མཁན་སློབ་ཟུང་གཅིག་དང་སྐ་ཅོག་ཞང་གསུམ་ལ་སོགས་སྤྲུལ་པའི་ལོ་པཎ་མཁས་གྲུབ་ཆེན་པོ་བསྟན་པ་ལ་བྱ་བ་མཛད་ནས་ཆོས་ཀྱི་དབྱིངས་སུ་ཞི་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཟག་པ་མེད་པ་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །ད་ལྟར་བཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྤངས་རྟོགས་ཕུན་སུམ་ཚོགས་པ་མཐའ་དག་དང་། བྱང་ཆུབ་སེམས་ཀྱི་རིགས་ཡོངས་སུ་སད་པ་ལས་དངོས་མཾ་བརྒྱུད་ནས་སེམས་ཅན་ལ་སྨན་པའི་རིགས། སྐྱེས་བུ་གསུམ་གྱི་ལམ་ནས་དོན་གཉིས་བསྒྲུབ་པ་ལ་འདུན་པ་ཐམས་ཅད་ཀྱི་ཐུགས་ཀྱི་བཞེད་དོན་འབད་མེད་དུ་གྲུབ་ཅིང་སྐུ་ཚེའི་རྒྱལ་མཚན་ཡུན་རིང་དུ་བརྟན་པར་གྱུར་ཅིག །དགེ་འདུན་མ་ལུས་པ་རྒྱལ་བས་

(༦༧༥)གནང་བའི་ཟས་གོས་གནས་མལ་གྱིས་ཆོག་ཤེས་ཤིང་། ཆོས་སྤྱོད་བཅུ་དང་འབྲེལ་བར་བརྗོད་བྱ་བསླབ་པ་གསུམ་དང་རྗོད་བྱེད་སྡེ་སྣོད་གསུམ་གྱི་བསྒྲུབ་པ་ལ་བརྩོན་ཞིང་བསྟན་པ་འཛིན་སྐྱོང་སྤེལ་བའི་ཐུགས་བསྐྱེད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ཐེག་པ་ཆེན་པོའི་སེམས་བསྐྱེད་ནས་རྣམ་མཁྱེན་གྱི་གོ་འཕང་གཉེར་བའི་རྟེན་གང་ཞིག་སྡོམ་པ་གསུམ་གྱིས་རྣམ་པར་མཛེས་ཤིང་ཉེས་ལྟུང་གི་དྲི་མས་མ་གོས་པར་སྨིན་གྲོལ་ཟབ་མོའི་ལམ་ལ་རྣལ་དུ་འབྱོར་པ་དང་མི་འབྲལ་བར་གྱུར་ཅིག །སློབ་པ་ལམ་གྱི་ཡོན་ཏན་མཐའ་དག་དབང་པོ་རྣོན་པོའི་དབང་དུ་གྱུར་ནས་དྲན་པ་ཉེ་བར་བཞག་པ་བཞི་ལ་སོགས་པ་ཚོགས་ལམ་ཆུང་ས་བསྡུས་པའི་ཡོན་ཏན་དང་། ཡང་དག་པར་སྤོང་བ་བཞི་ལ་སོགས་པ་ཚོགས་ལམ་འབྲིང་གིས་བསྡུས་པའི་ཡོན་ཏན་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སོགས་པ་ཚོགས་ལམ་ཆེན་པོས་བསྡུས་པའི་ཡོན་ཏན་ཐམས་

(༦༧༦)ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །རྣམ་བྱང་སྟོབས་ལྔ་ལ་སོགས་པ་སྦྱོར་ལམ་བཟོད་པ་ཆོས་མཆོག་གིས་བསྡུས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་པ་མཐོང་ལམ་གྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཕགས་པའི་ལམ་ཡན་ལག་བརྒྱད་ལ་སོགས་པ་སྒོམ་ལམ་གྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མི་སློབ་པའི་ལམ་གྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །ཚུལ་དེ་དག་གིས་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་མཐུ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་སུ་དུས་ལ་བབ་ཆར་ཆུ་འབད་མེད་དུ་འབྱུང་ཞིང་ལོ་ཏོག་འབྲས་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ལས་ངན་གྱི་རྒྱུ་ལས་

(༦༧༧)བསྐྱེད་པའི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག །སད་སེར། བཙའ་ཐན། འབྱུང་བ་སྒང་གཤོངས། མི་ནད་ཕྱུགས་ནད་དམག་འཁྲུགས་མུ་གེ། གདོན་གྱི་གནོད་པ་ལ་སོགས་པའི་དུས་ཀྱིས་ཆད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །སྐྱེ་དགུ་ཐམས་ཅད་ལ་རང་བཞིན་དུ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་ཞིང་། ཕན་ཚུན་མཛའ་བཤེས་ཀྱི་སེམས་དང་ལྡན་པས་སྙིགས་མ་ལྔའི་རྒུད་པ་བཅོམ་སྟེ་ལས་ངན་གྱི་རྒྱུ་འབྲས་སྟོངས་ནས་རྫོགས་ལྡན་གྱི་བདེ་བ་ལ་ངང་གིས་སྤྱོད་པར་གྱུར་ཅིག །རྒྱལ་བློན་དང་ཁྱིམ་བདག་དྲ་མའི་ཚོགས་རྣམས་དབང་གི་དཔལ་ལ་ཆོག་ཤེས་པས་བག་ཡོད་དུ་འཚོ་ཞིང་མངའ་འབངས་བྱམས་པས་སྐྱོང་བའི་འདུན་པ་བཟང་པོ་དང་མི་འབྲལ་བར་གྱུར་ཅིག །ཁྱད་པར་དུ་སྦྱིན་པའི་བདག་པོས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཆོས་མཐུན་གྱི་བསམ་པ་ཡིད་བཞིན་དུ་འགྲུབ་ཅིང་། ཚེ་རབས་ཐམས་ཅད་དུ་དལ་

(༦༧༨)འབྱོར་གྱི་ལུས་རྟེན་ཁྱད་པར་ཅན་ཐོབ། བླ་མ་དགེ་བའི་བཤེས་གཉེན་ཡང་དག་པ་དང་མཇལ། མཉེས་པ་གསུམ་གྱིས་བསྒྲུབ་པ་མཐར་ཕྱིན་ནས་དབང་བཅུ་བྱང་ཆུབ་ཕྱོགས་ཀྱི་ཆོས་ལ་གནས་པས་རང་དོན་དུ་ཆོས་སྐུ་མངོན་དུ་བྱས། གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛ་ནུས་པར་གྱུར་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །སོགས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམ་ལ་དེ་འབྱུང་ཤོག །ཕན་བདེ་འབྱུང་བའི་གནས་གཅིག་པུ། །སོགས་བརྗོད། ༈ །གཤིན་བསྔོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་བཟད་པ་རྒྱན་གྱི་འཁོར་ལོའི་ཆོ་འཕྲུལ་གྱིས་བཀོད་པའི་ཞིང་ཁམས་རབ་འབྱམས་རྡུལ་སྙེད་ན་བཞུགས་པའི་རྒྱལ་སྲས་

(༦༧༩)དང་སློབ་མར་བཅས་པ་འཇིག་རྟེན་ཕ་རོལ་ཏུ་ཉིང་མཚམས་སྦྱར་བའི་ལས་ཀྱི་གཞན་དབང་ཅན་ཆེ་གེ་མོས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཡི་གཟིགས་པ་ལྷུར་མཛད་དེ་དགོངས་སུ་གསོལ། །དེ་ཉིད་ལ་སོགས་པའི་སེམས་ཅན་གང་ཞིག་འཆི་ཀའི་བར་དོ་ལ་གནས་ན་མིང་བཞིའི་ཕུང་པོ་དང་རྣམ་པར་ཤེས་པའི་ཚོགས་བརྒྱད་ཆོས་ཉིད་འདུས་མ་བྱས་པའི་དབྱིངས་སུ་ཉེ་བར་ཞི་ནས་མི་སློབ་པའི་ལམ་གྱི་ཡོན་ཏན་མངོན་དུ་གྱུར་ཏེ་འཆི་བ་འོད་གསལ་གདོད་མའི་གཞི་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཆོས་ཉིད་ཀྱི་བར་དོ་ལ་གནས་ན་སྒྲ་འོད་ཟེར་གསུམ་ལ་སོགས་པའི་སྣང་ཚུལ་མ་ངེས་པ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་ཆོས་ཉིད་སྟོང་པར་ཤེས་ནས་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན་ཡོངས་གྲུབ་ཆེན་པོའི་བདག་ཉིད་དུ་འཚང་རྒྱ་བར་གྱུར་ཅིག །སྲིད་པ་བར་དོ་ལ་ཁ་འཁྱལ་ན་སྨིན་

(༦༨༠)གྲོལ་དང་དམ་ཚིག་གིས་རྒྱུད་སྦྱངས་པ་རྣམས་དག་པ་མཁའ་སྤྱོད་དང་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་དབུགས་འབྱིན་ཞིང་། །སྐྱེ་བ་སྤྲུལ་པའི་སྐུར་འཚང་རྒྱ་ནུས་པར་གྱུར་ཅིག །ལམ་ལ་མ་ཞུགས་པ་མཐའ་དག་རང་སྟོབས་ཀྱིས་དགེ་བའི་རྩ་བ་དང་། །གཞན་སྟོབས་ཀྱིས་རྗེས་འཛིན་སྨོན་ལམ་ལ་བརྟེན་ནས་བསོད་ནམས་མ་ཡིན་པའི་ལས་ཞེ་སྡང་མཚུངས་ལྡན་གྱི་རང་གཟུགས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལས་གྲོལ་ཞིང་ཐར་བར་གྱུར་ཅིག །སེར་སྣ་མཚུངས་ལྡན་གྱི་རང་གཟུགས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་གྲོལ་ཞིང་ཐར་བར་གྱུར་ཅིག །གཏི་མུག་མཚུངས་ལྡན་གྱི་རང་གཟུགས་དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་ལས་གྲོལ་ཞིང་ཐར་བར་གྱུར་ཅིག །ཕྲག་དོག་མཚུངས་ལྡན་གྱི་རང་གཟུགས་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་ལས་གྲོལ་ཞིང་ཐར་བར་གྱུར་ཅིག །ང་རྒྱལ་མཚུངས་ལྡན་གྱི་རང་གཟུགས་ལྷ་འཕོ་ལྟུང་གི་སྡུག་བསྔལ་ལས་

(༦༨༡)གྲོལ་ཞིང་ཐར་བར་གྱུར་ཅིག། མི་གཡོ་བའི་ལས་དང་སྙོམས་འཇུག་བཞིའི་རང་གཟུགས་བསམ་གཏན་གཟུགས་མེད་ཀྱི་འགྱུར་བའི་སྡུག་བསྔལ་ལས་གྲོལ་ཞིང་ཐལ་བར་གྱུར་ཅིག །མདོར་ན་རྟེན་འབྲེལ་ལུགས་འབྱུང་གིས་བསྡུས་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་མྱུར་དུ་ཐར་ནས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུའང་ཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་རྟེན་ལ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་ལུས་རྟེན་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །ཁྱད་པར་དུ་གཞོན་ནུ་ཉིད་ནས་ངེས་འབྱུང་གི་སེམས་དང་ལྡན་པས་རྒྱལ་བའི་བསྟན་པ་ལ་འཇུག་ཅིང་ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་པར་གྱུར་ཅིག །དེ་ཡང་མཉེས་པ་གསུམ་གྱིས་ལེགས་པར་བསྟེན་ཅིང་བསྟན་པ་ཡོངས་སུ་རྫོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཁྱད་པར་དུ་ཐེག་པ་ཆེན་པོའི་སྡེ་སྣོད་གཉིས་

(༦༨༢)ལ་ཐོས་བསམ་སྒོམ་གསུམ་བྱེད་ཅིང་ཉེས་ལྟུང་གི་དྲི་མས་མ་གོས་པར་རྒྱལ་བས་བརྙེས་པའི་སྤངས་རྟོགས་ཀྱི་ཡོན་ཏན་མངོན་དུ་བརྙེས་ནས་རང་དོན་དུ་ཆོས་སྐུ་མངོན་དུ་གྱུར། གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཀྱི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནུས་པར་གྱུར་ཅིག །འཁོར་བར་འཁོར་ཚེ་ཤློ་ཀ་གཅིག་དང་། བྱང་ཆུབ་མ་ཐོབ་བར་དུ་རྟག་པར་སོགས་དང་། རྒྱལ་བའི་དཀྱིལ་འཁོར་སོགས་དང་། སངས་རྒྱས་སྐུ་གསུམ་སོགས་བརྗོད་པར་བྱའོ།། །།

(༦༨༣)རབ་གནས་ཀྱི་རྒྱུད་ལས་གསུངས་པའི་མཆོད་ཕྲེང་ཀུན་ཏུ་རྒྱུ། ༈ མཆོག་གི་མེ་ཏོག་འདི་དག་ནི། །ཆུ་དང་ཐང་ལས་དེ་བཞིན་སྐྱེས། །མཆོག་ཏུ་དད་པས་ཁྱེད་ལ་དབུལ། །ཅི་བདེ་བར་ནི་སོ་སོར་བཞེས། །ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང་། །མཆོག་གི་བདུག་པ་འདི་དག་ནི། །བདག་གིས་དད་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང་། །མཆོག་ཏུ་གྱུར་པའི་དྲི་འདི་ནི། །མཆོག་གི་དད་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་སོ་སོར་བཞེས། །མུན་པ་འཇོམས་བྱེད་སྣང་བའི་མཆོག །མར་དང་ཏིལ་གྱི་མར་མེ་འདི། །ཡང་དག་ཡེ་ཤེས་སྤྱན་དབྱེ་ཕྱིར། །དད་པས་བདག་གིས་དབུལ་བར་བགྱི། །བཟའ་དང་བཅའ་བ་ཕུན་སུམ་ཚོགས། ཁ་དོག་དྲི་རོ་རྣམས་དང་ལྡན། །ཐམས་ཅད་ལྡན་པར་ལྷ་ཡི་བཤོས། །བདག་གིས་དབུལ་གྱིས་སོ་སོར་བཞེས། ༈ཞར་ལ་རབ་གནས་ཀྱི་ཡན་ལག་བཤད་པ་ནི། ༈དེ་ཡང་སྐུ་གཟུགས་དང་མཆོད་རྟེན་གཙུག་ལག་ཁང་ལ་སོགས་ཆག་གྲུམས་སུ་གྱུར་པ། གསོ་བ་དང་། རྒྱུ་བཟོ་དམན་པ་རྣམས་བཟང་དུ་བཏང་བ་དང་། འོ་བརྒྱལ་སར་བཞུགས་པ་རྣམས་གནས་ཕུན་སུམ་ཚོགས་པར་སྤོ་བ་སོགས། མདོར་ན་སྔར་ལས་ལེགས་པ་དང་ཆེ་རུ་བཏང་བ་སོགས་

(༦༨༤)ལ་ཨརྒའི་ཆོ་ག་བྱར་རུང་ཞིང་བྱས་ནས་གསོ་བ་ཡང་གསུངས་པས་དེའི་ལག་ལེན་ནི། ཡི་དམ་གང་ལ་བརྟེན་པའི་ལྷའི་རྣལ་འབྱོར་བཟླས་པ་དང་བཅས་རྫོགས་པར་བྱ། རྟེན་དེའི་མདུན་དུ་མཆོད་པ་དང་ཆོས་སྐྱོང་གཞི་བདག་སོགས་ལ་གཏོར་མ་རྒྱས་པར་ཕུལ། རང་གི་མདུན་དུ་མེ་ལོང་གཡའ་དག་པ་གཅིག་སྟེགས་ཀྱི་ཁར་བཞག་ལ་རྟེན་དེའི་སྣང་བརྙན་འཆར་དུ་བཅུག་ལ། བདག་གིས་སེམས་ཅན་ཐམས་ཅད་གྱི་དོན་དུ་རྟེན་འདིའི་རབ་གནས་སྤོས་ལ་སྐུ་རྒྱུ་ངན་པ་བཟང་པོར་བྱའོ། །སྙམ་པའི་བསམ་པས་རྡོར་དྲིལ་དང་བཅས། ན་མོ། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་ན། །བཞུགས་པའི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །བདེ་གཤེགས་རྒྱལ་བ་སྲས་བཅས་མ་ལུས་འཁོར་དང་བཅས། །འདུས་པ་རྒྱ་མཚོའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ། །ཁྱེད་རྣམས་མཆོད་ཕྱིར་རབ་ཏུ་གནས་པ་སྤོ་འཚལ་ན། །འདུས་པ་རྒྱ་མཚོའི་ཚོགས་རྣམས་བྱིན་གྱིས་བརླབ་པ་དང་། །སྣང་བརྙན་ཤར་བ་འདི་ལ་འབྱོན་པར་མཛད་དུ་གསོལ། །ཞེས་ཚར་གསུམ་བརྗོད་རྗེས། རང་གི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས་པས་རྟེན་གྱི་ཡེ་ཤེས་པ་ཡི་གེ་གསུམ་གྱི་རྣམ་པར་སྤྱན་དྲངས་ནས་མེ་ལོང་ནང་གི་སྣང་བརྙན་ལ་གཉིས་སུ་མེད་

(༦༨༥)པར་བཞུགས་ཤིང་། ཛཧཱུྃ་བྃ་ཧོ ཞེས་ཕྱག་རྒྱ་བཞིས་བཅིངས། ཡི་གེ་བརྒྱ་པ་དང་སུ་པྲ་ཏིཥྛས་བརྟན་པར་བྱ། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པས་བསྟོད། ཤིས་པ་བརྗོད་ཅིང་མེ་ཏོག་གཏོར། དེ་ནས་མེ་ལོང་དབུ་ཞབས་མ་ལོག་པ་བྱས་ལ་དར་དམར་སེར་ཇི་ལྟར་རིགས་པས་གཡོགས། རྒྱབ་ཏུ་རྒྱས་གཏབ། བཀུར་སྟི་དང་བཅས་མཆོད་གྲལ་དུ་བཞུགས་གསོལ་བྱ། རྟེན་གསར་པ་བཞེངས་གྲུབ་ནས་རབ་གནས་དངོས་གཞི་ཚེ་མེ་ལོང་རྟེན་དྲུང་དུ་སྤྱན་དྲངས་ཁེབས་བསལ། ཡེ་ཤེས་པ་དགུག་གཞུག་རན་པ་ན་སྔར་ལྟར་འོད་ཟེར་སྤྲོ་བསྡུ་དང་ཚད་མེད་བཞིའི་སྔགས་རྒྱས་རྟེན་གསར་བའི་དམ་ཚིག་པ་དང་དབྱེར་མེད་དུ་བསྲེ་ཞིང་། དེ་རྗེས་སྤྱན་འདྲེན་ལ་སོགས་རབ་གནས་ཀྱི་དཀྱུས་བཞིན་བྱས་པས་འགྲུབ་བོ། །སྐུ་རྒྱུ་རྙིང་པ་ནི་གསར་པ་ལ་ཅི་འདྲེས་དང་། རྒྱུ་ཐ་དད་དུ་གྱུར་པ་དག་ཕལ་པ་དང་མ་འདྲེས་པར་བྱས་ལ་མཆོད་རྟེན་དང་སཱཙྪ་ལྟ་བུ་བཞེངས་ནས་རབ་གནས་བྱའོ། །

(༦༨༦)

(༦༨༧)རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འདོད་འཇོ་ཞེས་བྱ་བ་བཞུགས། །

(༦༨༨)རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འདོད་འཇོ་ཞེས་བྱ་བ། དཀོན་མཆོག་བཞི་པ་བླ་མ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཤིན་ཏུ་དག་པ་གདོད་མའི་ཡེ་ཤེས་ཀྱི། །གཟུགས་བརྙན་སྤྲུལ་པ་ཕྱག་རྒྱ་བཞི་ཡི་གྲོང་། །གཅིག་ཆར་འཇུག་པ་བདེ་ཆེན་རྡོ་རྗེའི་དངོས། །ཁྱད་ཆོས་བདུན་དང་ལྡན་པ་དེ་ལ་འདུད། །འདིར་གང་བཤད་བྱའི་གཞི་སྐུ་གསུང་ཐུགས་ཀྱི་རྟེན་རབ་གནས་ཀྱི་ཆོ་ག་ནི། ཧེ་རུ་ཀ་གལ་བོར། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་གཞུག་པ་བྱིན་རླབས་ཅན། །འཁོར་བ་འབྱུང་བ་ལྔ་ཡི་གནས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་བླ་ན་མེད་པའི་རྒྱུད་སྡེ་རིན་པོ་ཆེ་ནས་ཤིན་ཏུ་གཅེས་པར་བསྟན་ཅིང་། དེ་ཉིད་ཀྱང་ཆོ་ག་རྣམ་དག་ལ་བརྟེན་དགོས་པའི་ཚུལ། རྒྱུད་ལས། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས།

(༦༨༩)འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །ཞེས་དང་། དེ་བས་འབད་པ་ཐམས་ཅད་ཀྱི། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་གསུངས་པས་དེ་ཉིད་བཅུའམ། རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེའི་སློབ་དཔོན་དག་གིས་བསྙེན་པ་ཞལ་གསོ་དང་བཅས་ཉི་མ་བྱང་བགྲོད་ཀྱི་དུས་ཚེས་དགེ་བ་ལ་བརྩམ་མོ། །གཉིས་པ་བཤད་བྱ་ཇི་ལྟར་བྱ་བའི་ཆོ་ག་དངོས་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས། ཐོག་མར་དཀྱིལ་འཁོར་གྱི་བྱེ་བ་ནི་ཚོན་དཀྱིལ་གཉིས་གང་ལ་བརྟེན་ཀྱང་ས་ཆོག་ནས་བཟུང་རྡུལ་ཚོན་ལ་བྲི་ཐིག་ལ་སོགས་པ་དང་ཐུན་མོང་དུ་བུམ་ལྷའི་སྟ་གོན་སོགས་རང་རང་གི་སྒོས་ཆོས་འབྱིན་འཇུག་དཀྱིལ་འཁོར་གྱི་ལས་རིམ་གང་ལ་བརྟེན་པ་བཞིན་ཤེས་པར་བྱས་ནས་རྒྱན་དགྲམ་དང་དབང་རྫས་མཆོད་

(༦༩༠)གཏོར་ལ་སོགས་འདུ་བྱའོ། །གཉིས་པ་རབ་གནས་ཀྱི་ཡོ་བྱད་ནི། རྟེན་གྱི་མདུན་ལ་སོགས་སྐབས་ཕྱེད་པར་མངའ་དབུལ་གྱི་མཎྜལ་རི་རབ་གླིང་བཞིའི་བཀོད་པ་ཅན་གྱི་དབུས་སུ་དཀར་གསུམ་མངར་གསུམ་གཙོ་བོར་གྱུར་པའི་ཙཱ་རུའི་བཟའ་བ་དཔལ་བཤོས་ཀྱི་དབྱིབས་ཅན་ཁ་ཟས་བཟང་པོས་བསྐོར་བ་དང་། དཀྱིལ་འཁོར་གྱི་མདུན་ནས་གཡས་ལོགས་སོགས་སྐབས་བཙལ་ནས་ཁྲུས་སྟེགས་གྲུ་བཞི་པ་དྲི་དང་འབྱུང་གིས་ཆག་བཏབ་པའི་སྟེང་པདྨ་འདབ་བརྒྱད་རེ་ཁཱ། སྤྲོ་ན་བཀྲ་ཤིས་རྫས་བརྒྱད་བྲིས་པ་དར་དཀར་པོས་གཡོགས། སྟེང་དུ་རྟེན་རྙིང་བ་བྱིན་ཅན་ཞིག་དང་སརྦ་བིདྱཱ་སྭཱ་ཧཱ་ཞེས་བྲིས་པའང་བཞུགས་སུ་གསོལ་ལོ། ཅན་གྱི་དབུས་སུ་མཉྫི་ལ་ཁྲུས་གཞོང་མེ་ལོང་དང་བཅས་པ་གཞག །འདབ་མ་བརྒྱད་ལ་ཁྲུས་བུམ་བརྒྱད་བཀོད་པའི་ཤར་ནས་བརྩམས་ཏེ་དྲི་ལྔ། མངར་གསུམ། ཞོ་གསར། ཤིང་འབྲས། འབྲུ་ལྔ། འབྲས་ཡོས། སྨན་ལྔ། རིན་པོ་ཆེ་ལྔ་སོ་སོར་བླུགས་པའམ། མ་འབྱོར་ན་བུམ་པ་ལྔའམ་གཅིག །ཐམས་ཅད་ལ་རྫས་ཉེར་ལྔ་ཁོ་ནས་ཀྱང་རུང་། ཁ་ཚར་མ་ཉམས་པའི་རས་དྲི་མེད་ལ་དྲིའི་ཐིག་ལེ་ལྔ་བྱས་པའི་སྐུ་ཕྱིས། གོས་ཟུང་དང་རྒྱན་ཆའི་རིགས། རིན་པོ་ཆེ་དང་འཁར་བ་ལ་སོགས་པའི་སྣོད་དུ་ཁྲུས་ཆལ་སྡེ་ཚན་བཞིའི་དང་པོ་ལ་ཆོ་ག་དག་པས་སྦྱར་བའི་བ་བྱུང་ལྔ། གཉིས་པ་ལ་ཞོ། འོ་མ། མར། ཀ་ར། སྦྲང་རྩི་སྟེ་ཕྱིའི་བདུད་རྩི་ལྔ། གསུམ་པ་ལ་དྲི་བཟང་དང་ཉེ་ཤིང་ཤུ་ཏི། བཞི་པ་ལ་སྐྱུ་རུ་ར་དང་ཡུང་བའི་ཕྱེ་མ་རྣམས་བླུག །སིལླ་སོགས་དྲི་ཞིམ་པོས་བགོས་པའི་ཏིལ་མར་རམ་འབྲུ་མར་གྱི་བསྐུ་མཉེ། དྲིལ་ཕྱིའི་རྫས་ཤིང་ཤུན་

(༦༩༡)ལྔ་ནི་སངས་རྒྱས་ཐོད་པར། ཨ་ཤྭཏྠ་དང་ནྱ་གྲོ་དྷ། ཨུ་དུམ་ཝཱ་ར་བརྐ་ཏི། བ་ལ་ཤ་སྟ་ཤིང་ལྔ་ལས། ཞེས་བཤད་ཀྱང་ཇི་བཞིན་མི་རྙེད་པས། ཙན་དན་དཀར་དམར་ལ་འོ་མ་ཅན་གྱི་ཤིང་ཤུན་རུང་མཐུན་བསྲེས་པའི་ཕྱེ་མ། དུང་ཞལ་དུ་ཙན་དན་དཀར་པོ། གུར་གུམ། ཨ་ཀ་རུ། གླ་རྩི། ག་བུར་ཏེ་དྲི་ལྔའི་བྱུག་པ་སོ་སོར་དུ།།།ཕོན་པོར་བྱས་པའི་པིར་དང་བཅས་གོ་རིམ་མ་འཆོལ་བར་བཞག་པའི་མཐའ་མཆོད་པས་བསྐོར། སྟེང་ནས་གདུགས་དབུབ། ཅི་བདེ་བར་རིན་པོ་ཆེའི་སྣོད་མེ་ཏོག་དཀར་པོས་བཀང་བའི་དབུས་སུ་གཟུངས་བུམ་དྲིའི་ཆུས་སུམ་གཉིས་གང་བའི་སྟེང་མེ་ལོང་ལ་ཙན་དན་དཀར་པོ། །གི་ཝཾ། གུར་གུམ། ཨ་རུ་ར་རྣམས་འོ་མར་སྦྱར་བས་རྟེན་འབྲེལ་སྙིང་པོ་ཚར་བདུན་བྲིས་པ་དང་། དྲི་ཆུས་གང་བའི་དུང་ཞལ་ཀྱང་བསྡོགས། གཞན་ཡང་སྦྱོང་ཆས། དབང་པོ་གསལ་བྱེད་ཀྱི་མིག་ཐུར་སོགས་ལྔ། གུ་གུལ། ཡུངས་ཀར། རོལ་མོའི་བྱེ་བྲག་སོགས་འོག་ནས་འབྱུང་བ་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་ཆོ་ག་ལ། སྟ་གོན་དང་དངོས་གཞི་གཉིས་ལས། དང་པོ་སྟ་གོན་ལའང་ནང་གསེས་བཅུ་གསུམ་ལས། དང་པོ་དཀྱིལ་འཁོར་སྒྲུབ་མཆོད་ནི། མདོ་སྒྱུ་སེམས་གསུམ། ཞི་ཁྲོ་བཀའ་བརྒྱད། ཡང་ཕུར་ལ་སོགས་སྔ་འགྱུར་གྱི་རྒྱུད་སྡེ་ཆེན་པོ་གང་ལ་བརྟེན་པ་དེ་ཉིད་ཀྱི་སྒྲུབ་ཐབས་དཀྱིལ་ཆོག་བཞིན་ནོ། །བཟླས་པའི་མཇུག་ཏུ་རྣམ་བུམ་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་དམིགས་ཕྱེད་པར་གསལ་བཏབ་ནས་གཟུངས་ཐག་ལ་

(༦༩༢)འཇུས་ཏེ། རྩ་སྔགས་ཀྱི་ཤམ་བུར་དབྱངས་གསལ་དང་སུ་པྲ་ཏིཥྛ་སྦྲེལ་བ་བཟླ་ཞིང་། ལྷ་ཚོགས་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་མཐར་མཆོད་བསྟོད་དང་། ལྷ་ཚོགས་རྣམས་བདེ་སྟོང་ཆེན་པོའི་ངོ་བོར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར། ཞེས་འོད་ཞུ་བྱ། ཞར་ལ་ལས་བུམ་སྒྲུབ་པ་ནི། ལས་ཐམས་ཅད་པའི་བུམ་པར་པད་ཉིའི་གདན་ལ་ཧཱུྃ་ལས་བདུད་རྩི་འཁྱིལ་པ་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེའི་དབྱུག་པ་དང་། གཡོན་སྡིགས་མཛུབ་མཛད་པ་ཁྲོ་བོའི་རྒྱན་དང་ཆ་ལུགས་རྫོགས་པར་གསལ་བར་གྱུར། ཨོཾ་བཛྲ་ས་མཱ་ཛཡེ་ཤེས་པ་བྱོན། ཛཧཱུྃ་བཾ་ཧོགཉིས་སུ་མེད་པར་ཐིམ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི། སོགས། ཇི་ལྟར་རིགས་པར་བཟླས་རྗེས་མཆོད་ཅིང་བསྟོད་ལ། བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ཁྲོ་བོའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། གཉིས་པ་གཟུངས་ཁྲུས་ཀྱི་བུམ་པ་བསྒྲུབ་པ་ནི། གཟུངས་བུམ་ཐོག་མར་བསྒྲུབ་པ་གལ་པོའི་དགོངས་པ་ཡིན་ཀྱང་བུམ་པའི་བསྐྱེད་ཆོག་ཆོ་ག་གཅིག་གིས་འགྲུབ་སྟེ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མེ་ཏོག་ལ་གནས་པའི་གཟུངས་བུམ་དང་། འདབ་མ་བརྒྱད་ལ་གནས་པའི་ཁྲུས་བུམ་རྣམས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་

(༦༩༣)བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་ཞིང་མཆུ་འཕྱང་བ། ལྷའི་གོས་པཉྩ་ལི་ཀའི་མགུལ་ཆིངས་དང་། དཔག་བསམ་ཤིང་གིས་ཁ་རྒྱན་ཅན་ཤ་སྟག་གི་གཟུངས་བུམ་ནང་དུ་ཟླ་བ་ལ་གནས་པའི་རྟེན་འབྲེལ་སྙིང་པོའི་སྔགས་ཕྲེང་འོད་དང་ཟེར་དུ་འབར་བས་འཁོར་འདས་ཀྱི་དངས་བཅུད་བསྡུ་བ་དང་། ཁྲུས་བུམ་རྣམས་སུའང་ཟླ་བའི་སྟེང་ན་རང་རང་གི་སྔགས་རྣམས་འོད་ཟེར་འཕྲོ་ཞིང་། དྲི་མ་སྦྱོང་བའི་མཐུ་ལྡན་གྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམ་ཞིང་སོ་སོའི་གཟུངས་ཐག་སྤོ་བཞིན་པར། ཐོག་མར་གཟུངས་བུམ་ལ་དམིགས་རྟེན་འབྲེལ་སྙིང་པོ་ཅི་ནུས་བཟླས་མཐར་དུང་ཞལ་གྱི་ཆུས་མེ་ལོང་གི་ཡི་གེ་རྣམས་གཟུངས་བུམ་དུ་སྦྱངས་ནས་གཙོ་ལས་ཁྲུས་བུམ་མེ་ཏོག་ཐམས་ཅད་ལ་ཅུང་ཟད་རེ་བྲན། དེ་ནས་ཁྲུས་བུམ་དང་པོར་དམིགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་གྷནྡྷེ་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། དེ་བཞིན་དུ་གཉིས་པར། ཐོག་མཐའ་འདྲ་བ་ལ་གནྡྷེའི་གནས་སུ། ཏྲི་མ་དྷུ་སྣཱ་ན། གསུམ་པར་ད་དྷི། བཞི་པར་ཕ་ལ། ལྔ་པར་བྲཱུ་ཏི། དྲུག་པར་ལཱཛྫ། བདུན་པར་ཨེ་ཥ་དྷི། བརྒྱད་པར་མ་ཎི་ཞེས་སྦྱར་ལ། ཚར་བདུན་རེ་ཙམ་དང་། སྤྱིར་ཁྲུས་སྔགས་ཨ་བྷི་ཥེ་ཀ་དང་། སྤྱན་མའི་སྔགས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིད་དྷི་ལོ་ཙ་ན་

(༦༩༤)སརྦ་ཨ་རྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་ཅི་ནུས་རེ་བཟླ། བུམ་རྫས་སོ་སོར་མ་བྱེ་ཞིང་། བུམ་པ་གྲངས་གསལ་མ་འཛོམ་ན་ཁྲུས་སྔགས་ཀྱིས་ཆོག །ཞར་བྱུང་དུ་སྦྱོང་བའི་རྫས་གུ་གུལ་དང་། ཡུངས་ཏུན་ལ་ཨོཾ་ཨཱ་བིགྣཾ་ཏ་ཀྲིཏ་ཧཱུྃ་ཕཊ་དང་། ཧཱུྃ་བཞི་པ། ཁྲུས་ཀྱི་རྗེས་སུ་བདུག་པའི་སྤོས་མར་ལ་བདུད་རྩི་འཁྱིལ་པའི་སྔགས་དང་ཧཱུྃ་བཟླ་བས་བརླབ་བོ། །གསུམ་པ་བདག་འཇུག་ནི། དབང་དོན་གྱིས་གསལ་བ་བཞིན་ནོ། །བཞི་པ་སྦྱོང་བ་ལ་གསུམ་གྱི་དང་པོ་གེགས་སྦྱོང་བ་ནི་ཞི་བས་སྦྱོང་བ་གཏོར་མ་གསུམ་རེ་རེ་ནས་རྟེན་ལ་བསྐོར་ཚུལ་གྱིས། ཨོཾ་སརྦ་བི།།།ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱ་སརྦ་ཏཏྑཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲྀཧྞ་ཨེ་དམ་བྷ་ལི༚་ཏ་སྭཱ་ཧཱ། ལན་གསུམ་གྱིས་བཟེད་ཞལ་དུ་དོར། ཕྱེད་མས་སྦྱོང་བ་རྫས་ཞིབ་ཏིང་ལོ་དང་ཆང་བུས་སྔར་ལྟར་བསྐོར་ཞིང་། སྔགས་དྲག་པོ། སུཾ་བྷ་ནི་གསུམ་གྱིས་བཟེད་ཞལ་དུ་དོར། དྲག་པོས་སྦྱོང་བ་ནི། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེའི་ར་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བའི་ནང་དུ་རང་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་འཇིགས་སུ་རུང་བའི་སྐུར་གྱུར་པའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་བགེགས་ཀྱི་དགྲ་བོ་ཁྲོ་བོའི་སྤྲིན་རབ་འབྱམས་བཛྲ་ས་མཱ་ཛཧཱུྃ། ཡེ་ཤེས་

(༦༩༥)བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེགས། །ཞེ་སྡང་གཤིན་རྗེའི་འཇིག་རྟེན་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །སྟེང་གི་ནམ་མཁར་ཁྲོ་བོ་དབང་ཆེན་དཔག་ཏུ་མེད་པ་བྱོན། ཨོཾ་བཛྲ་ཀྲོ་ཏ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྡོ་རྗེ་འཛིན་པ་བདག་གིས་སེམས་རྣམ་པ་གཉིས་བསྐྱེད་ནས་གནས་སྐབས་སུ་འཇིག་རྟེན་གྱི་ཁམས་ལ་

(༦༩༦)ཕན་པ་རྒྱ་ཆེན་པོ་བསྒྲུབ་པ་དང་། མཐར་ཐུག་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བགྱི་བ་ལ་བར་དུ་གཅོད་ཅིང་། གླགས་བལྟ་བའི་འབྱུང་པོ་གཏུམ་པོ་གཟུ་ལུམས་ཅན་གང་སུ་ཡང་རུང་བ་དང་གཡོག་དང་འཁོར་དུ་བཅས་པ་ཐམས་ཅད་འདི་རུ་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་སངས་རྒྱས་རྣམས་ཀྱི་མངོན་སྤྱོད་ཀྱི་ཕྲིན་ལས་ཁྲོ་བོ་འཆོལ་བའི་ཚོགས་དང་། རྡོ་རྗེ་མེའི་མཚོན་ཆས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཧཱུྃ་བཞིའི་སྔགས་དང་བཅས་ཡུངས་།ཐུན་གྱིས་བྲག །གུ་གུལ་དང་བདུད་རྩི་ལྔ་བདུག །རོལ་མོའི་ཚམ་རྔམས་དང་བཅས་ཕྱི་རོལ་དུ་བསྐྲད། གཉིས་པ་བྱུར་དང་སྐལ་ངན་སྦྱོང་བ་ནི། འབྲས་ཆན་ནམ་གྲོ་ཟན་གྱིས་རྟེན་ལ་དྲིལ་ཕྱིས་བྱས་པའི་ཆང་བུས་ཀྱང་བསྐོར་ཞིང་། ལས་སྔགས་བཟླ་བཞིན་པས་བཟེད་ཞལ་དུ་དོར། དེ་ནས་ལག་གཉིས་ཀས་ཡུངས་ཀར་བཟུང་བ་ཧཱུྃ་བཟླ་བས་གཡོན་དུ་བསྐོར་ཞིང་། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞེས་མེར་སྲེག་ཅིང་ཆུ་ནང་དུ་དོར། དེ་བཞིན་དུ་ཆུ་སྣོད་བཟུང་བ་ཨོཾ་བཟླ་ཞིང་གཡས་སུ་བསྐོར་ནས་སརྦ་པཱ་པཾ་གྱིས་མེ་ཆུར་བླུགས། མེ་ཆུ་གཉིས་ཀྱང་སྔ་མའི་བཟེད་ཞལ་ལ་བླུགས་ཏེ། དཀོན་མཆོག་གསུམ་གྱི་བདེན་པས་

(༦༩༧)རབ་ཏུ་གནས་བྱའི་རྟེན་དང་བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ལ་མི་ཤིས་པར་བྱེད་པའི་བྱུར་དང་སྐལ་པ་ངན་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་རོལ་མོ་དང་བཅས་ཕྱིར་དོར། །གསུམ་པ་སྡིག་པ་སྦྱོང་བ་ནི། བདག་དང་སྦྱིན་པའི་བདག་པོས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་རང་རང་གི་སྙིང་གར་ཀཾ་ནག་པོའི་རྣམ་པར་གྱུར་པ་ལྟེ་བའི་ཡེ་ཤེས་ཀྱི་མེས་དེད་སྣ་སྒོར་སྡིགས་པ་རྭ་ཅན་གྱི་རྣམ་པས་འཐོན་ནས་ཏིལ་ལ་ཐིམ་པ་དེ་ཉིད་གཡས་སུ་ཡེ་ཤེས་ཀྱི་མེས་བསྲེགས། གཡོན་དུ་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་བསམ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷ་སྨི་ཀུ་རུ་སྭཱ་ཧཱ། ཞེས་ལན་གྲངས་ཅི་རིགས་པས་མེ་ཆུར་དོར། བདག་དང་སྦྱིན་པའི་བདག་པོས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་མེ་ཡང་ཆུ་ནང་དུ་བླུགས་ནས་ཕྱིར་དོར་རོ། །ལྔ་པ་རྟེན་དང་བཟོ་བོ་ལ་སོགས་པའི་དག་བྱ་དག་བྱེད་ཁྲུས་ཀྱི་བྱ་བ་ནི། རྟེན་དངོས་སུ་བཀྲུ་བར་འོས་པ་རྣམས་དྲི་དང་སུག་ཕུལ་གྱི་འདག་ཆལ་དང་བཅས་བཀྲུ། འོག་ནས་འབྱུང་བའི་བསྐུ་མཉེ་དང་དྲིལ་ཕྱིས་ཀྱང་བྱ། ཕལ་ཆེར་མེ་ལོང་དུ་གཟུགས་བརྙན་བཀྲུ་བ་ལས་ཁྲུས་ཆལ་ཚར་བཞི། བསྐུ་མཉེ། དྲིལ་ཕྱིས། མེ་ལོང་། ཁྲུས་བུམ། ཁྲུས་རས། སྤོས་མར། དྲི་ལྔའི་བྱུག་པ་རྣམས་བསྡོགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་

(༦༩༨)པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱིས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཞེས་ཕྱེད་རོལ་དང་བཅས་སྙན་གསན་བྱས་ལ། སློབ་དཔོན་གྱིས་ཁྲུས་ཆལ་དང་པོ་འབྱུང་ལྔ་དཱུར་ཝའི་པིར་གྱིས་ཨ་མྲྀ་ཏའི་ལས་སྔགས་བཟླ་བཞིན་དུ་མེ་ལོང་ལ་བྱུག །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཨཱཞེས་འབྲུ་མར་གྱིས་བསྐུ་མཉེ་བྱ། སྣུམ་བསལ་བའི་ཕྱིར་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭདྷ་ནེ་སྭཱ་ཧཱ། ཞེས་ཤིང་ཤུན་ལྔའི་ཕྱེ་མས་དྲིལ་ཕྱིས་བྱ། བུམ་པ་དང་པོར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ།

(༦༩༩)ཁྲུས་རས་ཀྱིས་ཕྱི་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾཧྲཱིཨཱཀ་ཡ་བི་ཤྭ་དྷ་ནེ་སྭཱ་ཧཱ། ཁྲུས་དང་པོ་དྲིའི་བུམ་པ་འདི་མདུན་དུ་བཟུང་ལ་འོག་མ་འོག་མ་རྣམས་ནས་ཐིག་པ་རེ་བླུགས་སོ། །ཡང་ཁྲུས་ཆལ་སྔ་མ་ལྡབ་ལ་བསྐུ་མཉེ་དང་དྲིལ་ཕྱིས། རང་སྔགས་བཅས་ཀུན་ལ་འགྲེ། བུམ་པ་གཉིས་པས། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཕྱི་ཞིང་། དེ་དག་སྐུ་ལ་སོགས། ཁྲུས་ཆལ་གཉིས་པ་ཕྱིའི་བདུད་རྩི་ལྔ་བྱུག་ཅིང་བསྐུ་མཉེ། དྲིལ་ཕྱི་འགྲེ། བུམ་པ་གསུམ་པས། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཕྱི་ཞིང་། དེ་དག་སྐུ་ལ་སོགས། ཁྲུས་ཆལ་ལྡབ་ཅིང་། བསྐུ་མཉེ་དང་། དྲིལ་བྱི་འགྲེ། བུམ་པ་བཞི་པས། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཕྱི་ཞིང་། དེ་དག་སྐུ་ལ་སོགས། ཁྲུས་ཆལ་གསུམ་པ་དྲི་བཟང་

(༧༠༠)དང་ཉེ་ཤིང་བྱུག་ཅིང་། བསྐུ་མཉེ་དང་། དྲིལ་ཕྱི་འགྲོ། བུམ་པ་ལྔ་པས། འདི་ནི་བཟོད་པའི་རང་བཞིན་ཏུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བཟོད་པ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཕྱི་ཞིང་། དེ་དག་སྐུ་ལ་སོགས། ཁྲུས་ཆལ་ལྡབ། བསྐུ་མཉེ། དྲིལ་ཕྱི་འགྲེ། བུམ་པ་དྲུག་པས། འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཕྱི་ཞིང་། དེ་དག་སྐུ་ལ་སོགས། ཁྲུས་ཆོག་བཞི་པ་སྐྱུ་རུ་ར་སོགས་བྱུག་ཅིང་། བསྐུ་མཉེ། དྲིལ་ཕྱི་འགྲེ། བུམ་པ་བདུན་པས། འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྤྱོད་མཛད་ཅིང་། །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཕྱི་ཞིང་། དེ་དག་སྐུ་ལ་སོགས། ཁྲུས་ཆལ་ལྡབ་ཅིང་། བསྐུ་མཉེ། དྲིལ་ཕྱི་འགྲེ། བུམ་པ་བརྒྱད་པས། འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཕྱི་ཞིང་། དེ་དག་སྐུ་ལ་སོགས། ཡུལ་དུས་ཀྱིས་མ་ལྕོགས་

(༧༠༡)ན་ཁྲུས་ཆལ་རྣམས་གཅིག་ཏུ་བསྡུས་པས་ཀྱང་རུང་ངོ་། །སྔར་མདུན་དུ་བཟུང་བའི་བུམ་པ་བརྒྱད་ཀའི་ཆུ་གཅིག་ཏུ་བྱས་པས་བཀྲུ་ཞིང་། སྐུ་མཆོག་རྣམ་དག་བལྟ་བས་མི་ངོམ་ལ། །ངོ་མཚར་སྐྱོན་བྲལ་མཁའ་དབྱིངས་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་བགྲེས་པ་མི་མངའ་ཡང་། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཙན་དན་སོགས་དྲི་ལྔ་དུད་ཞལ་དུ་གནས་པས་ཉེ་རེག་དང་ཐུགས་ཀར་བྱུགས་ལ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྲང་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། ཨོཾ་བཛྲ་གྷནྡྷེ་སྭཱ་ཧཱ། ན་བཟའ་དང་རྒྱན་འབུལ་ཞིང་། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། ཨོཾ་བཛྲ་ཝསྟྲ་ཡ་པྲ་ཏིཙྪ་སྭཱ་ཧཱ། སྤོས་མར་གྱིས་བདུག །རྗེས་འབྲེལ་དུ་བཀྲ་ཤིས་ཀྱི་གླུ་གར་བྱ་བ་ནི། མེ་ཏོག་འཐོར་ཞིང་རོལ་

(༧༠༢)མོའི་སྒྲ་སྣ་ཚོགས་དང་དབྱངས་སྙན་པོས། ༈ །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །རྐང་གཉིས་གཙོ་བོ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཆོལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །ཞི་བ་ཆགས་བྲལ་ལྷ་མའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །ཚོགས་ཀྱི་མཆོག་རབ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །དྲུག་པ་རྟེན་བསྐྱེད་པ་ནི། ཨོཾ་ཤུ་ནྱ་ཏཱས་མཚན་མའི་རྟོག་པ་བསལ། སྤྱི་ཁྱབ་ཏུ། སྒྲུབ་དཀྱིལ་གྱི་མདུན་བསྐྱེད་ལྟར་རམ། བྱེ་བྲག་ཏུ་བསྐྱེད་ན། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཆེན་པོའི་ངང་ལས་རབ་ཏུ་གནས་བྱའི་རྟེན་སྐུ་གཟུགས་དང་མཆོད་རྟེན་གཙུག་ལག་ཁང་དང་སྐྱེད་མོས་ཚལ་ལ་སོགས་པ་ཨོཾ་སཾ་ཨོཾ་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པཾ་ཨ་རི་ལས་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨོཾ་ཛི་ན་ཛིཀ །ལཾ་དྭེ་ཁ་ར་ཏི་རྣམ་སྣང་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་འཁོར་ལོ་རྡོ་རྗེ་རིན་ཆེན། གཡོན་

(༧༠༣)གསུམ་དྲིལ་བུ་པདྨ་རལ་གྲི་འཛིན་པ། སྤྱན་མ་དཀར་མོ་འཁོར་ལོ་དང་དྲིལ་བུ་འཛིན་པས་འཁྱུད་པའོ། །ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དགོངས་འགྲེལ་དང་བཅས་པའི་གླེགས་བམ་གྱི་རྣམ་པ་ཅན་རྣམས་ཧྲཱི་མཾ་ཧྲཱི་ལས་རྨ་བྱའི་ཁྲི་ལ་ཨ་པཾ་རཾ་ལས་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨཾ་ཨཱ་རོ་ལི་ཀ །པཱཾ་རཱ་ག་ར་ཏི། སྣང་བ་མཐའ་ཡས་དམར་པོ་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི། གཡས་གསུམ་པདྨ་རྡོ་རྗེ་འཁོར་ལོ། གཡོན་གསུམ་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། གོས་དཀར་མོ་པདྨ་དང་དྲིལ་བུ་འཛིན་པས་འཁྱུད་པའོ། །རྟོགས་པའི་ཆོས་ས་དང་འབྲས་བུའི་ཡེ་ཤེས་ཐུགས་ཕྱག་འཚན་གྱི་བརྡ་དང་རྣམ་པར་གྲུབ་པ་ཧཱུྃ་གི་ཧཱུྃ་ལས་གླང་པོ་ཆེའི་ཁྲི་བཾ་ཨ་རཾ་ལས་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱུྃ་བཛྲ་དྷྲིཀ་མཱུཾ་དྷཱ་ཏེ་ཤྭ་རི། མི་བསྐྱོད་པ་སོན་པོ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གིས། གཡས་གསུམ་རྡོ་རྗེ་འཁོར་ལོ་རིན་ཆེན། གཡོན་གསུམ་དྲིལ་བུ་པདྨ་རལ་གྲི། དབྱིངས་ཕྱུག་མ་སྔོན་མོ་རྡོར་དྲིལ་འཛིན་པས་འཁྱུད་པའོ། །དེ་བཞིན་དུ་རིན་པོ་ཆེའི་རྒྱན་ཆ་སོགས་ལ་རིན་འབྱུང་དང་། གོ་ཆ་སོགས་ལ་དོན་གྲུབ་ཏུ་སྦྱར་བ་ཡོད་ཀྱང་སྐུ་གསུང་ཐུགས་རྟེན་ལ་འདིས་ཆོག་གོ། །དེ་ཐམས་

(༧༠༤)ཅད་ཀྱང་ཞི་བའི་ཚུལ་དགུ་དང་རིན་པོ་ཆེའི་རྒྱན་ཆ་བཅུ་གསུམ་གྱིས་མཛེས་པའི་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་ཤིང་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་ཆེན་པོར་བཞུགས་པའོ། །དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ ཐུགས་ཀར་ཧཱུྃ། བདག་དང་རྟེན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་ཤིང་ལུས་པ་མེད་པའི་ཡེ་ཤེས་ཀྱི་འཁོར་ལོར་བཛྲ་ས་མ་ཛབདུན་པ་སྤྱན་དྲངས་ནི། རྡོ་རྗེ་བསྡུ་བའི་རྒྱ་དང་རྡོར་དྲིལ་སྤོས་བཅས། ན་མོ། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཅིང་། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདིར་གཤེགས། །ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུས། །མི་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ནས། །གཟིགས་པ་རྣམ་ལྔས་འཛམ་གླིང་ཀུན་གཟིགས་ཤིང་། །གླང་ཆེན་ཐལ་དཀར་ལྟར་

(༧༠༥)གཤེགས་ལྷུམས་ཞུགས་ལྟར། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དུས་འདིར་བདག་གིས་དད་པས་སྤྱན་འདྲེན་ན། །རྟེན་མཆོག་འདི་ལ་བྱོན་པར་མཛད་དུ་གསོལ། །ན་མསརྦ་ཏ་ཐཱ་ག་ཏ་གུ་རུ་དེ་ཝ་ཌཱཀྐི་ནི། བཛྲ་ས་མ་ཡ་ཛཅེས་དང་། སྙན་མནན་པ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡེ་སྟཾྭ་གྱིས་གདན་དང་། ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་ཕུལ། བརྒྱད་པ་དགུག་གཞུག་བྱ་བ་ནི། རང་རང་གི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་ཨངྐུ་ཤ་ཛ རྟེན་དམ་ཚིག་པའི་སྤྱི་བོར་དགུག །ཨོཾ་བཛྲ་པཱ་ཤ་ཧཱུྃ། རྟེན་ལ་བཅུག །ཨོཾ་བཛྲ་སྥོ་ཊ་བྃ་གྱིས་དབྱེར་མེད་དུ་བཅིངས། ཨོཾ་བཛྲ་ཨཱ་བེ་ཤ་ཧོདགྱེས་པ་བསྐྱེད་དོ། དགུ་པ་རྒྱས་གདབ་པ་ནི། རང་རང་གི་ཕྱག་རྒྱ་རྟེན་གྱི་གནས་གསུམ་དུ་བཞག་ལ། གནས་བྱའི་རྟེན་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཨོཾ་གྱིས་མཚན་པ། མགྲིན་པར་

(༧༠༦)ཨཱ ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཨཱ ས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པས་རྒྱས་བཏབ་པར་གྱུར། ཧཱུྃ། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སུ་རྒྱས་གདབ་བོ། །རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་གསུམ་དུ་གཏུག་ཅིང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་དུ་ཀཱ་ཡའི་གནས་སུ་ཝཱཀྐ་དང་། ཙིཏྟ་ཡང་སྦྱར་རོ། །བཅུ་པ་དབང་བསྐུར་བ་ནི། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས་མཆོད་ཅིང་བསྟོད་ལ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར། །སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ལྷ་མོ་རྣམས་ཀྱིས་གདུགས་དང་བ་དན་ལ་སོགས་པ་བསྒྲེངས་ཤིང་མཆོད་རྫས་ཀྱི་ཆར་འབེབས། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་ནས་

(༧༠༧)རྒྱལ་ཚབ་གྱིས་ལ་མངོན་པར་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །རྣམ་བུམ་བཟུང་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་དབའ་རླབས་སྤྱི་བོར་བརྟན་པ་ལས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། རིགས་དབང་ཐམས་ཅད་ཀྱི་བདག་ཉིད་དབུ་རྒྱན་བཟུང་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཨཱརཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། ཞེས་དབང་བསྐུར། །ཨོཾ་ཏྲུཾ། ཞེས་རྡོ་རྗེ་བཀའ་ནན་གྱིས་གོ་བགོ། ཨོཾ་བཛྲ་ཏུཥྱ་ཧོ ཞེས་ཐལ་མོས་མཉེས་པར་བྱས། བཅུ་གཅིག་པ་མཆོད་བསྟོད་ནི། ལྷ་མོ་བཅུ་དྲུག་གིས་མཆོད། །དེ་དག་བསྔགས་པ་མི་ཟད་སོགས་ཀྱིས་བསྟོད། བཅུ་གཉིས་པ་སྙན་གསན་དབབ་ཅིང་གཤེགས་གསོལ་བྱ་བ་ནི།

(༧༠༨)པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་རྡོ་རྗེ་དང་བཅས་པས་སྤོས་ཕོར་བཟུང་། དྲིལ་བུ་བསིལ་བས། ཨོཾ་བཛྲ་ཛི་ཧཱ ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་མོས་ལ། ཨོཾ་ས་མ་ཡ་སྟཾྭ། ས་མ་ཡ་ཧོས་མ་ཡ་ཧཾ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ན། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་འདིར་བཞུགས་ཤིག །འདི་རུ་མགོན་པོ་རྟགས་བཞུགས་ནས། བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །བདག་གི་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བས་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་བརླབས་ཤིང་། །དེ་ཉིད་དུ་ནི་བཞུགས་པར་རིགས། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། མཆོད་ཕྲེང་ཀུན་ཏུ་རྒྱུ་བ་དང་། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པས་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་གྱིས་བཤགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། སོགས་དང་། སེམས་མ་རྡོ་རྗེ་མའི་རྒྱ་ཐུར་ལྡོག་སྤྱི་བོར་བསྟན་ལ། ཨོཾ་ཨཱཧཱུྃ་མུཾ། བཛྲི་ཏིཥྛ། རྟེན་གྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་པར་གྱུར་པ་ལ། སླར་ཡང་མཆོད་བསྟོད་བྱ། བཅུ་གསུམ་པ་རྟེན་དགབ་པ་ནི། སྐུ་གཟུགས་ཀྱི་གནས་གསུམ་

(༧༠༩)དུ་དྲིའི་ཐིག་ལེ་བྱུག་ཅིང་ལས་སྔགས་བཟླ། རྡོ་རྗེས་རེག་ནས། བཛྲ་རཀྵ་ཧཾ། ཞེས་བསྲུང་བ་བྱ། གཙུག་ཏོར་འཁོར་ལོས་བསྒྱུར་བའི་དབྱིངས་སུ་སྲུང་བར་བསམ་ལ། ཨོཾ་བཛྲ་ཙཀྲ་ཝཱརྟི་བྷྲཱུྃ། ཞེས་མཚོན་བྱ་དར་སེར་པོས་དགག །ཆོ་གའི་རྗེས་ཆོག་རྣམས་དང་ཆོས་སྐྱོང་ལ་གཏོར་མ་བསྔོ། འཇིག་རྟེན་པ་རྣམས་ལ་ཆ་གསུམ་སོགས་བྱ་ཞིང་ཐུན་མཚམས་ཀྱི་རྣལ་འབྱོར་ལ་འཇུག་གོ། །གཉིས་པ་དངོས་གཞི་ལ་རྣམ་གྲངས་བཅུ་བདུན་ལས། དང་པོ་དཀྱིལ་འཁོར་སྒྲུབ་མཆོད། གཉིས་པ་བུམ་སྒྲུབ། གསུམ་པ་བདག་འཇུག །བཞི་པ་སྦྱོང་བ། ལྔ་པ་བཀྲུ་ཕྱི་རྣམས་སྟ་གོན་བཞིན་ལས་ཁྲུས་ཀྱི་བྱ་བ་ཉི་མ་འཆར་ཀ་དང་བསྒྲིག་གོ། །སྤྲོ་ན་འདིར་རིང་བསྲེལ་གཞུག་པའི་སྲོལ་ཡོད་དོ། །དེ་བཞིན་གཤེགས་པའི་རིང་བསྲེལ་དངོས་སམ། ཡང་ན་སརྦ་བིདྱཱ་སྭཱ་ཧཱ་དང་། རྟེན་འབྲེལ་སྙིང་པོ་གི་ཝང་དང་། གུར་གུམ་བསྲེས་པས་བྲིས་ལ་སྐུ་གཟུགས་ཀྱི་དབུ་དང་མཆོད་རྟེན་གྱི་བྲེལ་གདགས་པའམ་རྒྱབ་ཏུ་བྲི་བ་གང་བདེ་བྱའོ། །དྲུག་པ་གསོལ་བ་གདབ་པ་ནི། དུལ་ཞིང་གུས་པའི་ཚུལ་གྱིས་ལངས། སྤོས་དང་མེ་ཏོག །དད་པ་ནི་ཆོས་སྣང་བའི་སྒོ་སྟེ་དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པས། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་

(༧༡༠)བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་བཅུས་བརྒྱན་པ། ཡོན་ཏན་ཐམས་ཅད་ཀྱི་མངའ་བདག་རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ལ་ཕན་པ་བདེ་བའི་ཕྱིར་རྟེན་འདི་རྣམས་ལ་འབྱོན་པར་མཛད་དུ་གསོལ། །ཞེས་མེ་ཏོག་འཐོར་ཞིང་ཕྱག་འཚལ་བ་ལན་གསུམ། བདུན་པ་སེམས་བསྐྱེད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ནི་མགོན་མེད་རྣམས་ཀྱི་མ་གོ་ན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །གནས་མལ་འདོད་ལ་གནས་མལ་དང་། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཡིད་བཞིན་ནོར་དང་བུམ་པ་བཟང་། །རིག་སྔགས་གྲུབ་དང་སྨན་ཆེན་དང་། །དཔག་བསམ་གྱི་ནི་ཤིང་དག་དང་། །ལུས་

(༧༡༡)ཅན་རྣམས་ཀྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་པར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །འགྲོ་བ་ནད་པ་ཇི་སྲིད་དུ། །ནད་གསོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང་། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲེས་དང་སྐོམ་པའི་སྡུག་བསྔལ་བསལ། །མུ་གེའི་བསྐལ་པ་བར་མའི་ཚེ། །བདག་ནི་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །མདུན་དུ་ཉེ་བར་གནས་གྱུར་ཅིག །ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕོངས་པ་མེད་པར་གཏུང་བར་བྱ། །ཞེས་མེ་ཏོག་འཐོར། བརྒྱད་པ་རྟེན་བསྐྱེད་པ་དང་། དགུ་པ་ཡེ་ཤེས་པ་སྤྱན་དྲང་བ་དང་། བཅུ་པ་དགུག་གཞུག་རྣམས་སྟ་གོན་བཞིན་ནོ། །བཅུ་གཅིག་པ་དབང་བསྐུར་བ་ནི། དཀྱིལ་འཁོར་ཆེན་པོ་གང་ལ་བརྟེན་པ་དེའི་དབང་ཆོག་ལས་བྱུང་བ་ལྟར་ཤེས་པར་བྱ་

(༧༡༢)པའམ། མ་ནུས་ན། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས་མཆོད་ཅིང་བསྟོད་ལ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ལྷ་མོ་རྣམས་ཀྱིས་གདུགས་དང་བ་དན་ལ་སོགས་པ་བསྒྲེང་ཤིང་མཆོད་རྫས་ཀྱི་ཆར་འབེབས། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་ནས་རྒྱལ་ཚབ་ཀྱིས་ལ་མངོན་པར་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །རྣམ་རྒྱལ་བུམ་པ་བཏེགས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། ཁམས་གསུམ་པ་ཡིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་པ་སྦྱིན་པར་བྱ། ཧཱུྃ། གཟུགས་ཀྱི་

(༧༡༣)ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཨཱབཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། དབུ་རྒྱན་འཐུང་ལ། ཧཱུྃ། ཚོར་བའི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾརྡོ་རྗེ་བཟུང་ལ། ཧཱུྃ། འདུ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱི། །དཔལ་ལྡན་གསུང་གི་དབང་བསྐུར་རོ། །ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི དྲིལ་བུ་བཟུང་ལ། ཧཱུྃ། འདུ་བྱེད་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། །ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱ རྡོར་དྲིལ་སྤྱི་བོར་འཛིན་པས། ཧཱུྃ། རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་གཏི་མུག་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་བུདྡྷ་ཨཱ་བྷི་ཥིཉྩ་ཨོཾ། ཞེས་རིག་པའི་དབང་ལྔ་དང་། རྡོ་རྗེ་སློབ་དཔོན་གྱི་དབང་ནི། གནས་བྱའི་ལྷ་ཐམས་ཅད་རང་རང་གི་རིགས་ཀྱི་ཡུམ་དང་འཁྱུད་རྒྱ་བྱས་ནས། དམ་ཚིག་གསུམ་དང་དུ་བཞེས་པར་བསམ་

(༧༡༤)ལ། ཨོཾ་ཨཱཧཱུྃ། ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །སྣང་སྟོང་དབྱེར་མེད་འདི་བཟུང་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི། །ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས། །འགྲོ་ཀུན་རྗེས་སུ་བཟུང་བར་མཛོད། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་གསོར། ཨོཾ་བཛྲ་གཎྜེ་ཨ། ཞེས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རྭ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་འཁྱུད་རྒྱ་བྱ། སླར་ཡང་མཐའ་རྟེན་བུམ་པའི་ཆུས་དབང་བསྐུར་བ་ནི། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་དབང་གི་བྱ་བ་ལ་དགྱེས་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་གང་བ་ཡོ་བར་བཟུང་སྟེ་དབང་བསྐུར་བར་གྱུར། བཀྲ་ཤིས་ཆེན་པོའི་བུམ་པ་ནི། །བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ། །དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི། །དབང་མཆོག་དེ་ཡང་སྦྱིན་པར་བྱ། །ཨོཾ་རཏྣ་ཀརྨ་བྷུདྡྷ་ཀལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་བས་སྐུ་གང་དག་བྱ་མ་ལུས་པ་སྦྱངས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན། ནམ་མཁའི་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡེ་ཤེས་སེམས་དཔའི་རང་བཞིན་དུ་རྟེན་ལ་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར། གསང་དབང་ནི། དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་གྱི་སྦྱོར་

(༧༡༥)མཚམས་ནས་ཉི་ཟླ་བྱང་ཆུབ་སེམས་ཀྱི་སྤྲིན་རྡོ་རྗེའི་ལྗགས་ལ་སྤྲོ་བར་མོས་ལ། ཧཱུྃ། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམས་པར་བྱེད་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་ཁྱེད་ཀྱི་ལྕེ་ལ་བཞག །ཨ་ཧོ་མ་ཧཱ་སུ་ཁ་ཧོཤེས་རབ་ཡེ་ཤེས་ནི། འཁོར་ལོའི་དབང་ཕྱུག་གི་ཐུགས་ཀ་ནས་ཐར་པ་བསྟེན་པ་ལ་བསྐུལ་བའི་རིག་མ་གཟུགས་དང་ལང་ཚོའི་དཔལ་གྱིས་འབྱོར་པ་དུ་མ་བྱོན་ནས་གནས་བྱའི་ལྷ་ཚོགས་རྣམས་ཀྱི་པང་དུ་བྱོན་པས་དགའ་བཞིའི་ཡེ་ཤེས་ལ་རོལ་པ་མཛད་པར་བསམ་སྟེ། རིག་ཙག་གམ། དྲིལ་བུ་བཟུང་ལ། ཁྱེར་ཅིག་ཁྱེར་ཅིག་བདེ་བ་ཅན། །ཤེས་རབ་དམ་པ་འདི་ཡིན་ནོ། །ཁྱོད་ཀྱིས་ཡེ་ཤེས་བསྐྱེད་པར་བྱེད། །འདི་ལ་རྟག་ཏུ་རོལ་མོ་གྱིས། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དབང་བཞི་པ་ནི། རང་བཞིན་མེད་པའི་བདག་ཉིད་ཆེན་པོ་བྱང་ཆུབ་སེམས་ཀྱི་དབང་ལ་བསྐུར་བྱ་སྐུར་བྱེད་ཀྱིས་རྒྱུ་འབྲས་དག་པར་བསམ་ལ། ཆོས་རྣམས་ཐམས་ཅད་ནམ་མཁའི་ཁམས། །དངོས་པོ་མཚན་མ་ཀུན་ལས་འདས། །ནམ་མཁའ་བཞིན་དུ་ཡེ་གནས་ལ། །དེ་ལ་མཁས་པས་བཅོས་སུ་མེད། ཅེས་མཉམ་པར་གཞག །བཅུ་གཉིས་པ་མཆོད་པ་ནི། རྡོ་རྗེ་ལྷ་མོ་བཅུ་དྲུག་གིས་མཆོད། བཅུ་གསུམ་

(༧༡༦)པ་བསྟོད་པ་ནི། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །སོགས་དང་། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། སོགས། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་སོ། །བཅུ་གསུམ་པ་དབང་པོའི་སྐྱོན་བསལ་བ་ནི། དངུལ་སྣོད་དུ་མར་དགར་དང་སྦྲང་རྩི། ཀ་ར། ནིར་མ་ལི་ལ་སོགས་པའི་མིག་སྨན་སྦྱངས་བ་གསེར་ཐུར་གྱིས་བླངས་བ་ཐོགས་ལ། དཀྱིལ་འཁོར་གྱི་རྡུལ་ཚོན་ལས་ཅུང་ཟད་བླང་བའང་ཡོད། ཇི་ལྟར་མིག་མཁན་རྒྱལ་པོས་འཇིག་རྟེན་གྱི། །རབ་རིབ་གསེར་གྱི་ཐུར་མས་བསལ་བ་ལྟར། །སེམས་ཅན་རྣམས་ལ་གཟིགས་པ་ལྷུར་མཛད་ཕྱིར། །ཡེ་ཤེས་སྤྱན་མཆོག་སྲི་ཞུས་དབྱེ་བར་བྱ། ཨོཾ་ཙཀྵུཙཀྵུས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ལན་གསུམ། རྣ་དྲུད་ཐོགས་ལ། འོན་པ་ལྟ་བུའི་འགྲོ་བ་རྣམས། །ཆོས་ཀྱི་དུང་སྒྲས་སད་པའི་ཕྱིར། །རྒྱལ་བའི་སྙན་ནི་དབྱེ་བགྱིས་པས། །ལྷ་ཡི་རྣ་བ་ཐོབ་པར་ཤོག །ཨོཾ་དྭཱི་བྱ་ཀརྞ་ལ་སྭཱ་ཧཱ། རྨད་གཟེར་ཐོགས་ལ། གཟུང་འཛིན་དྲི་ཡི་བཞོན་པ་ལ། །བླང་དོར་ཆགས་པའི་འགྲོ་བ་རྣམས། །འཕགས་པའི་ཚུལ་ཁྲིམས་དྲི་བསུང་ལ། །སྦྱོང་ཕྱིར་ཤངས་ནི་དབྱེ་བར་བྱ། ཨོཾ་དྭཱི་བྱ་

(༧༡༧)གྷཱ་ཎཱ་ཡེ་སྭཱ་ཧཱ། ཐུར་དཔྱད་ཐོགས་ལ། འགྲོ་ཀུན་བརྗོད་པ་རྣམ་དག་པ། །རྡོ་རྗེའི་ལྗགས་ལ་དབང་ཐོབ་ཕྱིར། །ཡེ་ཤེས་ཞལ་མཆོག་དབྱེ་བགྱིས་པས། །ཆོས་ཀྱི་རོ་ཡིས་ཚིམ་པར་ཤོག །ཨོཾ་དྭཱི་བྱ་མུ་ཁ་ཡ་སྭཱ་ཧཱ། ཚེམས་ཤིང་ཐོགས་ལ། མཚན་དཔེས་འཁྱུད་པའི་ཐགས་བཟང་ཚེམས། །ཉེས་སྐྱོན་དྲི་མིས་མ་གོས་ཀྱང་། །མྱུ་གུ་གསར་པའི་ཚེམས་ཤིང་འདིས། །བསྐུར་སྟི་མཆོག་ལ་བརྩོན་པར་བགྱི། །ཨོཾ་དྭཱི་བྱ་དནྟྲ་ཡ་སྭཱ་ཧཱ། ཞེས་དང་། དེ་ལ་འདོད་ཡོན་ལྔས་མཆོད་པ་ནི། ཨོཾ་རཱུ་པ་པྲ་ཏཱིཙྪ་ཨཱཧཱུྃ། ཤཔྟ། གྷནྡྷེ། རཱ་ས། པརྴེ་པྲ་ཏཱིཙྪ་ཨཱཧཱུྃ། བཅུ་བཞི་པ་རྟེན་བསྒྱུར་བ་ནི། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཐལ་མོས་རྟེན་ལ་རེག་ཅིང་སེ་གོལ་གྱི་སྒྲས་མཚོན་པ་གནས་བྱའི་སྔགས་དང་། ཨོཾ་ཨཱ་ཧཱུྃ་སྭཱ་ཧཱ། ལན་གསུམ་བརྗོད་ལ། རིགས་ཀྱིས་མཚོན་པའི་ལྷ་རྣམས་ཡོངས་སུ་གྱུར་པ་ལས་སྐུ་གསུང་ཐུགས་ཀྱི་རྟེན་སོ་སོའི་རྣམ་པར་གྱུར། ཅེས་བརྗོད། བཅོ་ལྔ་པ་རབ་ཏུ་གནས་པ་ནི། རྟེན་ལ་གཟུངས་ཐག་བཏགས་པའི་སྣེ་མོ་སློབ་དཔོན་གྱིས་བཟུང་ལ། གནས་བྱའི་རྟེན་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་རྟེན་སོ་སོའི་རྣམ་པར་བྱོན་ནས་དེ་ལ་བཞུགས་པར་གྱུར། སྐུ་གཟུགས་ལ་སུ་པྲ་ཏིཥྛ་དང་། མཆོད་རྟེན་དང་

(༧༡༨)གཙུག་ལག་ཁང་ལ། ཨོཾ་ཧཱུྃ་ཧྲཱིབྷུ་ཁཾ་བཛྲཱི་བྷ་ཝ་དྲྀ་ཌྷ་ཏིཥྛ་བྷུ་ཁཾ་སྭཱ་ཧཱ། གསུང་རྟེན་ལ་གཉིས་ཀ་དང་། ཐུན་མོང་དུ། རྟེན་འབྲེལ་སྙིང་པོ་ཅི་མང་བཟླ། བྲིས་སྐུ་ཡིན་ན། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ལ་སོགས་པའི་རྒྱབ་ཡིག་གདབ། རྗེས་འབྲེལ་དུ་ཤིས་པ་བརྗོད་པ་ནི། སྔར་གཟུངས་བུམ་གྱི་ཆུས་བྲན་པའི་མེ་ཏོག་འཐོར་ཞིང་། བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་རྣམས་དྲུག་པོ་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་ཞིང་། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དཔང་དུ་མཛད་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། ཅེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཡེ་དྷརྨཱ་ཧེ་ཏུ་སོགས་བཟླ། བཅུ་དྲུག་པ་གསོལ་བ་གདབ་པ་ནི། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་སོགས་ཤློ་ཀ་གཉིས་པོས་མཆོད་དེ། རྟེན་གྱི་ཁྲིའམ། དེ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་ནས་བཟུང་སྟེ། ཐལ་མོ་སྦྱར་བས་བཏུད་དེ། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གིས་བསྐལ་པས་འཇིགས་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་

(༧༡༩)ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏག་བཅུ་བདུན་པ་མངའ་དབུལ་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ལ་མཆོད་པ་མངའ་དབུལ་བ་ནི། ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་དང་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་

(༧༢༠)བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་ཚིམས་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཅེས་དང་ད་བཞིན་དུ། བླ་ན་ཡོད་པའི་མཆོད་པ་རྣམས་བྲིས་འབུར་ཀྱི་རྣམ་པར་བཀོད་ལ་འབུལ་བ་ལས། མཎྜལ་དབུལ་རྗེས། དེའི་བཀོད་པ་གླིང་བཞིའི་རི་རབ་བཅས་ཕུལ་ལ། ཁོར་ཡུག་རིར་བཅས་བྱེ་བ་ཕྲག་བརྒྱའི་ཞིང་། །མ་ལུས་ཡོངས་བཀང་འདོད་དགུར་འབྱོར་པ་དང་། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་ཇི་སྙེད་ཀུན། །བློ་ཡིས་བླངས་ཏེ་ཐུབ་དབང་སྲས་བཅས་མཆོད། །སྟོན་ཀའི་མཚན་མོ་དཀར་བའི་རི་བོང་འཛིན། །གཟའ་བྲལ་རྒྱུ་སྐར་ཕྲེང་བས་བསྐོར་བ་དང་། ཉིན་བྱེད་འོད་སྟོང་དྭ་བས་མཛེས་འབར་བ། །གླིང་བཞིའི་འཇིག་རྟེན་རྒྱན་གྱུར་རྣམས་ཀྱིས་མཆོད། ཅེས་དང་། རིན་ཆེན་སྣ་བདུན་རྫས་བརྒྱད། ཉེ་བའི་རིན་ཆེན་བདུན་སོགས་ཕུལ་ལ། ༈བུམ་བཟང་དཔག་བསམ་ཤིང་དང་འདོད་འཇོའི་བ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་བརྒྱད་དང་། །ཉེ་བའི་རིན་ཆེན་བདུན་སོགས་རྒྱ་ཆེ་བས། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་མཆོད། རྟགས་བརྒྱད་

(༧༢༡)ཕུལ་ལ། ༈རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པའི་བཀྲ་ཤིས་རྟགས། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། ཞེས་དང་། ཏིང་ངེ་འཛིན་གྱིས་མཆོད་པ། ༈ །ལྷ་སོགས་འཇིག་རྟེན་ཀུན་ན་ཡིད་འོང་བའི། །གཞལ་མེད་ཁང་བརྩིགས་རིན་ཆེན་དྲ་བ་ཅན། །གླུ་གར་སིལ་སྙན་བསྟོད་དབྱངས་ཆར་འབབ་ཅིང་། །རྒྱན་མཆོག་བརྒྱ་ཕྲག་མངའ་བ་རྣམས་ཀྱིས་མཆོད། །རིན་ཆེན་རི་བོ་ནགས་ཚལ་པདྨོའི་ཚལ། །དད་མོའི་འགྲོས་ཀྱིས་གཉེར་བ་དེ་དག་དང་། །སྨན་སོགས་དྲི་ཞིམ་ངད་ལྡན་དཔག་བསམ་ཤིང་། །མེ་ཏོག་འབྲས་བུས་དུད་པའི་ཚོགས་ཀྱིས་མཆོད། །འདབ་སྟོང་གཡོ་བས་བུང་བ་བཟུང་བ་ཡི། །ལག་པའི་གདུ་བུ་ཀུ་མུ་དས་མཚན་ཤིང་། །སྤྲིན་བྲལ་ཉི་ཟླའི་ཟེར་གྱིས་རབ་ཕྱེ་བའི། །ཨུཏྤལ་ལ་སོགས་ཡིད་འོང་རྣམས་ཀྱིས་མཆོག །ཙན་དན་བསིལ་བའི་ཁ་ཡི་སྦུབས་བསྐྱོད་པའི། །དྲི་ཞིམ་བསེར་བུ་བདེ་བའི་ངད་རྣམས་དང་། །ཕུག་དང་བྲག་རིའི་སྨན་ལྗོངས་ཉམས་དགའ་བ། །ཆུ་བསིལ་རྫིང་བུས་གང་བ་རྣམས་ཀྱིས་མཆོད། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་

(༧༢༢)ནས་ཐུབ་དབང་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་འབུལ་ལགས་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་འདི་དག་བཞེས་སུ་གསོལ། ཞེས་སོ། །གཉིས་པ་བྱེ་བྲག་ནི་སྐུ་གསུང་ཐུགས་ཀྱི་རྟེན་སོ་སོ་ལ་འབུལ་བ་ལས། ཆགས་བྲལ་གྱི་རྣམ་པ་ཅན་ལ། འདྲེག་སྤྱད་ཕུལ་ལ། གཞོན་ནུ་ལང་ཚོགས་ར་པའི་མཐོན་མཐིང་ཡང་། །མཆོད་རྟེན་རྣམ་དག་དྲུང་དུ་སྤངས་གྱུར་པས། །ཁྱིམ་པའི་རྟགས་ལས་གྲོལ་བའི་འདྲེག་སྤྱད་ནི། །ཕུལ་བས་འགྲོ་ཀུན་ཁྱིམ་ལས་དབུགས་འབྱིན་ཤོག །ཨོཾ་སརྦ་ཤོ་དྷ་ན་ཥཙྪེ་ད་ཧཱུྃ། ཆོས་གོས་གསུམ་ཕུལ་ལ། ༈མཚན་བཟང་སྐུ་ཡི་ལྗོན་པས་ངུར་སྨྲིག་གི། །རྒྱལ་མཚན་གསར་པའི་ལྷབ་ལྷུབ་གཡོ་བ་ཅན། །བསླབ་གསུམ་དོན་དང་ལྡན་པའི་ཆོས་གོས་གསུམ། །ཕུལ་བས་འགྲོ་རྣམས་བརྟུལ་ཞུགས་དེར་གནས་ཤོག །ཨོཾ་དཱིྭ་བྱ་ཝསྟྲ་པ་ཎ་ཡེ་སྭཱ་ཧཱ། ཆུ་ཚགས་དང་ལྷུང་བཟེད་སོགས་ཕུལ་ལ། ༈ དྲང་སྲོང་མཆོག་ལ་འོས་པའི་ཉེར་སྤྱད་ནི། །བཻཌཱུ་རྱ་ཡི་ལྷུང་བཟེད་དམ་པ་དང་། །ཆུ་ཚགས་ལ་སོགས་ཕུལ་བས་འགྲོ་བ་ཀུན། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ཐོབ་པར་ཤོག །ཨཽ་ཨུ་པ་ཡོ་ཛྱ་ཏེ་པཱ་རི་སྐཱ་རཱ་ཡ་སྭཱ་ཧཱ། ལོངས་སྐུའི་རྣམ་པ་ཅན་ལ། དུང་གི་སོ་མངས་ཕུལ་ལ། ༈ མཐོན་མཐིང་གཡས་སུ་

(༧༢༣)འཁྱིལ་བའི་ཟུར་ཕུད་ཅན། །རིན་ཆེན་ནོར་བུའི་ཏོག་གིས་ལྷམ་པར་མཛེས། །སྐྱེ་དགུ་ཀུན་གྱིས་བལྟ་བས་མི་ངོམས་དེར། །སྐྱང་ནུལ་ཆོ་ག་གསར་པས་སྲི་ཞུ་བགྱིད། ཨོཾ་ཀཱ་མ་མལ་དྷ་ར་ལི་ཧཱུྃ། ཁ་དོག་སྣ་ཚོགས་པའི་ན་བཟའ་ཕུལ་ལ། ༈གང་ལ་རེག་ན་འཇམ་པའི་ལྷ་རྫས་ཀྱང་། །དབང་པོའི་ཚོན་གྱིས་འཁྱུད་པའི་སྣིག་སྒྱུ་ཡིས། །བར་སྣང་ཟ་འོག་གཅལ་དུ་བཀྲམ་པ་ལྟར། །འབར་བས་འགྲོ་ཀུན་བཟོད་པའི་གོས་ཐོབ་ཤོག །ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཕུལ་ལ། ༈རང་བཞིན་བལྟ་ན་སྡུག་པའི་མཚན་དཔེ་ལ། །བཅོས་མའི་རྒྱན་གྱིས་བརྒྱན་པར་མ་འཚལ་ཡང་། །དོ་ཤལ་དཔུང་རྒྱན་སེ་མོ་དོ་ལ་སོགས། ཁ་སྦྱོར་བདུན་གྱི་བདག་ཉིད་མཚོན་ཕྱིར་འབུལ། ཨོཾ་རཏྣ་ཨཱ་ལངྐཱ་རཱ་ཧཱུྃ། དེ་བཞིན་དུ་སོ་མངས། ཁབ་སྙུང་། ཆུ་གྲ་སོགས་ཕུལ་ལ། ༈བཟོ་གནས་ལ་སོགས་རིག་པའི་འཁྱུད་དཔྱད་ཀྱིས། །འཇིག་རྟེན་རྗེས་སུ་འཛིན་པ་སྟོན་པའི་ཕྱིར། །རྣམ་པ་སྣ་ཚོགས་ཉེར་སྤྱད་འདི་ཕུལ་བས། །སེམས་ཅན་རྨོངས་དང་ནད་ལས་ཐར་བར་ཤོག །ཨོཾ་ཨུ་པ་ཡོ་ཛྱ་ཏེ་པཱ་རི་སྐཱ་རཱ་ཡ་སྭཱ་ཧཱ། ཁྲོ་བོའི་སྐུ་རྣམས་ལ་དུར་ཁྲོད་ཆས་བརྒྱད་ཕུལ་ལ། ༈ །འཇིག་རྟེན་ན་ནི་དཔའ་བོ་ཡི། །མི་བསྲུན་ཚར་གཅོད་གོས་གྱོན་བཞིན། །སྔོན་ཚེ་

(༧༢༤)དཔལ་ཆེན་ཧེ་རུ་ཀས། །རུ་ཏྲ་བསྒྲལ་བའི་དཔའ་རྟགས་ནི། །ཐབས་མཁས་ཕྲིན་ལས་ཞིང་ཆེན་དང་། །ཁྱབ་པ་ཐུགས་རྗེ་གླང་པོའི་ཀོ། །དབང་སྡུད་སྟག་ལྤགས་ཤམ་ཐབས་གོས། །འདི་ཡང་དཔལ་གྱི་དམ་ཚིག་སྟེ། །འདི་ཡང་རྟགས་ཀྱི་ཕྱག་རྒྱར་ལོངས། ༈ །རྒྱལ་རིགས་དཀར་ཁྲའི་དབུ་རྒྱན་དང་། །རྗེ་རིགས་སེར་ཁྲའི་སྙན་ཆ་སྟེ། །བྲམ་ཟེ་དམར་སྐྱའི་མགུར་ཆུ་ཅན། །དམངས་རིགས་ནག་ཁྲའི་སྐ་རགས་དང་། །གདོལ་པ་ལྗང་ནག་གདུ་བུའི་རྒྱན། །འདི་ཡང་དཔལ་གྱི་དམ་ཚིག་སྟེ། །འདི་ཡང་རྟགས་ཀྱི་ཕྱག་རྒྱར་ལོངས། །ཐོད་པ་སྐམ་པོའི་དབུ་རྒྱན་དང་། །རློན་པའི་སེ་རལ་ཚལ་བུ་ནི། །དཔུང་རྒྱན་དག་ཏུ་དཔྱངས་པའོ། །འདི་ཡང་དཔལ་གྱི་དམ་ཚིག་སྟེ། །འདི་ཡང་རྟགས་ཀྱི་ཕྱག་རྒྱར་ལོངས། །དཔྲལ་བར་ཐལ་ཆེན་ཚོམ་བུ་དང་། སྨིན་དཔྲག་རཀྟའི་ཐིག་ལེ་སྟེ། །ཨོ་ཀོར་ཞག་གི་ཟོ་རིས་གདབ། །འདི་ཡང་དཔལ་གྱི་དམ་ཚིག་སྟེ། །འདི་ཡང་རྟགས་ཀྱི་ཕྱག་རྒྱར་ལོངས། །དེ་ནས་གདན་སོགས་ཕུལ་ལ། ༈པད་ཉི་དྲེགས་པ་ཁྱོ་ཤུག་གདན། །རུས་པའི་རྒྱན་དྲུག་ཕྱག་མཚན་དང་། །དུག་གསུམ་སྲེག་བྱེད་མེ་དཔུང་སོགས། །དྲག་པོའི་འདོད་ཡོན་མཐའ་ཡས་པས། །ཁྲོ་རྒྱལ་ཚོགས་ལ་བསྟི་

(༧༢༥)སྟང་བགྱི། གསུང་རྟེན་ལ། ཁྲི་དང་གླེགས་ཆབ་ན་བཟའ་སོགས་ཕུལ་ལ། ༈། སྣ་ཚོགས་དར་གྱིས་བཀབ་པའི་སེང་གེའི་ཁྲི། །ཐབས་དང་ཤེས་རབ་ལྗོན་པའི་གླེགས་བུ་ཟུང་། མཐའ་དག་གཅིག་ཏུ་བྱེད་པའི་སྐུ་ཆིངས་དང་། །ལྔ་ཕྲག་བརྩེགས་པའི་ན་བཟའ་དབུལ་བར་བགྱི། ཨོཾ་བཛྲ་པུསྟ་ཀ་ཨཱ་ས་ནཱ་ཝསྟྲ་ཡ་སྭཱ་ཧཱ། ཐུགས་རྟེན་ལ། སྲོག་ཤིང་དང་ཆོས་འཁོར་ཕུལ་ལ། ༈ །ཐུབ་པའི་ལུང་རྟོགས་བསྟན་པ་རིན་པོ་ཆེ། །ཡུན་དུ་གནས་ཕྱིར་སྲོག་ཤིང་དམ་པ་དང་། །འཁོར་ལོ་བརྩེགས་མ་ཕུལ་བས་འགྲོ་བ་ཀུན། །སྐུ་གསུམ་ཡེ་ཤེས་ལྔ་ཡི་གནས་ཐོབ་ཤོག །ཨོཾ་སརྦ་བིདྱ་དྷརྨཱ་དྷརྟུ་ཙཀྲ་སྭཱ་ཧཱ། ཅོད་པཎ་དང་འཕན་ཕུལ་ལ། ༈དྲན་པ་ཉེ་བར་གཞག་པ་ལ་སོགས་པ། །བྱང་ཆུབ་ཕྱོགས་ཀྱི་གྲགས་སྙན་མཐའ་དག་ཀུན། ཡེ་ཤེས་ལྔ་མཚོན་དར་གྱི་ཅོད་པན་དང་། །འཕུར་ལྡིང་གཡོ་བའི་བ་དན་འདིས་ཐོབ་ཤོག །ཨོཾ་པ་ཏི་ཀཱ་ལཾ་པཱ་ཡ་ཀུ་མ་དྷི་ར་དྷྭ་ཛ་སྭཱ་ཧཱ། གདུགས་དང་མེ་ཏོག་གི་ཕྲེང་བ་ཕུལ་ལ། འགྲོ་འདི་དཀོན་མཆོག་རིན་ཆེན་རྣམ་གསུམ་གྱི། །གྲིབ་བསིལ་ཉིད་དུ་བསྟི་དང་དབུགས་འབྱིན་ཕྱིར། །གདུགས་དང་མེ་ཏོག་ཕྲེང་བ་འདི་ཕུལ་བས། །འཁོར་བའི་ཚ་གདུང་གཏན་ནས་བཅིལ་བར་ཤོག །ཨོཾ་བྷྲ་མ་ཎཱ་ཡ་རཏྣ་མཱ་ལ་ཏྲཱཾ ཁྲི་གདན་ཁྱད་པར་བ་རྣམས་ཕུལ་

(༧༢༦)ལ། ༈ །སྟོབས་བཅུ་ལྡན་པ་གླང་པོའི་ཁྲི་མཆོག་དང་། །མི་འཇིགས་བཞི་ལྡན་སེང་གེ་རྫུ་འཕྲུལ་རྟ། །དབང་བཅུ་ལྡན་པའི་རྨ་བྱ་མཁའ་ལྡིང་སྟོབས། །འགྲོ་བའི་རེ་སྐོང་རིན་པོ་ཆེ་ཡི་སྟན། །ཆགས་པའི་སྐྱོན་བྲལ་པདྨ་ཉི་ཟླ་ནི། །རང་བཞིན་འོད་གསལ་རྣམ་པ་ཐམས་ཅད་པའི། །གདན་ཁྲི་ཕུལ་བས་འགྲོ་བ་མ་ལུས་ཀུན། །ཐེག་པ་ཆེན་པོའི་ལམ་ལ་གནས་པར་ཤོག །ཅེས་ཕུལ། གསུམ་པ་ཁྱད་པར་ཙཱ་རུའི་བཟའ་བས་མངའ་གསོལ་བ་ནི། ལྷ་བཤོས་གཙང་མ་དེ་ཉིད་ཆུས་བྲན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། རྟེན་གྱི་དྲུང་དུ་ཁྱོགས་ལ་བཏེག་ནས། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ་སོགས་ཀྱིས་ཕུལ། གྲུབ་ན་སྐབས་འདིར་རྒྱས་པའི་སྦྱིན་སྲེག་གི་ཆོ་གས་གནས་བྱའི་ལྷ་རྣམས་ཀྱི་ཡེ་ཤེས་སེམས་དཔའ་ཐབ་ཏུ་སྤྱན་དྲངས་ལ་དཀར་གསུམ་མངར་གསུམ་ཤིང་འབྲས་འོ་ཐུག་འབྲས་ཆན་གཙོ་བོར་གྱུར་པའི་སྲེག་རྫས་དང་ཙཱ་རུའི་ཆ་ཤས་ཀྱང་འབུལ་ཞིང་། གཤེགས་གསོལ་གྱི་ཚེ་སྤར་ཡང་རྟེན་གྱི་ཐུགས་ཀར་གཞུག་གོ། །ཇི་ལྟར་ཡང་། མཐའ་རྟེན་བཀྲ་ཤིས་ཀྱི་མངའ་གསོལ་ནི། ཡེ་དྷརྨཱ་སོགས་དང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་འདབ་མ་རྒྱས་པའི་སྤྱན་མངའ་བ། །བཀྲ་ཤིས་དང་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་

(༧༢༧)ཡི་ཉེ་བར་བརྟེན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །བཀྲ་ཤིས་གཉིས་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་ཕྱོགས་ལས་གྲོལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་ལེགས་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་གྱུར་པའི། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་བརྩོམ་པ་དང་། །མཉམ་

(༧༢༨)པར་འཇོག་ཅིང་གནས་ལུགས་རྟོགས་གྱུར་པའི། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྣམ་པར་སྣང་མཛད་རྒྱལ་བ་མི་བསྐྱོད་པ། །རིན་ཆེན་འབྱུང་ལྡན་སྣང་བ་མཐའ་ཡས་དང་། །དོན་ཡོད་གྲུབ་ཅེས་རིགས་ལྔའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བདེ་ཆེན་རྣམ་དག་ཆོས་དབྱིངས་གང་ཆེན་མཚོ། །མཁའ་འགྲོ་རིགས་ལྔ་ཡེ་ཤེས་སྤྲིན་འཕྲོ་བ། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་ཞིང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གསུམ་པ་རྗེས་ཀྱི་བྱ་བ་ལ་བཅུ་ལས། །དང་པོ་གཏོར་མ་གཏོང་བ་ནི། ཕྱོགས་སྐྱོང་དང་འབྱུང་པོ་སྤྱི་ལ་ཕྱི་རོལ་དུ་ཆ་གསུམ་གྱི་ཆོ་གས་བསྔོ། འདས་གཏོར་དང་། ཆོས་སྐྱོང་རྣམས་ཀྱི་སྐོང་བ་ཅི་ནུས་བྱའོ། །གཉིས་པ་སྲུང་མ་བསྒོ་བ་ནི། གནས་གཞི་དེའི་སྲུང་མ་དང་། སྒོས་སུ་གཉེར་གཏད་དམིགས་བསལ་ཡོད་ན་དེའི་གཏོར་མ་ཟུར་དུ་བཤམས་པ་ཕུལ་ལ། རྡོ་རྗེ་བཀའ་ནན་གྱི་རྒྱ་བཅིངས་ཏེ། བཛྲ་རཀྵ་ཧཾཞེས་དང་། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊཅེས་དམ་ལ་བཞག །རྡོ་རྗེའི་ཆོས་སྐྱོང་ཆེ་གེ་མོ། ་མ་མགོན་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་རྟེན་འདི་རྣམས་ཀྱི་སྲུང་མ་དང་ཡོན་བདག་གྱིས་ལ་འདི་དག་དངོས་དང་དཀོར་ཆ་ལ་མི་བསྲུན་པར་བགྱིད་པ་རྣམས་ལ་ཆད་པས་གཅོད་ཅིང་སྲུང་བ་དང་སྐྱོང་བའི་ཕྲིན་ལས་རྒྱུན་མི་

(༧༢༩)འཆད་པར་མཛོད་ཅིག །ཅེས་གཉེར་གཏད་བྱའོ། །གསུམ་པ་དཀྱིལ་འཁོར་གྱི་ལྷ་ལ་གཏང་རག་གི་མཆོད་བསྟོད་ནི། ༈མེ་ཏོག་སྤྲིན་མཛེས་ལྡིང་ཁང་མཛེས་འབར་བ། །སྤོས་དང་སྨན་སྦྱར་བདུད་རྩིའི་སྤྲིན་ཕུང་དང་། །གཟི་ལྡན་སྒྲོན་མེ་ཞལ་ཟས་རོལ་མོའི་སྤྲིན། །བསྟོད་དབྱངས་ཡན་ལག་རྒྱ་མཚོའི་སྤྲིན་གྱིས་ མཆོད་ཕྲེང་རིང་བའམ། མཆོད། །ཅེས་དང་། དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་མཆོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་རོལ་མོ་བྱ། བཞི་པ་ནོངས་བཤགས་ནི། བརྗོད་མེད་དོན་བཤགས་དང་། ཁྱད་པར་ཆོ་གའི་བྱ་བ་ནོངས་པ་ལ་དམིགས་ཏེ་ཐལ་མོ་སྦྱར་ནས། ༈ །རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་ཀྱིས། །གང་དག་ཆོག་མ་ཚང་བ། །དེ་དག་བཟོད་པར་མཛད་པའི་རིགས། །དབྱངས་གསལ་ལ་ཡིག་བརྒྱ་སྤེལ་བ་ཚར་གསུམ་བརྗོད། གྲུབ་ན་ཞི་བའི་སྦྱིན་སྲེག་ཀྱང་བྱའོ། །ལྔ་ལ་ཡོན་བདག་བསྒོ་བ་ནི། སློབ་དཔོན་གྱི་མདུན་དུ་བཀྲ་ཤིས་པའི་རྫས་རྣམས་འདུ་བྱ། དེ་དང་ཉེ་བར་སྟན་བཟང་པོ་མེ་ཏོག་གི་

(༧༣༠)ཚོམ་བུ་ཅན་ལ་ཡོན་བདག་གོས་རྒྱན་བཟང་པོ་བྱས་ལ་འཁོད། །ཉེ་ལོགས་སུ་རྟེན་ལ་འབུལ་རྒྱུའི་མཆོད་པ་སྣ་ལྔ་ཡང་བསྡོགས། དཔོན་སློབ་ཡོན་བདག་བཅས་པར་ཙཱ་རུའི་བཟའ་བའང་འགྲིམས་ཤིང་། ༈ བདེ་གཤེགས་ལྷག་མ་འདི་དག་ནི། །གསོལ་ཞིག་སྡིག་པ་བྱང་བར་འགྱུར། ཞེས་དང་། ཁྱེད་ཀྱིས་ངལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པར་རབ་གནས་པར། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་བྱོས། །གུས་དང་སྲི་ཞུ་ཡང་དག་གྱིས། །ཡོན་གནས་མཆོག་ལ་བསྙེན་བསྐུར་བའི། །བསོད་ནམས་དེ་ནི་བརྗོད་མི་ལངས། །རྣམ་པར་གཟིགས་ལ་སྲན་རྡོག་བདུན། །ཕུལ་བས་གཞོན་ནུ་ང་ལས་ནུ། །འཁོར་ལོས་སྒྱུར་རྒྱལ་གྱུར་ལ་ལྟོས། །དེ་བཞིན་སྟོན་པས་འཇམ་དཔལ་ལ། །ང་ཡི་འཁོར་ནི་རྣམ་བཞི་ཡིས། །ད་ལྟ་ང་ལ་མཆོད་བྱས་དང་། །མ་འོངས་པ་ན་དད་པ་ཡིས། །གཟུགས་བརྙན་རྣམས་ནི་མཆོད་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །ཞེས་གསུངས་སྙིང་ལ་ཡང་དག་ཟུངས། ཞེས་བསྒོས་པའི་དེ་མ་ཐག་པར་ཡོན་བདག་གིས་བྱང་སྔར་བཤམས་པའི་མཆོད་པ་རྣམས་ལག་བསྟར་དེ་རྟེན་ལ་དབུལ་ཞིང་ཕྱག་བྱས་ནས་སྟན་ལ་འཁོད། དྲུག་པ་བཀྲ་ཤིས་པར་བྱ་བ་ནི། ལས་བུམ་གྱི་

(༧༣༡)ཆུས་རྫས་དང་ཡོན་བདག་ལ་འཐོར་བས་བགེགས་བསྐྲད། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བཀྲ་ཤིས་པའི་རྫས་བརྒྱད་སོ་སོའི་བྱེད་ལས་གྲུབ་པའི་རྣམ་པ་དང་། ཡོན་བདག་ཀྱང་གནོད་སྦྱིན་གྱི་སྡེ་དཔོན་ཛམ་བྷ་ལར་གྱུར་པར་བསམ་ལ་མེ་ཏོག་འཐོར་ཞིང་། དཔའ་བོ་ཆེན་པོ་གང་སྐྱེས་པར། །ཕུན་ཚོགས་དོན་ཀུན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །གང་ཞིག་སྐྱེས་བས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཏེ། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པ་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱོད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམ་པ་ཡིས། །ཁྱོད་ཀྱི་འདོད་དོན་གང་ཡིན་པའི། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་གཏོར་ནས་བཀྲ་ཤིས་ཀྱི་རྫས་རེ་རེ་བཞིན་ཡོན་བདག་ལ་གཏོད་ཅིང་། ༈ །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་པ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་

(༧༣༢)དག་གྱུར་ཅིག ༈ །གི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག ༈ །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་ཡི། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །དཱུ།།།ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་འདི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་བར་ཤོག ༈ །བི་ཝ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག ༈ དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག ༈ །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པས། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག ༈ །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་

(༧༣༣)ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡིས། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །ཅེས་པའི་མཐར་ཡོན་བདག་གིས་རྟེན་ལ་འབུལ་ཚུལ་བྱ་ཞིང་། དེར་འཁོད་ཐམས་ཅད་ཀྱིས་ཀྱང་རེག་ནས་མཐར་ཡོན་བདག་ལ་གཏད་དོ། །འདིར་རྫས་བཤད་ཡོངས་སུ་གྲགས་པ་ལྟར་སྤྲོ་ན་དེ་ལྟར་བགྱིད་ཅིང་། དེ་ལྟ་ནའང་ཁྱེའུ་བཀྲ་ཤིས་ཀྱི་རྩྭ་ནི་དཱུ།།།ཡིན་པ་མདོ་ལས་མ་མཐོང་། དེ་བཞིན་དུ་མ་སྐྱེས་དགྲའི་གླང་པོ་ནོར་སྐྱོང་ལྷས་བྱིན་གྱིས་སྟོན་པ་ལ་རྦད་པས་སྟོན་པའི་བྱིན་རླབས་ཀྱིས་དེའི་སེམས་ཉེ་བར་ཞི་བ་ལ་སོགས་པ་བཤད་པ་བྱེ་བྲག་པས་སྐབས་ཕྱེད་པ་སྨྲ་བ་ཡོད་ན་ལེགས་སོ། །བདུན་པ་རྟེན་ལ་མཆོད་པ་ནི། ༈དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །མཆོད་པ་བླ་མེད་རྒྱ་ཆེན་རྣམས་ཀྱིས་མཆོད། །མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང་། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་དེ་དག་མཆོད། །མེ་ཏོག་སྤོས་དང་མར་མེ་ཞལ་ཟས་ཆུ། །བླ་བྲེ་འཕན་ལྡིང་གདུགས་དང་རོལ་མོའི་སྒྲ། །རྒྱལ་མཚན་རྔ་ཡབ་རྫ་རྔ་ལ་སོགས་དང་། །ལུས་དང་ལོངས་སྤྱོད་མཁོ་དགུའི་ཡོ་བྱད་ཀྱིས། །འགྲོ་བའི་བླ་མ་དཀོན་མཆོག་སྲས་བཅས་མཆོད། །དམ་ཆོས་དཀོན་མཆོག་ཐམས་ཅད་

(༧༣༤)དང་། མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པ་འབའ་པར་ཤོག །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་མཆོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་སྨོན་ལམ་ཀྱང་གདབ་བོ། །བརྒྱད་པ་དགའ་སྟོན་བྱ་བ་ནི། ཚོགས་ཀྱི་འཁོར་ལོ་ཚིམས་པ་དྲུག་ལྡན་དུ་བསྐོར་ཞིང་། གཞན་ཡང་ཡོན་གནས་མཆོག་དམན་ཐམས་ཅད་ལ་བཟའ་བཏུང་གི་རྙེད་པས་ཚིམ་པར་བྱ། སློབ་དཔོན་དང་བཟོ་དེའི་གྲོགས་སུ་གྱུར་བ་རྣམས་ལའང་དྲིན་དུ་གཟོ་བའི་བསྟི་སྟང་དང་རོལ་མོར་བགྱིད་པས་མཚོན་དགའ་སྟོན་རྒྱ་ཆེན་པོ་བགྱིད་པར་བཤད་པ་ཡིན་ནོ། །དགུ་པ་བསྔོ་བ་ནི། ནང་པ་སངས་རྒྱས་པའི་ཁྱད་ཆོས་ཏེ་ལས་དོན་ཡོད་པར་བྱས་པའི་ཆེད་དུ་བཟང་པོ་བཞི་ལྡན་གྱི་བསྔོ་བའང་ཁྲི་བརྒྱད་སྟོང་པར། །ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དང་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་པ་དེའི་ཚེ་ཐར་བའི་གྲོང་ཁྱེར་དུ་འཇུག་པར་འགྱུར་རོ། །ཞེས་གསུངས་པས་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བས་རྒྱས་གདབ་ཅིང་སླར་ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད། བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྣམ་དག་ཀྱང་གདབ་བོ། །བཅུ་པ་ལས་ཀྱི་རྗེས་ཆོག་ནི། རྡུལ་ཚོན་གྱི་ཆོ་ག་དང་འབྲེལ་ན་དེའི་བྱ་བ་སོགས་མཐའ་རྒྱས་རྣམས་དཀྱིལ་འཁོར་གྱི་ལས་གཞུང་བཞིན་དུ་བྱ་བ་ཡིན་ནོ། །དེ་ལྟར་དངོས་སྟ་ཉིན་གཉིས་པའི། །རབ་གནས་

(༧༣༥)ཉིན་ཞག་མང་སྤྲེལ་ན། །ཐོག་མའི་ཉི་མ་གཉིས་པ་ཡིས། །དངོས་གཞིའི་བརྟན་བཞུགས་གསོལ་གདབ་རྗེས། །ཕྱི་དྲོ་སྟ་གོན་ཆོ་ག་བྱ། །དེ་ལྟར་སྦྲེལ་ནས་ཉིན་ཐ་མར། །སྟ་གོན་གྱི་ནི་མལ་དག་ཏུ། །མངའ་དབུལ་ལ་སོགས་རྗེས་ཆོག་རྣམས། །དཀྱུས་སུ་བྱས་པས་འགྲུབ་པ་ཡིན། །ཉིན་ཆོག་ལ་ནི་བུམ་པ་གསུམ། །བཀོད་ལ་དཀྱིལ་འཁོར་བསྒྲུབ་མཆོད་དང་། །རྟེན་སྤྱོད་བཀྲུ་ཕྱི་བསྐྱེད་སྤྱན་དྲངས། །དགུག་དང་རྒྱས་གདབ་སོང་བའི་རྗེས། །དངོས་གཞིའི་དབང་བསྐུར་མཆོད་བསྟོད་དང་། །སྤྱན་དབྱེ་རྟེན་བསྒྱུར་རབ་གནས་སོགས། །གཙོ་ལས་ཁྲུས། །དཀྱུས་བཞིན་བྱས་པས་ཚང་བའོ། །ཤིན་ཏུ་བསྡུ་ན་བསྐྱེད་བཟླས་མཐར། །བགེགས་བསྐྲད་དམ་ཚིག་བསྐྱེད་སྤྱན་དྲངས། །དགུག་གཞུག་རྒྱས་གདབ་དབང་བསྐུར་དང་། །སྤྱན་དབྱེ་མཆོད་བསྟོད་བརྟན་བཞུགས་མཐར། །ཤིས་པ་བརྗོད་པས་འགྲུབ་པ་སྟེ། །མདོ་ལུགས་རྟེན་འབྲེལ་རབ་གནས་ལས། །སྔགས་ཀྱི་ཆོ་ག་འདི་ཡང་འཕགས། །སྤྱིར་ནི་རྟེན་བསྐྱེད་དགུག་བསྟིམ་དང་། །དབང་བསྐུར་བརྟན་བཞུགས་བཞི་པོ་འདི། །རབ་གནས་ཉིད་ཀྱི་ངོ་བོ་ཡིན། །དེ་ལ་ཡི་གེ་ནོང་བའི་ཕྲེང་། །མང་དུ་མཐོང་བས་འདི་བྱས་སོ། །ཅིའི་སླད་ཞེ་ན་སྟོན་པའི་བཀས། །དེ་ཕྱིར་སངས་རྒྱས་མ་བྱོན་པའི། །ཞིང་ན་སྐུ་གཟུགས་ཡོད་མིན་ཞིང་། །མཐའ་འཁོབ་ཀླ་ཀློ་རྣམས་ན་མེད། །བསྟན་པ་ནུབ་ན་ཡོད་མིན་ཞིང་། །མུ་སྟེགས་བྱོལ་སོང་སོགས་མི་མཐོང་། །དེ་ཕྱིར་སྐུ་གཟུགས་སྤྲུལ་པ་ཡིན། །ཞེས་གསུངས་དེ་ལ་རབ་གནས་པའི། །ཕན་

(༧༣༦)ཡོན་བསམ་གྱིས་མི་ཁྱབ་ཀྱང་། །ཆོ་ག་ནོར་ན་ནོངས་པའི་ཚུལ། །རྒྱུད་ལ་བཤད་པ་སྔར་སྨོས་ཤིང་། །ཇི་བཞིན་གྲུབ་པའི་ཕན་ཡོན་ནི། །རྒྱ་ཆེར་བཤད་མོད་གསང་སྙིང་ལས། །ས་ལ་སོགས་ལས་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉམས་མིན། །ཞེས་གསུངས་སོ། །རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འདོད་འཇོ་ཞེས་བྱ་བ། རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ནུབ་པར་བྱ་བའི་རྟེན་འབྲེལ་དང་། སེམས་ཅན་རྣམས་ཀྱི་བསོད་ནམས་རྒྱ་ཆེན་པོ་འཕེལ་ཞིང་། འཇིག་རྟེན་བདེ་བའི་ཆེད། །བཀྲ་ཤིས་སྲོང་བཙན་པ་བསོར་རྟེན་བཞེངས་ཀྱི་རིམ་པ་བགྱིས་པའི་ཚེ་རིག་པ་འཛིན་པ་མཁྱེན་བརྩེའི་ལྷས་སྦྱར་བའོ། །


no previousno next