Nitartha Digital Library
Tibetan
 
previousཤོག་ལྷེབ་ ༡ ནས་ ༡༠༠་བར།next

ཤོག་ལྷེབ་ ༡ ནས་ ༡༠༠་བར།


JLAZ003_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རིན་པོ་ཆེའི་མཛོད་ལས་འབྲས་བུའི་ཐེག་པའི་རྒྱ་ཆེར་འགྲེལ་རྣམ་མཁྱེན་ཤིང་རྟ་ཞེས་བྱ་བ་བཞུགས། །


JLAZ003_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ལྟར་ལེའུ་དགུ་བ་ཡན་གྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པའི་རིམ་པ་སྐྱེས་བུ་གསུམ་གྱི་ཉམས་སུ་བླང་བྱར་གཏན་ལ་ཕབ་ནས། ད་ནི་དབང་པོ་ཤིན་ཏུ་རྣོན་པོའི་དོན་དུ་འཇིག་རྟེན་ན་རྙེད་པར་དཀའ་བ་གསང་སྔགས་རྡོ་རྗེའི་ཐེག་པ་བཤད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔགས་ཀྱི་ཐེག་པ་ལ། །འབྲས་བུའམ་ནི་རྡོ་རྗེའི་ཐེག་པ་དང༌། ཐབས་ཀྱི་ཐེག་པ་རིག་པ་འཛིན་པ་ཡི། །སྡེ་སྣོད་ཅེས་གྲགས་རྒྱུ་ལས་ཁྱད་པར་འཕགས། །ཞེས་སྨོས་ནས་སྤྱིར་སེམས་ཅན་གྱི་བློ་དང་འདུ་ཤེས་ཀྱི་རྗེས་སུ་འགྲོ་བའི་ཐེག་


JLAZ003_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་དབྱེ་བསམ་གྱིས་མི་ཁྱབ་ཀྱང་མདོ་སྡེའི་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །ཞེས་ཐེག་པ་མཆོག་དམན་གྱི་སྡེ་སྣོད་གཉིས་སུ་བསྡུ་བ་ལས། འདིར་ཐེག་པ་ཆེན་པོའི་གདུལ་བྱ་དབང་པོ་ཤིན་ཏུ་རྣོན་པོའི་རིགས་ཅན་གཉིས་ཡོད་པའི་གཉིས་ཀའང་སྙིང་རྗེ་ཆེན་པོའི་གཞན་དབང་ལས་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འདོད་པར་གཅིག་པས་བྱང་ཆུབ་སེམས་དཔའི་ཐེག་པར་འདུ་བའི་ཚུལ། ཐེག་པ་ཆེན་པོའི་ཚུལ་བསྒྲུབ་པ་ལས། ཐེག་པ་ཆེན་པོ་རྣམ་གཉིས་ཏེ། །ཕ་རོལ་ཕྱིན་དང་གསང་སྔགས་


JLAZ003_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཞེས་དང༌། བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ཡང་གཉིས་ཏེ། ས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། གསང་སྔགས་འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་སོ། །དེའང་འབྲས་བུའི་ཐེག་པར་གང་གིས་བཞག་ན། གཞན་དག་འདིར་འདོང་བ་ནི་འབྲས་བུ་དང༌། འདིས་འདོང་བ་ནི་རྒྱུའི་ཐེག་པར་འདོད་ཀྱང་འདིར་རྒྱུ་མཚན་ཉིད་ལས་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ས་བོན་དུ་ཡོད་པ་ཙམ་ཚོགས་གཉིས་ཀྱི་རྐྱེན་ལས་གོང་འཕེལ་དུ་སོང་ནས་སངས་རྒྱས་ཐོབ་པར་འདོད་ཅིང༌། རྒྱུ་འབྲས་སྔ་ཕྱིར་འབྲེལ་བས་རྒྱུའི་ཐེག་པ་ཞེས་བྱ་ལ། སྔགས་སུ་སྙིང་པོ་དེ་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་ལྷུན་གྱིས་གྲུབ་ཅིང༌། ཡོན་ཏན་བརྒྱད་ཆས་མ་ཚང་བ་མེད་པར་ཡོད་པའི་སྦྱང་གཞི་ཉི་མ་ལྟ་བུ་དེ་ཉིད་ལ། སྦྱང་བྱ་འཁོར་བའི་རང་བཞིན་ཚོགས་བརྒྱད་ཀུན་གཞི་དང་བཅས་པའི་འདུས་བྱས་ཀྱི་སེམས་གློ་བུར་པ་སྤྲིན་དང་འདྲ་བས་གཏུམས་པ་ཉིད། སྦྱོང་བྱེད་དབང་དང་བསྐྱེད་རྫོགས་ཀྱི་ལམ་ནས་གཞལ་མེད་ཁང་དང༌། ལྷའི་ཕྱག་རྒྱ་དང༌། མཆོད་བསྟོད་བསྙེན་པ་དང༌། སྣོད་བཅུད་སྦྱོར་བའི་མཛད་པ་ཡོངས་སུ་དག་པ་བཞིས་བསྒོམས་པས་གློ་བུར་གྱི་དྲི་མའི་དག་བྱ་མཐའ་དག་སྦྱངས་ནས་གནས་སྐབས་ཀྱི་


JLAZ003_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རྣམས་དང༌། མཐར་ཐུག་གི་སྦྱངས་འབྲས་རང་ངོའི་ཡོན་ཏན་ཅི་ཡིན་པ་མངོན་དུ་གྱུར་པ་སྟེ། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ལ་ནི་སངས་རྒྱས་ཉིད། །ཅེས་སོ། །དེ་བས་ན་རྒྱུ་མཚན་མེད་པའི་རྣམ་གྲངས་ཙམ་གྱིས་ཕྱེ་བ་མ་ཡིན་པར་ཚད་མས་དྲངས་པའི་འབྲས་བུ་ལ་ལམ་དུ་བྱེད་པས་འབྲས་བུའི་ཐེག་པ་ཞེས་བྱ་སྟེ་གསང་བ་ལུང་བསྟན་པའི་མདོ་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་བུའི་ཐེག་པ་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་དང༌། དེ་བཞིན་དུ་སྙིང་པོའི་རང་བཞིན་འགྱུར་བ་མེད་ཅིང་གང་གིས་ཀྱང་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་པས་ཀྱང་རྡོ་རྗེའི་ཐེག་པ་བླ་ན་མེད་པར་བཞག་པ་སྟེ་དྲི་མེད་འོད་ལས། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ་དེ་ཉིད་ཐེག་པ་ཆེན་པོ་ཡིན་པས་རྡོ་རྗེའི་ཐེག་པ་སྟེ། སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ། །ཞེས་སོ། །དེའང་གང་ཟག་འདོད་ཡོན་གྱི་གདུང་བ་ཤས་ཆུང་བའམ། གདུང་ཀྱང་སྙིང་རྗེ་ཆེན་པོའི་གཞན་དབང་གི་གཉེན་པོས་བསྒྱུར་ནས་མི་འཆིང་ཞིང་


JLAZ003_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བར་འདོད་པ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་གསུངས་ཤིང༌། དེ་ལྟར་མི་ནུས་པ་རྣམས་ལ་ཐབས་ཀྱི་ཆ་ཤིན་ཏུ་མང་ཞིང་འདུས་ལ་ཟབ་པ་གསང་སྔགས་ཀྱི་རིམ་པ་གསུངས་པས་ཐབས་ཀྱི་ཐེག་པ་ཞེས་བྱ་སྟེ་སྙིང་པོའི་རྒྱུད་ཕྱི་མ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་དང༌། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་སོ། །ཡང་གདུལ་བར་བྱ་བ་དང་མཚན་གཞིའི་སྒོ་ནས་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་ཅེས་བྱ་སྟེ། བསླབ་པ་གསུམ་ག་སྟོན་པའི་ཁྱད་གཞི་ཅན་དུ་ཡོད་པས་ན་དཔུང་བཟང་ལས། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཞེས་པའི་དོན་སྒྲ་ཇི་བཞིན་པ་ནི་བསྟན་པ་ཐམས་ཅད་སྔགས་ཀྱི་ལམ་དུ་སྟོན་པ་ཀུན་འདུས་རིག་པའི་མདོ་ལ་སོགས་པར་དགོངས་པ་སྟེ། གཞན་ཡང་རྣམ་འཇོམས་ལས། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །ཞེས་དང༌། ལྭ་ཝ་པས་མདོ་སྡེ་རྟོག་པའི་རྒྱུད་ཅེས་དང༌། དེ་བཞིན་དུ་མ་རྒྱུད་ལ་ཤེས་རབ་ཀྱི་མདོ་ཞེས་ཀླུ་བྱང་དང་ཟླ་བ་གྲགས་པས་བཤད་པ་བཞིན་ཐ་སྙད་དེར་སྨོས་པ་ཡང་ཡོད་པས་ན་འཕགས་པ་ལྷས་ཀྱང༌། རིག་པ་འཛིན་པའི་སྡེ་སྣོད་དོ། །


JLAZ003_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྡེ་སྣོད་བཞི་པར་ཡང་ཕྱེའོ། །འདི་དག་གི་ཚུལ་རྒྱས་པ་ལོག་རྟོག་སེལ་བ་དང་བཅས་པ་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་ལ་བཀོད་ཟིན་ཏོ། །དེ་ལ་གསང་སྔགས་སྤྱིའི་མཚན་གཞི་དང་ཁྱད་ཆོས་སྟོན་པའི་ཚུལ། རྒྱུན་ཆགས་ངོས་ནས་གཞི་ལམ་འབྲས་བུའི་རྒྱུད། །རིམ་གཉིས་ལ་བརྟེན་ཐབས་དང་ཤེས་རབ་འབྲེལ། །དཀའ་ཐུབ་མཐུ་ཡིས་མི་གདུང་འཇུག་སྒོ་ཡངས། །དབང་པོ་རྣོན་པོའི་དབང་བྱས་བརྟུལ་ཞུགས་མྱུར། །ཞེས་སྨོས་ནས། དེ་ལ་ཐོག་མར་རྒྱུད་ཅེས་བྱ་བའི་སྒྲ་ནི། ཏནྟྲ་པྲ་ས་ན་ཏ་ཞེས་བྱ་སྟེ། སྔགས་རྒྱུད་རྣམས་ཞི་བ་ལ་སོགས་པའི་ལས་ཕྲ་མོ་བསྒྲུབ་པའི་ཆོ་ག་དང༌། མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་ཐུན་མོང་གི་དངོས་གྲུབ་ཆེན་པོ་བསྒྲུབ་པའི་ཆོ་ག་དང༌། རང་བཞིན་ཡོངས་ཤེས་མི་གནས་པའི་མྱ་ངན་ལས་འདས་པ་བསྒྲུབ་པའི་ཆོ་གའི་བྱེ་བྲག་ཏུ་གྱུར་པ་རྩ་བ་དང་ཉེ་བའི་སྙིང་པོ་ལ་སོགས་པའི་སྔགས་དང༌། དེ་དག་གི་དཀྱིལ་འཁོར་དང༌། ཕྱག་རྒྱ་དང༌། མཆོད་པ་དང༌། སྦྱིན་སྲེག་དང༌། ཕྲིན་ལས་དང༌། བརྟུལ་ཞུགས་ལ་སོགས་པ་རྒྱུད་ཀྱི་དངོས་པོའི་ཆོ་ག་སྣ་ཚོགས་དང་འབྲེལ་བས་ཀྱང་རྒྱུད་ཅེས་བྱའོ། །དེ་དག་ནི་རྒྱུད་སྤྱིའི་མཚན་བསྟན་པ་སྟེ་ཁྱད་པར་གྱི་མཚན་ནི་འདུས་


JLAZ003_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མ་ན་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱི་བསྲུང་བ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་མནྟྲ་ལ་མ་ན་ནི་ཡིད། ཏྲ་ནི་སྐྱོབ་པས་ན་སྔགས་ཞེས་པའམ། རྣམ་གྲངས་གཞན་ཡང་མ་ན་དང༌། ཏྲ་ཡའི་སྒྲ་དེ་ཉིད་ཤེས་པ་དང་སྙིང་རྗེ་ལ་དྲངས་པ་ལྟ་བུས་མཚོན་མཐའ་གཅིག་ཏུ་མི་གནས་པ་ཤེས་པར་བྱའོ། །དེ་ལྟར་སྔགས་དེའི་ཀླད་དུ་གསང་བའི་སྒྲ་ཞུགས་པའི་དོན་ནི། རྟོགས་པར་དཀའ་བ་དང་རྟོགས་སུ་མི་རུང་བ་ལ་འཇུག་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དམ་པར་གྱུར་པས་སྐལ་བ་མེད་པ་དང་བློ་མ་སྦྱངས་པ་དག་གིས་རྟོགས་པར་དཀའ་བས་གསང་བ་དང༌། འཇིག་རྟེན་པ་དང་ཐེག་པ་འོག་མ་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་རུང་བས། གསང་བར་བྱ་ཞིང་སྦས་ན་འགྲུབ་པ་ཡིན་པའི་ཕྱིར་ཡང་གསང་བའོ། །མིང་གི་སྒྲ་འཇུག་ཡུལ་གྱི་སྒོ་ནས་འཁོར་འདས་ཐམས་ཅད་ཀྱི་རྒྱུར་གྱུར་པས་ན་རྒྱུན་ཆགས་པ་སྟེ། རྡོ་རྗེ་རྩེ་མོར། རྒྱུད་ནི་རྒྱུན་ཆགས་ཞེས་བྱར་བརྗོད། །འཁོར་བ་


JLAZ003_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དུ་འདོད་པ་ཡིན། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་སོ། །དབྱེ་ན་དོན་དང་ཚིག་གི་སྒོ་ནས་དངོས་པོ་དྲུག་ལ་འཇུག་པའི་ཚུལ། འདི་ལྟར་དོན་གྱི་སྒོ་ནས་གཞིའི་རྒྱུད་ཅེས་བྱ་བ་ཁམས་བདེ་གཤེགས་སྙིང་པོ་ལ་འཇུག་པ་དང༌། ལམ་གྱི་རྒྱུད་ཅེས་བྱ་བ་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་ལ་སོགས་པ་ཐབས་ལ་མཁས་པའི་བསླབ་པའི་དངོས་པོ་རྒྱ་ཆེ་བའི་མཚན་ཉིད་དང༌། འབྲས་བུའི་རྒྱུད་ཅེས་བྱ་བ་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་བསྒྲུབ་བྱའི་རྒྱུད་ལ་རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་འབྲེལ་བར་གནས་པས་ན་རྒྱུད་ཅེས་འབྲེལ་བའི་དོན་དུ་གྲུབ་ལ། ཚིག་གི་སྒོ་ནས་ནི། བཤད་མ་ཐག་པའི་སྒྲར་སྣང་བ་དང་དེ་ཉིད་སྐལ་བ་མཉམ་པའི་རྒྱུར་མིང་ཚིག་གི་སྒྲར་གྲགས་པའི་མཚན་ཉིད་དང༌། དེའི་གཟུགས་བརྙན་ནམ་བརྡར་གྱུར་པ་གླེགས་བམ་དུ་གཏོགས་པ་རྣམས་ཏེ་མིང་གདགས་པའི་ཡུལ་རྣམ་པ་དྲུག་ཡིན་ནོ། །དེའང་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་གཉིས་འབྲས་བུ་ཐོབ་པ་ལ་མཆོག་དམན་མེད་པ་དོན་གཅིག་ནའང༌། ལམ་གྱི་བསྒྲུབ་ཚུལ་ལ་རྨོངས་མ་རྨོངས་ཀྱི་ཁྱད་པར་མཐའ་ཀླས་པ་ཞུགས་ཏེ། འདི་ལྟར་ཐེག་པ་གཉིས་ཀའི་མངོན་པར་འདོད་པའི་དོན་གྱི་གཙོ་བོ་ནི་གཞན་དོན་


JLAZ003_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན། གདུལ་བྱ་ལ་དངོས་སུ་སྣང་ནས་དེ་དག་གི་དོན་མཛད་པའི་སངས་རྒྱས་ཀྱི་བྱ་བ་སྤྲོས་པ་ཉེ་བར་ཞི་བའི་ཆོས་ཀྱི་སྐུ་དེས་དངོས་སུ་མི་མཛད་ཀྱང་དེའི་རྒྱུ་དུས་ཀྱི་སྙིང་རྗེ་དང་སྨོན་ལམ་གྱི་དབང་ལས། རྣམ་པར་མི་རྟོག་ཅིང་མི་རྩོལ་བཞིན་དུ་གཟུགས་ཀྱི་སྐུ་རྣམ་པ་གཉིས་འགྲུབ་པ་ཡིན་ལ། དེ་འགྲུབ་པའི་རྒྱུའང་ཟབ་མོ་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཀྱི་སྐུ་དང༌། རྒྱ་ཆེ་བའི་ཐབས་ཕར་ཕྱིན་ལ་མེད་པ་མཚན་དཔེ་དང་བཅས་པའི་སངས་རྒྱས་ཀྱི་ང་རྒྱལ་ལ་གནས་པའི་བསྐྱེད་རིམ་ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས་ཚེ་གཅིག་ལ་སོགས་པར་གཟུགས་ཀྱི་སྐུ་མྱུར་དུ་འགྲུབ་པས་ན་དེ་ཉིད་ཀྱང་ཐབས་ཤེས་ཡ་བྲལ་མ་ཡིན་པར་རང་བཞིན་ཡོངས་ཤེས་ཀྱི་བསྐྱེད་རྫོགས་གཉིས་ཕན་ཚུན་ལྟོས་གྲུབ་ཅན་ཡོད་པ་ནི་གསང་སྔགས་ཀྱི་ཐེག་པ་ཆེན་པོ་སྤྱིའི་གྲུབ་མཐའ་ཡིན་ནོ། །དེ་སྐད་དུ་རྡོ་རྗེ་གུར་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་ལོག་རྣམས་དང༌། །བདག་དུ་བལྟ་བ་འཚོལ་རྣམས་ཀྱི། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པར་བསྟན། །དེ་


JLAZ003_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །བདེ་བའི་ཐབས་ཀྱིས་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །མངའ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ཕྱིར་ཐབས་དེས་བསྒྲུབ་བྱ་སྟེ། །ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །ཞེས་སྟོང་པ་ཉིད་ཐབས་སུ་འདོད་པ་དགག་པའི་དོན་དེ་ཡིན་ནོ། །དེ་བས་ན་སྔགས་ཀྱི་ལམ་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ཉིད་ཐབས་མཆོག་གྱུར་པ་ཡིན་ལ། ཐབས་དེའི་ཁྱད་པར་ནི་གཉིས་སུ་བསྟན་ཏེ། བདེ་བའི་ཐབས་ཀྱི་སྡོམ་པ་སྟེ། །ཞེས་པས་དཀའ་སྤྱད་ལ་མ་ལྟོས་པས་བདེ་བ་དང༌། སྡོམ་པའི་ཆ་ནས་བསམ་པ་སེམས་བསྐྱེད་དང༌། སྤྱོད་པ་ཕྱིན་དྲུག་ཀྱང་འཇུག་སྒོའི་དབང་དང༌། རྟེན་གཞལ་མེད་ཁང་དང་བརྟེན་པ་ལྷའི་སྐྱེ་མཆེད་ལ་སོགས་པར་དངོས་བསྟན་དང་རྗེས་མཐུན་པའི་དག་པ་སྦྱོར་ཚུལ་ལས་སྤྱོད་པའི་ཐབས་ཤིན་ཏུ་མྱུར་བ་དང༌། དེའི་རང་བཞིན་སྟོང་པ་ཉིད་རྟོགས་པའི་ཤེས་རབ་མི་ཕྱེད་པའི་སྡོམ་པའོ། །སྤྱིར་ཕྱིན་དྲུག་དངོས་བསྟན་ལ་མི་སྤྱོད་པའང་མ་ཡིན་ཏེ། བླ་མ་ལ་ཡོན་དབུལ་ཞིང་དཀྱིལ་འཁོར་མཆོད་པ་ལ་སོགས་པའི་སྦྱིན་པ་དང༌། དམ་ཚིག་


JLAZ003_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གི་གནང་བཀག་ལས་མི་འདའ་བའི་ཚུལ་ཁྲིམས་དང༌། རྒྱ་ཆེ་བའི་ཐབས་ལ་མི་ངལ་ཞིང༌། དོན་ཟབ་མོ་ལ་མི་སྐྲག་པའི་བཟོད་པ་དང༌། ཀུན་གྱི་གྲོགས་སུ་གྱུར་པའི་བརྩོན་འགྲུས་དང༌། རྣམ་པ་ལྷའི་རྣལ་འབྱོར་ལས་མི་འདའ་བའི་བསམ་གཏན་དང༌། དེ་ཀུན་ཀྱང་སྟོང་ཉིད་ཟབ་མོའི་ངང་ལས་མི་གཡོ་བའི་ཤེས་རབ་ཏུ་གནས་པ་སོགས་ཕྱིན་དྲུག་ཏུ་བསྡུ་ཚུལ་མཐའ་མ་འགགས་པ་ཡོད་ལ། རྒྱུ་དེས་འབྲས་བུའི་སྐབས་སུའང་གཟུགས་ཀྱི་སྐུ་མཚན་དཔེས་སྤྲས་པའི་རྟེན་དང༌། དེ་ལ་བརྟེན་པའི་དམིགས་པ་མེད་པའི་ཐུགས་གཉིས་བདེན་པ་དབྱེར་མེད་ངོ་བོ་གཅིག་གི་རང་བཞིན་དུ་གནས་པ་བཞིན་དུ། ལམ་དུས་ན་རྣལ་འབྱོར་པའི་གཞིའི་ལུས་དེ་བཞིན་གཤེགས་པའི་སྐུའི་རྣམ་པར་སྣང་བའི་ཐབས་དང༌། ནང་སེམས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མེད་པར་ཟུང་དུ་འཇུག་པའི་ཤེས་རབ་གཉིས་ཤེས་པ་གཅིག་གི་ངོ་བོར་དབྱེར་མེད་པའི་ཐབས་ཤེས་ཟུང་དུ་འབྲེལ་བས་མཐའ་གཉིས་གང་ལའང་མི་གནས་པའི་ཐབས་ཁྱད་པར་ཅན་ཞེས་བྱའོ། །དེ་ལྟ་བུའི་ཐབས་ནི་ཐབས་མང་བ་དང༌། དཀའ་བ་མེད་པ་དང༌། ཐབས་མཁས་པ་དང༌། ཐབས་མྱུར་བ་རྣམས་ཀྱིས་འཕགས་པ་སྟེ། འདི་ལྟར་དབང་པོ་རྣོན་པོའི་གང་ཟག་དེས་རང་རང་


JLAZ003_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཉོན་མོངས་པ་གང་ཡིན་པ་དེ་ཉིད་ཀྱི་རིགས་ཤེས་པར་བྱས་ནས་དེའི་སྦྱོང་བྱེད་ལྷ་དང་སྔགས་ལ་བརྟེན་པའི་རྣལ་འབྱོར་དང༌། འདུ་ཤེས་སྒྱུར་བའི་ཚུལ་ཐབས་མཁས་ཀྱི་སྤྱོད་པས་ཟིན་པ་ལ་སོགས་པའི་སྒོ་མང་པོ་ལ་བརྟེན་ནས་རང་གྲོལ་ཞིང་གཞན་རྗེས་སུ་འཛིན་པའི་ཐབས་ཡོད་པས་ཐབས་མང་བ་དང༌། དཀའ་ཐུབ་དང་སྡོམ་པའི་ཀུན་སྤྱོད་ཀྱིས་མི་གདུང་བར་ཇི་ལྟར་འདོད་པའི་ལམ་ལ་བཀྲིར་ཡོད་ཅིང་ངལ་བས་བསྒྲུབ་མི་དགོས་པར་ཉོན་མོངས་པ་གདུལ་བའི་ཐབས་ཟབ་ལ་རྒྱ་ཆེ་བ་མང་པོས་རང་དང་གཞན་གྲོལ་བར་བྱེད་པའི་ཐབས་ཡོད་པས་དཀའ་བ་མེད་པ་དང༌། མཚམས་མེད་པ་ལྔ་ལ་སོགས་པ་མི་དགེ་བའི་ལས་དང་ཁ་ན་མ་ཐོ་བ་དག་ལ་སྤྱད་ཀྱང་དེ་ཉིད་ཀྱིས་མི་འཆིང་བར་འགྲོ་བ་འདྲེན་པའི་ཐབས་ལ་མཁས་པ་དང༌། མཚན་ཉིད་ཐེག་པ་ལྟར་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྒྱ་ཆེན་པོས་དུས་ཡུན་རིང་མོར་བསྒྲུབ་དགོས་པ་མ་ཡིན་གྱིས། མཐོང་བའི་ཆོས་ལ་མྱུར་དུ་བསྒྲུབ་པའི་ཐབས་ཡོད་པས་ཐབས་མྱུར་བའོ། །དེ་ཡང་དམིགས་པ་དང་གྲོགས་དང་རྗེས་སུ་སྤྱོད་པ་གསུམ་རྒྱ་ཆེ་བས་མྱུར་བའི་ཚུལ། དམིགས་པ་རྣམ་པར་དག་པ་དང༌། གྲོགས་ཀྱི་མཐུ་དང་སྤྱོད་པ་ཡི། །བློ་ལྡན་རྣམས་ཀྱི་ཐེག་པ་ནི། །


JLAZ003_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ཆེན་པོ་ཉིད་དུ་སྒྲོགས། །ཞེས་པ་ལྟར་དམིགས་པ་རྣམ་པར་དག་པས་མྱུར་བ་ནི། སྤྲོས་པའི་བག་ཆགས་ཀྱི་རྒྱུན་ཡོངས་སུ་དག་པའི་ལྷར་སྣང་དང་འདོད་ཆགས་ཀྱི་ཀུན་སྤྱོད་ཟབ་མོས་རླུང་དབུ་མར་བཙུད་ནས་འཁྲུལ་པའི་སྣང་བ་མྱུར་དུ་ལྡོག་པར་ནུས་པ་དང༌། རྒྱལ་བ་རྣམས་ཀྱི་དམ་ཚིག་བཟུང་བས་ལས་ཀྱི་རྣམ་པར་སྨིན་པ་ལྡོག་ནུས་ཤིང༌། བྱིན་གྱིས་རློབ་པ་དང༌། བསོད་ནམས་ཀྱི་ཚོགས་ཆེན་པོ་ཞར་བྱུང་དུ་སྐྱེ་བ་དང༌། དབང་པོ་རྣོ་བས་ཆོས་ཀྱི་དབྱིངས་དག་མཉམ་ཆེན་པོ་ལ་རང་བཞིན་གྱིས་བློ་འཇུག་པར་ནུས་པའོ། །སྤྱོད་པའི་སྒོ་ནས་མྱུར་བ་ནི། དཀའ་ཐུབ་དང་སྡོམ་པས་མ་གཟིར་བས་མཐུན་པའི་གྲོགས་དང་བསམ་པ་ཐམས་ཅད་ལམ་གྱི་གེགས་སུ་མི་འགྱུར་བ་དང༌། མཉམ་པ་དང༌། མཐུན་པའི་སྤྱོད་པ། བརྟུལ་ཞུགས་ཀྱི་སྤྱོད་པས་བསམ་པ་མཉམ་པའི་གཉའ་གནོན་དུ་འགྱུར་བ་དང༌། ཆོས་སྤྱོད་ཀྱི་སྒོ་སྣ་ཚོགས་ལ་སྤྱོད་པས་འགྲོ་བའི་དོན་བྱེད་ཅིང་གཅིག་གྲོགས་གཅིག་ཏུ་འགྱུར་བ་དང༌། ཆོ་ག་ལྷག་ཆད་ལ་མཉམ་པའི་བརྟུལ་ཞུགས་འདྲེས་པས་ཐེ་ཚོམ་གྱི་གེགས་མི་འཇུག་པ་སྟེ། དོན་གཅྀག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་


JLAZ003_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཁྱད་པར་འཕགས། །ཞེས་ཐམས་ཅད་འདྲེན་ཏོ། །འདིར་ཁ་ཅིག་ཐབས་མང་པོ་དེ་གང་ཟག་བྱེ་བྲག་པ་གཅིག་ལ་དགོངས་པ་ཡིན། མཐོང་ལམ་སྐྱེ་བ་ཕ་རོལ་ཏུ་ཕྱིན་པས་ཀྱང་ནུས་སོ་ཞེས་འདོད་དེ། ཕ་རོལ་ཏུ་ཕྱིན་པའི་ལམ་ནི་རྒྱུ་དང་རྗེས་དཔག་ལམ་དུ་བྱེད་ཅིང་ཐབས་ལ་འཁྲུལ་པས་དབང་པོ་རྣོ་བའི་གེགས་སུ་འགྱུར་ལ་སྔགས་སུ་འབྲས་བུ་དང་མངོན་སུམ་ལམ་དུ་བྱེད་པས་ཐེག་པའི་འཇུག་སྒོ་རང་གིས་ཀྱང་རྨོངས་པ་ཡིན་ཏེ། མཚན་ཉིད་ལས་ཕྱི་སྣང་བའི་བདེན་ཞེན་སྒྱུ་མར་བསྒོམ་པ་དང་ཀུན་བརྟགས་ཀྱི་རིག་པས་བཟློག་པ་ཙམ་ལས་མེད་པས་རང་བཞིན་ཡོངས་གྲུབ་ཀྱི་འབྱུང་བའི་རིག་པ་ལ་རྨོངས་ཤིང༌། མགོ་གཏོང་བ་ལ་སོགས་པའི་སྦྱིན་པས་ཀྱང་སེམས་ཅན་མང་པོ་ལ་ཕན་པ་མི་འགྲུབ་པས་སྔགས་སུ་ཐབས་ཀྱི་མཆོག་སེམས་ཅན་མང་པོའི་དོན་རྫོགས་པ་ནི་འཚོལ་བས་མ་རྨོངས་པའོ། །དེ་བཞིན་དུ་ནང་ཕུང་པོ་ཁམས་དང་སྐྱེ་མཆེད་གདན་གསུམ་ཚང་བའི་ལྷར་མ་ཤེས་པས་གནས་ཚུལ་གྱི་དོན་ལ་རྨོངས་པས་རང་ལ་འབྲེལ་པ་ཐོགས་ཚད་ཀྱི་དོན་གཅིག་ཅར་དུ་བྱེད་མི་ནུས། གསང་བ་རྟོག་ཚོགས་དང་ཉོན་མོངས་པ་ཡེ་ཤེས་སུ་མ་ཤེས་པར་ལམ་གྱི་རྣམ་པ་ལ་རྨོངས་ཏེ་རྣམ་རྟོག་མ་སྤངས་པར་དོན་དམ་པའི་ཡེ་ཤེས་


JLAZ003_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱ་མཚོར་འཇུག་མི་ནུས། བྱིན་རླབས་ཀྱི་འཕོ་བ་ཐོབ་པ་ལས་ཆོས་ཐམས་ཅད་རང་བཞིན་གྱི་དག་མཉམ་བློ་ལས་འདས་པའི་བདེན་པ་དབྱེར་མེད་མ་ཤེས་ཤིང་རྣམ་གྲངས་པའི་དོན་དམ་སྒྲ་རྟོག་གི་ཡུལ་དུ་གྱུར་ནས་རྟོགས་སོ་སྙམ་པའི་སྤྲོས་བྲལ་དང༌། དབང་གི་ཡེ་ཤེས་ལས་ཇི་ལྟ་བ་བཞིན་རྟོགས་པ་གཉིས་ལ་ཁྱད་པར་ཡོད་པས་རྟོགས་པའི་ལྟ་བ་ལ་རྨོངས་པ་ཉིད་དེ་ཡིད་དཔྱོད་ཅན་གྱི་བློ་ལ་ཆུད་པ་མ་ཡིན་ནོ། །ཁྱད་པར་གསང་སྔགས་བླ་ན་མེད་པ་ནི་སྒྱུ་འཕྲུལ་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་བདག་ཉིད་དེ། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་ཉིད། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་སོ། །དེ་བས་ན་བླ་ན་མེད་པའི་གསང་སྔགས་ཀྱི་གདུལ་བྱ་ནི་ཐེག་པ་ཆེན་པོའི་ཡང་ཆེན་པོ་པ་རིགས་ཀྱི་ནུས་པ་ལྷག་པ་ཅན་གྱི་དབང་པོ་ཤིན་ཏུ་རྣོན་པོ་པས་བདེན་པ་དབྱེར་མེད་སྣོད་བཅུད་དག་མཉམ་རང་བཞིན་ཡོངས་གྲུབ་སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོར་གཏན་ལ་འབེབས་པའི་ཐབས་དང༌། རྡོ་རྗེ་ཕྲེང་བ་ལས། སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་


JLAZ003_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཉིད་ཀྱི་ལུས། །སངས་རྒྱས་ཀུན་གྱི་སྐུ་རྫོགས་པ། །འདི་དག་མ་ལུས་རྫོགས་སངས་རྒྱས། །ཞེས་དང༌། སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ནི་རྟག་ཏུ་རྡོ་རྗེ་འཆང༌། །ཞེས་པ་ལྟར་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་ཀྱི་ཐབས་མཆོག་ཏུ་གྱུར་པ་ལ་སོགས་པ་ཇི་ལྟ་བ་བཞིན་སྟོབས་སུ་གྱུར་པས་ཡུན་རིང་པོ་ལ་མ་ལྟོས་པར་མཐོང་ལམ་བཙན་ཐབས་སུ་སྐྱེ་བ་ཡོད་དོ། །དེ་ལྟ་ནའང་ལྔ་བརྒྱའི་ཐ་མ་འདི་ན་གསང་སྔགས་ཚུལ་བཞིན་སྟོན་པར་ནུས་པའི་རྡོ་རྗེ་སློབ་དཔོན་དང༌། དེའི་སྣོད་དབང་པོ་རྣོན་པོའི་ཕྱོགས་དང་མི་འགལ་བའང་ཤིན་ཏུ་དཀོན་ན། སྔགས་ལམ་ལ་གྱ་ཚོམ་དུ་འཇུག་པ་མཐའ་དག་དབང་རྣོན་དུ་སྒྲོ་བཏགས་ནས་གཟུགས་བརྙན་ཙམ་གྱི་རྣམ་པར་གཞག་པ་ལ་དེ་དེ་བཞིན་དུ་བཟུང་ནས་རྡོ་རྗེའི་ལམ་ལ་སྒྲ་ཇི་བཞིན་པར་སྤྱོད་པ་ནི་རྡོ་རྗེའི་དམྱལ་བ་ཆེན་པོའི་འཇུག་ངོགས་ཡིན་ཏེ། འདི་ལྟར་སྔགས་ཀྱི་སྤྱད་བསྲུང་གི་དམ་ཚིག་ས་མ་ཡ་འབུམ་སྡེར་གནས་པ་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་བྱ་བའི་ཁ་ན་མ་ཐོ་བ་ཅུང་ཟད་ཙམ་སོ་ཐར་གྱི་ཕས་ཕམ་པའི་དོ་མ་ཡིན་ན། རྩ་བའི་དམ་ཚིག་ལ་སོགས་པ་སྨོས་ཅི་དགོས། ཐབས་ལ་བརྟེན་


JLAZ003_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནང་བཀག་ཀྱང་ཕ་རོལ་ཏུ་ཕྱིན་པ་ལས་བཀག་པ་སྔགས་སུ་བག་ཡངས་སུ་གནང་བ་མེད་དེ། ཅིའི་ཕྱིར་ན་ཉོན་མོངས་པ་དངོས་བསྟན་ལམ་དུ་འགྲོ་བ་རྒྱལ་བའི་བསྟན་པ་ལ་མེད་པས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་དགེ་བའི་རྩ་བ་དང་མཚུངས་ལྡན་གྱི་ཉོན་མོངས་པ་ཉིད་སྙིང་རྗེ་ཆེན་པོའི་གཞན་དབང་དང་འབྲེལ་བར་བསོད་ནམས་ཀྱི་ཚོགས་གསོག་པ་ལ་ལྟོས་ནས་སྣང་བཅས་ཀྱི་ཐབས་དང་འབྲེལ་བར་ལམ་དུ་བྱེད་ཅིང༌། རྒྱུད་ཀྱི་ཉོན་མོངས་པ་དངོས་ལ་བསྒོམ་ལམ་གྱི་སྤོང་བྱེད་ཡོད་པས་སྲིད་པའི་གནས་ཏེ་སེམས་ཅན་གྱི་དོན་འབྱུང་བ་ཙམ་ལ་དགོངས་ནས་གསུངས་པ་དང༌། གསང་སྔགས་སུ་དབང་པོ་རྣོན་པོས་ལྷའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བའི་བདེན་པ་དབྱེར་མེད་སངས་རྒྱས་ཀྱི་ཞིང་ཁམས་སུ་ཤར་བའི་ཐབས་ཀྱིས་ལམ་དུ་བྱེད་པའི་ཁྱད་པར་ཕྱེད་པར་བྱེད་པའང་གནད་ཀྱི་དམ་པ་གཅིག་ཡིན་ནོ། །དེ་ལྟར་ཤེས་ན་ཨིནྡྲ་བྷཱུ་ཏིས། འདམ་བུའི་ཚལ་ནི་ཉམས་དགའ་བར། །ཝ་སྐྱེས་ཉིད་དུ་གྱུར་ཀྱང་སླ། །འདོད་ཡོན་སྤངས་པའི་དཀའ་ཐུབ་ནི། །ནམ་ཡང་མི་ནུས་གཽ་ཏ་མ། །ཞེས་ཞུས་པའི་དོན་ལ་འཇུག་ནུས་པ་ཡིན་ནོ། །དེ་ལྟ་བུའི་ཁྱད་པར་ཅན་གྱི་གསང་སྔགས་ལ་ཡོངས་སུ་གྲགས་པར་རྒྱུད་སྡེ་བཞིར་ཕྱེ་བ་དག་གང་གི་


JLAZ003_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བསྟན་ཞེ་ན། དུས་དང་རིགས་དང་དབང་པོ་གསུམ་ལ་དགོངས་པའི་ཚུལ། །དུས་ལ་དགོངས་པ་རྫོགས་ལྡན་གསུམ་ལྡན་དང༌། །གཉིས་ལྡན་དང་ནི་རྩོད་པར་ལྡན་པ་བཞི། །རིགས་ལ་དགོངས་པ་བྲམ་ཟེ་རྗེའུ་རིགས། །རྒྱལ་པོ་དང་ནི་དམངས་སམ་གདོལ་པའོ། །དབང་པོར་དགོངས་པ་རྟུལ་འབྲིང་རྣོན་དང་མཆོག །དེ་ལ་སྤྱིར་རྒྱུད་སྡེའི་སྒོ་ནས་འཇུག་སྒོ་མི་འདྲ་བ་བཞིར་བཞག་པ་ནི་སྔགས་རྒྱུད་ཡོད་དོ་ཅོག་ཆིངས་ཆེན་པོ་བཞིས་བཅིང་བའི་སླད་དུ་སྡོམས་ཉེ་བར་བཞག་པ་ཙམ་ཡིན་གྱི་གཞན་དུ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང༌། སྡོམ་འབྱུང་དང༌། སངས་རྒྱས་ཐོད་པ་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་སོགས་སུ་གཞུང་ཚད་ཇི་ལྟ་བུས་བསྟན་བློ་ལ་མ་ངེས་ཤིང་དེ་དག་ལ་ཅང་མི་སེམས་པའི་སྡང་ཞེན་གྱི་སེམས་ཡིད་ལ་ཉེ་བར་བཞག་ནས་གསང་སྔགས་ནང་རྒྱུད་ཆེས་ཟབ་པ་ཡོངས་གྲགས་སུ་མ་བསྒྱུར་བའི་ཐེག་པ་དང༌། རྒྱུད་སྡེའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་མཐའ་གཅིག་ཏུ་བཟུང་བའི་ལོག་རྟོག་དང་ཀླན་ག་རུང་བ་མ་ཡིན་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། གསང་དང་གསང་ཆེན་ཤིན་ཏུ་གསང༌། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང༌། །རྗེས་སུ་རྣལ་འབྱོར་ཆེན་པོ་དང༌། །ཞེས་དང༌། གསང་དང་


JLAZ003_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆེན་ཤིན་ཏུ་གསང༌། །རྒྱུད་རྣམས་ཀུན་གྱི་སྤྱི་བོ་སྟེ། །ཞེས་པས་ཤིན་ཏུ་རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་ལ་སོགས་པའི་མཚན་གཞི་གསལ་བར་བསྟན་ལ། དེ་བཞིན་དུ་དཔུང་བཟང་ལས། ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་གསལ་བར་རྒྱལ་བས་གསུངས། །ཞེས་སྔགས་ཀྱི་རྒྱུད་སྡེ་ནི་སེམས་ཅན་གྱི་བློ་དང་ཆོས་ཀྱི་དབྱིངས་དམ་པའི་རྗེས་སུ་འགྲོ་བ་ཡིན་པས་མཐའ་དང༌། གྲངས་དང༌། ཚད་ཀྱིས་དཔག་པར་མི་ནུས་ཏེ། རྡོ་རྗེ་འཆང་གྲངས་མེད་པས་ཐོག་མ་མེད་པའི་དུས་ནས་འཁོར་ཚད་མེད་པའི་ནང་དུ་དུས་གསུམ་གྱི་དངོས་པོའི་མཐའ་མི་ཐུག་པར་གསུངས་ཤིང་གསུང་བའི་ཕྱིར་ཏེ། འཇམ་དཔལ་སྒྱུ་འཕྲུལ་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་རྣམས། །ཞེས་གསུངས་པ་སྟེ། དེ་དག་སྡེ་ཚན་གྱི་ནང་དུ་འདུས་ཚུལ་གྱི་རྣམ་གྲངས་ཅུང་ཟད་དགོད་ན། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཁྲག་


JLAZ003_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་པར་ནི་ཤེས་པར་བྱ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །བྱང་ཆུབ་སེམས་ནི་རབ་ཏུ་འབབ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་བར་ནི་ཤེས་པར་བྱ། །ཞེས་པ་ལྟར་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་རིམ་པས་དེར་འབབ་པའི་ཁུ་རྡུལ་གཉིས་དང་རླུང་གི་འདུ་བ་ལས་ཆོས་ཀྱི་རྣམ་གྲངས་དེ་སྙེད་ཅིག་འཆར་བའི་ཕྱོགས་ལ་བློ་ཡངས་པར་བྱ་སྟེ། སངས་རྒྱས་ཐོད་པ་ལས། རྣལ་འབྱོར་ཕ་རྒྱུད་རྣམས་ཀྱི་ཚད། །བྱེ་བ་ཕྲག་ནི་དགུ་བཅུར་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་དང༌། ཀླུ་སྒྲུབ་ཞབས་ཀྱི་རིམ་ལྔའི་འགྲེལ་པ་ལས་ཀྱང་སྔགས་ཀྱི་དབྱེ་བ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །ཞེས་སོ། །དེ་ལྟའང་འདིར་རྒྱུད་སྡེ་བཞིའི་ངེས་པ་ལྟར་འཆད་པ་ནི་གདུལ་བྱའི་གཙོ་བོ་མི་འདྲ་བ་གཞི་ལ་འདུལ་བྱེད་ཀྱི་གསང་སྔགས་ཀྱང་དེ་དང་མཚན་ཉིད་མཚུངས་པ་རྣམ་པ་བཞིར་ཡོད་པའི་ཆིངས་ཀྱིས་བཅིངས་ནས་བཤད་པས་རྣམ་གྲངས་བསྡུ་སླ་བའི་ཕྱིར་རོ། །དེ་སྐད་དུ་གསང་བ་གྲུབ་པ་ལས། གདུལ་བྱ་དུས་དང་འདུལ་བྱེད་ཀྱི། །སྐལ་པ་ཅན་རྣམས་དོན་གྱི་ཕྱིར། །གསང་སྔགས་ཚུལ་ཆེན་རྣམ་པ་བཞི། །འཇིག་རྟེན་ཁམས་སུ་བསྒྲགས་པ་ཡིན། །ཞེས་སོ། །དེ་ལ་སྤྱིར་གདུལ་བྱ་ལ་


JLAZ003_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པའི་གཙོ་བོ་ནི་འདོད་ཡོན་ལ་ཆགས་པ། ལམ་དུ་བྱེད་ཚུལ་མི་འདྲ་བ་བཞི་ཡོད་པས་རྒྱུད་སྡེ་བཞིར་བསྟན་ཏེ། རྡོ་རྗེ་སྙིང་པོ་རྒྱན་ལས། འདི་ནི་གཉིས་པོ་འཁྱུད་པ་ཡི། །རྒྱུད་ཀྱི་དབྱེ་བ་བསྟན་པའོ། །དེ་བཞིན་དུ་ནི་ལག་བཅངས་དང༌། །དགོད་དང་བལྟས་པས་ཤེས་པར་བྱ། །ཞེས་པ་ལྟར་དུས་བཞི་པོའི་གནས་སྐབས་ཀྱི་འཛམ་བུའི་གླིང་པ་རྣམས་ལ་སྦྱང་གཞི་འདོད་ཆགས་ཀྱི་འཇུག་ཚུལ་བཞི་ཡོད་དེ། འདི་ལྟར་རྫོགས་ལྡན་གྱི་དུས་ན་ཉོན་མོངས་པ་འདོད་ཆགས་ཀྱང་ཤས་ཆུང་བས་གཅིག་ལ་གཅིག་བལྟས་པ་ཙམ་གྱིས་ཚིམ་པ་ཡོད་པས་དེའི་དོན་དུ་བྱ་བའི་རྒྱུད་དང༌། གསུམ་ལྡན་གྱི་དུས་ན་བགད་པས་ཚིམ་པའི་འདོད་ཆགས་ཡོད་པས་དེའི་དོན་དུ་སྤྱོད་པའི་རྒྱུད་དང༌། གཉིས་ལྡན་གྱི་དུས་ན་གཅིག་ལ་གཅིག་རེག་པའི་འདོད་ཆགས་ཡོད་པས་དེའི་དོན་དུ་རྣལ་འབྱོར་རྒྱུད་དང༌། རྩོད་ལྡན་གྱི་དུས་དབང་པོ་གཉིས་སྦྱོར་གྱི་འདོད་ཆགས་ཡོད་པས་དེའི་དོན་དུ་བླ་མེད་ཀྱི་རྒྱུད་གསུངས་པའོ། །དུས་ལ་དགོངས་པ་ནི་བླ་མེད་ཀྱི་ལུགས་ཀྱི་དབང་བཞིའི་རིམ་པ་དང་སྦྱར་བའི་ཕྱོགས་འཐད་པ་ཡིན་ཏེ། དགོད་པ་དག་པ་སློབ་དཔོན་ཉིད། །ལྟ་བ་གསང་བའི་དབང་ཡིན་ནོ། །ཞེས་པ་དང་མི་འགལ་ཞིང་བྱ་སྤྱོད་གཉིས་གོ་རིམ་མི་འཆོལ་བའི་ཚུལ་ལྷ་ཐམས་


JLAZ003_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཡང་དག་པར་བསྡུས་པའི་རྒྱུད་ལས། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །གསུམ་ལྡན་གཉིས་པ་སྤྱོད་པའི་རྒྱུད། །གཉིས་ལྡན་གསུམ་པ་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་པ་བླ་མེད་དོ། །དུས་བཞི་ལ་ནི་དགོངས་ནས་ཀྱང༌། །རྒྱུད་ཀྱི་རྣམ་པ་བཞིར་བཤད་དོ། །ཞེས་དང༌། ཁ་སྦྱོར་གྱི་བརྟག་པ་དྲུག་པའི་རབ་བྱེད་གསུམ་པ་ལས། དགོད་དང་བལྟ་དང་ལག་བཅངས་དང༌། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱི་རྒྱུད་བཞིར་གནས། །ཞེས་པ་དང་མཐུན་པར་བརྟག་གཉིས་ལས་ཀྱང་གསུངས་སོ། །དེ་བས་ན་འདི་དག་ལ་རིམ་པ་བཞིན་དགོད་པའི་རྒྱུད་དང༌། བལྟ་བའི་རྒྱུད་དང༌། ལག་བཅངས་སམ། འཁྱུད་པའི་རྒྱུད་དང༌། གཉིས་སྦྱོར་གྱི་རྒྱུད་ཅེས་ཀྱང་བརྗོད་དེ་འཆད་ཚུལ་གཞན་དུ་གོ་རིམ་ནོར་བ་མང་ངོ༌། །རིགས་ལ་དགོངས་པ་ནི་སྤྱོད་པའི་སྒོ་ནས་ཕྱེ་བ་སྟེ། འདི་ལྟར་བྲམ་ཟེ་རྣམས་གཙང་སྦྲ་དང་དཀའ་ཐུབ་ལ་སྤྱོད་པས་དེ་གདུལ་བའི་ཕྱིར་ལུས་ངག་གི་ལས་དང་ཁྲུས་དང་གཙང་སྦྲ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་དང༌། རྗེའུ་རིགས་ནི་སྒོ་གསུམ་ཆ་མཉམ་པའི་སྤྱོད་པ་ལ་གཟོ་བས་དེའི་དོན་དུ་སྤྱོད་རྒྱུད་དང༌། རྒྱལ་རིགས་ནི་རྒྱ་ཆེ་བ་ལ་མོས་པས་སེམས་ཀྱི་ལས་གཙོ་


JLAZ003_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བོར་སྤྱོད་པས་དེའི་དོན་དུ་དམིགས་པ་གཙོ་བོར་སྤྱོད་པ་རྣལ་འབྱོར་གྱི་རྒྱུད་དང༌། དམངས་རིགས་ནི་གཙང་སྦྲ་ཆུང་ཞིང་ཉོན་མོངས་པའི་བརྟུལ་ཞུགས་ཆེ་བས་དེའི་དོན་དུ་ཡེ་ཤེས་ཀྱི་ལས་ལ་གཙོ་བོར་སྤྱོད་པའི་བླ་མེད་དེ། བདེ་མཆོག་རོལ་པའི་རྒྱུད་ལས། བྱ་བ་བྲམ་ཟེ་གཙང་དང་བསྟུན། །སྤྱོད་པ་རྗེའུ་རིགས་དེ་བས་ལྷག །རྣལ་འབྱོར་རྒྱལ་པོའི་འཁོར་ཚོགས་མང༌། །གཞི་རྨོངས་གདོད་ནས་གྲོལ་བ་སྟེ། །གཞན་དུ་སུ་ལའང་མ་བསྟན་པར། །མཛེས་མ་ཁྱོད་ལ་བསྟན་པ་ཡིན། །ཞེས་སོ། །དབང་པོ་ལ་དགོངས་པ་ནི། རྟུལ་པོ་རྣམས་ཀྱི་སེམས་ཀྱི་ཀུན་ཏུ་བརྩམ་པ་ཆེན་པོ་ཉམས་འོག་ཏུ་མི་ཆུད་པས་ལུས་ངག་གི་བྱ་བ་ལ་ཆེ་ཐང་དུ་མཐོང་ནས་འཇུག་པས་དེའི་དོན་དུ་ཁྲུས་དང་གཙང་སྦྲ་དང༌། དཀར་གསུམ་ཟ་བ་དང༌། གོས་གསུམ་བརྗེ་བ་ལ་སོགས་པའི་བྱ་བ་ལྷུར་ལེན་པས་ཀྲི་ཡ་དང༌། དབང་པོ་འབྲིང་པོས་སེམས་ཀྱི་བརྩམ་པ་ཆེན་པོ་ཡང་རྟོགས་སུ་རུང་ལ་ལུས་ངག་གི་བྱ་བ་དང་སེམས་ཀྱི་བསྒོམ་པ་ཆ་མཉམ་པས་སྤྱོད་པའི་རྒྱུད་དང༌། དབང་པོ་རྣོན་པོས་སེམས་ཀྱི་བསྒོམ་པ་གཙོ་བོ་ལ་ལུས་ངག་གི་སྤྱོད་པ་དེའི་གྲོགས་སུ་སྤྱོད་པས་རྣལ་འབྱོར་གྱི་རྒྱུད་དང༌། ཤིན་ཏུ་རྣོན་པོས་སྒོ་གསུམ་གྱི་བྱ་བ་ཐམས་ཅད་ལྷའི་རྣལ་འབྱོར་དང་


JLAZ003_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་དུ་འཇུག་ཅིང༌། སྤང་བླང་དང་དགག་བསྒྲུབ་ལ་སོགས་པའི་ཆོས་ཐམས་ཅད་མཉམ་པ་ཆེན་པོར་སྤྱོད་པས་རྣལ་འབྱོར་བླ་ན་མེད་པ་སྟེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་སོ། །གཞན་ཡང་སྔོན་གྱི་མཁན་པོ་དག་གྲུབ་མཐའ་སྨྲ་བ་བཞི་རྗེས་སུ་བཟུང་བའི་ཕྱིར་རྒྱུད་སྡེ་བཞིར་ཕྱེ་བར་འདོད་པ་དང༌། ལྷ་བཞིའི་རྗེས་སུ་འཇུག་པའི་ཕྱིན་ཅི་ལོག་བཞི་རྗེས་སུ་བཟུང་བའི་ཕྱིར་རྒྱུད་སྡེ་བཞིར་ཕྱེ་བར་འདོད་པ་རྣམས་ལ་བསྟན་བཅོས་ཕྱི་རིམ་ནས་དགག་བསྒྲུབ་སྔ་མ་སྔ་མའི་ལྡོག་ཕྱོགས་འབའ་ཞིག་བཀོད་པ་མང་དུ་མཐོང་ཡང༌། འདི་ལྟར་སྔགས་རྒྱུད་རྣམས་ནི་དུས་འདི་ཙམ་ནས་བྱུང་བསམ་པར་མི་ནུས་ཤིང༌། སྟོན་པ་དང་དགོངས་པ་མཉམ་པའི་འཁོར་བྱང་ཆུབ་སེམས་དཔའི་ཚུལ་དུ་བསྟན་པ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་དེ་དག་བཟུང་ནས་དུས་ལ་བབ་པའི་གདུལ་བྱའི་ངོར་སྣང་ཞིང་ནུབ་པའི་ཚུལ་ཚད་མེད་ན། གྲུབ་མཐའ་སྨྲ་བ་བཞིའི་འདོད་པའི་རྗེས་སུ་གསུངས་པ་བློས་ཐུག་པར་མི་འགྱུར་ཡང༌། མདོ་སྔགས་གཉིས་དོན་གྱི་དགོངས་པ་གཅིག་ཏུ་འབབ་པའི་ཆ་ནས་མི་འགལ་


JLAZ003_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

མོད། དེ་བཞིན་དུ་ལྷ་བཞིའི་རྗེས་སུ་འཇུག་པ་དག་རྒྱུད་སྡེ་དེ་དག་གི་གདུལ་བྱའི་གཙོ་བོར་དགོངས་ནས་གསུངས་པ་མ་ཡིན་ཀྱང་སངས་རྒྱས་ནི་ཐབས་མཁས་ལ་ཐུགས་རྗེ་ཆེ་ཞིང་ཐམས་ཅད་མཁྱེན་པའི་མཚན་དོན་མ་ནོར་བ་ཡིན་པས་སེམས་ཅན་གྱི་དོན་དུ་ཕྱི་དོན་གྱི་དངོས་པོ་བདེན་པར་སྨྲ་བའི་བདག་ཏུ་བལྟ་བ་ཅན་རྗེས་སུ་བཟུང་བའི་དོན་དུ། དགེ་སློང་དག་ཁུར་ཡང་ཡོད་ཁུར་ཁྱེར་བ་ཡང་ཡོད་དོ། །ཞེས་བྱ་བའི་རྗེས་སུ་འབྲངས་ནས་བྱེ་བྲག་སྨྲ་བའི་གྲུབ་པའི་མཐའ་ཕྱེ་བ་ལྟར། ཕྱིན་ཅི་ལོག་བཞིའི་ཕྱོགས་ལ་ཞེན་པ་དག་རྗེས་སུ་བཟུང་བའི་ཕྱིར་རྒྱུད་སྡེ་བཞིར་གསུངས་པའང་མི་འགལ་ཏེ། འདི་ལྟར་གཏི་མུག་ཅན་ཚངས་པ་ནི་གཙང་སྦྲ་ཆོས་སུ་སྨྲ་སྟེ། འདག་ཆལ་དག་གིས་བགོས་པའི་གོས། །དྲི་མ་མེད་པར་འགྱུར་བ་བཞིན། །ལུས་ལ་ཆོས་སྦྱིན་གྱིས་བགོས་ལ། །འབབ་སྟེགས་བཀྲུས་པ་དེ་ཡིས་འདག། ཅེས་པའི་ཚུལ་གྱིས་བཟུང་བའི་ཕྱིར། །བྱ་བའི་རྒྱུད་ལེགས་གྲུབ་ལས། ཁྲུས་བྱས་གཙང་མ་བཟུང་བྱ་སྟེ། །བཀྲ་ཤིས་ངོ་མཚར་བཟུང་བྱས་ལ། །བསྒྲུབ་པའི་རྫས་ནི་རྗེས་སུ་བཟུང༌། །ཞེས་སོ། །ཞེ་སྡང་ཅན་ཁྱབ་འཇུག་པ་འཚེ་བ་ཆོས་སུ་སྨྲ་སྟེ། རྒྱལ་རིགས་ལ་ནི་རྒྱལ་རིགས་དང༌། །བྲམ་ཟེ་གསད་པ་


JLAZ003_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་དང༌། །ཞེས་པའི་དོན་དུ་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་ལས། ཨེ་མ་ཧོ་གསོད་པ་འདི་ནི་བཟང༌། །གསད་པས་བྱང་ཆུབ་ཐོབ་པར་བྱེད། །ཅེས་སོ། །ང་རྒྱལ་ཅན་བརྒྱ་བྱིན་རྗེས་སུ་བཟུང་བའི་ཕྱིར། །དབང་ཕྱུག་འབྱོར་པ་ལྷ་ཡི་རྒྱུད། །རྣལ་འབྱོར་ཡང་དག་བཤད་པའོ། །ཞེས་རྣལ་འབྱོར་བསྟན་ཏོ། །འདོད་ཆགས་ཆོས་སུ་སྨྲ་བ་དབང་ཕྱག་གི་རྒྱུད་ལ་དགའ་ཞིང་ཡུལ་ཡོངས་སུ་མི་སྤོང་བ་རྣམས་ནི། གཽ་ཏམ་བུད་མེད་མེ་ཡིན་ཏེ། །དེ་ཡི་ཉེ་གནས་ཐབ་ཁུང་ཡིན། །ཞེས་དང༌། གཞན་ཡང་དེ་དག་རྣམས། །བྷ་ག་ལེགས་ལྡན་ཁྱབ་འཇུག་སྟེ། །བུད་མེད་རྣམས་ཀྱི་འདོམས་ན་གནས། །མི་རྣམས་དགའ་བར་བྱེད་པས་ན། དེས་ན་སྲེད་མེད་བུ་ཞེས་བྱ། །ཞེས་འདོད་ཆགས་ཀྱི་ཀུན་སྤྱོད་ཅན་རྣམས་གདུལ་བའི་ཕྱིར། གསང་བ་འདུས་པར། བུད་མེད་གཟུགས་དང་འདབ་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱིས་བརླབས་ཏེ་གནས་གསུམ་དུ། །དབེན་པར་མཆོད་པ་རབ་ཏུ་བརྩམ། །ཞེས་བླ་མེད་བསྟན་ཏོ། །འདི་ནི་སྙིགས་མའི་དུས་ཀྱི་གདུལ་བྱ་ལ་གཙོ་བོ་ཡིན་པར་སྡོམ་འབྱུང་ལས། སྙིགས་མའི་དུས་ན་འགྲུབ་པར་འགྱུར། །ཞེས་སོ། །འགྲུབ་པའི་ཁྱད་གཞི་གང་ཡིན་ན་ཐབས་ཤེས་


JLAZ003_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བའི་ལྷའི་སྣལ་འབྱོར་གྱི་སྒོ་ནས་ཤེས་རབ་ཀྱི་ལམ་ཁྱད་ཞུགས་པར་འགྲོ་བ་ཉིད་ཡིན་ཏེ། འདི་ལྟར་གསང་སྔགས་བླ་ན་མེད་པ་ཕལ་མོ་ཆེ་ནི་ཐབས་ཤེས་ཁྱད་པར་ཅན་ལྷ་ཡབ་ཡུམ་གཉིས་སྦྱོར་གྱི་རྣམ་པ་ཅན་དུ་ཡོད་པ་དང༌། ཆགས་པ་ལམ་དུ་བྱེད་པའི་ཐབས་ཤེས་ཀྱི་རྫོགས་རིམ་ཀྱང་ཤིན་ཏུ་ཟབ་པ་དག་ཡོད་པས་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་འདུ་འཕྲོད་ཁྱད་པར་ཅན་གྱི་གནད་ལ་བརྟེན་ནས་སྟོང་ཉིད་ཀྱི་ལྟ་བ་ལའང་ཁྱད་ཞུགས་པ་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་ཉམས་སུ་མྱོང་བར་འགྱུར་རོ། །དེ་སྐད་དུ་ཨིནྟྲ་བྷཱུ་ཏིས། བླ་མའི་ཁྱད་པར་དང༌། སྣོད་དང༌། ཆོ་ག་དང༌། ལས་དང༌། དམ་ཚིག་དང༌། བསྒོམ་པའི་ལྟ་བ་དང༌། སྤྱོད་པའི་ཁྱད་པར་གྱིས་འཕགས་སོ། །ཞེས་བསྟན་ཏོ། །གཞན་ཡང་བག་ཆགས་ཀྱི་སྒོ་ནས་དབྱེ་བའི་ཚུལ་དུས་འཁོར་བསྡུས་རྒྱུད་ལས། ཤེས་རབ་རྒྱུད་ནི་ཤར་ནས་སླར་ཡང་རྣལ་འབྱོར་རྗེས་སུ་རིག་པ་ཉིད་ནི་ནུབ་ཀྱི་ཞལ་ནས་སོ། །གཡས་ཀྱི་ཞལ་ནས་རྒྱལ་བའི་བདག་པོས་རྣལ་འབྱོར་རྒྱུད་གསུངས་གཡོན་གྱི་ཞལ་ནས་བྱ་བ་ལ་སོགས་པའོ། །ཞེས་གཡོན་ཞལ་སད་པའི་བག་ཆགས་ཀྱི་དབང་ལས་རགས་པ་ཕྱི་དོན་དུ་ཞེན་པ་ལ་བྱ་བ་དང་སྤྱོད་པའི་རྒྱུད། གཡས་ཞལ་རྨི་ལམ་གྱི་བག་ཆགས་ཀྱི་དབང་གིས་སེམས་ཀྱི་སྣང་བ་ཙམ་དུ་ཞེན་པ་ལ་རྣལ་འབྱོར་གྱི་རྒྱུད།


JLAZ003_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ཞལ་གཉིད་འཐུག་པོ་ལོག་པའི་བག་ཆགས་ཀྱི་དབང་གིས་ཕྱིའི་རྟོག་པ་ཐམས་ཅད་ནུབ་ནས་མི་རྟོག་པར་ཞེན་པ་ལ་བླ་ན་མེད་པའི་རྒྱུད། རྒྱབ་ཞལ་བཞི་བའི་བག་ཆགས་ཀྱི་དབང་གིས་བདེ་བར་ཞེན་པ་ལ་རྣལ་འབྱོར་རྗེས་རིག་གི་རྒྱུད་སྡེའི་རྣམ་གྲངས་ཕྱེ་བ་རྣམས་གསུངས་པ་ཡིན་ནོ། །དེ་བས་ན་རྒྱུད་སྡེ་འོག་མ་གསུམ་དུ་བདེ་བ་ལམ་བྱེད་ཀྱི་ཐབས་ཁྱད་པར་བ་མེད་པས་ཡན་ལག་བདུན་གྱི་ནང་གི་ཁ་སྦྱོར་གྱི་ཡན་ལག་ཀྱང་མ་བསྟན་པ་ཡིན་ནོ། །དེ་དག་གིས་གདུལ་བྱ་གང་ལ་དགོངས་པའི་ཁྱད་པར་བསྟན་ནས་འདུལ་བྱེད་ཆོས་ཀྱི་རྣམ་པར་གཞག་པའི་ཕྱིར། ཆོས་ནི་བྱ་སྤྱོད་རྣལ་འབྱོར་བླ་ན་མེད། །དང་པོ་གསུམ་ནི་གསང་སྔགས་ཕྱི་བ་སྟེ། །ཐུབ་པས་དངོས་གསུངས་མཚན་ཉིད་ཐེག་པ་དང༌། །གཙང་སྦྲ་སྡོམ་པའི་ཀུན་སྤྱོད་ཕལ་ཆེར་མཚུངས། །རྩོད་པའི་དུས་དང་འགལ་བའི་འདོད་ཆགས་ཀྱི། །ཀུན་སྤྱོད་ལམ་བྱེད་ལྷ་ཡང་ཟུང་འབྲེལ་མིན། །ཤ་ལྔ་བདུད་རྩི་ལྔ་ལ་ལོངས་མི་སྤྱོད། །དེ་ལ་རྒྱུད་སྡེ་བཞིར་གྲངས་ངེས་པའི་ཀྲི་ཡ་དང༌། ཨུ་པ་དང༌། ཡོ་ག་སྟེ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་ནི་ཐུབ་པ་ཆགས་བྲལ་གྱི་རྣམ་པས་དངོས་སུ་གསུངས་ཤིང༌། ཕྱི་མཚན་ཉིད་ཀྱི་ཐེག་པ་ལྟར་གཙང་བཙོག་དང་སྤོང་ལེན་མང་ཞིང་ནང་གི་དམ་རྫས་ལ་སྤྱོད་


JLAZ003_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས། བླང་དོར་དང་སྤང་གཉེན་ལ་སོགས་ཚངས་པར་སྤྱོད་པའི་དཀའ་ཐུབ་དང་སྡོམ་པའི་ཀུན་ཏུ་སྤྱོད་པ་ཡང་ཚུལ་མཚུངས་པས་ན་དཀའ་ཐུབ་རིག་བྱེད་དམ། ཐུབ་པ་རྒྱུད་ཀྱི་ཐེག་པ་ཞེས་ཀྱང་བྱའོ། །དེ་སྐད་དུ་འཇམ་དཔལ་རྩ་རྒྱུད་ལས། ཐུབ་པ་བདུན་པས་ཚིགས་བཅད་ནི། །སངས་རྒྱས་གསུང་ནི་དག་པས་གསུངས། །ཞེས་སྟོན་པའི་ཁྱད་པར་དང༌། ནང་གི་འདོད་པའི་ཡོན་ཏན་ལའང་སྤྱོད་པར་མི་ནུས་ཤིང་ལུས་ངག་གི་སྡོམ་པ་གཟུགས་ཅན་དང་ཕྱོགས་མཚུངས་པའོ། །དེའང་ཐེག་པ་ཆེན་པོ་གཉིས་ཀའི་བསམ་པའི་རྟེན་ནི་ཆོས་དང་བླ་མ་ལ་གུས་ཤིང་དགེ་བ་བཅུའི་ལས་ལམ་ལ་གནས་པ། དེའི་གྲོགས་སུ་མང་དུ་ཐོས་པ་དང་ལྡན་ཞིང་ཁྱད་པར་འགྲོ་བ་འདོན་པར་འདོད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་གྲུབ་པ་ཁོ་ན་ཡིན་ནོ། །དེ་སྐད་དུ་སྤྱོད་པའི་རྒྱུད་ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེ་བ་འདི་དང༌། ཤིན་ཏུ་ཟབ་པ་འདི་དང༌། གཏིང་དཔག་དཀའ་བ་དང་གསང་བབས་ཀྱང་ཆེས་གསང་བ་སེམས་ཅན་སྡིག་པ་ཅན་རྣམས་ལ་བསྟན་དུ་མི་རུང་བ་འདི་ནི། ལག་ན་རྡོ་རྗེ་ཁྱོད་ཀྱི་ཤིན་ཏུ་དཀོན་པ་ཞིག་སྤྲོས་ཏེ། འདི་ནི་སྔོན་མ་ཐོས་ན་འདི་སེམས་ཅན་ཇི་ལྟ་བུ་ལ་བཤད་པར་བྱ།


JLAZ003_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཞུགས་པ་དང༌། གང་གི་ཚེ་དེ་དག་གི་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱ་ཡི། གང་དག་གིས་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ནི་དཀྱིལ་འཁོར་ཡང་བལྟར་མི་གཞུག་གོ །དེ་དག་ནི་ཕྱག་རྒྱ་དང་གསང་སྔགས་ཀྱང་བསྟན་པར་མི་བྱའོ། །ཞེས་པས་དབང་བསྐུར་བའི་སྔ་རོལ་དུ་སྨོན་འཇུག་གི་སེམས་ལ་ནུས་པ་བརྟན་པ་ནི་མེད་དུ་མི་རུང་བ་ཡིན་ནོ། །འདི་ལྟར་མ་གོ་བ་དག་སྔགས་ཀྱི་གདུལ་བྱ་ནི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་འགལ་ཟླ་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ཅན་དུ་འདོད་པ་ནི་ཤིན་ཏུ་གཏི་མུག་ཅན་དུ་རིགས་པར་བྱ་སྟེ། འདི་ལྟར་སྔགས་རྒྱུད་ཀྱི་ཆེ་བ་བསྟན་པ་དང༌། དམ་ཚིག་གི་ཀུན་ཏུ་སྤྱོད་པའི་དུས་ཚིག་གི་རྣམ་པ་འདྲ་བ་ཙམ་བྱུང་སྲིད་ན་དེའི་དགོངས་པ་ནི་དེ་མ་ཡིན་ཏེ། རྒྱལ་པོ་མྱ་ངན་མེད་ལྟ་བུའི་གཟུ་ལུམ་ཅན་ཡང་དགེ་བའི་བཤེས་གཉེན་དང་ཕྲད་ན་


JLAZ003_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་དགེ་བའི་རྩ་བ་དང་འབྲེལ་བའི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་བག་ཆགས་བཟང་པོ་ཡོད་པས་དེའི་ཞེ་སྡང་དུས་རེས་འགའ་བའམ་གཉེན་པོས་ལྡོག་པའི་གློ་བུར་བ་ཅན་ཡིན་པ་བཞིན་ནོ། །ད་ལྟ་སྡིག་སྤྱོད་ཀྱི་རྒྱལ་བློན་ལ་སོགས་ཏེ་ཁྱིམ་པའི་ཕྱོགས་ཉོན་མོངས་པ་རྒྱུན་ཆགས་ལ་སྡོམ་སེམས་མེད་པ་གང་ཞིག་སྔགས་ཀྱི་བརྟུལ་ཞུགས་ཀྱིས་གྲོལ་དུ་རེ་བ་ནི་ཕྱོགས་འཛོལ་བ་ཆེན་པོ་ཡིན་ནོ། །དེ་བས་ན་ཐེག་པ་འདི་ལ་འཇུག་པ་རྣམས་ཀྱང་སྔར་འཁོར་ལོ་ཆེན་པོ་བཞིའི་ཚོམས་སུ་བསྟན་པ་ལྟར་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལེགས་པར་བསྟེན་ལ་ལེའུ་དང་པོ་ནས་བཟུང་སྟེ་བློ་སྦྱོང་གི་རིམ་པ་དང༌། དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལེགས་པར་ཤེས་པར་བྱས་ལ་དེའི་ཁུར་འཁྱེར་བར་ནུས་པ་ན། བྱང་སྡོམ་གྱི་རྟེན་དགེ་བསྙེན་ཡིན་ན་དགེ་བསྙེན་གྱི་སྡོམ་པའི་ཕྱོགས་ཇི་ལྟར་ནུས་ཚད་དང༌། དེའི་གསོ་སྦྱོང་བསྙེན་གནས་ལ་བརྩོན་པར་བྱ་ཞིང༌། རབ་ཏུ་བྱུང་བ་ཡིན་ན་དགེ་ཚུལ་སློང་གི་སྡོམ་པ་ཡོངས་སུ་དག་པར་བྱས་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཆོ་ག་བཞིན་དུ་བླང་བར་བྱ་བ་ནི་མཆོག་ཡིན་ལ། གལ་ཏེ་སེམས་ཀྱི་བརྩམ་པ་དོན་དུ་འགྱུར་ན་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ནོད་པའི་སྔོན་འགྲོར་སྡོམ་པ་ཆིག་རྫོགས་སུ་བཟུང་བ་ཁོ་ནས་ཀྱང་མི་


JLAZ003_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་མ་ཡིན་ཏེ་དེ་ཉིད་ལ་དགོས་པ་ལྷག་པོ་གཞན་མེད་པའི་ཕྱིར་རོ། །དེ་དག་གི་དོན་སྤྱོད་བསྡུས་ལས་ཀྱང༌། ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པའི་བསླབ་པ་ལ་བསླབ་བོ། །གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལོབས་པར་གྱུར་པ་དེའི་ཚེ་ཐེག་པ་གསར་ལ་དྲན་པ་གཅིག་པའི་ཏིང་འཛིན་ལ་བསླབ་བོ། །ཞེས་སྔོན་དུ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་སྨོན་འཇུག་དང༌། དེའི་རྗེས་ཐེག་པ་གསར་བ་ནི་སྔགས་ཀྱི་ཐེག་པ་ཉིད་ཡིན་ནོ། །དེ་ལྟར་སྨོན་འཇུག་གི་སེམས་བསྐྱེད་ནས་ནི་སྤྱོད་པ་ཕྱིན་དྲུག་དང་ལྡན་པར་བྱ་བ་སྨོས་མ་དགོས་ཀྱི། ཕྱིན་དྲུག་ནི་མདོ་སྔགས་གཉིས་ཀའི་གཞུང་ལམ་ཡིན་པས་བསམ་ཀྱིས་མི་ཁྱབ་པའི་འབྲས་བུ་ལམ་དུ་བྱེད་པའི་གནས་སྐབས་ཀྱང་དེ་ཉིད་ལ་དམིགས་པའི་ཕྱིན་དྲུག་དང་དག་པ་སྦྱོར་ཚུལ་ཡོད་པའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་དང་མི་འགལ་བའི་སྟེང་ནས་སྔགས་ཕྱི་ནང་སོ་སོའི་ཁྱད་པར་གྱིས་ཕྱེ་བའི་དམ་ཚིག་དང་སྡོམ་པའི་གནང་བཀག་ལ་མི་འགལ་བར་སྤྱོད་པ་དེ་ལ་སྔགས་ཀྱི་ལམ་རྣལ་མར་འགྲོ་བ་ཞེས་བྱའོ། །དེ་ལ་བྱ་བའི་རྒྱུད་དུ་ནི་གཞི་སྣང་སྟོང་བདེན་པ་གཉིས་སུ་ཤེས་ནས། དེའི་སྔོན་དུ་བྱེད་པའི་ལམ་ཁྲུས་དང་གཙང་སྦྲ་ཀུན་ཏུ་སྤྱོད་པས་དཀར་གསུམ་ཟ་བ་དང་


JLAZ003_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གོས་གསུམ་བརྗེ་བ་ལ་སོགས་ཕྱིའི་བྱ་བ་མང་པོ་ལ་ལྟོས་ཤིང༌། སྨྱུང་བར་གནས་པའི་ཆོ་ག་ལ་སོགས་པས་གནས་ལ། སྐྱེ་བ་བཅུ་དྲུག་ནས་སངས་རྒྱས་མངོན་དུ་བྱེད་པར་འདོད་པ་ནི་འབྲས་བུའོ། །དེ་དང་རྣམ་པ་མཚུངས་པའི་གཞི་ལམ་འབྲས་བུས་གཞལ་བའི་སྤྱོད་པའི་རྒྱུད་དུ་ནི་ཕྱིའི་བྱ་བ་དང་ནང་གི་ཏིང་ངེ་འཛིན་གཉིས་ཆ་མཉམ་པར་སྤྱོད་ཅིང་ལྟ་བ་ཡོ་ག་དང་སྤྱོད་པ་ཀྲི་ཡ་ལྟར་བྱེད་པས་གཉིས་ཀའི་རྒྱུད་ཅེས་ཀྱང་འབོད་ཅིང་ཚེ་བདུན་ནས་འབྲས་བུ་ཐོབ་པའོ། །རྣལ་འབྱོར་གྱི་རྒྱུད་དུ་ནི་ཕྱིའི་བྱ་བ་གྲོགས་ཙམ་ལས་དངོས་གཞི་ལྷའི་ཏིང་ངེ་འཛིན་གཙོ་བོར་འདོད་ཅིང་ཚེ་གསུམ་ན་འབྲས་བུ་ཐོབ་པའོ། །དེ་ལྟར་སྔགས་ཕྱི་པ་གསུམ་དུ་འཇུག་པའི་སྒོ་ནི་ཆུའི་དབང་གཙོ་ཆེ་སྟེ་ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་ལ་གསལ་བར་བྱས། །ཞེས་སོ། །དེའང་རིག་གཏད་དང༌། རྗེས་གནང་དང༌། ཆུ་དབང་གི་བྱེད་པ་སྟོན་པས་ཀྱང་ཕྱི་བར་བཞག་ལ། དབང་གོང་མ་གསུམ་གཙོ་ཆེ་ཞིང་སྤྱོད་པ་བླང་དོར་མེད་པ་ནི་ནང་པའོ། །དེ་ལྟར་ཕྱི་པ་གསུམ་པོ་ནི་ཤིན་ཏུ་བརྩོན་པ་ཆེ་ཡང་སྔགས་ནང་པ་ལྟར་ཚེ་འདིའམ། བར་དོར་མཆོག་གི་དངོས་གྲུབ་ཐོབ་པ་མ་ཡིན་ཏེ། ཡེ་ཤེས་གྲུབ་པའི་རྒྱུད་ལས།


JLAZ003_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་སྐུར་བ་སྡོམ་པ་དང༌། །སྣ་ཚོགས་ཕྱག་རྒྱ་དང་ལྡན་པའི། །ལྷ་ཡི་གཟུགས་སུ་བསྒོམ་པ་ཡིས། །སྒྲུབ་པ་འགྲུབ་པར་མི་འགྱུར་རོ། །ཞེས་སོ། །དེ་བཞིན་དུ་སྔགས་ཕྱི་པ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་རིག་མའི་འདོད་ཡོན་ལ་སྤྱོད་པའི་ཁྱད་པར་ཡང་རྩོད་པའི་དུས་འདིའི་མིའི་འགྲོ་བ་རྣམས་ཀྱི་འདོད་ཆགས་ཀྱི་ཀུན་ཏུ་སྤྱོད་པ་དང་འགལ་བ་ཅན་ཁོ་ན་ཡིན་པས་བྱ་བ་ལ་སོགས་པའི་རྒྱུད་སྡེ་གསུམ་པོ་རིམ་པ་བཞིན་བལྟ་བ་དང༌། དགོད་པ་དང༌། ལག་བཅངས་ཀྱི་ཁྱད་པར་ཙམ་ལས་དོན་བསྒོམ་པའི་ཡེ་ཤེས་ཀྱི་རིག་མ་ཁོ་ནའི་འདོད་ཡོན་ལ་དམིགས་པ་ཅན་ཡིན་ལ། བླ་མེད་དུ་ནི་དངོས་དང་བསྒོམས་པའི་རིག་མ་གཉིས་ཀ་ཡབ་ཡུམ་སྙོམས་པར་འཇུག་པ་ཅན་ཡིན་པའི་ཚུལ་ལ་ཡང༌། དུས་བཞི་སོ་སོའི་སྦྱང་གཞི་འདོད་ཆགས་ཀྱི་འཇུག་ཚུལ་དང་སྒོ་བསྟུན་པ་སྟེ། འདི་ལྟར་རྫོགས་ལྡན་གྱི་དུས་ཁྱོ་ཤུག་ཕན་ཚུན་གཅིག་ལ་གཅིག་བལྟས་པ་ཙམ་གྱིས་ཚིམ་པའི་འདོད་ཆགས་ཅན་གདུལ་བའི་ཕྱིར་བྱ་བའི་རྒྱུད་ཀྱི་ལྷ་རྣམས་དེ་དང་མཚུངས་པར་སྟོན་ཏེ། ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། དབུས་སུ་ནི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་བྲི། དེའི་


JLAZ003_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་ན་བཟའ་དཀར་མོ་བཅོམ་ལྡན་འདས་ལ་བལྟ་བ་བྲིའོ། །ཞེས་དང༌། དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་ལས། བཅོམ་ལྡན་འདས་ཞལ་ཁྲོ་གཉེར་ཅན་ལ་གཏོད་པར་བྱ་ཞིང་གཡས་ཕྱོགས་ན་ལྷ་མོ་སྒྲོལ་མ་མཛེས་བག་དང་བཅས་ཤིང༌། ལུས་བཏུད་པ་ལ་མཆོག་སྦྱིན་པའི་ཕྱག་རྒྱ་ལ་མིག་གཏོད་པར་བྱའོ། །གཡོན་དུ་ནི་པདྨའི་རིགས་མཛེས་པ་མཛེས་བག་དང་བཅས་པ་སྔགས་ཀྱི་ཚུལ་དང་རྗེས་སུ་མཐུན་ཞིང་དོན་ཡོད་ཞགས་པ་ལ་མིག་གཏོད་པར་བྱའོ། །ཞེས་དང༌། རྡོ་རྗེ་གཙུག་ཏོར་ལས། དཀྱིལ་འཁོར་གྱི་ནི་ལྷ་ཚོགས་རྣམས། །ཕོ་ཡང་མོ་ལ་བལྟ་བ་དང༌། །མོ་ཡང་ཕོ་ལ་བལྟ་བ་བྲི། །ཞེས་སོ། །དེ་བས་ན་བྱ་བའི་རྒྱུད་ཀྱི་ལྷ་རྣམས་སྤྱན་རྒྱས་པར་འབྱུང་ངོ༌། །གསུམ་ལྡན་གྱི་དུས་བགད་པས་ཚིམ་པའི་འདོད་ཆགས་ཅན་གདུལ་བའི་ཕྱིར་སྤྱོད་པའི་རྒྱུད་ཀྱི་ལྷ་རྣམས་ཀྱང་དེ་དང་མཚུངས་པར་སྟོན་ཏེ། རྣམ་སྣང་མངོན་བྱང་ལས། དེ་ཡི་གཡས་སུ་ལྷ་མོ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་སྟེ། །ལྷ་མོར་ཅུང་ཟད་འཛུམ་པའི་ཞལ། །འོད་ཀྱི་དཀྱིལ་འཁོར་འདོམ་གང་བ། །མཚུངས་མེད་སྐུ་ནི་རབ་ཏུ་དངས། །དེ་ནི་ཤཱཀྱ་ཐུབ་པའི་ཡུམ། །ཞེས་དང༌། རྣམ་པར་སྣང་མཛད་རྒྱལ་པོ་ཆེ། །


JLAZ003_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཙམ་འཛུམ་པའི་ཞལ་དུ་བྲི། །ཞེས་པ་ལ་སོགས་པས་སྤྱོད་རྒྱུད་ཀྱི་ལྷ་ཐམས་ཅད་ཞལ་འཛུམ་པ་ཤ་སྟག་གོ །གཉིས་ལྡན་གྱི་ཚེ་གཅིག་ལ་གཅིག་རེག་ཅིང་ལག་བཅངས་སུ་བྱ་བའི་འདོད་ཆགས་ཅན་གདུལ་བའི་ཕྱིར་རྣལ་འབྱོར་རྒྱུད་ཀྱི་ལྷ་རྣམས་ཀྱང་དེ་ལྟར་སྟོན་པའི་ཚུལ་རྩེ་མོ་ལས། རྡོ་རྗེ་ལྷ་མོ་ཅ་ཅོ་སྒྲོག །པུས་འཁྱུད་རང་གི་ལྷ་མོ་ནི། །དེ་ཡི་གློ་ན་མགོ་བསྒྱུར་ཞིང༌། །འཛུམ་བཅས་ཀུན་ཏུ་བལྟ་བ་ཡིས། །བཅོམ་ལྡན་འདས་ཀྱི་ཞབས་ལ་འཁྱུད། །ཅེས་དང༌། དཔལ་མཆོག་དང་པོ་ལས། དཀྱིལ་འཁོར་གྱིས་ནི་ལྷ་ཚོགས་རྣམས། །དཔུང་པ་ཡིད་ཙམ་དམ་པར་བཞག །ཅེས་དང༌། དེ་ཡི་ལོགས་ལ་རྡོ་རྗེ་ཆེ། །མདའ་ནི་གསོར་བ་ལ་བརྩོན་པ། །སྙེམས་པའི་ཕྱག་གིས་ཡོངས་འཁྱུད་པའི། །ཆུ་སྲིན་རྒྱལ་མཚན་སྒྲེང་དང་བཅས། །ཞེས་པས་ཡོ་གའི་ལྷ་ཐམས་ཅད་ཕྱག་རྒྱ་འབྲེལ་བར་འབྱུང་ངོ༌། །རྩོད་ལྡན་གྱི་དུས་ན་དབང་པོ་གཉིས་དངོས་སུ་སྦྱོར་བའི་འདོད་ཆགས་ཅན་གདུལ་བའི་ཕྱིར་བླ་མེད་ཀྱི་ལྷ་རྣམས་ཡབ་ཡུམ་ཟུང་འབྲེལ་ཅན་དུ་སྟོན་ཏེ། སྡོམ་པའི་རྩ་རྒྱུད་ལས། མཚན་མ་གཉིས་ལ་སྔགས་བྱས་ཏེ། །སྔགས་པ་མཁའ་འགྲོ་མ་ལ་


JLAZ003_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར། །ཞེས་དང༌། གསང་འདུས་ལས། དབང་པོ་གཉིས་ཀྱི་སྦྱོར་བ་ཡི། །དངོས་པོ་ཐམས་ཅད་བརྟག་པར་བྱ། །ཞེས་སོ། །དེ་ལྟར་མིང་འདོགས་དང་རྣམ་དབྱེའི་སྒོ་ནས་རྒྱུད་སྡེ་གོང་འོག་ཐུན་མོང་ལ་གྲགས་པའི་གདུལ་བྱའི་ཁྱད་པར་བཤད་ནས། ད་ནི་སོ་སོའི་རང་བཞིན་དབྱེ་བའི་ཚུལ། །དབྱེ་ན་བྱ་བ་དང་ནི་སྤྱོད་པའི་རྒྱུད། །སེམས་དཔའ་སེམས་མ་རིག་སྔགས་གཟུངས་སྔགས་ལྷ། །བྱ་བས་རྗེ་ཁོལ་སྤྱོད་པས་སྤུན་གྲོགས་ཚུལ། །བྱ་བས་རྗེ་ཁོལ་རྣམ་པར་བསྒྲུབ་པ་ཡང༌། །བདག་བསྐྱེད་མེད་པར་རང་ཉིད་དམན་པར་བཞག །ལ་ལར་ཡོད་དེ་གཙོ་བོར་མདུན་བསྐྱེད་སྟོན། །ཕྱི་ཡི་བྱ་བ་ཁྲུས་དང་གཙང་སྦྲ་གཙོ། །མཆོག་དམན་ཚུལ་དུ་བསྒྲུབས་ནས་དངོས་གྲུབ་འདོད། །དེའང་སྤྱིར་སྔགས་ཀྱི་དབྱེ་བ་ལ་རིག་སྔགས་དང༌། གཟུངས་སྔགས་དང༌། གསང་སྔགས་ཞེས་ཐབས་དང༌། ཤེས་རབ་དང༌། གཉིས་སུ་མེད་པའི་ངོ་བོ་གསུམ་དུ་གནས་པའི་ཚུལ་དགོངས་པ་གྲུབ་པའི་རྒྱུད་ལས། གསང་སྔགས་ཀུན་གྱི་དབྱེ་བ་ནི། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །རིག་སྔགས་ཐབས་ཀྱི་ངོ་བོ་ཡིན། །གཟུངས་སྔགས་ཤེས་རབ་ངོ་བོ་ཡིན། །གསང་སྔགས་གཉིས་མེད་ཡེ་ཤེས་སོ། །ཞེས་པ་ལས་


JLAZ003_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་པ་ནི་ཐབས་དང་ཤེས་རབ་རིམ་ཅན་དུ་བསྒོམ་པས་བསྐྱེད་རྫོགས་ཙམ་པོ་པ་ཉིད་དང༌། དེའང་བྱ་བ་དང་སྤྱོད་པའི་རྒྱུད་ནི་སེམས་དཔའ་སེམས་མ། རིག་སྔགས་དང་གཟུངས་སྔགས་ཀྱི་ལྷ་སྟེ་དེ་དག་རྗེ་ཁོལ་དང༌། སྤུན་གྲོགས་ཀྱི་ཚུལ་དུ་བསྒྲུབ་པའི་ཚུལ་གཉིས་ལས། དང་པོ་གཟུངས་སྔགས་སུ་གཏོགས་པ་བྱ་བའི་རྒྱུད་ནི། ཚུལ་གསུམ་པའི་སྒྲོན་མེ་ལས། སྐྱེ་བ་གཞན་དུ་གོམས་པའི་བག་ཆགས་ཀྱིས་སྐྱེ་བོ་མེད་པའི་ནགས་ཚལ་གྱི་གནས་དང༌། ཁྲུས་དང་དཀྱིལ་འཁོར་བྲི་བ་དང་མཆོད་པ་དང་སྦྱིན་སྲེག་དང༌། དཀའ་ཐུབ་དང་བཟླས་བརྗོད་ལ་སོགས་པའི་བྱ་བ་མེད་པར་ཡིད་མཉམ་པར་འཇོག་པ་མི་ཐོབ་པས་དེའི་ཕྱིར་ན་བྱ་བའི་རྒྱུད་སྟོན་པར་མཛད་པ་ཡིན་ནོ། །གང་ཡང་དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པའི་སེམས་དང་ལྡན་པ་དག་ཀྱང་དད་པའི་སྟོབས་ཀྱིས་བདེ་བར་གཤེགས་པས་གསུངས་པའི་བྱ་བ་རྣམས་ཀྱིས་ཀྱང་ཡེ་ཤེས་ཐོབ་པར་འགྱུར་བས་བྱ་བ་ལ་ལྟོས་པ་དང་བཅས་པ་ཡིན་ལ། དེ་རྣམས་ལ་ནི་བྱ་བའི་ཡན་ལག་ཤིན་ཏུ་མང་པོ་མ་ཡིན་པ་རྩ་བའི་རྒྱུད་གསུངས་པ་ཡིན་ནོ། །ཞེས་སོ། །འདིའི་རྩ་བའི་རྒྱུད་ནི་སྤྱོད་རྒྱུད་དང་དོན་གཅིག་པས་སློབ་དཔོན་སངས་རྒྱས་གསང་བས་སྤྱོད་པའི་རྒྱུད་ཅེས་མིང་དུ་ཡོད་


JLAZ003_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ངོ་བོ་མེད་དེ་བྱ་བ་དང་རྣལ་འབྱོར་དུ་འདུས་ཞེས་འཆད་པ་དང་མཐུན་པར་དཀོན་མཆོག་འགྲེལ་ལས་ཀྱང་བྱ་རྒྱུད་བྱེ་བྲག་པའམ་གཉིས་ཀའི་རྒྱུད་ཅེས་འཆད་པའི་དགོངས་པའང་དེ་ཙམ་དུ་ཐལ་གྱིས་གཞན་དུ་རྩ་རྒྱུད་རྣམ་སྣང་མངོན་བྱང་དང༌། བཤད་རྒྱུད་གླང་ཆེན་རོལ་པ་སོགས་ཆ་མཉམ་དུ་སྟོན་པའི་རྒྱུད་དུ་དམིགས་ཀྱིས་བསལ་བ་བྱེད་པའི་ཁུངས་ནི་སྤྱོད་བསྡུས་ལེའུ་གསུམ་པའི་རྗེས་སུ་འབྲང་བ་ཙམ་མོ། །དེ་སྐད་དུ་རང་ཤར་ལས། ལྟ་བ་ཡོ་གར་བལྟ་བ་ལ། །སྤྱོད་པ་ཀྲི་ཡར་སྤྱོད་པའོ། །དེའི་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་སོ། །དེ་ལ་བྱ་བའི་རྒྱུད་ཀྱི་ལམ་ནི་དཔུང་བཟང་གི་འགྲེལ་པར་སྤྱོད་པའི་སྒོ་བཞིས་བསྡུས་ཏེ། འཇུག་པའི་སྤྱོད་པ་དབང་གི་སྣོད་རུང་དུ་བྱེད་པ། སྦྱོར་བའི་སྤྱོད་པ་རིགས་གསུམ་གྱི་ལྷ་བསྙེན་པ། བསྒྲུབ་པའི་སྤྱོད་པ་རྫས་དང་ཆ་རྐྱེན་འཛོམ་པས་བཟླས་བརྗོད་ལ་བརྩོན་པ། གྲུབ་པའི་སྤྱོད་པ་ལྷ་དང་སྐལ་བ་མཉམ་པའི་རིག་འཛིན་ནམ་མཁའ་སྤྱོད་འགྲུབ་ནས། དེའི་རྟེན་ལ་སྔགས་ཀྱི་ཕྱིན་དྲུག་གི་སྤྱོད་པ་སྤྱད་དེ་མཐར་ཐུག་གི་འབྲས་བུ་ལྷའི་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བས་རིགས་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་བྱེད་པའོ། །དེ་སྐད་དུ་ཧེ་རུ་ཀ་གལ་པོར། མི་ཚེ་བདུན་ན་སངས་


JLAZ003_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ། །རིགས་གསུམ་མགོན་པོས་འགྲོ་བ་འདུལ། །ཞེས་སོ། །དེའང་རིག་འཛིན་འགྲུབ་པའི་ཚེས་བསྐལ་པ་རེར་གནས་པས་འདིའི་མི་ཚེ་བདུན་དང་བྱ་རྒྱུད་རང་གཞུང་ནས་བཤད་པའི་བསྐལ་ཆེན་བརྒྱད་ན་འབྲས་བུ་ཐོབ་པར་བཤད་པ་སྦྱོར་ཤེས་པར་བྱའོ། །དེའང་བྱ་བའི་རྒྱུ་དེ་ལ་ནང་ཏིང་ངེ་འཛིན་གྱི་སྤྱོད་པ་ཡང་གཏན་མེད་པ་ནི་མ་ཡིན་ཏེ། སྨྱུང་བར་གནས་པ་ལ་སོགས་པ་ཕྱིའི་བྱ་བའི་ཡན་ལག་མང་པོ་དེ་དག་བསམ་གཏན་འགྲུབ་པའི་ཐབས་སུ་དམིགས་པ་ཡིན་པའི་ཚུལ་དཔུང་བཟང་ལས། དུས་སུ་ཟོས་ནས་དུས་སུ་ཁྲུས་བྱས་ཏེ། །ཕྲེང་བ་མེ་ཏོག་མར་མེ་སྤོས་དང་དྲི། །ཤ་ཆང་མེད་པའི་ལྷ་བཤོས་ཕུལ་ནས་སུ། །ཀུ་ཤའི་ཁྲི་ལ་འདུག་ནས་བཟླས་བརྗོད་བརྩམ། །ཞེས་དང༌། བསམ་གཏན་བདེ་བ་འགྲུབ་པར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པས་སྨྱུང་བ་རྗེས་སུ་གསུངས། །ཞེས་དང༌། རྒྱུད་ལས། ལུས་དང་ངག་གི་གཙང་སྦྲ་དང༌། །གསུམ་པ་ཡིད་ཀྱི་གཙང་སྦྲ་དང༌། །བཞི་པ་བདེན་པར་སྨྲ་བ་དང༌། །ལྔ་པ་ཕྱི་ཡི་གཙང་སྦྲར་བཤད། །ཅེས་པས་ཡིད་ཀྱི་གཙང་སྦྲ་ནི་ཏིང་ངེ་འཛིན་དུ་བསྡུ་ཤེས་པའི་ཐབས་མ་འགགས་པའི་ཕྱིར་སྨྱུང་བར་གནས་པ་སོགས་ལྷ་སྒོམ་ཐ་དད་པར་


JLAZ003_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའང་དགག་པར་མི་ནུས་སོ། །དེ་སྐད་དུ་རྣམ་སྣང་མངོན་བྱང་གི་འགྲེལ་པར་ཡང༌། བྱ་བའི་རྒྱུད་རྣམས་ཀྱང་ཕྱིའི་སྤྱོད་པ་གཙོ་བོར་གྱུར་པ་ཡིན་མོད་ཀྱང་ནང་གི་སྤྱོད་པ་གཏན་མེད་པ་ནི་མ་ཡིན་ཏེ། ཞེས་བཤད་དོ། །དེའང་ལམ་བསྒོམ་པའི་སྣོད་རུང་ནི་དབང་གི་བྱ་བས་བྱེད་ལ། སྣོད་དུ་གྱུར་ནས་དམ་ཚིག་དང་སྡོམ་པ་དག་པར་བྱ་བའི་ཚུལ་དབང་དུས་ན་འབྱུང་བའི་རྩ་བའི་ལྟུང་བ་དང༌། ཁྱད་པར་ལེགས་གྲུབ་ཀྱི་རིག་སྔགས་ཀྱི་འདུལ་བ་རྣམ་པར་ཕྱེ་བས་སྟོན་པ་བཞིན་ནོ། །དེ་ལ་བྱ་བའི་རྒྱུད་ལ་བསྙེན་པ་ཇི་ལྟར་བྱ་བ་ནི། ལེགས་གྲུབ་ཀྱི་སྔགས་ཀྱི་མཚན་ཉིད་རིམ་པར་ཕྱེ་བ་ལས། རིགས་དང་རང་བཞིན་མཐུ་རྣམས་དང༌། །ལས་དང་རྣམ་པར་དཔྱད་ནས་ནི། །རང་གི་ཡིད་དང་མཐུན་པ་ཡི། །གསང་སྔགས་ལ་ནི་བསྙེན་པ་བརྩམ། །ཞེས་སོ། །དེ་ལ་རྗེ་ཁོལ་གྱི་རྣམ་པར་བསྒྲུབ་པའི་ཚུལ་ནི། །བདག་ཉིད་དམ་ཚིག་པ་འབངས་ལྟ་བུའི་མདུན་དུ་སྔགས་ཀྱི་གཟུགས་སུ་བསམ་པ་སྟེ་པདྨའི་རིགས་ལ་མཚོན་ན་འོད་དཔག་མེད་དམ་སྤྱན་རས་གཟིགས་རྗེ་དཔོན་ལྟ་བུར་བསྒོམས་ནས་རིག་པ་བཟླ་བ་དང་སྨྱུང་བར་གནས་པ་སོགས་བྱའོ། །དེ་ཡང་ལམ་སྡུད་པའི་སྤྱི་ཆིངས་ལ་བརྟེན་ནས་ཤེས་པར་བྱ་བའི་ཚུལ། བསམ་གཏན་ཕྱི་མ་ལས། དུས་


JLAZ003_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་ནི་ཕྲ་མོ་འདི། །གསང་སྔགས་བསྒྲུབ་ལ་བརྟུན་པ་ཡིས། །ཚངས་པ་རྟག་ཏུ་རིག་བྱ་བ། །ཡན་ལག་བཅུ་ཡི་ཆོ་གའི་ལས། །ཞེས་པས་གང་དུ་བསྒྲུབ་པའི་གནས་དང༌། བདག་གི་དེ་ཁོ་ན་ཉིད་དང༌། རིག་སྔགས་ཀྱི་དེ་ཁོ་ན་ཉིད་དང༌། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང༌། མེ་ལ་གནས་པ་དང༌། སྒྲ་ལ་གནས་པ་དང༌། སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན་གསུམ་དང༌། སྔགས་བསྒྲུབ་པ་ལ་འཇུག་པའི་ཆོ་ག་དང༌། སྦྱིན་སྲེག་གི་ཆོ་ག་དང༌། དབང་བསྐུར་གྱི་ཆོ་ག་སྟེ་བཅུ་ལ་བརྟེན་ནས་དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། པདྨའི་རིགས་གསུམ་དང༌། ལྔ་རྩེན་དང་ནོར་རྩེན་ལ་སོགས་པ་འཇིག་རྟེན་པའི་རིགས་དྲུག་གསང་སྔགས་དང་འབྲེལ་བར་ལས་ཚོགས་བསྒྲུབ་པའི་ཚུལ་ཡང་བྱ་བ་སྤྱི་རྒྱུད་བཞི་དང༌། དེ་དག་གི་འགྲེལ་པ་རྣམས་ཀྱིས་ཤེས་པར་བྱ་ཞིང༌། དུས་གསུམ་དུ་མཆོད་པ་དང༌། སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། སྨོན་ལམ་གདབ་པ་དང༌། ཤེར་ཕྱིན་བཀླག་པ་དང༌། མཎྜལ་བྱ་བ་དང༌། སྡོམ་པ་བཟུང་བ་དང༌། དུས་གསུམ་དུ་བསྲུང་བ་བྱ་བ་རྣམས་གོས་ལན་གསུམ་བརྗེས་ནས་བྱ་ཞིང༌། སྨྱུང་བར་གནས་པ་ནི་ལེགས་གྲུབ་ལས་གསུངས་པ་ལྟར་རོ། །


JLAZ003_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་བྱ་རྒྱུད་ལ་བདག་བསྐྱེད་དང་ཡེ་ཤེས་པ་གཞུག་པ་ཡོད་མེད་ཀྱི་ཁྱད་པར་ལ་མི་མཐུན་པ་མང་པོ་སྣང་བའང་རྒྱུད་སྡེ་དེ་དག་འགྲེལ་པ་དང་བཅས་པར་ལ་ལ་ནས་མི་མངོན་པའི་ཚིག་ཏུ་བཤད། ལ་ལ་ནས་མངོན་པའི་ཚིག་ཏུ་བཤད་པས་ཁ་གཉིས་སུ་གྱེས་པ་ཡིན་ནོ། །དེ་ལ་མེད་པའི་ཕྱོགས་ལ་བྱ་རྒྱུད་རང་རྒྱུད་པ་ཞེས་གྲགས་ཏེ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། བདག་ཉིད་ལྷའི་སྙེམས་པ་མེད་པ་དང༌། ཡེ་ཤེས་སེམས་དཔའི་བདེ་བ་མེད་པ་ནི་བྱ་བའི་རྒྱུད་ལ་བཞུགས་སོ། །ཞེས་སོ། །དེའང་གྲུབ་མཐའ་སྨྲ་བའི་འདོད་པ་ལྟར་བརྗོད་དུས་བྱེ་བྲག་སྨྲ་བ་གཟུང་འཛིན་མི་འདྲ་བ་འདོད་ཅིང༌། རྒྱལ་བུ་དོན་གྲུབ་སོ་སྐྱེའི་རྟེན་ལ་འཚང་རྒྱ་བ་འདོད་པ་དང་རྗེས་སུ་མཐུན་པར་ལྷ་དང་བདག་རྗེ་འབངས་ལ་དངོས་གྲུབ་འདོད་པའོ། །ཡོད་པའི་ཕྱོགས་ལ་བླ་མེད་ཀྱི་བྱ་རྒྱུད་ཅེས་བྱ་སྟེ། ལེགས་གྲུབ་ཀྱི་མངོན་རྟོགས་ལས། བྱ་རྒྱུད་ལས་ལྷ་བསྒྲུབ་པའི་རིམ་པ་མ་བསྟན་ཏོ་སྙམ་དུ་བསམ་པར་མི་བྱ་སྟེ། བཅོམ་ལྡན་འདས་ཀྱི་ཕལ་ཆེར་མ་བསྟན་ཀྱང་ཕྱག་ན་རྡོ་རྗེ་དབང་བསྐུར་བ་དང༌། དེ་ཁོ་ན་ཉིད་བཅུ་པ་དག་ལས་གཙོ་བོར་བསྟན་ཏོ། །གཅིག་ཏུ་དངོས་གྲུབ་ཐམས་ཅད་ནི་གསང་སྔགས་ཀྱི་ལྷ་དང༌། དེ་ཁོ་ན་ཉིད་ལ་རག་ལུས་


JLAZ003_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ་དེ་དག་རྣམ་པར་ཉམས་ན་ཞི་བ་ལ་སོགས་པའི་ལས་རྣམས་འགྲུབ་པར་མི་འགྱུར་བས་བླ་མས་བཤད་པ་དང་རྒྱུད་ཀྱི་ཁྱད་པར་ཅུང་ཟད་དཔྱད་པ་ལས་ཁོང་དུ་ཆུད་པར་བྱའོ། །ཞེས་སོ། །དེ་ལ་བདག་བསྐྱེད་འདོད་པའི་ཁུངས་ཀྱི་གཙོ་བོ་ནི་བསམ་གཏན་ཕྱི་མ་འགྲེལ་བ་བཅས་པ་ཁོ་ན་ཡིན་ལ། ཇི་ལྟར་ཡང་མཐུན་རྐྱེན་གཙོ་བོར་སྟོན་པའི་དགོས་པའི་ལྷའི་རྣལ་འབྱོར་རྩེ་གཅིག་ཏུ་བསྒོམ་པའི་བྱ་བས་འཇིགས་པ་དང༌། ཀུན་འབྱུང་བ་ཅན་གྱི་རྣམ་རྟོག་ལ་བདེན་འཛིན་དང་བཅས་པའི་སྤྱོད་པས་ལམ་བསྒྲུབ་པའི་གདུལ་བྱ་བྱེ་བྲག་པ་ལ་དམིགས་ཀྱིས་བསལ་བ་སྟེ། གཞན་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཕྱག་སྟོང་སྤྱན་སྟོང་གི་གཟུངས་ཀྱི་སྒྲུབ་ཐབས་ལས་བདག་བསྐྱེད་ལ་ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་བ་དང་བཅས་པ་གསུངས་པ་བཞིན་ནོ། །འོན་ཀྱང་སློབ་དཔོན་སངས་རྒྱས་གསང་བ་དང་བྱང་ཆུབ་མཆོག་ནི་བདག་བསྐྱེད་ཡོད་ཀྱང་ཡེ་ཤེས་པ་མི་གཞུག་པ་ཉིད་འཆད་དོ། །སྤྱོད་རྒྱུད། བྱ་བའི་ཐབས་དང་རང་གི་རྣལ་འབྱོར་ལ། །ཆ་མཉམ་སྤྱོད་པས་སྤྱོད་པའི་རྒྱུད་དུ་གྲགས། །རང་ཉིད་དམ་ཚིག་སེམས་དཔའི་མདུན་བཞུགས་པའི། །ཡེ་ཤེས་ལྷ་ལས་སྤུན་ལྟར་དངོས་གྲུབ་ལེན། །


JLAZ003_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་དུ་ནང་གི་ཏིང་ངེ་འཛིན་དང་ཕྱིའི་བྱ་བ་གཉིས་ཆ་མཉམ་པར་སྤྱོད་པས་གཉིས་ཀའི་རྒྱུད་དུ་གྲགས་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བྱ་དང་གཉིས་ཀ་རྣལ་འབྱོར་རྒྱུད། །ཅེས་དང༌། མངོན་བྱང་གི་དོན་བསྡུས་པར། རྒྱུད་འདི་གཙང་སྦྲ་ལ་སོགས་པ་སྨད་པས་འཇིག་རྟེན་པ་དང་འགལ་བར་སྤྱོད་པས་སྤྱོད་པའི་རྒྱུད་ཅེས་བྱའོ། །ཞེས་སོ། །དེའང་བསྒོམ་བྱ་དང་མངོན་པར་རྟོགས་པས་ལམ་ཀྱི་ཆིངས་སྡུད་པའི་ཚུལ་ནི་འཇུག་པའི་སྤྱོད་པ་དང༌། སྦྱོར་བའི་སྤྱོད་པ་དང༌། གྲུབ་པའི་སྤྱོད་པ་གསུམ་ལས། དང་པོ་ལ་ཕྱིའི་འཇུག་པ་ནི་དབང་གིས་སྣོད་རུང་དུ་བྱེད་པ་དང༌། ནང་གི་འཇུག་པ་ནི་སྤྱོད་པའི་རྒྱུད་རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་ལྷའི་གཟུགས་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པ་ནི་རྟོགས་པའི་ངོ་བོ་སྟེ་མཚན་མ་ཐམས་ཅད་དང་བྲལ་བའོ། །ཡོངས་སུ་མ་དག་པ་ནི་མཚན་མ་དང་བཅས་པའི་གཟུགས་ཏེ་ཁ་དོག་དང་དབྱིབས་སོ། །དེ་ལ་ལྷའི་རྣམ་པ་གཉིས་ཀྱིས་དགོས་པ་རྣམ་པ་གཉིས་འགྲུབ་པར་འགྱུར་ཏེ། མཚན་མ་དང་བཅས་པས་ནི་མཚན་མ་དང་བཅས་པའོ། །མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་བར་འགྱུར་རོ། །ཞེས་མཚན་བཅས་དང་མཚན་མེད་ཀྱི་རྣལ་


JLAZ003_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གཉིས་ལས། མཚན་མ་དང་བཅས་པ་ནི་ལྷའི་རྣམ་པ་བཞིན་ལག་ཅན་བསྒོམ་པ་ཡིན་ལ། མཚན་མ་མེད་པ་ནི་སྟོང་ཉིད་བསྒོམ་པ་ལ་དོན་དམ་པའི་ལྷའི་ཐ་སྙད་དུ་སློབ་དཔོན་སངས་རྒྱས་གསང་བ་བཞེད་པ་ཉིད་རྒྱུད་ཀྱི་དགོངས་པར་གནས་ཏེ། སྔ་མའི་འཕྲོ་ལས། མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མ་ཅན་ཡང་བསྒྲུབ་ཏུ་རུང༌། །ཞེས་པས་ཤིན་ཏུ་གསལ་ལོ། །དོན་དེ་ལ་དགོངས་ནས་བུདྡྷ་གུཔྟས། །རྡོ་རྗེའི་གདན་ལ་འདུག་ནས་ནི། །མཆོད་དང་གསོལ་བས་ལྷ་དྲུག་སྒོམ། །སྟོང་པ་ཡི་གེ་སྒྲ་གཟུགས་དང༌། །ཕྱག་རྒྱ་མཚན་མ་དྲུག་ཡིན་ནོ། །ཞེས་སྟོང་ཉིད་དང༌། ཡི་གེ་དང༌། སྒྲ་དང༌། གཟུགས་དང༌། ཕྱག་རྒྱ་དང༌། མཚན་མ་སྟེ། དྲུག་ཀ་ལ་ལྷའི་ཐ་སྙད་བཞག་པ་ཡིན་ནོ། །འོན་ཏེ་སྟོང་ཉིད་རྐྱང་པའི་རྣལ་འབྱོར་གྱིས་འཚང་རྒྱ་བའི་གེགས་བྱེད་དོ་ཞེ་ན། མཚན་མ་རྐྱང་པའི་རྣལ་འབྱོར་གྱིས་གེགས་བྱེད་པ་ནི་དེ་བས་ཆེས་ལྷག་སྟེ་དངོས་པོར་བལྟ་བ་ནི་ཕྱི་རོལ་པ་དང༌། ཕྱི་དོན་ལ་བདེན་པར་སྨྲ་བ་རྣམས་ཀྱི་འདོད་པ་ཡིན་ནོ། །དེ་བས་ན་ཟབ་མོའི་མདོ་སྡེའམ་རྒྱུད་སྡེའི་རིམ་པ་སོ་སོ་ནས་གདུལ་བྱའི་རིམ་པ་དང་བསྟུན་


JLAZ003_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངོས་བསྟན་ཇི་ལྟར་གསུངས་པ་ལས་མཐའ་གཅིག་ཏུ་བཟུང་ནས་ལུང་དོན་སྐྱོགས་པར་མི་བྱ་སྟེ་གཟུགས་སྐུ་འགྲུབ་པའི་རྒྱུ་བཞིན་ལག་གི་རྣམ་པ་ཅན་ལས་གཞན་དུ་མི་སྲིད་ན་ཚངས་པ་འགྲུབ་པ་ལ་གདོང་བཞི་དང༌། བརྒྱ་བྱིན་འགྲུབ་པ་ལ་མིག་སྟོང་སོགས་བདེ་འགྲོ་དང་ངན་འགྲོ་དེ་དང་དེའི་འཁོར་བའི་འདྲ་འབག་བསྒོམ་དགོས་པའི་མཐའ་མི་ཐུག་པར་འགྱུར་རོ། །ཅིའི་ཕྱིར་ན་ཕ་རོལ་ཏུ་ཕྱིན་པ་དང་སེམས་ཕྱོགས་ཆེན་པོ་ལ་སོགས་ནས་ཕྱིན་དྲུག་དང༌། བླ་མ་ལ་བསྙེན་བཀུར་ལ་སོགས་པའི་ཐབས་ཀྱི་ཆ་སྔོན་དུ་བསྟན་ནས་མཚན་དཔེའི་སྣང་བ་ལ་མ་ལྟོས་པའི་ཤེས་རབ་ཁྱད་པར་ཅན་ཁོ་ནས་འབྲས་བུ་སྐུ་གསུམ་འགྲུབ་པར་ནི་འདོད་ལ། སྔགས་སུ་བསྐྱེད་རིམ་གྱི་ལམ་ལ་ནི་སྟོང་པ་ཉིད་ཀྱི་ལྟ་བས་མ་ཟིན་པའི་བསྐྱེད་རིམ་རང་རྒྱུད་པས་ཁམས་གསུམ་དུ་གོལ་བར་བཤད་པའི་ཕྱིར་རོ། །དེ་བས་ན་སྟོང་ཉིད་ཀྱི་རྩིས་མ་ཟིན་པའི་ལྷའི་རྣལ་འབྱོར་རྐྱང་པ་ནི་སྐབས་འདིར་བདག་མེད་པའི་ཤེས་རབ་དང་བྲལ་བའི་ལམ་དུ་གདོན་མི་ཟ་ལ། ཤེས་རབ་ཀྱི་ཕྱོགས་ལ་ནི་རྣམ་པའི་གཟུགས་བརྙན་བསྒོམ་པ་ལ་མི་ལྟོས་པའི་སྟོང་པ་ཉིད་ཀྱི་གདངས་སྙིང་རྗེ་ཆེན་པོ་དང་འབྲེལ་བ་ནི་ཐབས་ཤེས་འབྲེལ་བའི་ལམ་ཆོས་ཀྱི་སྐུའི་


JLAZ003_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་གཞི་གཟུགས་སྐུ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའོ། །དེ་བས་ན་ལུང་དེས་ན་མཚན་བཅས་དང་མཚན་མེད་གཉིས་ཀྱི་རྣམ་གཞག་ལེགས་པར་བསྟན་ནས་བཞིན་ལག་གི་རྣམ་པ་ཅན་དུ་བསྒོམ་པ་གཟུང་འཛིན་འདོད་ཀྱང་ཕལ་ཆེར་མདོའི་རྗེས་སུ་འཇུག་པ་དང་རྗེས་མཐུན་པར་དང་པོར་མཚན་མ་དང་བཅས་པའི་བདག་མདུན་ཐ་དད་བསྐྱེད་ཀྱང༌། མཐར་གོམས་པ་བརྟན་པ་ན་དོན་གྱི་རྣམ་པ་སེམས་སུ་ཤེས་ནས་ཕྱི་རོལ་གྱི་སྤྲོས་པ་ཐམས་ཅད་གཅོད་པ་ལྟར་ཁ་དོག་དང་དབྱིབས་སུ་བསྒོམ་པ་ཡོངས་སུ་མ་དག་པའི་ལྷ་དང་ལུས་ངག་གི་ལས་རྣམས་ལྟར་སྣང་ཙམ་དུ་ཤེས་ནས་མཚན་མ་མེད་པ་ནང་གི་རྣལ་འབྱོར་ལ་འབད་པའི་དེ་ཁོ་ཉིད་ལ་ཡོངས་སུ་དག་པའི་ལྷའི་བརྡ་ཆད་བཞག་གོ །གལ་ཏེ་དེ་ལ་ལྷའི་གཟུགས་སྒྲ་ཞུགས་པས་རྣམ་པ་དང་བཅས་པ་ཡིན་ནོ་སྙམ་ན། དེ་ནི་མ་ངེས་ཏེ་ཆོས་སྐུ་དང་ངོ་བོ་ཉིད་སྐུ་སོགས་ལའང་གཟུགས་སྒྲ་ཞུགས་པའི་ཕྱིར་རོ། །དེ་ལྟར་མཚན་མ་ཡོད་མེད་ཀྱི་རྣལ་འབྱོར་གཉིས་ལེགས་པར་ཤེས་ནས་གཉིས་པ་སྦྱོར་བའི་སྤྱོད་པ་ལ་ཕྱིའི་ཡན་ལག་བཞི་དང༌། ནང་གི་ཡན་ལག་བཞིའི་བཟླས་བརྗོད་ལ་བརྟེན་པའི་ཚུལ་རྣམ་སྣང་མངོན་བྱང་སོགས་ལས་ཤེས་པར་བྱ་


JLAZ003_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། འདི་ལ་རང་དམ་ཚིག་པར་བསྐྱེད་ཅིང་མདུན་དུ་ཡེ་ཤེས་པའི་ལྷ་བསྐྱེད་པ་ལས་དངོས་གྲུབ་བླང་ཞིང་རང་ལ་ཡེ་ཤེས་པ་འཇུག་པ་མེད་པར་འདོད་པ་ཉིད་གྲགས་ཆེའོ། །འོན་ཀྱང་དེ་ཉིད་བསྡུས་པའི་བསྟོད་འགྲེལ་ལས། སྙིང་པོ་ཕྱག་རྒྱ་སྔགས་རིགས་རྣམས། །ཇི་ལྟར་འདོད་པའི་ཚུལ་གྱིས་ནི། །ཞེས་དྲངས་པའི་རྗེས་སུ་འབྲངས་ནས་བདག་བསྐྱེད་ལ་ཡེ་ཤེས་པ་གཞུག་པར་འདོད་པའི་ཕྱོགས་ཀྱང་ཡོད་དེ། རྣལ་འབྱོར་རྒྱུད་ནས་རིགས་པ་བསྒྲེས་པར་སྣང་ངོ༌། །ལར་བྱ་སྤྱོད་གཉིས་ལ་བདག་བསྐྱེད་ཡོད་མེད་དང་ཡེ་ཤེས་པ་འཇུག་མིན་གྱི་ཕྱོགས་གཉིས་རྩ་བའི་དངོས་བསྟན་དང་རྣལ་འབྱོར་རྒྱུད་ཀྱི་རིགས་པས་བཀབ་པ་ལས། རྒྱ་གར་བའི་སློབ་དཔོན་རྣམས་ཀྱང་བཞེད་པ་མི་མཐུན་པ་ཁོ་ནར་སྣང་བས་མཐའ་གཅིག་ཏུ་མི་བཟུང་ལ། བྱ་སྤྱོད་གཉིས་པོའི་རྒྱུད་ཀྱི་ལམ་སྡུད་པའི་སྤྱི་ཆིངས་ནི་ལྷ་དང་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང༌། རླུང་དང་བཟླས་པའི་རྣལ་འབྱོར་བཞིར་གནས་པ་ལས། དང་པོ་གཉིས་ནི་གཟུགས་སྐུ་གཉིས་ཀྱི་སྒྲུབ་བྱེད་གཙོ་བོ་ཡིན་ལ། བཟླས་པ་ནི་ལྷའི་ཐུགས་རྒྱུད་བསྐུལ་བའི་ཡན་ལག་དང༌། རླུང་གི་རྣལ་འབྱོར་དང་པོ་གཉིས་བརྟན་བྱེད་ཀྱི་ཡན་ལག་ཡིན་པས་བཞི་པོའང་བསྡུ་ན་མཚན་མ་ཡོད་མེད་གཉིས་སུ་འདུ་ལ། དེའང་རླུང་གི་


JLAZ003_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ནི་བླ་མེད་ཀྱི་རྫོགས་རིམ་དང་མི་མཚུངས་ཏེ། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་དང༌། ལྷའི་རྣལ་འབྱོར་འགྲུབ་པའི་རྒྱུ་ཙམ་ཡིན་པས་རྒྱུད་སྡེ་གོང་མའི་ལམ་ཁྱད་པར་ཅན་དང་ཆེ་ཁྱད་ཞུགས་པ་ཡིན་ནོ། །གསུམ་པ་གྲུབ་པའི་སྤྱོད་པ་ནི། རལ་གྲི་ལ་སོགས་པའི་ཕྱིའི་རྫས་ལ་བརྟེན་ནས་རལ་གྲིའི་རིག་པ་འཛིན་པ་ལ་སོགས་པ་དང༌། ནང་གི་ལུས་གནས་སོ་སོར་འབྱུང་བ་བཞིའི་དཀྱིལ་འཁོར་བསྒོམས་ནས་ཕྲིན་ལས་བཞི་བསྒྲུབ་པ་དང༌། འོད་ཟེར་ཅན་མ་ལ་སོགས་པའི་བསྒྲུབ་པ་བྱས་ནས་ལྷ་དེ་དག་གི་མཚན་མ་མཐོང་མཐོང་འབད་པ་ན་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་འཐོབ་པ་སོགས་དངོས་གྲུབ་བསྒྲུབ་པའི་ཚུལ་དུ་མ་ཞིག་རྒྱུད་ལས་གསུངས་སོ། །རྣལ་འབྱོར་རྒྱུད་ཀྱི་མཚན་ཉིད་གང་ཡིན་པ་ནི། རྣལ་འབྱོར་རྒྱུད་ཀྱི་གྲུ་ཆད་མན་ཆད་ལ། །བཀོད་པ་ཆེན་པོ་ལོངས་སྤྱོད་རྫོགས་པ་ལྟར། །བསྟན་ཡང་ཟུང་འབྲེལ་མ་ཡིན་བསྐྱེད་དང་རྫོགས། །ཐབས་དང་ཤེས་རབ་རིམ་ཅན་སོ་སོ་བ། །རྣལ་འབྱོར་གཙོར་སྤྱོད་ལུས་ངག་གྲོགས་སུ་སྟོན། །ཡེ་ཤེས་དགུག་བསྟིམ་ཕྱག་རྒྱ་བཞི་ཡིས་བཅིང༌། །དམ་ཡེ་གཅིག་པའི་ངང་ནས་དངོས་གྲུབ་བླང༌། །བཟླས་པའི་མཐའ་ལ་གཤེགས་གསོལ་བྱ་བའོ། །དེ་ལ་རྩ་བའི་རྒྱུད་དེ་ཉིད་འདུས་པ། བཤད་


JLAZ003_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རྡོ་རྗེ་རྩེ་མོ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་སོགས་དང༌། རྡོར་དབྱིངས་དང༌། ཁམས་གསུམ་རྣལ་རྒྱལ་དང༌། ངན་སོང་སྦྱོང་བ་དང༌། དོན་གྲུབ་སྟེ་དུམ་བུ་བཞིར་གྲགས་པའི་དཀྱིལ་འཁོར་གྱི་གྲུ་ཆད་ལ་བཀོད་པ་ཆེན་པོ་ལོངས་སྤྱོད་རྫོགས་པ་ལྟར་བསྟན་ཀྱང་དེ་དག་གི་ལྷ་ཡང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་ཅན་མ་ཡིན་ཅིང༌། ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་སྟོང་ཉིད་དུ་རྟོགས་པའི་ཡེ་ཤེས་ཀྱི་བྱིན་རླབས་ཀུན་རྫོབ་ཙམ་དུ་རྡོ་རྗེ་དབྱིངས་ལ་སོགས་པའི་ལྷར་བཏགས་པ་སྟེ་ལམ་རིམ་ལས། ལྷུན་གྲུབ་མཉམ་པར་མ་རྟོགས་པས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱི། །ཐབས་ཤེས་རིམ་ཅན་དུ་བསྒོམས་པས། །བསྐྱེད་རྫོགས་སོ་སོ་བ་ཉིད་དེ། །ཞེས་སོ། །དེའང་ལུས་ངག་གི་བྱ་བ་གཙང་སྦྲ་ལ་སོགས་པ་སྤྱོད་པའི་གྲོགས་ཙམ་ལས། དངོས་གཞི་སེམས་ཀྱི་བྱ་བ་ལྷའི་རྣལ་འབྱོར་ལ་སོགས་པ་གཙོ་བོར་སྟོན་པ་སྟེ། དེའང་དུམ་བུ་དང་པོ་ནི་དེ་བཞིན་གཤེགས་པ་དང་དེའི་རིགས་གཉིས་ཀྱི་ཕྱི་མ་ནི་རྣམ་སྣང་གི་རིགས་ཏེ་གདུལ་བྱའི་རྒྱུད་དུག་གསུམ་ཆ་མཉམ་པ་དང༌། གཏི་མུག་ཅན་གཉིས་འདུལ་བ་ལ་དགོངས་པ་དང༌། གཉིས་པ་ནི་རྡོ་རྗེའི་རིགས་ཏེ་མི་བསྐྱོད་པའི་རིགས་ཀྱིས་གདུལ་བྱ་ཞེ་སྡང་ཅན་


JLAZ003_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་དང༌། གསུམ་པ་ནི་པདྨའི་རིགས་ཏེ་འོད་དཔག་མེད་ཀྱི་རིགས་ཀྱིས་གདུལ་བྱ་འདོད་ཆགས་ཅན་འདུལ་བ་དང༌། བཞི་པ་རིན་པོ་ཆེའི་རིགས་ཏེ་རིན་འབྱུང་གི་རིགས་ཀྱིས་གདུལ་བྱ་སེར་སྣ་ཅན་འདུལ་བའོ། །དེ་ལྟར་རིགས་བཞི་ལས་མ་བསྟན་པ་ནི་འགྲོ་བའི་བསམ་པ་རྫོགས་པར་བྱེད་པའི་བྱེད་པ་པོའི་སྒོ་ནས་རིན་པོ་ཆེའི་རིགས་ཡིན་ལ། ལས་སུ་བྱ་བའི་སྒོ་ནས་ལས་ཀྱི་རིགས་ཡིན་པའི་ཕྱིར་ལས་དང་བྱེད་པ་པོ་གཉིས་གཅིག་ཏུ་སྡུད་པའི་ཚུལ་སློབ་དཔོན་སངས་རྒྱས་གསང་བས་བཤད་དོ། །དེ་ལྟར་རིགས་བཞི་པོ་ལ་ཐོབ་བྱའི་སྒོ་ནས་རིམ་པ་བཞིན་ངོ་བོ་ཉིད་དང༌། རྣམ་པར་སྨིན་པ་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་བཞི་དང༌། ཡང་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པའི་ཡེ་ཤེས་བཞི་དང༌། བྱང་ཆུབ་ཀྱི་སེམས་དང༌། སྦྱིན་པའི་ཕར་ཕྱིན་དང༌། ཤེས་རབ་ཀྱི་ཕར་ཕྱིན་དང༌། བརྩོན་འགྲུས་ཀྱི་ཕར་ཕྱིན་ཏེ་བཞི་བཞིའོ། །དེ་ལྟར་དུམ་བུ་བཞི་པོ་རང་རང་གི་གོ་འཕང་མངོན་དུ་བྱེད་པའི་ཚུལ་དུམ་བུ་རེ་རེ་ལས་རྒྱས་འབྲིང་བསྡུས་གསུམ་གྱི་ཏིང་ངེ་འཛིན་གསུམ་ཚན་བཞི་བཞིར་བསྟན་ནས་དཀྱིལ་འཁོར་ཆེན་པོ་དང༌། གཟུངས་དཀྱིལ་


JLAZ003_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཆོས་དཀྱིལ་དང༌། ལས་དཀྱིལ་གྱི་སྐབས་ཀྱི་དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་ཉམས་སུ་ལེན་པའི་ཚུལ་དེ་ཉིད་སྣང་བ་དང༌། དཔལ་མཆོག་འགྲེལ་ཆེན་སོགས་ལས་ཤེས་པར་བྱའོ། །སྤྱི་མཚན་དུ་ལྷའི་རྣལ་འབྱོར་བསྒོམ་པ་ལ་སྲིད་པ་བསྐྱེད་པའི་རིམ་པ་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་བསྟུན་ནས་བསྒོམ་པ་རྒྱུད་སྡེ་འོག་མ་གསུམ་གྱི་ལུགས་མ་ཡིན་ཀྱང་རྣམ་བྱང་གི་ཕྱོགས་དང་བསྟུན་ནས་མངོན་བྱང་ལྔའི་རིམ་པས་སྲིད་པ་ཐ་མ་པའི་བྱང་སེམས་འཚང་རྒྱ་བའི་རིམ་པ་ལྟར་བསྒྲུབ་པའི་ཚུལ། ཞིང་དང་གནས་ཕུན་སུམ་ཚོགས་པ་འགྲུབ་པའི་རྒྱུ། གདན་པདྨ་ལས་མངོན་པར་བྱང་ཆུབ་པ་དང༌། ཆོས་ཕུན་སུམ་ཚོགས་པའི་རྒྱུ་གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ་དང༌། དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོ་འགྲུབ་པའི་རྒྱུ་ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ་དང༌། འཁོར་ཕུན་སུམ་ཚོགས་པའི་རྒྱུ། སྐུ་ཡོངས་སུ་རྫོགས་པ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ལས་མངོན་པར་བྱང་ཆུབ་པ་དང༌། སྐུའི་ངོ་བོ་ཕུན་སུམ་ཚོགས་པའི་རྒྱུ་ལ་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པ་


JLAZ003_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ནི་སློབ་པའི་ལམ་དང་བསྟུན་པའི་བསྒོམ་རིམ་ཡིན་ནོ། །ཚུལ་དེ་ལྟ་བུས་རང་ལྷར་བསྐྱེད་པ་ལ་ཡེ་ཤེས་པ་དགུག་གཞུག་དང༌། འབྲས་བུའི་ཕྱག་རྒྱ་བཞི་ཐོབ་པའི་ཐབས་སུ་དམ་ཚིག་གི་ཕྱག་རྒྱ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ལས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་སྟེ་རྣམ་པ་བཞིས་རྒྱས་གདབ་པར་བྱ་ཞིང༌། དེའང་དམ་རྒྱ་ཐུགས། ཆོས་རྒྱ་གསུང༌། ལས་རྒྱ་ཕྲིན་ལས། ཕྱག་ཆེན་སྐུ་སྟེ་རང་རང་གི་རིགས་དང་སྦྱར་བའི་གཙོ་ཆེ་ཆུང་གིས་རྒྱས་གདབ་པ་ལས་སྦྱང་གཞི་སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་བྱ་བ་དང་བཅས་པ་བཞི་པོ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པར་བསྒྲུབ་པ་ནི་སྦྱངས་འབྲས་སོ། །སྤྱིར་རིགས་སོ་སོ་ལ་བརྟེན་པའི་ལམ་གྱི་རིམ་པ་མང་དུ་གསུངས་ཀྱང་དེ་བཞིན་གཤེགས་པའམ། རྡོ་རྗེ་འཆང་གི་རིགས་རྡོར་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་རྫོགས་པ་ནི་རིགས་ཐམས་ཅད་ཀྱི་སློབ་དཔོན་ཡིན་ལ་རིགས་གཞན་རྣམས་ནི་ཉི་ཚེ་བའི་སློབ་དཔོན་ཡིན་པར་བསྟོད་འགྲེལ་ལས་བཤད་དོ། །དེ་ལྟར་བསྒྲུབ་པའི་ཚེའང་དམ་ཚིག་ལ་སོགས་པའི་མཚན་ཉིད་མ་ཚང་བས་མི་འགྲུབ་པའི་གང་ཟག་བཞི་ཡོད་དེ། རྩེ་མོ་ལས།


JLAZ003_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བརྒྱ་ཕྲག་དག་ཏུ་ནི། །ཅི་སྟེ་མངོན་པར་བརྩོན་བྱས་ཀྱང༌། །གང་ཟག་བཞི་ནི་འཇིག་རྟེན་དུ། །བསྒྲུབས་ཀྱང་འགྲུབ་པ་ཉིད་མི་འགྱུར། །བྱང་ཆུབ་སེམས་ནི་མ་བསྐྱེད་དང༌། །ཐེ་ཚོམ་ལྡན་པ་ཉིད་དང་ནི། །བཀའ་བཞིན་དུ་ནི་མི་བྱེད་པ། །དད་པ་མེད་ཉིད་འགྲུབ་མི་འགྱུར། །ཞེས་པས་བྱང་ཆུབ་ཀྱི་སེམས་ཚུལ་བཞིན་དུ་རྒྱུད་ལ་བསྐྱེད་པ་དང༌། ཐེ་ཚོམ་དང་ཡིད་གཉིས་མེད་པ་དང༌། བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་དང་མི་འགལ་བར་སྤྱོད་པ་དང༌། ལྷ་དང་བླ་མའི་ཡུལ་ལ་དད་པ་ཤིན་ཏུ་བརྟན་པ་སྟེ་གཉེན་པོའི་ཡོན་ཏན་བཞི་དང་ལྡན་པར་བྱའོ། །དེ་ལྟར་ལྡན་ནས་ཀྱང་ཁྱིམ་པ་དང་རབ་བྱུང་གང་ཡིན་ཀྱང་རང་རང་གི་སྡོམ་པ་ལ་གནས་དགོས་པའི་ཚུལ། རྡོ་རྗེ་རྩེ་མོ་ལས། སྲོག་གཅོད་རྐུ་དང་འཁྲིག་པ་དང༌། །རྫུན་དང་མྱོས་བྱེད་རྣམ་པར་སྤང༌། །ཁྱིམ་པའི་སྡོམ་པ་ལ་གནས་ནས། །དེ་ཚེ་རིག་པའི་རྒྱལ་པོ་བསྒྲུབ། །གལ་ཏེ་དེ་ནི་རབ་བྱུང་གྱུར། །སྡོམ་པ་གསུམ་ལ་ཡང་དག་གནས། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྡོམ་པ་མཆོག་ཡིན་ནོ། །ཞེས་སོ། །དེ་ནས་ཇི་ལྟར་བསྒྲུབ་པ་ལ། མཚན་མ་དང་བཅས་པའི་རྣལ་འབྱོར་དང༌། མཚན་མ་མེད་པའི་ཤེས་རབ་ཀྱི་རྣལ་འབྱོར་གཉིས་ལས། དང་པོ་ནི་


JLAZ003_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པ་ལྷ་ལ་དམིགས་པ་དང༌། ཕྲ་བ་ཕྱག་མཚན་ལ་དམིགས་པའོ། །རགས་པ་ལྷ་ལ་དམིགས་པ་ནི། ཁྲུས་བྱ་བ་ནས་བཟུང་སྟེ་སྔོན་འགྲོའི་བྱ་བ་རྣམས་སོང་ནས་ཆོ་ག་ལྔས་ལྷ་གང་ཡིན་པའི་རྣལ་འབྱོར་དུ་བསྙེམས་ལ་རང་འདྲའི་ཡེ་ཤེས་པ་བཅུག་པ་ལ་ཕྱག་རྒྱ་བཞིས་རྒྱས་གདབ། དེ་ནས་དེ་བཞིན་གཤེགས་པ་ཚད་མེད་པ་བཅུག་པ་ལ་སླར་ཡང་ཕྱག་རྒྱ་བཞིས་བཅིང་ཞིང་རང་གི་རིགས་ཀྱིས་བྱིན་གྱིས་རློབ་པ་དང༌། རང་རིགས་ཀྱི་དབང་གང་ཡིན་གྱི་དབང་བསྐུར། སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་བཞིས་ཡང་དག་པར་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ནས་རང་གི་ཕྱག་རྒྱ་ཆེན་པོ་བསྒོམས་ལ་ལྷ་དེ་དང་དེའི་བཟླས་པ་བྱ་བའི་ཚུལ་བསྟོད་འགྲེལ་ལས་བཤད་པ་བཞིན་ནོ། །དེ་ལྟར་མངོན་བྱང་ལྔ་ལས་ལྷ་བསྐྱེད་པ་བསྒོམ་མི་ནུས་པས་ནི་ལྷ་གང་ཡིན་དེའི་སྙིང་པོ་བརྗོད་ནས་བདག་མདུན་གཉིས་སུ་བསྒོམས་ཏེ་མཆོད་བསྟོད་དང་བཟླས་པ་ལ་འཇུག་པའི་ཚུལ་ཨ་བ་ཏ་ར་ལས། ཇི་སྐད་དུ་གསུངས་པའི་རང་གི་ལྷའི་དམ་ཚིག་གི་སེམས་དཔའི་རྣལ་འབྱོར་བྱེད་མི་ནུས་པའི་སྔགས་པས་བཟླས་བརྗོད་ཙམ་ཉིད་དང༌། དེའི་དོན་གྱིས་བཟླས་བརྗོད་བྱ་བའི་ལྷ་སེམས་དཔར་བདག་བྱིན་གྱིས་བརླབ་པ་


JLAZ003_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབང་བསྐུར་བ་དང༌། ཏིང་ངེ་འཛིན་དང་མཆོད་པ་དང་ལྡན་པར་བསམ་ཏེ། མདུན་དུ་ཡང་དེ་ལྟ་བུ་ཉིད་བསྒོམ་ཞིང་བཟླས་བརྗོད་བྱའོ། །ཞེས་པ་ལྟར་རོ། །ཕྲ་བ་ཕྱག་མཚན་ལ་དམིགས་པ་ནི། དུམ་བུ་དང་པོ་ལས། ལྕེ་ནི་རྐན་ལ་སྦྱར་བྱ་ཞིང༌། །སྣ་ཡི་རྩེ་མོར་བསམ་བྱ་ཞིང༌། །རྡོ་རྗེ་རྩེ་མོ་བདེ་རེག་པས། །སེམས་ནི་མཉམ་པར་བཞག་པར་འགྱུར། །ཞེས་དང༌། ཀོ་ས་ལའི་རྒྱན་ལས། དེ་ནས་བསྒོམ་པར་བྱ་བའི་དམིགས་པ་རྡོ་རྗེ་ཕྲ་མོའི་ཁ་དོག་ལ་སོགས་པ་ཇི་ལྟར་ངེས་པར་བྱས་པ་ལྟར་སྣའི་རྩེ་མོར་བཞག་ལ་དེ་ལ་སེམས་གཟུང་བར་བྱའོ། །ཞེས་སོ། །དེ་ལྟར་ཕྲ་མོའི་རྣལ་འབྱོར་ལ་བརྟན་པ་ཐོབ་ནས་སྤྲོ་བསྡུ་བྱ་ཚུལ་སོགས་ཡན་ལག་གི་རྣམ་གྲངས་ནི་འདིར་མ་བཤད་དོ། །གཉིས་པ་མཚན་མ་མེད་པའི་རྣལ་འབྱོར་ནི། ཆོས་ཐམས་ཅད་བདག་མེད་པར་ཤེས་པའི་བློ་ཅན་རྣམས་ལ་དེ་ཁོ་ན་ཉིད་དོན་དམ་པའི་ཤེས་རབ་རྟོགས་པའི་ཐབས་སུ་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་རྣལ་འབྱོར་གཉིས་སུ་བསྟན་པའི་ཚུལ་ཀོ་ས་ལའི་རྒྱན་ལས། ཞི་གནས་ནི་ཏིང་ངེ་འཛིན་ལ་སེམས་པའི་མཚན་ཉིད་དེ་སེམས་གང་དམིགས་པར་བྱ་བ་གཅིག་ལ་རབ་ཏུ་འཇུག་པའོ། །ལྷག་མཐོང་ནི་ཤེས་རབ་སྟེ། དེ་ཡང་སེམས་ལས་བྱུང་བ་ཆོས་རབ་ཏུ་རྣམ་པར་འབྱེད་


JLAZ003_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་ཅན་ཏེ། མཉམ་པར་འཇོག་པའི་སེམས་ཀྱིས་འདི་ནི་ཟག་པ་དང་བཅས་པའོ། །འདི་ནི་ཟག་པ་མེད་པའོ། །འདི་ན་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་བའོ་ཞེས་རྣམ་པར་འབྱེད་པའི་རྣམ་པའོ། །ཞེས་ཇི་སྙེད་པའི་ཤེས་བྱ་འབྱེད་པ་ལ་དམིགས་པའི་ལྷག་མཐོང་སྟེ་ཐོས་བསམ་ལས་བྱུང་བའི་ཤེས་རབ་ཀྱིས་བསྐྱེད་པའོ། །ཇི་ལྟ་བ་ལ་དམིགས་པ་ནི་མངོན་པར་འདུ་བྱེད་པ་མེད་པ་ཉིད་དེ་བསྒོམས་བྱུང་དང་བྱིན་རླབས་ཀྱི་སྟོབས་ལས་སྐྱེ་བའི་ཚུལ་རྒྱས་པར་སྔར་ནས་བཤད་ཟིན་ཏོ། །དེ་ལྟར་ན་རྣལ་འབྱོར་རྒྱུད་ཀྱི་ལམ་སྡུད་པའི་ཆིངས་ནི་ཕྲ་མོ་དང་ལྷའི་རྣལ་འབྱོར་ཐུན་བཞིར་བསྐྱངས་ནས་མཚན་བཅས་ཀྱྀ་ཏིང་ངེ་འཛིན་བསྐྱེད་ཅིང༌། ལྷའི་རྣལ་འབྱོར་གྱི་མཐར་ཡེ་ཤེས་པ་གཤེགས་ནས་དམ་ཚིག་པ་བསྡུས་པ་དེས་ནི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ལྷ་དང་ཕྲ་མོའི་རྣལ་འབྱོར་ལ་བརྟེན་པ་དེ་ཡང་མཚན་མ་དང་བྲལ་བའི་རྣལ་འབྱོར་དོན་དམ་པའི་བདེན་པ་ལ་འཇུག་པས་ན་བདེན་གཉིས་སྔ་ཕྱི་རེས་འཇོག་ཏུ་འདོད་པའོ། །འདི་ཡང་གྲུབ་མཐའ་སྨྲ་བ་དང་བསྟུན་ན་སེམས་ཙམ་པས་གཟུང་བ་ཕྱི་རོལ་དང༌། དེ་འཛིན་བྱེད་མེད་པར་མྱོང་བྱ་མྱོང་བྱེད་ཐམས་ཅད་སེམས་ཙམ་དུ་གཅིག་པས་ལས་


JLAZ003_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སེམས་ཀྱི་ལས་སུ་འདོད་ཅིང༌། མཐར་ཐུག་གཟུང་འཛིན་གྱི་རྣམ་པས་ལས་གསོག་པ་དེའི་དྲི་མའི་ཆ་གང་གིས་ཀྱང་གོས་མ་མྱོང་བའི་གཉིས་མེད་ཀྱི་སེམས་དང་ཤེལ་རྡུལ་དང་བྲལ་བ་ལྟ་བུར་འདོད་པ་བཞིན་ཐ་མལ་གཟུང་འཛིན་གྱི་ཆ་རྣམས་ལྷ་དང་དེ་ཁོ་ན་ཉིད་ལ་རྣལ་འབྱོར་དུ་བྱེད་པའི་ལམ་གྱིས་དོར་ཏེ། རང་མྱོང་ཙམ་གྱི་དམ་ཚིག་པ་ལ་དེ་མ་ཐག་ཡེ་ཤེས་སེམས་དཔའ་བཅུག་ནས་ནང་ཏིང་ངེ་འཛིན་གྱི་བསྒོམ་བཟླས་གཙོ་བོར་བྱས་ཏེ་མཐར་ཡེ་ཤེས་པའང་གཤེགས་སུ་གསོལ་བའོ། །དེ་ལྟར་གྲུབ་མཐའ་སྨྲ་བ་དང་བསྟུན་པ་ལ་དགོས་པ་ཅི་ཡོད་ན། རྒྱུད་སྡེ་བཞི་ཀར་ལྷའི་རྣལ་འབྱོར་དང༌། སྟོང་པ་ཉིད་ལ་བརྟེན་པའི་བདེན་གཉིས་རིམ་ཅན་དང་གཅིག་ཅར་དུ་བསྒྲུབ་པའི་ཐབས་གཙོ་ཆེ་ཆུང་དང་མན་ངག་གི་ཆ་ནས་བསྐྱེད་རྫོགས་གཉིས་ཀའི་གནད་རྫོགས་མ་རྫོགས་ཀྱིས་ཕྱི་ནང་དུ་ཕྱེ་བ་ལྟར་དོན་གྱི་ཐོབ་ཆ་ལ་ཁད་ཉེ་འགྱང་ཆེ་བས་ན་ལམ་གྱི་གནས་སྐབས་གོང་ནས་གོང་དུ་བགྲོད་པའི་རིམ་པ་ཇེ་ཟབ་ཏུ་སྟོན་པ་ཡིན་པའི་ཆིངས་ལེགས་པར་ཤེས་པའི་སླད་དུ་སྟེ། དེ་ལྟར་མ་ཕྱེད་པས་ད་ལྟ་ནི་ཐུན་མོང་གི་དངོས་གྲུབ་ཕྲན་ཚེགས་ཀྱི་དོན་དུ་བསྙེན་པའི་གཟུགས་བརྙན་དང༌། དབང་བསྐུར་རབ་གནས་ལ་སོགས་པ་ཙམ་ལ་འཇུག་པའི་དོན་དུ་


JLAZ003_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་འཆིང་བ་དང་ཆོ་གའི་ལས་ཁྲིགས་ལ་གོ་བ་འཚོལ་བ་ཙམ་ལས་མི་སྣང་ངོ༌། །དེ་བས་ན་ངེས་པར་སྤྱོད་པའི་དཀའ་ཐུབ་དང་བཅས་པ་སྔགས་ཕྱི་པ་གསུམ་གྱི་རྩེ་མོར་ཕྱིན་པ་ནི་རྣལ་འབྱོར་གྱི་རྒྱུད་འདི་ཡིན་ན་ཡོ་གའི་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བ་ལ་སོགས་རྣལ་འབྱོར་རྒྱུད་ལ་མཁས་པའི་སློབ་དཔོན་གསུམ་གྱི་གཞུང་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་བསྒྲུབས་ནས་ལམ་གྱིས་གཅོད་ཚུལ་རྣམས་རིག་པར་བྱའོ། །ད་ནི་གསང་སྔགས་ནང་པ་སྟོན་པའི་ཕྱིར། །བླ་ན་མེད་པའི་གསང་སྔགས་ནང་པ་ནི། །བསྐྱེད་དང་རྫོགས་དང་ཟུང་དུ་འཇུག་པ་ལས། །ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་དུ་བཞག །ལྷ་ནི་འཁྲིལ་སྦྱོར་དམ་རྫས་ཁྱད་པར་སྤྱོད། །གཙང་བཙོག་སྤོང་ལེན་མེད་པའི་རང་བཞིན་ཅན། །དེ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་འདི་ནི་ངོ་བོའི་སྒོ་ནས་ཐབས་ཤེས་སམ་བསྐྱེད་རྫོགས་གཉིས་མེད་དུ་འདོད་པ་ཡིན་ཡང༌། ཀུན་རྫོབ་ཏུ་རྣམ་པར་དབྱེ་བ་ཙམ་གྱི་ཆ་ནས་བརྗོད་ན། དགྱེས་རྡོར་ལས། སྐྱེས་བུ་རྣམས་ནི་གདུལ་དོན་དུ། །རྣལ་འབྱོར་རྒྱུད་ནི་རབ་ཏུ་བསྟན། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །རྣལ་འབྱོར་མ་ཡིན་རྒྱུད་རབ་བཤད། །ཅེས་པ་ལྟར་དཀྱིལ་འཁོར་གང་དུ་ལྷའི་རྣམ་པ་ཕོ་ཤས་


JLAZ003_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཞིང༌། དར་དང་རིན་པོ་ཆེའི་རྒྱན་མང་བ་ཕ་རྒྱུད། ལྷ་མོའི་རྣམ་པ་ཤས་ཆེ་ཞིང་གཅེར་བུ་རུས་པའི་རྒྱན་ཅན་དང༌། གཡང་གཞི་དང་ཐལ་ཆེན་གྱིས་བྱུགས་པ་ལ་སོགས་པ་མ་རྒྱུད་དོ། །དེ་ཙམ་དུའང་མ་ངེས་ཏེ་དབུས་ཀྱི་ལྷའི་གཙོ་བོ་གོ་འཕོ་ལ་གཙོ་མོ་མི་འཕོ་བ་རྣལ་འབྱོར་ཕའི་རྒྱུད་དེ། འདི་ལྟར་དབྱིངས་ཕྱུག་མ་གཅིག་པོ་ཉིད་རྣམ་སྣང་ལ་སོགས་པ་རིགས་ལྔ་པོའི་དཀྱིལ་འཁོར་གང་བསྒྲུབ་ཀྱི་གཙོ་བོ་དང་སྟངས་དཔྱལ་དུ་འགྱུར་ཏེ། སྐུའི་དཀྱིལ་འཁོར་ལ་རྣམ་སྣང༌། གསུང་ལ་འོད་དཔག་མེད། ཐུགས་རྡོ་རྗེ་མི་བསྐྱོད་པ། ཡོན་ཏན་རིན་ཆེན་འབྱུང་ལྡན། ཕྲིན་ལས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ཡུམ་དབྱིངས་ཕྱུག་གཅིག་པུས་ཁྱབ་པ་ལྟ་བུའོ། །དེ་བཞིན་དུ་དབུས་ཀྱི་གཙོ་མོ་གོ་འཕོ་ལ་གཙོ་བོ་མི་འཕོ་ན་མའི་རྒྱུད་དེ། དྲི་མེད་འོད་ལས། ཀུན་རྫོབ་ཀྱིས་གང་དུ་རྣལ་འབྱོར་མ་རྣམས་ཡང་དག་པར་རྒྱུ་ཞིང་གཙོ་བོ་མི་གཡོ་བ་དེ་ནི་རྣལ་འབྱོར་མའི་རྒྱུད་དོ། །གང་དུ་ཐབས་ཡང་དག་པར་རྒྱུ་ཞིང་ཤེས་རབ་མི་གཡོ་བ་དེ་ནི་ཐབས་ཀྱི་རྒྱུད་དོ། །ཞེས་སོ། །འཕོ་ལུགས་ནི་རིགས་ལྔ་སོ་སོ་དང་སྟངས་དཔྱལ་དུ་བྱེད་པ་དོན་གཅིག་གོ །གང་གི་སླད་དུ་འཕོ་དགོས་ན། མེ་ཏོག་ཕོག་པའི་ལྷའི་རིགས་གཙོ་བོར་བྱས་ན་ཉེ་བའི་དཀྱིལ་འཁོར་ཞེས་བྱ་སྟེ་བསྒྲུབ་ཐག་ཉེ་ལ་


JLAZ003_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཞི་གང་བསྒྲུབ་པའི་རིགས་དང་དཀྱིལ་འཁོར་རྫོགས་པར་བསྙེན་པས་དངོས་གྲུབ་མྱུར་དུ་འགྲུབ་པའོ། །དེའང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་རེ་རེ་ལའང་སྐུའི་སྐུ་ལ་སོགས་པ་ལྔ་ལྔར་ཕྱེ་བས་ཉི་ཤུ་རྩ་ལྔ། དེ་བཞིན་དུ་ཡེ་ཤེས་ལྔའི་རིགས་ཀྱང་དེ་སྙེད་དུ་ཕྱེ་བས་ཉི་ཤུ་རྩ་ལྔ། གཉིས་པོ་ཕྱེ་བ་ཕན་ཚུན་བསྒྲེས་པས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རིགས་བརྒྱ་དང༌། སྟོང་དང༌། ཁྲི་འབུམ་ནས་བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་བར་དུ་འགྱུར་བ་ཡིན་ཏེ། སྒྱུ་འཕྲུལ་ལས། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་སོ། །དེ་ལྟར་ཕ་རྒྱུད་དུ་ནི་ཐབས་བསྐྱེད་པའི་རིམ་པ་སྤྲོས་པ་དང༌། རྫོགས་རིམ་རླུང་གཙོ་བོར་འདོན་ལ། མའི་རྒྱུད་དུ་ནི་བསྐྱེད་པ་ཙམ་ལས་རྫོགས་རིམ་ཐིག་ལེ་འབའ་ཞིག་གཙོ་བོར་བྱེད་དོ། །གཉིས་ཀའི་རང་བཞིན་ཆ་མཉམ་དུ་སྟོན་པ་ལ་གཉིས་སུ་མེད་པའི་རྒྱུད་ཅེས་བརྡར་བཏགས་ཀྱང་གྲུབ་པའི་མཐའ་དང་ལྟ་དགོངས་ནི་གཉིས་སུ་འདུ་བ་ཁོ་ན་ཡིན་པས་ངེས་པའི་དོན་དུ་ན་རྒྱུད་ཐམས་ཅད་ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཡིན་པར་འདུས་པའི་རྒྱུད་ཕྱི་མ་ལས་རྣལ་འབྱོར་གྱི་སྒྲ་དོན་བཤད་པའི་སྐབས། ཐབས་དང་ཤེས་རབ་སྙོམས་


JLAZ003_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་དང༌། དང་པོའི་སངས་རྒྱས་ལས། ཐབས་ཀྱི་ལུས་ཀྱིས་རྣལ་འབྱོར་ཡིན། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས། །ཞེས་སོ། །ཕྱི་པ་ལྟར་ཚངས་པར་སྤྱོད་པའི་དཀའ་ཐུབ་དང༌། གཙང་རྨེ་ལ་སོགས་པའི་བླང་དོར་གྱི་ཆོས་མང་པོས་གདུང་བ་མ་ཡིན་པར་ཆོས་མཉམ་པ་ཆེན་པོའི་དམ་ཚིག་ལ་ལྟ་བས་ཕྱེ་བ་ནི་བླ་ན་མེད་པའི་ཁྱད་ཆོས་སོ། །གྲུབ་མཐའ་སྨྲ་བ་དང་བསྟུན་ནས། དབུ་མ་པ་བྱང་ཆུབ་འདོད་པས་བསོད་ནམས་ཀྱི་ཚོགས་ལ་བརྩོན་པ་ན་སྣང་བ་ཐམས་ཅད་བརྫུན་པའི་རང་བཞིན་དུ་ཐ་སྙད་ཀྱིས་རྒྱས་འདེབས་པས་བཅོས་མ་ཡེ་ཤེས་ཀྱི་ཚོགས་གསོག་པ་ན། སྟོང་པ་ཉིད་ལ་ཡང་སྒྲོ་སྐུར་ཐམས་ཅད་བཅད་ནས་ཅི་ཡང་མ་ཡིན་པའི་ཐལ་འགྱུར་འཕེན་པ་ལྟར། འདིར་ནི་སྣང་སྲིད་ཐམས་ཅད་ལྷ་དང་གཞལ་ཡས་སུ་བསྐྱེད་པའི་རིམ་པ་ལ་གདོད་ནས་གྲུབ་པའི་ཡེ་ཤེས་པ་འཇུག་པའི་ཕྱག་རྒྱས་ཐ་མལ་གྱི་སྣང་ཞེན་འདོར་བས་བསོད་ནམས་ཀྱི་ཚོགས་རྫོགས། རྫོགས་རིམ་མཚན་བཅས་ཀྱི་ཐབས་ལ་མཁས་པས་སྒོ་གསུམ་གྱི་སྙིགས་མ་རྣམས་གཅོད་ཅིང༌། ཆོས་ཐམས་


JLAZ003_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྐྱེ་བ་མེད་པར་ཤེས་པའི་ཤེས་རབ་ཟབ་མོས་སྒྲོ་སྐུར་གྱི་མཐའ་འཆིང་གྲོལ་མེད་པར་བཅད་ནས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་སྟེ། འདུས་པའི་རྒྱུད་སྔ་འགྱུར་ལས། དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་སོ། །དེ་ལྟར་རིམ་པ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ནི་གསང་སྔགས་ཕྱི་པ་མན་ཆད་དུ་ཡོད་པ་མ་ཡིན་ཏེ། ལྷ་བསྐྱེད་པའི་རྣལ་འབྱོར་ཕྱི་པ་ལ་མོད་ཀྱང་དེ་བསྐྱེད་རིམ་རྣལ་མ་མ་ཡིན་པས་ལྷ་རྫོགས་པའི་རྣལ་འབྱོར་ཀྱང་རྫོགས་རིམ་དུ་མི་བཟུང་ངོ༌། །ཅིའི་ཕྱིར་ན་རྣལ་འབྱོར་བླ་མེད་ལྟར་སྲིད་པ་སྐྱེ་བའི་རིམ་པ་དང་རྗེས་སུ་མཐུན་པས་འཁོར་བའི་འདྲ་འབག་ལམ་དུ་བྱེད་པའི་བསྐྱེད་རིམ་མ་ཡིན་པས་སོ། །དེ་བས་ན་གྲུབ་མཐའ་སྨྲ་བ་བཞི་པོའང་འོག་མ་འོག་མའི་ཆ་ལ་གོང་མ་གོང་མའི་རིགས་པས་གནོད་པ་དང་མཚུངས་པར་རྒྱུད་སྡེའི་རིམ་པ་ལའང་དངོས་དང་རྗེས་མཐུན་པའི་ཁྱད་པར་གནམ་ས་ལྟ་བུ་ཡོད་དེ་སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱི། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པས་མཚོན་པར་ནུས་སོ། །དེ་ལས་འདིར་དཔལ་གསང་བ་འདུས་པ་དང༌། སྒྱུ་འཕྲུལ་དྲ་བ་ལ་སོགས་པའི་


JLAZ003_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་གཞུང་བསྐྱེད་པ་དང་རྫོགས་པ་དང་རྫོགས་པ་ཆེན་པོའི་ཚུལ་ཞེས་རྣམ་པ་གསུམ་དུ་བགྲངས་པའི་རང་བཞིན་བརྗོད་པའི་ཕྱིར། རྣལ་འབྱོར་ཆེན་པོ་ཕ་རྒྱུད་ཐབས་ཀྱི་ལམ། །བསྐྱེད་རིམ་གཙོར་བྱས་རླུང་ལྔ་དག་པར་བྱེད། །རྗེས་སུ་རྣལ་འབྱོར་མ་རྒྱུད་ཤེས་རབ་ལམ། །རྫོགས་རིམ་གཙོར་བྱེད་ཁམས་ལ་ཞུ་བདེ་བསྐྱེད། །ཤིན་ཏུ་རྣལ་འབྱོར་གཉིས་མེད་ཡེ་ཤེས་ལམ། །གཅིག་དང་དུ་བྲལ་འོད་གསལ་ཆེན་པོར་སྦྱོར། །དེ་ལ་གསང་སྔགས་བླ་ན་མེད་པ་འདིར་སྡུག་བསྔལ་བདེན་པའི་རང་བཞིན་གློ་བུར་གྱི་དྲི་མ་དང་བཅས་པ་རྒྱུ་འབྲས་ཀྱིས་སློངས་པའི་སྲིད་པ་སྐྱེ་བའི་རིམ་པ་གང་ཡིན་པའི་འཁོར་བའི་འདྲ་འབག་བསྐྱེད་རིམ་གྱི་སྒོ་ནས་སྦྱངས་ཤིང་ཞིང་དག་པར་བྱེད་པས་ལམ་གྱི་བདེན་པ་དང༌། ཀུན་འབྱུང་བའི་ཆོས་ལས་ཉོན་གྱི་རྣམ་པར་ཤར་བའི་རིགས་རྒྱུན་སྡུག་བསྔལ་བདེན་པའི་ཆོས་ཉིད་འབྲས་བུ་སངས་རྒྱས་ཀྱི་རྣམ་པར་ཐར་པའི་འདྲ་འབག་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་བསྒྱུར་ཏེ་བསྒོམས་པས་འགོག་བདེན་དུ་འཆར་ཞིང༌། དེ་ཡང་སྦྱང་བྱ་གློ་བུར་བ་ཀུན་བརྟགས་ལ་བལྟོས་ནས་བསྐྱེད་རིམ་དང་གཞན་དབང་ལ་བལྟོས་ནས་རྫོགས་རིམ་དང་ཡོངས་གྲུབ་དང་མཐུན་པར་རྫོགས་པ་ཆེན་པོ་ལམ་དུ་བྱེད་པའི་ཚུལ་དུ་འདོད་པ་


JLAZ003_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འདི་ལྟར་རྣལ་འབྱོར་ཆེན་པོ་ཐབས་ཕའི་རྒྱུད་ནས་ནི། དཀྱིལ་འཁོར་བསྐྱེད་པའི་རིམ་པ་ཐབས་སུ་བྱས་ནས། འབྱུང་བ་ལྔའི་རླུང་རྣམ་པར་དག་པས་འཁྲུལ་སྣང་ཞིང་ཁམས་སུ་དག་པར་བྱེད་ཅིང་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཟུང་དུ་འཇུག་པས་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པར་བྱེད་དོ། །ཤེས་རབ་མའི་རྒྱུད་ལས་ནི་བསྐྱེད་རིམ་གྱི་སྤྲོས་པ་གཙོ་བོར་མི་འདོད་པར་ཁམས་བདེ་བ་ཆེན་པོ་བྷ་གའི་དཀྱིལ་འཁོར་ལས་རང་ལུས་ཐབས་ལྡན་ལ་སྔོན་དུ་གོམས་ནས་གཞན་ལུས་ཕྱག་རྒྱ་ཆེན་པོ་ལས་དགའ་བ་བཞིའི་ཡེ་ཤེས་བདེ་བ་ཆེན་པོས་བྱང་ཆུབ་སྒྲུབ་པར་བྱེད་དོ། །གཉིས་སུ་མེད་པའི་རྒྱུད་སྡེ་ཤིན་ཏུ་རྣལ་འབྱོར་ལས་ནི་གཅིག་དང་དུ་བྲལ་གྱི་ཆོས་ཉིད་འོད་གསལ་ལྷུན་གྲུབ་ཆེན་པོའི་ཡེ་ཤེས་གཙོ་བོར་བྱེད་པས་ཕུང་པོའི་སྙིགས་མ་དང་མའི་འཇའ་འོད་དུ་དངས་པར་བྱེད་དོ། །དེ་དག་གི་རང་བཞིན་རྒྱས་པ་ནི་འོག་ནས་སྟོན་པར་འགྱུར་རོ། །ཀུན་གྱི་གནད་དུ་ཁམས་དྲུག་ལྡན་པའི་ལུས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྩ་ཐིག་རླུང༌། །ལས་སུ་རུང་ལས་བསྐྱེད་རྫོགས་ཟུང་འཇུག་གསུམ། །ཡོན་ཏན་ཀུན་སྐྱེད་རྡོ་རྗེ་ཐེག་པའི་ལམ། །དེ་ལ་སེམས་ཅན་ཐམས་ཅད་ནི་བདེ་བར་གཤེགས་པའི་སྙིང་པོ་ཅན་དྲི་མ་


JLAZ003_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དགུའི་སྦུབས་ན་གནས་པ་ཉིད་འཁོར་འདས་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཡིན་པས། དེ་ཉིད་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོས་སྦྱང་བ་བྱས་པས་ཚེ་གཅིག་ལ་སོགས་པར་མྱ་ངན་འདའ་བའི་ཚུལ་སློབ་དཔོན་འཕགས་པས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཞེས་པ་ལྟར་འདའ་བའི་རྟེན་རྡོ་རྗེའི་ཐེག་པ་ཟབ་མོའི་སྣོད་དུ་གྱུར་པ་ནི་ཁམས་དྲུག་དང་ལྡན་པའི་རྡོ་རྗེའི་ལུས་ཁོ་ན་ལས་གཞན་དུ་མ་ཡིན་ལ། དམ་པ་དང་པོའི་རྒྱུད་ལས། ཐིག་ལེ་ཟླ་བ་ཞུ་བ་སྐུ། །རྣམ་པར་གཅད་པ་ཉི་རྡུལ་གསུངས། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །ཞེས་རྣམ་པར་ཤེས་པ་དང་བཅས་པའི་ཁམས་སམ་དྲི་བཅས་དེ་བཞིན་ཉིད་ལ་སྟོང་པ་ཆེན་པོའམ་མུན་ཅན་དང་ཉེ་བར་ཐོབ་པ་ཞེས་བྱ་ལ། རང་གི་ངོ་བོ་ཉིད་ཕྱོགས་ཐམས་ཅད་དང་བྲལ་བའི་ཆ་ནས་རང་བཞིན་མེད་པ་ནི་ཐམས་ཅད་སྟོང་པའམ་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ནོ། །དེ་ལ་ཤིན་ཏུ་སྟོང་པའམ། མཆེད་པ་སྟེ་དམར་ཆ་རྡུལ། སྟོང་པའམ་སྣང་བ་དཀར་ཆ་སྙིང་སྟོབས་ཐབས་ཤེས་སུ་བཞག་པ་གཉིས་ཀྱིས། དེ་གཉིས་ལ་རྩ་བའི་སྟོང་ཆེན་ནམ་མུན་ཅན་ལྡན་པས་ལུས་ངག་ཡིད་གསུམ་དང་མུན་ཅན་ལ་སྒྲ་


JLAZ003_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་དང༌། དུས་མེར་ཕྱེ་བའི་དུས་མེ་ཡེ་ཤེས་སོ། །དེ་དག་གཞི་ལུས་ཀྱི་དུས་ན་འབྱུང་བ་དང་རྒྱུར་བྱས་པའི་ཁམས་ལྔ། དེའི་སྟེང་དུ་ཡེ་ཤེས་བསྣན་པས་དྲུག་ཏུ་འགྱུར་པའི་རྡོ་རྗེའི་ལུས་གང་ཡིན་པའི་རྟེན་ཁྱད་པར་ཅན་ལ་གནད་དུ་བསྣུན་པས་ལམ་གྱི་ཡོན་ཏན་མཐའ་དག་ཐོབ་ཅིང་རྩ་དག་པའི་འབྲས་བུར་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རླུང་དག་པས་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐིག་ལེ་དག་པས་ཐུགས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་འགྲུབ་པ་ཡིན་ནོ། །དེ་ལྟར་ཤེས་ནས་ལམ་ལ་ཇི་ལྟར་བཀྲི་བའི་ཚུལ་ནི། རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ཆེན་པོ་རུ། །ལྟ་བས་ཐག་ཅད་སྒོམ་པས་ཉམས་སུ་བླང༌། །སྤྱོད་པས་ལ་དོར་འབྲས་བུས་དོན་གཉིས་བསྒྲུབ། །གཞི་ལམ་འབྲས་བུའི་རྒྱུད་ལ་ཡང་དག་བརྟེན། །འདི་ལྟར་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོའི་གནས་སྐབས་ན་ཆོས་ཐམས་ཅད་དབྱིངས་ནས་སངས་རྒྱས་པའི་རང་བཞིན་ལྟ་བས་གཏན་ལ་འབེབས་པས་བདེན་པ་དབྱེར་མེད་གཞི་ལྷུན་གྲུབ་གྱི་དཀྱིལ་འཁོར་རང་བཞིན་ཡོངས་གྲུབ་ཏུ་ལྡན་པའི་ངང་དུ་དངོས་སྟོབས་ཀྱི་རིགས་པ་མི་འཇུག་པས་སྒྲ་རྟོག་དང་ཞེན་ཡུལ་གྱིས་གཞལ་བའི་གྲུབ་མཐའི་གཏན་ཚིགས་འཆའ་བ་དང༌། བདེན་གཉིས་ཀྱིས་


JLAZ003_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དཔགས་པ་རྣམ་གྲངས་པའི་དོན་དམ་ཙམ་མ་ཡིན་པར་མོས་གུས་ཀྱིས་ཕ་ཕོགས་ཐོབ་པའི་གནས་ལུགས་ཕྱག་རྒྱ་ཆེན་པོའམ། དབང་ལས་བྱུང་བའི་དཔེའི་ཡེ་ཤེས་སམ་བསྐྱེད་རྫོགས་ཟབ་མོའི་ཐབས་ཤེས་རྟེན་འབྲེལ་གྱི་འདུ་འཕྲོད་ལ་བརྟེན་ནས་འཇིག་རྟེན་ལས་འདས་པ་འཕགས་པའི་རྒྱུད་ཀྱི་རང་བྱུང་གི་ཡེ་ཤེས་ཟག་པ་མེད་པའི་ཆོས་ཉིད་མངོན་སུམ་པར་ཉམས་སུ་མྱོང་བའི་ལྟ་བ་ལ་གྲུབ་མཐས་གཞལ་བའི་མཐོ་དམན་གྱི་ཆོས་སྒྲོ་བཏགས་པ་ཙམ་ཡང་མ་གྲུབ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། །དེ་ལྟ་བུའི་ངང་ལས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེན་པོར་ཡེ་ནས་གནས་པར་གསལ་འདེབས་ཤིང་བསྒོམ་པ་ནི་སྡོམ་བྱུང་ལས། ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་བ། །དེ་དབུས་སྐད་ཅིག་རྣམ་པ་ཡི། །དཀྱིལ་འཁོར་བདག་པོ་རྣལ་འབྱོར་པའོ། །ཞེས་པ་ལྟར་ཕྱི་དོན་དུ་འཛིན་པའི་སྣང་བ་སངས་རྒྱས་ཀྱི་ཞིང་ཁམས་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་གྱི་བཀོད་པ་


JLAZ003_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་རྒྱན་རྟ་བབས་ལ་སོགས་པ་ཡོངས་སུ་རྫོགས་པ་དང༌། ནང་ཕུང་པོ་ལྔ་དང་འབྱུང་བ་ལྔ་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་ལ་སོགས་པ་སྟངས་དཔྱལ་ལྔའི་ངོ་བོ་ལ་དབང་ཡུལ་དང་རྣམ་པར་རྟོག་པའི་ཚོགས་བྱང་ཆུབ་སེམས་དཔའ་རྣམས་དང་སྒོ་བ་ཡབ་ཡུམ་ལ་སོགས་པར་བསྒོམས་པས་གཟུགས་ཐམས་ཅད་སྣང་སྟོང༌། སྒྲ་ཐམས་ཅད་གྲགས་སྟོང་དྲན་རྟོག་ཐམས་ཅད་རིག་སྟོང་སྒྱུ་མའི་རང་བཞིན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་དུ་བསྒོམ་པ་དེ་ཡང་སྣང་བའི་ཆ་ནས་བསྐྱེད་པ་སྟེ། བརྟག་གཉིས་ལས། བཞིན་ལག་ཁ་དོག་རྣམ་པ་ནི། །བསྐྱེད་པ་ཙམ་གྱིས་རྣམ་པར་གནས། །ཞེས་སོ། །དེ་ཡང་རང་བཞིན་མེད་པའི་ཏིང་ངེ་འཛིན་གྱི་ལྷུམས་སུ་ཞུགས་པའྀ་ཆ་ནས་རྫོགས་པར་ལྷུན་གྱིས་གྲུབ་པའི་བསྐྱེད་རྫོགས་ཟུང་འཇུག་གི་བདེན་པ་དབྱེར་མེད་ཆེན་པོར་ཉམས་སུ་བླངས་ལ་དེའི་ཚེ་སྤང་བྱ་སྤོང་བྱེད་ལ་ལྟོས་ནས་ཉན་རང་རྣམས་གཉེན་པོས་སྤོང༌། བྱང་ཆུབ་སེམས་དཔས་ལམ་དུ་བསྒྱུར་ནས་ཉེས་པས་མ་གོས་པར་བྱེད་པ་དེ་སྔགས་ཀྱི་སྐབས་འདིར་རང་བཞིན་ཡོངས་ཤེས་ཀྱི་སྤོང་ལེན་མེད་པར་ལམ་དུ་བྱེད་པ་ཡིན་པས་ཕྱི་ནང་གི་སྣང་བ་དང༌། བློའི་འགྲོ་ལྡོག་བཟང་ངན་ལ་ཐ་


JLAZ003_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མལ་གྱི་སྣང་བས་མི་དཔྱོད་ཅིང༌། འདོད་ཡོན་རང་དགར་ཞེན་པའི་དུག་ལྔ་རང་རྒྱུད་དུ་ཤོར་བ་མ་ཡིན་པར་ཐབས་ཀྱིས་ཟིན་པའི་མཉམ་རྫོགས་ཆེན་པོའི་རོལ་བར་འཆར་བའི་སྤྱོད་པ་ལ་དོར་ན་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་འབྲས་བུ་ཐོབ་པར་འགྱུར་བའི་ཚུལ་གསང་བ་གྲུབ་པ་ལས། ཐ་མལ་པ་ཡི་ལུས་སྤངས་ནས། །ལྷ་རྫས་ང་རྒྱལ་ལྡན་ཡིད་ཀྱིས། །ཏིང་འཛིན་མཆོག་ལ་རྣམ་གནས་ན། །དེ་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །ཅེས་སོ། །ཇི་ལྟར་འགྲུབ་ན། རྡོ་རྗེ་ཐེག་པའི་སྒོར་སྔགས་ཀྱི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་གཉེར་བྱ་ནི་གཞན་དོན་ཕུན་སུམ་ཚོགས་པ་ཁོ་ན་ཡིན་ན། དེའི་རྟེན་ནི་རང་དོན་མངོན་དུ་གྲུབ་པ་ལ་རག་ལས་ཤིང༌། དེ་མངོན་དུ་བྱེད་པའང་ཉེར་ལེན་གྱི་རྒྱུ་དང༌། ལྷན་ཅིག་བྱེད་པའི་རྐྱེན་ཚང་བ་ལ་རག་ལུས་པས། སྔ་མ་ལ་བལྟོས་ནས་གཞིའམ་རྒྱུའི་རྒྱུད་དུ་བཞག་ཅིང༌། ཕྱི་མ་ལ་བལྟོས་ནས་ཐབས་སམ་ལམ་གྱི་རྒྱུད་དང༌། གཉིས་ཀ་ལ་བལྟོས་ནས་དོན་གཉིས་མཐར་ཕྱིན་པ་ནི་འབྲས་བུའི་རྒྱུད་དེ། སྙིང་པོའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་སོ། །དེའང་རྒྱུའམ་གཞིའི་རྒྱུད་ནི་སྦྱང་གཞི་འཁོར་བའི་རང་


JLAZ003_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཀུན་གཞི་ཚོགས་བདུན་དང་བཅས་པའི་སྦུབས་ན་བདེ་བར་གཤེགས་པའི་སྙིང་པོ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་མི་ཤིགས་པ་ཁྱད་པར་གསུམ་ལྡན་འགྲོ་བའི་རྒྱུད་ལ་རྒྱུན་ཆགས་སུ་ཡོད་པ་ཉི་མ་སྤྲིན་གྱིས་བསྒྲིབས་པ་ལྟ་བུ་སྟེ། རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་སོ། །ཁ་ཅིག་མེད་བཞིན་སྣང་བ་ཐག་ཁྲ་ལ་སྦྲུལ་ལྟ་བུ་རྒྱུད་དུ་འགལ་ལོ་ཞེས་སྨྲ་བའང་རིགས་པ་མ་ཡིན་ཏེ། རྣམ་རྟོག་དང་བདག་ཏུ་ལྟ་བའི་ཉེར་ལེན་ལས་འཁོར་བའི་རང་བཞིན་གློ་བུར་དུ་སྲིད་པ་སྟེ། གུ་ཧྱ་གརྦྷ་ལས། ཨེ་མ་ཧོ། བདེ་གཤེགས་སྙིང་པོ་ལས། །རང་རང་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་པས་སོ། །ཐབས་སམ་ལམ་ཀྱི་རྒྱུད་ནི། སྦྱང་གཞི་དེ་ཉིད་ཀྱི་དྲི་མ་གློ་བུར་བ་བར་མ་ཆད་པའི་ཐབས་ཀྱིས་སྦྱངས་ནས་རང་གི་རང་བཞིན་ཅི་ཡིན་པ་མངོན་དུ་བྱེད་པ་སྟེ་ས་བོན་དྲོད་གཤེར་དང་ཕྲད་ནས་མེ་ཏོག་གི་བར་དུ་འཕེལ་བ་ལྟ་བུ་སྟེ། ཧེ་བཛྲ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ནས་ནི་སངས་རྒྱས་ཉིད། །ཅེས་སོ། །དེའང་ལམ་དུ་ཞུགས་བྱ་ནི་ཐབས་ཀྱི་རྒྱུད་ཡིན་ཏེ། ཐབས་དང་འཕྲད་ན་དེས་དྲི་མ་བསལ་ནས་སངས་


JLAZ003_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སུ་འགྱུར་ལ་མ་འཕྲད་ན་མི་འགྱུར་བའི་ཕྱིར་རོ། །དེ་ཡང་ལམ་སོ་སོའི་ཡོན་ཏན་མངོན་དུ་གྱུར་པའི་ཆ་ནས་གླང་པོ་རབ་འབོགས་ལས། སེམས་ལྔ་སྐྱེས་པའི་སྐྱེས་བུའི་ཐུགས། །ལམ་གྱི་ངོ་བོ་རྒྱུད་ཡིན་ནོ། །ཞེས་སོ། །འབྲས་བུའི་རྒྱུད་ནི། སྦྱང་གཞི་དེ་ཉིད་སྦྱོང་བྱེད་ཀྱི་ཐབས་ཟབ་མོས་ལེགས་པར་སྦྱངས་པས་སྒྲིབ་བྱེད་དང་བྲལ་ཏེ་གློ་བུར་གྱི་རྐྱེན་གྱིས་མི་འཕྲོགས་པའི་འབྲས་བུ་མངོན་དུ་གྱུར་པ་སྟེ། འདུས་པའི་རྒྱུད་ཕྱི་མ་ལས་ཀྱང༌། གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོགས་པ་ཡི་རབ་དབྱེ་བས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་དོན་བསྡུས་པའོ། །ཞེས་སོ། །དེ་ཡང་འཁོར་བའི་ཕ་རོལ་ཏུ་འགྲོ་བའི་འཕགས་ལམ་ཁྱད་པར་ཅན་ཡིན་ཅིང༌། དེའི་ཕྱི་མ་ནི་ས་མཐར་ཕྱིན་པའི་འབྲས་བུ་བླ་ན་མེད་པ་ཡིན་པ་ནི། དཔལ་མཆོག་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་བཤད། །ཕྱི་མ་ཉིད་ནི་ཐོག་མར་བརྗོད། །དེ་ཕྱིར་གསང་བ་གསང་ཆེན་ནི། །ཕྱི་མའི་རྒྱུད་ནི་ཡིན་པར་འདོད། །ཅེས་སོ། །དེའི་ཕྱིར་བསྐྱེད་རྫོགས་གཉིས་ཀའི་སྔོན་དུ་འགྲོ་བ་ནི་བྱང་ཆུབ་ཀྱི་སེམས་དང༌། སྟོང་པ་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པ་གཉིས་ཡིན་པས་གཞི་རྒྱུད་བདེ་


JLAZ003_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཤེགས་པའི་སྙིང་པོ་ཅན་གྱི་གནས་ལུགས་ལེགས་པར་ཤེས་པ་ཉིད་གཅེས་པ་ནི་སྔགས་རང་སའི་གྲུབ་མཐའ་ཡིན་ལ། དེ་ཡང་མ་ན་ནི་སྒྲའི་བྱིངས་ལས། མ་ན་ཤེས་པ་ལའོ། །ཞེས་འདོན་པས། དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་ཡིན་ལ། ཏྲཱ་ཡ་ནི་འཇིག་རྟེན་སྐྱོབ་པའམ། སྐྱོབ་པ་ནི་སྙིང་རྗེ་ཆེན་པོ་སྟེ། དེ་གཉིས་དབྱེར་མི་ཕྱེད་པ་གསང་སྔགས་སོ། །དེས་ལུས་ངག་ཡིད་གསུམ་སྐྱོབ་པར་བྱེད་དེ། དུས་འཁོར་རྩ་རྒྱུད་ལས། ལུས་ངག་སེམས་ཀྱི་ཁམས་རྣམས་ནི། །གསང་ཕྱིར་སྐྱོབ་པར་འགྱུར་དེའི་ཕྱིར། །སྔགས་དོན་སྔགས་ཀྱི་སྒྲ་ཡིས་ནི། །སྟོང་ཉིད་ཡེ་ཤེས་འགྱུར་མེད་དེ། །བསོད་ནམས་ཡེ་ཤེས་ལས་བྱུང་སྔགས། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་སོ། །དེ་ལ་བླ་མེད་ཀྱི་ཐེག་པའི་གདུལ་བྱ་ནི་དབང་པོ་ཤིན་ཏུ་རྣོན་པོའི་དབང་དུ་བྱས་ནས་གཞིའམ། རྒྱུ་རྒྱུད་བདེ་གཤེགས་སྙིང་པོའི་རང་བཞིན་ཅན་དེ་ཉིད་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་འདས་པའི་འདུས་མ་བྱས་བདེན་གཉིས་དབྱེར་མེད་ཀྱི་རང་བཞིན་དུ་གཏན་ལ་འབེབས་ཤིང༌། དེ་ཡང་དབུ་མ་པ་ཁ་ཅིག་ལྟར་དོན་དམ་འཕགས་པའི་མཉམ་གཞག་དང༌། ཀུན་རྫོབ་འཇིག་རྟེན་པའི་རྗེས་སུ་འབྲང་ཟེར་ནས་དོན་ལ་མེད་ལ། ཐ་སྙད་དུ་ཡོད་པ་ངོ་བོ་རྫས་


JLAZ003_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ཞིང་སོ་མ་ཟིན་པའི་ལྟ་བ་ལ་བློ་གདེང་འཆའ་བ་ནི་སྨོན་པ་ཙམ་ཡིན་པས་དེས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དོན་མི་ཤེས་སོ། །དེ་སྐད་དུ་རྒྱུད་ལས། ཐུབ་པ་ཆེན་པོའི་ཆོས་རྣམས་ཀྱི། །ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ། །གང་གི་དེ་ཉིད་མི་ཤེས་པ། །དེ་ཡི་ཐམས་ཅད་འབྲས་བུ་མེད། །ཅེས་པས་འཕགས་པའི་རྟོགས་པ་སྔགས་ལ་མ་བརྟེན་པར་སྒྲ་ཇི་བཞིན་དུ་རྟོགས་པར་མི་ནུས་ལ་དེའི་འགྱུར་འགའ་ཞིག་ལ། ལུས་ཀྱི་དེ་ཉིད་མི་ཤེས་པ། །ཞེས་པས་ཀྱང་ལུང་དོན་གཞན་དུ་མི་འགྲོ་སྟེ། འདི་ལྟར་ལུས་ལ་གནས་པའི་གཉུག་མ་བྱང་ཆུབ་ཀྱི་སེམས་རང་བཞིན་ཀུན་ཏུ་བཟང་པོའི་དེ་ཉིད་མི་ཤེས་པའི་ཕྱིར་རོ། །དེ་བས་ན། དེ་དག་ཀུན་གྱི་གསང་སྔགས་ཀྱི་ཆོ་ག་བཟང་པོ་འདི་མཁྱེན་ནས། ཞེས་སོགས་བཤད་དོ། །དེ་ལྟ་མོད་ཀྱི་འདུལ་བྱེད་ཀྱི་ཆོས་དབང་པོ་རྣོན་པོ་ལ་དགོངས་ཀྱང༌། གདུལ་བྱའི་ཁམས་དེ་དང་འགྲེལ་བ་ཤ་སྟག་གིས་མ་ཁྱབ་པའི་ཕྱིར་སྤྱི་མཚན་དུ་བདེན་པ་གཉིས་ཀྱི་རྗེས་སུ་ཕྱོགས་པ་ཡང་འདོར་བ་མ་ཡིན་ཏེ། གློ་བུར་གྱི་དྲི་མས་བསྐྱེད་པའི་འཁྲུལ་པའི་ཆོས་ལས་ཉོན་སྡུག་བསྔལ་གྱི་རྣམ་པར་ཤར་བའི་རིགས་རྒྱུན་དེ་ཉིད་ལམ་བདེ་བ་ཆེན་པོར་བསྒྱུར་བའི་ཐབས་སུ། འདི་ལྟར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལས་སེམས་ཤིན་


JLAZ003_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྦྱངས་བ་སྐྱེ་ཞིང༌། དེས་རླུང་རྣམས་ལས་སུ་རུང་ནས་ནང་དུ་ཕན་འདོགས་པའི་རྣམ་པ་ཅན་གྱི་ལུས་ཤིན་ཏུ་སྦྱང་པ་སྐྱེ་ལ། དེ་ལ་བརྟེན་ནས་ལུས་ལ་བདེ་བ་དང་སེམས་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་སྐྱེ་བས་བདེ་སྟོང་གཉིས་སུ་མེད་པའི་ལྟ་བ་ཞེས་རྣལ་འབྱོར་སྤྱོད་པའི་ས་ལས་བཤད་དོ། །དེའང་དོན་དམ་པར་སྐྱེ་འགག་མེད་པ་དང༌། ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བལྟ་བ་དབུ་མ་པ་དང་ཆོས་མཚུངས་པ་ལས། སྔགས་སུ་ཀུན་རྫོབ་པའི་ཆ་དེ་ལྷའི་མཚན་ཉིད་དུ་བལྟ་བས་ཀྱང་འབྲས་བུ་ལམ་དུ་བྱེད་པའི་ཆོ་ག་ཟབ་ཅིང་ལྟ་བ་རྒྱ་ཆེ་ལ་ཚོགས་གཉིས་རྫོགས་པའི་ས་ཆོད་ལྷག་པར་དུ་ཆེ་བ་ཡིན་ཏེ། ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། འོག་མས་འབྲས་བུ་ངོ་མ་ཤེས། །རྒྱུད་ལ་ཡེ་ཤེས་འདོད་པ་སྟེ། །ཚོགས་གཉིས་ལྡན་པས་བསྐལ་པ་ཡང༌། །མང་བར་བགྲོད་པས་འབྲས་བུ་ཐོབ། །གང་ཞིག་རྒྱུ་ལས་ལམ་བྱས་པའོ། །གསང་སྔགས་འདི་ནི་ཐབས་ཆེན་པོ། །འབྲས་བུ་ལས་ནི་འབྲས་བུར་ངེས། །གང་ཡང་འབྲས་བུར་ངེས་པ་སྟེ། །ལྷ་ལས་ལྷ་ཡི་འབྲས་བུ་དང༌། །ལྷ་ལས་ལྷ་ཡི་ལྟ་བ་སྟེ། །གང་ཞིག་འབྲས་བུ་ལམ་བྱས་པས། །ཚེ་གཅིག་དག་ལས་སངས་རྒྱས་འགྲུབ། །ཅེས་སོ། །དེ་ལྟར་གཞི་དང༌། ལམ་


JLAZ003_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འབྲས་བུའི་རྒྱུད་གསུམ་གྱི་དོན་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་བརྗོད་བྱའི་རྩ་བ་ཡིན་ལ། འདི་ཉིད་ལེགས་པར་ཁོང་དུ་ཆུད་ན་འབྲས་བུ་ལམ་དུ་བྱེད་པའི་ཁྱད་པར་ལའང་མི་རྨོངས་ཤིང༌། དེ་ལས་རྗོད་བྱེད་སྒྲའི་རྒྱུད་ཀྱི་དབྱེ་བ་དང༌། བསྡུ་བ་དང༌། གཞུང་ཚད་དང༌། བྱུང་ཚུལ་ལ་སོགས་པ་རྣམ་པར་དབྱེ་ཞིང༌། མཐའ་དྲུག་དང་བཅས་པའི་འཆད་ཐབས་ཀྱི་མན་ངག་རྒྱན་བདུན་ལ་སོགས་པས་སོ་སོའི་གཞུང་བཤད་པར་བྱ་བ་ཡིན་ནོ། །བཤད་པའི་རྒྱུད་ཀྱི་ཁྱད་པར་ནི་མི་གསལ་བ་གསལ་བར་བྱེད་པ། མ་ཚང་བ་ཁ་སྐོང་བ། འཁྲུགས་པ་གོ་རིམ་སྡེབ་པ། རྒྱས་བསྡུས་སྟོན་པ། བཤད་ཐབས་ཀྱི་མན་ངག་སྟོན་པ་སྟེ་མཚན་ཉིད་ལྔ་དང་ལྡན་ལ། བསྡུ་ན་རྒྱུད་ཐམས་ཅད་རྩ་བ་དང་ཡན་ལག་གཉིས་སམ། རྩ་བཤད་གཉིས་སམ། རྒྱས་བསྡུས་གཉིས་སུ་འདུ་བ་ཡིན་ནོ། །དེ་ལྟར་ཀུན་གཞི་རྒྱུ་རྒྱུད་ལ་ལྟ་བ་འཁོར་འདས་རྒྱ་གྲོལ་དུ་གཏན་ལ་དབབ་པའི་ཚུལ་བསྟན་ནས། ལམ་ཐབས་ཀྱི་རྒྱུད་ལ་དབང་བཞི་དང་རྗེས་སུ་འབྲེལ་བར་བསྐྱེད་རྫོགས་ཡན་ལག་དང་བཅས་ལ་བསླབ་པའི་ཚུལ། འཇུག་པའི་སྒོ་ནི་སྨིན་པར་བྱེད་པའི་དབང༌། །གྲོལ་བར་བྱེད་པ་བསྐྱེད་རྫོགས་རྣམ་པ་གཉིས། །མཐུན་པའི་གྲོགས་སུ་དམ་ཚིག་སྤྱོད་པ་གསུམ། །


JLAZ003_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ལམ་མཆོག་རྣལ་མར་ངེས་པ་ལས། །ཞེས་རྡོ་རྗེ་ཐེག་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ནི་མ་སྨིན་པ་སྨིན་པར་བྱེད་པ་དབང་དང༌། སྨིན་པ་གྲོལ་བར་བྱེད་པ་བསྐྱེད་རྫོགས་དང༌། གཉིས་ཀའི་གྲོགས་སུ་གྱུར་པ་དམ་ཚིག་དག་པར་བྱེད་པའི་ཕྱིར་ཐོས་བསམ་གྱི་ཤེས་རབ་དང་འབྲེལ་བར་ཐབས་ཀྱི་རྒྱུད་ལེགས་པར་མཉན་ནས་རིམ་གཉིས་ལ་བརྟེན་ཏེ་གློ་བུར་གྱི་མཚན་རྟོག་སྤོང་ཞིང་འབྲས་བུའི་རྒྱུད་མངོན་དུ་བྱ་བ་སྟེ། རྒྱན་བདུན་དགྲོལ་པ་ལས། དེ་ནས་རིམ་པར་དབང་བླངས་ཏེ། །ཐབས་ཀྱི་རྒྱུད་ལ་འཇུག་པར་བྱ། །ཞེས་སོ། །དེ་ལ་དང་པོ་དབང་མ་ཐོབ་པའི་ཉེས་དམིགས་དང༌། ཐོབ་པའི་ཕན་ཡོན་བཤད་པའི་ཕྱིར། དང་པོ་དབང་བསྐུར་མ་ཐོབ་དངོས་གྲུབ་མེད། །བྱེ་མ་བཙིར་ལས་ཞུན་མར་འདོད་པ་བཞིན། །འཆད་ཉན་བསྒོམ་ལ་བརྩོན་ཀྱང་དམྱལ་བར་འགྲོ །དབང་ཐོབ་སྐྱེས་བུ་རྒྱལ་བའི་སྲས་སུ་འགྱུར། །དཀྱིལ་འཁོར་མཐོང་བས་སྡིག་ལས་རྣམ་པར་གྲོལ། །གཙང་མའི་རིགས་སྐྱེ་སྐྱེ་བ་བདུན་དག་ན། །ངེས་པར་འགྲུབ་ཅིང་ས་བཅུ་འཐོབ་པར་བཤད། །དེ་ལ་བདག་ཅག་གི་སྟོན་པས་ཆགས་བྲལ་གྱི་ཐེག་པ་ནས་འདོད་པའི་ཁམས་སུ་གཞོན་ནུ་དོན་གྲུབ་ཀྱི་རྟེན་ལ་འཚང་རྒྱ་བའི་ཚུལ་བཞིས་མཚོན་ནས།


JLAZ003_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐེག་པའི་ལམ་ཆགས་ཅན་གྱི་ཐེག་པས་ཚེ་གཅིག་ལ་འཚང་རྒྱ་བའི་ཚུལ་ཡང་སྔ་མའི་བཞི་པོ་དང་ཆོས་མཚུངས་པས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པའི་ཚུལ་འདི་ལྟར་གཞོན་ནུ་དོན་གྲུབ་འགྲོ་བའི་གཙོ་བོ་མིའི་རྒྱུད་དུ་སྲིད་པ་བཟུང་བ་བཞིན་དུ། སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་སྨིན་གྱི་ལུས་ཐ་མལ་གྱི་སྣང་ཞེན་ལས་འདས་པ་དེ་བཞིན་གཤེགས་པ་རིགས་ལྔའམ། དེ་དང་དེའི་རིགས་ཀྱིས་བསྡུས་པའི་ལྷའི་ང་རྒྱལ་དུ་འཕོས་པའི་བསྐྱེད་རིམ་གྱིས་རང་ཉིད་ལྷའི་རྒྱུད་དུ་བསྒྲུབ་པ་དང༌། གཞོན་ནུ་རོལ་རྩེད་ཀྱི་དུས་ན་རྟགས་དང་ཆ་ལུགས་མ་ངེས་པ་ཉིད་དེ། ཁབ་ནས་མངོན་པར་བྱུང་བ་ནས་བཟུང་རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་རྣམ་པ་གཅིག་པ་ཅན་ལས་མི་འདའ་བ་བཞིན། སྔགས་སུ་ལྷའི་སྤྲུལ་པ་རྣམ་འགྱུར་ཆ་ལུགས་མ་ངེས་ཤིང༌། རིགས་བརྒྱ། རིགས་ལྔ། རིགས་གསུམ་ལ་སོགས་པ་ཐམས་ཅད་ཀྱང་མཐར་གསང་ཆེན་རིགས་གཅིག་ཏུ་འདུ་བ་དང༌། འཁོར་བ་དང་མྱ་ངན་ལས་འདས་པར་སྒྲོ་བཏགས་པའི་ཆོས་སྣ་ཚོགས་པ་རྣམས་ཀྱང་བདེན་པའི་དེ་ཁོ་ན་ཉིད་གཅིག་ཏུ་རོ་གཅིག་པའི་འོད་གསལ་ལྷན་ཅིག་སྐྱེས་པའི་རྫོགས་རིམ་དུ་འདུ་བའོ། །དེ་ལྟ་བུའི་དེ་བཞིན་ཉིད་དང༌། གསང་ཆེན་རིགས་གཅིག་ནི་བསྐྱེད་


JLAZ003_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཐམས་ཅད་ཀྱི་གཞི་དང་རྩ་བ་ཡིན་པས་གླེང་གཞི་ཞེས་བཤད་དོ། །དེ་ལྟར་རབ་ཏུ་བྱུང་བའི་ཚེ་དམ་པའི་ཆོས་འདུལ་བའི་ཀུན་སྤྱོད་ལས་གཞན་དུ་གཡོས་པ་མེད་པ་བཞིན། སྔགས་སུ་རྡོ་རྗེའི་དམ་ཚིག་རྣམས་གཟུང་ནས་དབང་བསྐུར་བ་ནོད་ཅིང་མདོ་སྔགས་ཀྱི་ལམ་སྤྱི་དང་བྱེ་བྲག་པ་རྣམས་དབང་གི་ལུས་ཡོངས་སུ་རྫོགས་པའི་རུམ་དུ་གདོན་མི་ཟ་བར་ཚང་བའི་ངེས་ཚིག་བསྟན་པའོ། །དེ་བཞིན་དུ་སྲིད་པ་ཐ་མ་པའི་རྟེན་དེ་ཉིད་ལ་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཀྱི་ཉེ་རྒྱུ་ལ་བརྟེན་པ་བཞིན་དུ། སྔགས་སུའང་སྒེག་སོགས་ལ་སྤྱོད་པའི་ཉེ་རྒྱུས་དབང་དང་དམ་ཚིག་དང་རིམ་གཉིས་ལ་སོགས་པའི་བོགས་དབྱུང་ནས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པ་སྟེ། སྒྲོན་གསལ་ལས། མི་ཡི་སྐྱེ་བར་འཁྲུངས་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །བཙུན་མོའི་འཁོར་གྱི་ནང་ནས་ནི། །རབ་ཏུ་བྱུང་བ་གླེང་བ་ཡིན། །འདུལ་ལས་སྡོམ་པ་བསྟན་པ་ནི། །ངེས་པའི་ཚིག་ཅེས་བྱ་བ་ཡིན། །འབྲས་བུ་འདོད་པ་ཆོས་སྤྱོད་པས། །དེ་ནི་རྒྱུ་ཞེས་བརྗོད་བྱ་སྟེ། །འདི་ནི་འདོད་ཆགས་བྲལ་ཆོས་ཀྱི། །ཚུལ་ནི་རྣམ་པ་བཞིར་འདོད་དོ། །ཞེས་དང༌། འདོད་ཆགས་ཆོས་ཀྱི་ཚུལ་གྱིས་ནི། །དོན་གསལ་རྟོགས་ཕྱིར་བཤད་


JLAZ003_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །རིགས་ལྔའི་སངས་རྒྱས་བསྐྱེད་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་འདོད། །སླར་ཡང་རིགས་གཅིག་གྱུར་པ་ནི། །གླེང་གཞི་ཡིན་པར་རབ་ཏུ་བསྟན། །རྡོ་རྗེ་ལ་སོགས་གཟུང་བ་ཉིད། །ངེས་པའི་ཚིག་ནི་ཡིན་པར་བཤད། །སྒེག་པ་ལ་སོགས་སྤྱོད་པ་ནི། །རྒྱུ་ཞེས་བྱ་བ་ཡིན་པར་བཤད། །ཅེས་སོ། །དེའི་ཕྱིར་བཞི་པོ་དེ་དག་ལས་ཀྱང་རྡོ་རྗེ་ཐེག་པའི་ལམ་གྱི་ལུས་ཡོངས་སུ་སྡུད་པའི་སྤྱི་ཆིངས་ནི་དབང་བསྐུར་བ་ཁོ་ན་ཡིན་པས་རྒྱུད་དོན་ཤེས་པའི་ཕྱིར་དུ་ཉན་པ་དང༌། ཤེས་ནས་བསྐྱེད་རྫོགས་བསྒོམ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་དབང་དང་དམ་ཚིག་ལ་མ་བརྟེན་ན་མི་འགྲུབ་པའི་ཚུལ། དཔལ་གསང་བ་སྙིང་པོ་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང༌། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩམ་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་དང༌། ཨ་ཏི་ཡོ་ག་ལས། གསང་སྔགས་དབང་ལ་མ་བརྟེན་ག་ལ་འགྲུབ། །དཔེར་ན་མཉན་པ་ལག་སྐྱ་བྲལ་བ་བཞིན། །ཞེས་སོ། །དེ་བས་ན་རྡོ་རྗེ་ཐེག་པའི་ལམ་ལ་ཐོས་བསམ་དང༌། འཆད་ཉན་བསྒོམ་བསྒྲུབ་ཇི་ལྟ་བུ་བྱེད་ཀྱང་སྔོན་དུ་དབང་བསྐུར་བ་མ་ཐོབ་ན་རྡོ་ཐལ་ཁུ་ཚུར་གྱིས་བཙིར་ནས་ཞུན་མར་འདོད་པའམ་ས་བོན་མེད་པའི་མྱུ་


JLAZ003_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རེ་བ་བཞིན་ཏེ། རྣམ་སྣང་མངོན་བྱང་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང༌། །མཁའ་ལ་ཁུ་ཚུར་གྱིས་བརྡེག་དང༌། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། །ཞེས་སོ། །དངོས་གྲུབ་མི་ཐོབ་པར་མ་ཟད་གསང་སྒྲོགས་ཀྱི་ཉེས་པས་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བའི་ཚུལ། དུས་འཁོར་ལས། དབང་བསྐུར་མེད་པར་རྒྱུད་འཆད་དང༌། །ཟབ་མོའི་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང༌། །དམྱལ་བར་འགྱུར་གྱི་གྲོལ་བ་མེད། །ཅེས་དང༌། བསྡུས་རྒྱུད་ལས། གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་ཆོས་བཤད་ན། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །ཞེས་སོ། །ཁྱད་པར་རྡོ་རྗེ་ཐེག་པའི་ལམ་ལ་བསམ་གཏན་དང་ཡེ་ཤེས་དབང་ལ་བརྟེན་ནས་སྐྱེ་བའི་ཚུལ་ཡང༌། སངས་རྒྱས་ཐོད་པ་ལས། འདིར་ནི་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །དཔེར་ན་པི་ཝང་སྦྱོར་རྒྱུད་ཆད། །རྒྱུད་དང་བྲལ་ན་བརྡུང་མི་རུང༌། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་འཆང་བསམ་གཏན་འགྲུབ་མི་འགྱུར། །ཞེས་པས་ཀྱང་མདོ་སྔགས་གཉིས་ཀྱི་ལྟ་བ་ལ་མངོན་སུམ་དང་རྗེས་དཔག་གི་ཁྱད་པར་དུ་ཁ་ཚོན་ཀྱང་ལེགས་པར་


JLAZ003_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་པ་ཡིན་ནོ། །དེ་ལྟར་དབང་བསྐུར་བའི་སྔ་རོལ་ཀྱང་དཀྱིལ་འཁོར་དུ་གཞུག་པ་ཡིན་ཏེ་ཞུགས་པ་ལ་ཕྱི་ཕན་པའི་དབང་ཙམ་ལས་མ་བསྐུར་ཀྱང༌། དེའི་སྔོན་དུ་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་ཡོད་པས། རྒྱལ་བ་རྣམས་ཀྱི་སྲས་སུ་དགོངས་པའི་ཚུལ་གསང་བའི་སྙིང་པོ་ལས། དབུ་རྒྱན་ཅོད་པན་ཕྲེང་བ་དང༌། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང༌། །གདུགས་དང་བུམ་པ་བཟའ་བཏུང་དང༌། །སྙིང་པོ་ལྔ་ཡི་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་སོ། །དེའང་སྡོམ་པའི་རྟེན་དུ་མི་རུང་བས་དབང་བསྐུར་བ་དངོས་ལས་ཕྱིར་ཕྱོགས་དགོས་པའི་ཆོས་མི་ལྡན་གྱིས་གང་ཟག་ལ་ཕན་གདགས་པའི་ཕྱིར་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པར་བྱ་བ་ནི་ཡོ་ག་དེ་ཉིད་འདུས་པ་ལས་བཤད་དེ། དེའི་དགོས་པ་ནི། སྡིག་པ་བགྱིས་པར་གྱུར་པ་གང༌། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །ཞེས་དང༌། མ་ཧཱའ་མ་ཡ་ལས། མཐོང་བ་དང་ནི་བཅུག་པ་ཡི། །དེ་ཀུན་སྡིག་ལས་རྣམ་པར་གྲོལ། །ཞེས་དང༌། གདན་བཞིའི་བཤད་རྒྱུད་ལས། མཚམས་མེད་ལྔ་ཡི་ལས་ཅན་ཡང༌། །ཚོན་རྩི་མཐོང་བས་གྲོལ་བར་འགྱུར། །


JLAZ003_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བཅུག་དང་དབང་བསྐུར་བ། །གཙང་མའི་རིགས་སུ་སྐྱེ་བར་འགྱུར། །ཞེས་དང༌། གསང་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ན་ནི། །མ་བསྒྲུབས་པར་ཡང་འགྲུབ་པར་འགྱུར། །ཞེས་སོ། །ས་བཅུ་ནོན་པའི་ཚུལ་ཡང་བསྒྲུབ་སྡེ་གསང་བ་འདུས་པ་ལས། དབང་བསྐུར་བས་ནི་ས་བཅུ་ནོན། །ཞེས་སོ། །དེ་ཡང་བུམ་དབང་གི་ལས་སྒྲིབ་དང་གསང་དབང་གི་ཉོན་མོངས་པའི་སྒྲིབ་པ་སྟེ་མཐོང་སྤངས་དག་ལ། དབང་གོང་མ་གཉིས་ཀྱིས་ཤེས་བྱའི་སྒྲིབ་པ་ཕྲ་རགས་གཉིས་སུ་ཕྱེ་བའི་བསྒོམ་སྤངས་དག་པའི་ཚུལ་གྱིས་ས་བཅུ་ནོན་པ་ནི་སྤྱིར་བཏང་དང༌། མིགས་བསལ་ནི། འདི་ལྟར་ཐེག་པ་ཆེན་པོ་སྤྱི་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རྒྱལ་བའི་སྲས་སུ་མིང་འཐོབ་ཅིང༌། བདེན་པ་མཐོང་ནས་དངོས་གཞི་འཐོབ་བོ་ཞེས་གྲགས་པ་ལྟར། འདིར་གསང་སྔགས་ཀྱི་ཚུལ་ཁྱད་པར་ཅན་ལས། དུས་འདི་མན་ཆད་རྒྱལ་བའི་སྲས། །ཞེས་པ་ལ་སོགས་པས་བསྟན་པ་ལྟར། ནང་དབང་ཐོབ་ནས་རྒྱལ་བའི་སྲས་ཞེས་བྱ་བའི་མིང་འཐོབ་ཅིང༌། དངོས་གཞི་ཐོབ་ནས་རིག་པ་འཛིན་པ་ཞེས་བྱ་བའི་ས་


JLAZ003_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་ཚུལ་གསང་བའི་སྙིང་པོ་ལས། ཤེས་འཇུག་མཚན་ཉིད་སྦྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པས་རྒྱུ་ཤེས་པའི་མཚན་ཉིད་ནི། རྟོགས་པ་རྣམ་བཞིའི་ཚུལ་རིག་པའོ། །རྐྱེན་འཇུག་པའི་མཚན་ཉིད་ནི། ཇི་ལྟར་ཤེས་པ་དེ་བཞིན་དུ་སྒོ་གསུམ་གྱི་སྤྱོད་པས་ཉམས་སུ་བླངས་ཏེ་འཇུག་པའོ། །འབྲས་བུའི་མཚན་ཉིད་ནི་གོམས་པས་དེ་མངོན་དུ་གྱུར་པའོ། །དེའི་ཕྱིར་ཤེས་པ་དང་འཇུག་པའི་མཚན་ཉིད་གཉིས་ནི་འབྲས་བུ་ལ་སྦྱོར་བར་བྱེད་པ་ཉིད་ལས་མི་འདའ་བས་ན་གཟུངས་ཀྱང་ཡིན་ལ། འབྲས་བུ་སྨིན་པར་བྱེད་པ་ཡིན་པས་ན་རྒྱུ་རྐྱེན་ཡང་ཡིན་ཏེ། དེ་ནུས་པ་ཅན་དུ་གྱུར་ནས་འབྲས་བུ་འབྱིན་པའི་མཐུ་ལྡན་ཉིད་དུ་འགྱུར་བ་ཡིན་པས། འབྲས་བུ་མངོན་དུ་མ་ཕྱུང་ཡང་རིག་པ་འཛིན་པ་ཞེས་བྱ་བའི་དངོས་གཞི་ཐོབ་པ་ཡང་ཡིན་ལ། སངས་རྒྱས་ཀྱི་ཞིང་རྣམས་སུ་ལུང་བསྟན་ཐོབ་པའང་ཡིན་ཏེ་རྡོ་རྗེ་མིང་གི་དབང་ཐོབ་པས་སངས་རྒྱས་དང་མཉམ་པར་སྦྱོར་བར་ནུས་པའི་ཕྱིར་རོ། །དེ་སྐད་དུ་མཉམ་སྦྱོར་རྩ་རྒྱུད་ལས། རིགས་ཀྱི་འཁོར་ལོ་བསྒྱུར་བ་ཡིས། །གཙོ་བོ་གང་ཡང་རུང་བ་འགྲུབ། །ཚེ་འདིར་རིག་འཛིན་འཐོབ་བྱེད་ཅིང༌། །དེས་ནི་བདེ་བ་ཆེན་པོ་འགྲུབ། །ཅེས་སོ། །


JLAZ003_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་རིག་འཛིན་སྐྱེ་བ་དང་འགྲོ་བ་གང་གི་རྒྱུད་ཀྱིས་བསྡུས་པ་ཡིན་ན། འདོད་པའི་ཁམས་ཀྱི་མི་དང་ལྷ་དང༌། ཚངས་པ་ལ་སོགས་པ་གཟུགས་ཁམས་ཀྱི་སྐྱེ་བ་དང་འགྲོ་བ་རྣམས་ཀྱི་རྒྱུད་རྣམ་པར་དག་པས་བསྡུས་པ་ཡིན་ཏེ། དམ་པའི་རིགས་ཅན་དྲ་མ་ལྔ་བཞིན་ནོ། །གཟུགས་མེད་པའི་ཁམས་སུ་ནི་ཁོམ་ལྡན་མ་ཡིན་པས་སྐྱེ་བ་དོན་དུ་གཉེར་བར་མི་བྱེད་དོ། །དེ་ལྟར་སྐྱེ་བ་གཟུང་བ་དེ་དག་ཁྱད་པར་གྱི་ས་ལ་གནས་པ་ཡིན་པའི་ཚུལ་སྔ་མ་ལས། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱི། །ཁྱད་པར་ས་ལ་གནས་འགྱུར་ཡིན། །ཞེས་སོ། །དེ་ཡང་སྲེད་པས་བསྡུས་པའི་ས་རྣམས་ནི་འདིར་དྲང་དོན་ཡིན་པས་ཡེ་ཤེས་ཀྱི་ས་ལ་གནས་པ་ནི་ཁྱད་པར་གྱི་ས་སྟེ། གསང་སྔགས་ཀྱི་གཞུང་ལས་བཅུ་གསུམ་རྡོ་རྗེ་འཛིན་པའམ། ཡི་གེ་འཁོར་ལོ་ཚོགས་ཆེན་དང༌། རིག་པ་འཛིན་པའི་ས་ཞེས་གྲགས་ཏེ། ས་རབ་རིག་པ་འཛིན་པའི་ས། །ཞེས་སོ། །དཔེར་ན་ཆུ་སྐྱར་གྱིས་མིད་པའི་གར་མཁན་ཆུའི་རུམ་དང་མ་བྲལ་ཀྱང་སྐམ་སར་གཏོགས་པ་བཞིན་དུ། དབང་དོན་གྱི་ཡེ་ཤེས་ལས་རྒྱུ་རྐྱེན་ནུས་པ་ཅན་དུ་གྱུར་ནས་མཐོང་ལམ་ནས་རིམ་པར་མངོན་དུ་བྱས་པ་དེ་སྔར་བཤད་པ་བཞིན་གོམས་པ་མི་


JLAZ003_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པས་རེ་ཞིག་སྲིད་པའི་ས་དང་མ་བྲལ་དུ་ཟིན་ཡང༌། ཡེ་ཤེས་ཀྱི་ས་ཟིན་པར་གྱུར་པས་བསྐྱེད་རྫོགས་ཀྱི་ལམ་དུ་དེའི་རྒྱུན་གོམས་པར་བྱེད་ཅིང་འབྲས་བུ་མཐར་ཕྱིན་པར་མ་གྱུར་གྱི་བར་དུ་རིག་པ་འཛིན་པ་ཞེས་བྱ་ལ། མཐར་ཕྱིན་ནས་ཀྱང་རིག་པ་འཛིན་པ་ཞེས་བྱ་བའི་མིང་ཕྱོགས་གཅིག་འཛིན་པ་ལ་ཉེས་པ་མེད་དོ་ཞེས་པཎ་ཆེན་རོང་པ་བཞེད་དོ། །དེ་ཡང་མཚན་ཉིད་ཐེག་པ་ལས་ཕ་རོལ་ཏུ་ཕྱིན་པ་བཅུའི་སྒོ་ནས་ས་བཅུ་རིམ་ཅན་དུ་རྫོགས་པའི་མཐར་བླ་ན་མེད་པའི་བྱང་ཆུབ་འགྲུབ་པ་དང་ཚུལ་མཚུངས་པ་ལས། སྔགས་ཀྱི་ལམ་དུ་ས་དེ་དག་དུས་ཡུན་རིང་མོས་སྦྱང་མི་དགོས་པར་མིག་འཕྲུལ་ལྟ་བུར་མྱུར་བས་རྒྱུ་དང་འབྲས་བུ་སྔ་ཕྱིར་བཅས་ནས་བཙལ་བ་མ་ཡིན་པར་རིག་པ་འཛིན་པའི་ས་དེ་ལ་ལྷུན་གྱི་རྫོགས་པའི་ཚུལ། ཕ་རོལ་ཕྱིན་པ་ཀུན་ཏུ་རྫོགས། །ཐབས་དང་ཤེས་རབ་ཐབས་ཀྱི་མཆོག །ཤེས་རབ་མཆོག་གི་མཆོག་གྱུར་པ། །ས་ཡི་ཁྱད་པར་བཅུ་དང་གསུམ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །ཞེས་སོ། །དེ་ཡང་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པར་ཤེས་ནས་བཀག་པ་མེད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། མཉམ་པ་ཉིད་དུ་རིག་པས་བསྲུང་མཚམས་ཀྱི་འདུ་ཤེས་མི་གནས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། འཁྲུལ་བ་མེད་པས་བཟང་ངན་གྱི་བྱེ་བྲག་མི་


JLAZ003_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། བླང་དོར་མེད་པ་དང་སྤྱོད་ཡུལ་ཚོགས་སུ་གྱུར་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། དབང་པོ་ཡུལ་ལ་འཇུག་ཀྱང་ཆགས་པའི་སྐྱོན་གྱིས་མ་གོས་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། གཤིས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པས་འཁོར་འདས་ཀྱི་གཉིས་ཆོས་ཐམས་ཅད་དབྱིངས་ནས་མྱ་ངན་ལས་འདས་པ་ནི་ཤེས་རབ། དེ་ལས་བདག་དང་གཞན་གྱི་དོན་བསྒྲུབ་པ་ལ་མཁས་པ་ནི་ཐབས། ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པར་འགྱུར་བ་ནི་སྨོན་ལམ། དེ་ལ་མི་མཐུན་པའི་ཕྱོགས་ཀྱིས་བརྫི་བར་མི་ནུས་པའི་བརྟུལ་ཞུགས་ནི་སྟོབས། དཔེ་དང་ཐ་སྙད་ཀྱི་རྗེས་སུ་དཔགས་པ་ཙམ་མ་ཡིན་པར་སངས་རྒྱས་རྣམས་ཀྱི་ཆོས་སྐུའི་བཞུགས་ཚུལ་ཇི་ལྟ་བ་བཞིན་ཏུ་རྟོགས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། མི་སེམས་པ་ནི་སྦྱིན་པ། མི་གནས་པ་ནི་ཚུལ་ཁྲིམས། ཅི་ཡང་བྱེ་བྲག་མི་ཕྱེད་པ་ནི་བཟོད་པ། བླང་དོར་མེད་པ་ནི་བརྩོན་འགྲུས། མ་ཆགས་པ་ནི་ཏིང་ངེ་འཛིན། མི་གཉིས་པ་ནི་ཤེས་རབ་བོ། །ཞེས་དང༌། རྡོ་རྗེའི་ཏིང་ངེ་འཛིན་གྱི་མདོ་ལས། སེམས་སྟོང་པ་ཉིད་དུ་མི་གཡོ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་སོ། །ཞེས་གསུངས་སོ། །དེ་ལྟར་ཕ་རོལ་


JLAZ003_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་བཅུ་དང་ས་བཅུ་ནི་ཐབས་ཤེས་ཀྱིས་བསྡུས་པ་ཡིན་ལ། དེའི་སྟེང་དུ་ས་དེ་དག་གི་ཐབས་ཀྱི་འབྲས་བུ་ནི། ཐབས་དང་ཤེས་རབ་ཐབས་ཀྱི་མཆོག། ཅེས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་སྟེ་འོད་ཟེར་ཀུན་ཏུ་བཀྱེ་བས་གདུལ་བྱའི་འགྲོ་བ་མཐའ་དག་སྣོད་དུ་རུང་བར་མཛད་པས་ན་དེ་སྐད་ཅེས་ཐུན་མོང་དུ་གྲགས་པའོ། །ཤེས་རབ་མཆོག་ཅེས་བྱ་བ་ནི། བསླབ་པ་མིན་པའི་ཟུང་འཇུག་ཀུན་ཏུ་འོད་ཀྱི་ས་ལས་གཡོས་པ་མེད་བཞིན་དུ། མ་ཆགས་ཤིང་སྒྲིབ་པ་མེད་པའི་ཤེས་རབ་དང༌། དམིགས་པ་མེད་པའི་ཐུགས་རྗེའི་མཆོག་དང་ལྡན་པ་མ་ཆགས་པདྨ་ཅན་གྱི་ས་སྟེ། འཁོར་འདས་ཐམས་ཅད་ལ་ཁྱབ་ཀྱང་སྲིད་པའི་འདམ་རྫབ་ཀྱིས་མ་གོས་པས་པདྨ་ཅན་གྱི་མངོན་བརྗོད་དང་ལྡན་པའོ། །མཆོག་གྱུར་པ་ཞེས་པ་ནི། ཐབས་ཤེས་གཉིས་ཀའི་མཆོག་ཏུ་གྱུར་པའི་ས་སྟེ། དེ་ལྟ་བུའི་བྱིན་རླབས་ཀྱིས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་ལྷུན་གྱིས་རྫོགས་པར་གྲུབ་པ་སྟེ། འདི་ལྟར་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་དང༌། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང༌། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་སྟེ་གསུམ་ཀའང་མི་ཟད་ཅིང་རྣམ་པ་ཐམས་ཅད་པའོ། །དེ་ལ་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་ནི། དེའི་མཐའ་


JLAZ003_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ས་བཅུའི་དབང་ཕྱུག་གིས་ཀྱང་རྟོགས་པར་མི་ནུས་ལ། རྣམ་པ་ཐམས་ཅད་ཡིན་པས་སྐུ་གང་ལ་གང་འདུལ་དུ་སྟོན་པ་དང༌། གསུང་རིགས་དྲུག་གི་སྐད་དུ་ཆོས་སྟོན་པ་དང༌། ཐུགས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་སྐད་ཅིག་གིས་མཁྱེན་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་ཀྱང་བྱའོ། །རྒྱན་ཞེས་བྱ་བ་ནི་རང་གཞན་གཉིས་ཀ་ལ་མཛེས་པས་ན་རྒྱན་དང༌། འཁོར་ལོ་ནི་མཛད་པའི་ཕྲིན་ལས་རྒྱུན་མི་འཆད་པས་འཁོར་ལོ་སྟེ་དོན་བྱེད་པ་དང་བྱས་པ་གཉིས་ཀའི་རྒྱུན་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པ་རྒྱུན་གྱི་འཁོར་ལོར་ཡོད་པས་སོ། །དེ་བས་ན་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའམ། ཐབས་དང་ཤེས་རབ་མཆོག་གི་ས། །ཞེས་གྲགས་སོ། །དེ་ལྟ་ནའང་གསར་རྙིང་གི་རྒྱུད་སྡེ་དུ་མ་ནས་ས་ལམ་བགྲོད་ཚུལ་རྡོ་རྗེའི་ཚིག་གིས་བཅིངས་པ་ལ་རྒྱ་བོད་ཀྱི་སློབ་དཔོན་རྣམས་མཐའ་གཅིག་ཏུ་བཞེད་པ་མཐུན་པ་མ་མཐོང་སྟེ། གསང་བ་འདུས་པ་ལ་མཚོན་ན་རིམ་ལྔར། དང་པོ་ལས་ཀྱི་སྦྱོར་བ་ཡི། །ས་བརྒྱད་པ་ནི་འཐོབ་པར་འགྱུར། །སྣང་བ་གསུམ་པ་འཐོབ་པ་དག །ས་བཅུ་ལ་ནི་རབ་ཏུ་གནས། །ཞེས་སོ། །དེ་ལ་ཁ་ཅིག་ནི་མཚན་ཉིད་ཐེག་པས་ས་ལམ་བགྲོད་པའི་མཐར་ལམ་དེ་ལ་སྣོན་མ་གདབ་པའི་ཚུལ་དུ་སྔགས་ལ་འཇུག་པའི་ས་མཚམས་ས་བཅུ་པ་


JLAZ003_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡིན་པར་འདོད་ཅིང༌། །དེ་ཡང་སྐྱེ་བ་གཅིག་གིས་ཐོགས་པ་དང༌། སྲིད་པ་ཐ་མ་པ་གཉིས་ལས་ཕྱི་མ་པ་དེས་བསྐྱེད་རིམ་ནས་བརྩམས་ཏེ་སེམས་དབེན་གྱི་བར་བསྐྱེད་མི་དགོས་པར་སྒྱུ་ལུས་ནས་བསྒོམས་པས་ཆོག་པར་འདོད་དེ་སྲོད་ལ་གསང་དབང་བསྐུར། སྒྱུ་ལུས་མངོན་དུ་བྱས། ནམ་ཕྱེད་དབང་གསུམ་པ་བསྐུར། འོད་གསལ་མངོན་དུ་བྱས། ཐོ་རངས་དབང་བཞི་པ་བསྐུར། མི་སློབ་པའི་ཟུང་འཇུག་མངོན་དུ་བྱས་ཏེ། མཚན་ཐོག་ཐག་གཅིག་ལ་འཚང་རྒྱ་བར་འདོད་ཅིང༌། དེའང་མཚན་ཉིད་ཐེག་པའི་རང་ལམ་གྱིས་ས་བཅུ་པའི་བར་དུ་བགྲོད་པ་དེས་བསྐྱེད་རིམ་ནས་བརྩམས་ཏེ་སེམས་དབེན་གྱི་བར་རྒྱུད་ལ་སྐྱེ་བའི་དོད་ཐུབ་པར་འདོད་ཀྱང༌། རིག་པ་གཞན་གྱི་གནོད་བྱེད་ཡོད་དེ། མདོ་ལས་མི་གཡོ་བའི་ཏིང་ངེ་འཛིན་ལས་བསླད་ནས་འོད་གསལ་དུ་ཞུགས་པ་དེ་ཉིད་ལས་ཟུང་འཇུག་ཏུ་བཞེངས་པ་དངོས་སུ་གསུངས་ན། འོད་གསལ་དང་ཟུང་འཇུག་འདི་དག་མདོ་སྔགས་ཀྱི་ལམ་ཐུན་མོང་བར་འགྱུར་བ་དང༌། དེ་ལྟ་ན་སྒྱུ་ལུས་ལ་སོགས་པ་ཡང་ཐུན་མོང་བར་འགྱུར་བ་དང༌། འདི་སྐབས་སུ་མདོ་དྲངས་པ་ཉིད་ཀྱིས་མདོའི་ལམ་ལས་སྔགས་ལ་འཇུག་པའི་མཚམས་སྟོན་པ་ཡིན་ན། རིམ་པ་ལྔ་པོ་ཐམས་ཅད་ཀྱི་སྐབས་སུ་མདོ་དྲངས་པས་ན་དེ་དང་དེའི་མདོའི་ལམ་


JLAZ003_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྔགས་ལ་འཇུག་པའི་མཚམས་སྟོན་པར་མཚུངས་པའི་ཕྱིར་དང༌། ཁྱད་པར་རིམ་པ་གསུམ་ལས། བདག་ལ་བྱིན་གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མི་འགྱུར་བ། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ནི་ངལ་བ་དོན་མེད་འགྱུར། །ཞེས་མདོའི་ལམ་གྱི་འབད་པ་བྱས་ཀྱང་དེ་དག་གི་ངལ་བ་དོན་མེད་པར་བཤད་པའི་ཕྱིར་རོ། །དེ་བས་ན་རྒྱུད་སྡེ་ཕྱི་འགྱུར་གྱི་ཆོས་སྐད་ནང་མཐུན་པར་སྨྲ་བ་དག་ཀྱང་སོ་སྐྱེའི་རྣལ་འབྱོར་དང༌། འཕགས་པ་ས་མཐོན་པོའི་རྣལ་འབྱོར་སྟོབས་ནུས་ཆེ་ཆུང་གི་ཁྱད་པར་གནམ་ས་ལྟ་བུར་ཁྱད་ཞུགས་པ་ལ་དོད་ཐུབ་ཏུ་བྱེད་པ་ཧ་ཅང་ཐལ་ལོ་ཞེས་ལུང་དང་རིགས་པ་རྒྱ་ཆེན་པོས་དགག་ཅིང༌། སྔགས་ལ་མ་བརྟེན་པའི་འཕགས་པའི་རྟོགས་པ་མེད་པར་ཚད་མས་གྲུབ་པའི་ཤེས་བྱེད་དུ་རྣམ་སྣང་མངོན་བྱང་ལས། རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་ཞུགས་པ་དག །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །ཞེས་པ་འདི་ངེས་དོན་དུ་འདོད་པའི་ཕྱོགས་ལེགས་པ་ཡིན་ནོ། །


JLAZ003_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ན་འདིའི་དགོངས་པ་བཤད་པར་བྱ་སྟེ། མདོ་ལམ་གྱི་ས་བཅུ་གཅིག་པ་ནི་དྲང་དོན་ཡིན་པའི་ཚུལ། འདི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་ནས། རྫུ་འཕྲུལ་གྱི་རྐང་པ་དང་པོ་གསུམ་གྱི་བར་ལ་གདུལ་བྱ་རབ་ཏུ་དྲང་བའི་ཕྱིར་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་གཅིག་ཏུ་བཏགས་པ་གང་ཞིག་རང་ལམ་གྱིས་བགྲོད་ནུས་ལ། དེ་ནས་ནི་གདོན་མི་ཟ་བར་སྔགས་ཀྱི་ཐེག་པར་འཇུག་པའི་འཇུག་མཚམས་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་པ་ནས་ཡིན་ནོ། །དེ་ལྟར་ཡིན་པའི་འཐད་པ་གང་ཞིག་ཡིན་སྙམ་ན། མཚན་བརྗོད་ལས། རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པོ་འཆང༌། །དྲན་པ་བཞི་པོའི་ཏིང་འཛིན་རྒྱལ། །ཞེས་མཚན་ཉིད་ཐེག་པའི་ལམ་གྱི་རིམ་པ་དང་མི་འདྲ་བའི་སྒྲས་བསྟན་ཅིང་གཞན་ཡང་མདོ་ལས། རང་སངས་རྒྱས་མང་པོ་ཐེག་ཆེན་ལ་ཞུགས་ནས། འགའ་ཞིག་གིས་ས་བརྒྱད་པ་ཐོབ་ནས་ཕྱིར་ལོག་པར་གསུངས་པའི་སའི་ངོས་འཛིན་ཡང་བཤད་མ་ཐགས་པ་དེ་ལས་གཞན་པ་ཡིན་ན། འཕགས་པའི་ས་བརྒྱད་པ་དངོས་བསྟན་ཐོབ་ནས་ཕྱིར་མི་ལྡོག་པའི་རིགས་པ་གང་གིས་བསྒྲུབ། དེ་ལ་དགོངས་ནས་སློབ་དཔོན་དཔའ་བོས། ཡིད་ནི་མཆོག་ཏུ་གཡོ་བས་ལྡོག །ཇི་སྲིད་དེ་ལ་དབུགས་


JLAZ003_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕྱུང༌། །ས་བཞིན་གཡོ་མེད་མ་ཐོབ་པར། །བརྟན་མེད་མི་གཡོའི་ས་ཐོབ་དཀའ། །ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ས་བཅུ་པ་ཐོབ་ཀྱི་བར་དུ་ཡང་སྔགས་ཀྱི་ཐེག་པ་ལ་འཇུག་པའི་ངེས་པ་མེད་དོ་ཞེས་པ་ནི་ཐེག་ཆེན་འཕགས་པ་ལ་བརྒྱུད་ནས་སྐུར་པ་བཏབ་པ་ཡིན་ཏེ། འདི་ལྟར་ཆོས་ཉིད་སྤྲོས་བྲལ་མངོན་སུམ་པར་གཟིགས་པའི་ལྷག་མཐོང་གི་དབང་པོ་མཆོག་ཐོབ་ལ་མ་ཉམས་པ་དེ་སྔགས་ཀྱི་སྣོད་མ་ཡིན་ལ། འཆིང་བ་ཀུན་གྱིས་དཀྲིས་པའི་སོ་སོ་སྐྱེ་བོ་མཐའ་དག་སྔགས་ཀྱི་སྣོད་ཡིན་པར་བསྒྲུབས་པས་ཆེས་ཟབ་པའི་ཆོས་ཀྱི་སྣོད་དང་སྣོད་མ་ཡིན་པའི་རྣམ་གཞག་ཤིན་ཏུ་འཆོལ་བ་ཡིན་ནོ། །ཡང་སྣོད་དང་སྐལ་བ་མེད་པ་མ་ཡིན་ཀྱང་རྒྱལ་བས་དེ་ལ་སྔགས་ཀྱི་ཐེག་པ་རེ་ཞིག་མི་གསུང་ངོ་ཞེ་ན། སངས་རྒྱས་ཐེག་པ་དམན་པས་འཁྲིད་མི་མཛད། །ཅེས་པའི་ལུང་དང་འགལ་ལོ། །གལ་ཏེ་གསུངས་ཀྱང་དེ་དེ་ལ་ཡིད་མི་གཏོད་པས་ལམ་མི་སྒོམ་མོ་ཟེར་ན། ཐབས་བདེ་བ་དང༌། ལམ་བདེ་བ་དང༌། འཇུག་པ་བདེ་བ་དང༌། དུས་མྱུར་བའི་མཐར་ཐུག་པ་སྔགས་ལ་ཡིད་མི་གཏོད་ཅིང་མི་མོས་ན་དེ་དཀོན་ཅོག་གསུམ་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་དབང་པོ་རྣོན་པོ་དང༌། ཟབ་མོའི་དེ་ཁོ་ན་ཉིད་ལ་མངོན་


JLAZ003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་མཐོང་བའི་སྐལ་བ་ཅན་ཡང་དོན་མེད་པར་འགྱུར་ཞིང༌། མཚན་ཉིད་ཐེག་པ་ལས་བཤད་པའི་ལམ་ཕལ་མོ་ཆེ་སྔགས་ཀྱིས་བགྲོད་པར་ཤེས་ནས་མདོ་སྔགས་དབང་པོ་མཆོག་ལ་དོན་གཅིག་དུ་རྟོགས་པ་དེ་ཡང་ཚིག་ཙམ་དུ་ཟད་པ་ཡིན་ནོ། །དེ་བས་ན་ཐེག་ཆེན་གྱི་རྫུ་འཕྲུལ་གྱི་རྐང་པ་བཞི་པར་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ངེས་པར་འཐོབ་པ་ཡང་མདོ་སྡེའི་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང༌། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེར་རྙེད་པར་འགྱུར། །བསམ་གཏན་ལས་ཐོབ་མངོན་པར་ཤེས། །མངོན་པར་བསྒྲུབ་པའི་སྒོ་ནས་ནི། །སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་ཉན་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །ཞེས་རྫོགས་པའི་སངས་རྒྱས་ལས་འགྱུར་བ་མེད་པའི་ཏིང་ངེ་འཛིན་དང༌། བློས་དཔག་ཏུ་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་སྔགས་ཀྱི་ཐེག་པ་ཡོད་པའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་སོང་ནས་ཐེག་ཆེན་ཐུན་མོང་མ་ཡིན་པ་ཐབས་ལ་མཁས་པའི་གདམས་ངག་རྒྱ་ཆེན་པོར་རྙེད་པར་འགྱུར་བའི་དོན་གྱིས་སྔགས་བླ་མེད་བསྟན་ཅིང་འཕངས་པ་ཡིན་ནོ། །དེ་ལྟ་ན་སངས་རྒྱས་ལ་གདམས་ངག་དངོས་སུ་ཉན་པ་དང་


JLAZ003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ལོ་ཞེ་ན། དབང་བཞི་དང་མན་ངག་སྟེར་བའི་བླ་མ་མཚན་ཉིད་པ་ནི་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཐམས་ཅད་ནས་སངས་རྒྱས་དངོས་སུ་གསུངས་ལ། དེ་ལ་སློབ་མ་ཡང་དེ་ལྟར་མཐོང་བའི་མཚན་ཉིད་ཚང་བ་དགོས་པ་ནི་རྒྱུད་སྔོན་དུ་སྦྱངས་པ་ཁོ་ན་ལ་ལྟོས་པའི་ཕྱིར་རོ། །གཞན་དུ་ན་སེམས་ཅན་གྱི་ལོག་རྟོག་གི་དབང་དུ་སངས་རྒྱས་ལ་སངས་རྒྱས་སུ་མཐོང་བའི་ངེས་པའང་མེད་དེ། བཅོམ་ལྡན་འདས་ལ་སྨན་པ་རྒྱུན་ཤེས་ཀྱི་བུས་བྲན་མོའི་བུར་བལྟས་པ་བཞིན་ནོ། །དེ་བས་ན་དོན་འདི་ནི་མདོ་སྔགས་ཀྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་མངའ་དབང་འབྱོར་པ་དག་གིས་ཀྱང་ལེགས་པར་བཤད་ཡོད་པས་ཕྱོགས་གཅིག་མཐོང་བ་དང༌། དེ་ལ་ཞེན་པའི་བློས་སྐྲག་པར་མི་བྱའོ། །དེ་ལྟ་ནའང་འདི་ནི་རྩོད་པའི་གནས་མ་ཡིན་ཏེ། སྔགས་ལ་མ་བརྟེན་པར་ཕར་ཕྱིན་ཐེག་པའི་རང་ལམ་ནས་སངས་རྒྱས་མི་འགྲུབ་པར་འདོད་པ་འདི་སྔགས་རང་སའི་གྲུབ་མཐར་བསྙོན་དུ་མེད་པ་རྡོ་རྗེའི་ལུང་གིས་ཁ་མཚོན་ཆོད་ཀྱང༌། དྲང་དོན་དུ་མཚན་ཉིད་ཐེག་པའི་རང་ལམ་ནས་ཀྱང་ས་བཅུ་རྒྱུན་མཐའི་བར་གྱི་ལམ་ཚང་ལ་མ་ནོར་བ་བསྟན་ནས་བློ་བྲིད་དེ་སྔགས་ལ་བྲོད་པ་སྐྱེ་བའི་ཐབས་སུ་བསྟན་པ་སྒྲ་ཇི་བཞིན་པར་བཟུང་སྟེ་རྒྱུ་ཚང་ནས་འབྲས་བུ་མི་འགྲུབ་པ་ནི་ཡིད་


JLAZ003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་བཅས་པའོ་ཞེས་རྒྱུ་འབྲས་དག་གྲོལ་དུ་འཛིན་ཅིང་རེ་ཞིག་སྔགས་ཀྱི་མྱུར་ལམ་བློར་མི་ཆུད་པའི་གང་ཟག་རིམ་གྱིས་པ་ལ་བརྟེན་ནས་བདག་ཉིད་ལ་སྡིག་པར་འགྱུར་བ་ལ་དགོངས་ནས་སྔགས་ཀྱི་དབང་བསྐུར་ཐམས་ཅད་ཀྱི་སྔོན་དུ། འདི་ནི་ཁྱོད་ཀྱི་གསང་བའི་ཆུ། །སྣོད་མ་ཡིན་ལ་སྨྲ་མི་བྱ། །ཞེས་སྔགས་ཀྱི་ལམ་ནི་ཡེ་གསང་ཆེན་པོར་བསྡམ་པའི་ཆིངས་ཀྱིས་བཅིངས་པའི་ཕྱིར་རོ། །དོན་དེ་ལ་དམིགས་ནས་འཕགས་པ་ཡབ་སྲས་ཀྱིས་ཀྱང༌། མདོ་སྔགས་ཀྱི་ལམ་སེམས་བསྐྱེད་ནས་ཟུང་འཇུག་གི་རིམ་པ་ལ་སློབ་པའི་ཚུལ་དབང་པོ་མཆོག་ལ་དགོངས་པ་གཅིག་ཏུ་བསྒྲུབ་པར་རིགས་པར་བྱའོ། །གལ་ཏེ་མཚན་ཉིད་ཐེག་པ་སྔགས་ཀྱི་ལམ་སྟེགས་སུ་ངེས་པར་དགོས་ན་སྔགས་ནས་ཚེ་གཅིག་ལ་སོགས་པར་སངས་རྒྱ་བའི་མྱུར་ལམ་མིང་ཙམ་དུ་སོང་ཞིང༌། འདི་ལྟར་རི་རབ་གྱི་ཟོམ་ལ་རུས་སྦལ་གྱི་བགྲོད་པས་འཛེགས་ནས་སུམ་ཅུ་རྩ་གསུམ་དུ་སླེབ་ཁར་ཁྱུང་གི་ལྡིང་སྟངས་ཀྱིས་སླེབ་བོ་ཟེར་བ་ལྟར་སྲིད་དུ་རིང་བའི་ལམ་ལ་ངལ་བ་མཐའ་དག་པ་བརྟེན་ནས་སླར་ཡང་གསེང་ལམ་ནས་བགྲོད་པ་ནི་བྱིས་པ་མགོ་འཁོར་བའི་གཏན་ཚིགས་ཙམ་སྟེ། ཅིའི་ཕྱིར་ན་མདོ་ལས། གང་ལས་སངས་རྒྱས་རང་བྱུང་བདག་ཉིད་གང༌། །རབ་ཏུ་གནས་ཤིང་རྟོགས་ལམ་གང་ཅི་འདྲ། །སྟོབས་དང་བསམ་


JLAZ003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་རྣམ་པར་ཐར་དང་དབང༌། །དེ་ཉིད་ལ་ནི་སེམས་ཅན་རྣམས་དགོད་དོ། །ཞེས་རང་གི་ཡེ་ཤེས་རྟོགས་པ་ལ་ཐབས་གང་མྱུར་བ་དེའི་ལམ་ནས་སེམས་ཅན་འཁྲིད་པའི་ཕྱིར་ཆོ་ག་ཟབ་མོ་འདི་མཁྱེན་ནས་ཞེས་པའི་ལམ་གསང་སྔགས་ཡིན་པས་སོ། །དེ་བས་ན་དོན་གྱི་ཆ་ནས་སྔགས་ཀྱི་ལམ་ཁོ་ན་ངེས་དོན་ཡིན་པའི་ཚུལ་འཕགས་པ་ཡབ་སྲས་ཀྱི་རིམ་ལྔར་ཡང་བསྐྱེད་རིམ་མེད་པར་རྫོགས་རིམ་བསྒྲུབ་མི་ནུས་ལ། དབེན་གསུམ་མེད་པར་ཀུན་རྫོབ་ཀྱི་དབེན་པ་རྟོགས་མི་ནུས་ཤིང༌། དེ་མེད་པར་དོན་དམ་པའི་འོད་གསལ་རྟོགས་མི་ནུས་ལ། དེ་མེད་པར་ཟུང་འཇུག་བསྒྲུབ་མི་ནུས་པར་བཤད་པ་ཡིན་ནོ། །དེའི་ཕྱིར་ལུགས་འདི་ལ་འོད་གསལ་ནི་འཕགས་པའི་བདེན་མཐོང་གི་ལམ་དང༌། ཟུང་འཇུག་ནི་མི་སློབ་པའི་ལམ་སྟེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཁོ་ན་ཡིན་པས་སྙིགས་མ་ལྔ་བདོ་བའི་དུས་འདིར་ནི་སྔགས་བླ་ན་མེད་པའི་མྱུར་ལམ་གྱིས་འཐོབ་པ་ལས་དབང་པོ་ཚར་བཅད་པའི་ཐེག་པ་གཞན་གྱིས་དངོས་གྲུབ་ཐོབ་པར་མི་འགྱུར་བའི་ཚུལ་དཔལ་མཆོག་དང་པོ་ལས། དཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་བསྐམས་གྱུར་ཅིང་སྡུག་བསྔལ་ལ། །སྡུག་བསྔལ་གྱིས་ནི་སེམས་གཡེངས་ཏེ། །གཡེངས་བས་དངོས་གྲུབ་གཞན་དུ་འགྱུར། །ཞེས་


JLAZ003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པས་དངོས་སུ་གསལ་ལོ། །དེ་ནི་གསང་སྔགས་ཀྱི་ཆེ་བ་བསྟན་པ་ཙམ་ཡིན་གྱིས་ཕར་ཕྱིན་གྱི་རང་ལམ་ནས་སངས་རྒྱས་མི་འགྲུབ་པའི་ལུང་དུ་མི་འགྲུབ་བོ་ཞེ་ན། གསང་ཆེན་ཐབས་ལ་མཁས་པ་ཞེས་བྱ་བའི་མདོ་སྡེའི་མཚན་དོན་གྱིས་ཀྱང་གསང་སྔགས་ཟུར་གྱིས་སྨོས་ནས་དོན་གྱིས་སྦྱོར་སྒྲོལ་གྱི་ལམ་ཡང་བསྟན་པའི་ཚུལ་ནི་དེད་དཔོན་གྱི་བུ་མོ་ལ་བགྲོད་པས་བསྐལ་པ་ཁྲིའི་ཚོགས་འདུམས་པ་དང༌། མི་ནག་མདུང་ཐུང་ཅན་བསད་པས་བསྐལ་པ་འབུམ་གྱི་ཚོགས་འདུམས་པའི་ཚུལ་དེ་ཡང་ཚེ་གཅིག་ལ་སོགས་པར་སངས་རྒྱས་སྟེར་བའི་སྔགས་ཀྱི་ཐེག་པ་འབའ་ཞིག་ལ་དགོངས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་དང་འགལ་བ་འདུ་བའི་ཕྱིར་རོ། །དེ་ལྟར་འདོད་པ་སྣ་ཚོགས་པ་བཀོད་པའང༌། བོད་ཡུལ་འདིར་རང་གི་བློ་ལ་འཐད་པའི་རྒྱུད་ཀྱི་དུམ་བུ་རེ་ཙམ་ལ་ཕྱོགས་ཆར་བཟུང་ནས་ཆོས་ཀྱི་རྣམ་གྲངས་རྒྱ་མཚོ་ལྟ་བུ་ལ་མི་བདེན་ནོ་ཞེས་རྩ་ལྟུང་དྲུག་པ་རིན་གྱིས་ཉོ་བ་ཡོད་དེ། རྡོ་རྗེ་མཁའ་འགྲོ་ལས། བསྟན་བཅོས་རྣམས་ནི་རྙེད་སླ་སྟེ། །དེ་ཡི་སྦྱོར་བ་རྙེད་པར་དཀའ། །ཞེས་པས་བསྟན་བཅོས་ཀྱི་སྦྱར་གཞི་རྒྱུད་ཀྱི་རྣམ་གྲངས་ཀྱི་མཐའ་ཆོད་པར་དཀའ་ཞིང༌། མཁས་པ་དང་གྲུབ་པར་གྲགས་པས་བཀོད་པའི་གྲུབ་མཐའ་བློས་རྗེས་སུ་དཔགས་


previousཤོག་ལྷེབ་ ༡ ནས་ ༡༠༠་བར།next