Nitartha Digital Library
Tibetan
 
previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


JLAZ003_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཉིས་ན་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རྟ་བབས་བཞི་ནི་དྲན་པ་ཉེ་བར་བཞག་པ་བཞི་དང༌། བརྒྱད་ཀྱི་ཚེ་རྣམ་པར་ཐར་པ་བརྒྱད། པཉྩ་རེ་ཁཱ་སྟེ་རྩིག་པ་ལྔ་ནི་ཡེ་ཤེས་ལྔ་སྟེ་ནང་ནས་རིམ་པ་བཞིན། མཐིང་ག ལྗང་གུ། དམར་པོ། སེར་པོ། དཀར་པོའོ། །ལྔ་པོའང་གཞའ་ཚོན་ལྟར་དངས་ལ་ཟང་ཐལ་བའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་གློ་འབུར་གྱི་ཚུལ་ལ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བརྡར་དབུས་མའི་བུམ་པ་ཟླུམ་པོས་ནམ་མཁའི་དབྱིངས་ཁྱབ་པའི་ཆར་ཁེབས་ནི་གཙང་ཁང་ཕྱུར་བུའི་ཡ་ཕིབས་ཏེ་མདའ་ཡབ་ཀྱི་སྟེང་གི་ནམ་མཁའ་ནོན་པར་ཕུབ་པས་ཕིབས་ཉིས་རིམ་གྱི་རྣམ་པ་ཅན་གྱི་སྟེང་གི་དབུས་དང་ཕྱོགས་བཞིར་རྡོ་རྗེ་རྩེ་ལྔ་པའི་ར་གྱེས་པ་ལྟ་བུའི་རྩེ་མོ་ལ་ཡེ་ཤེས་འོད་གསལ་བའི་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་མཚན་པ། རྩིག་པ་ལྔའི་སྟེང་ན་སེམས་ཉིད་མི་འགྱུར་བའི་མཚོན་བྱེད་ཕ་གུ་སེར་པོ་ལ། ཐུགས་རྗེ་རིན་པོ་ཆེའི་མདའ་ཡབ་ཕིབས་ཆུང་གི་ཚུལ་དུ་ཕྱིར་འཕྱང་བའི་གདུང་སྣ་ནས་བྱང་ཆུབ་ཡན་ལག་བདུན་གྱི་དྲ་བ་དང་དྲ་བ་ཕྱེད་པ་ནོར་བུ་དང་མུ་ཏིག་གི་འཕྱང་འཕྲུལ་ཅན་ཉི་ཟླའི་རླུང་བསྐྱོད་དང་བཅས་པ། དེའི་གདུང་སྣ་གནོན་པའི་ཚུལ་དུ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་མཚོན་པའི་པུ་ཤུ་


JLAZ003_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་བརྩེགས་སུ་བསྒྲིག་པ། རྟོག་པ་མེད་པ་མཚོན་པའི་རི་དྭགས་ཀྱིས་བསྐྱོད་པའི་འཁོར་ལོ་ནི་བདེན་པ་བཞིའི་རང་བཞིན་མཚོན་པ་སྟེ། དེའི་ལྟེ་བ་ལ་ཆོས་ཀྱི་དབྱིངས་རིན་པོ་ཆེའི་གདུགས་བཙུགས་པ་འཁོར་བ་དང༌། ཟུར་བཞིར་རྒྱལ་མཚན་དང༌། དབྱིག་པ་རིང་པོ་ལ་བ་དན་འཕྱང་བའི་མགུལ་མཚམས་ནས་རིན་པོ་ཆེའི་དྲིལ་བུ་དང༌། གཡེར་ཁ་དང༌། ཟར་ཚགས་དང༌། ལྡ་ལྡི་དང༌། རིན་པོ་ཆེའི་ཙོང་ཙོང་དང༌། ཉི་ཟླའི་ཚར་ཚར་དང༌། རྔ་ཡབ་ནོར་བུའི་རྒྱན་ཅན་དང༌། ལྷ་དང་མིའི་རྒྱན་རྣམ་པ་དུ་མས་དབུས་ཀྱི་རྡོ་རྗེ་ནོར་བུའི་ཏོག་ནས་རྟ་བབས་ཀྱི་བར་འབྲེལ་བ་ལས་སྒྲ་སྙན་པར་འབྱིན་པ་རྣམས་ནི་དབང་པོ་ལྔ་དང༌། སྟོབས་ལྔ། བརྩིགས་པའི་ཕྱི་རོལ་ན་འདོད་ཡོན་གྱི་སྣམ་བུ་ཆགས་པ་ཆེན་པོའི་ཁ་དོག་ཏུ་འཚེར་བ་ལ་མཆོད་པའི་ལྷ་མོ་མང་པོ་འདོད་ཡོན་གྱི་མཆོད་སྤྲིན་ཟད་མི་ཤེས་པར་སྤྲོ་བ་ནི་སྔགས་ལམ་དུ་འདོད་ཡོན་མ་སྤངས་རྒྱན་དུ་རོལ་པའི་བརྡའ་དང༌། འོག་གཞིའི་པདྨའི་ཟེ་བ་དང༌། ཕྲུམ་ཕྲུམ་དང༌། པ་ཏྲ་རིས་ཉི་ཟླའི་གདན་ལ་རང་མདོག་ཏུ་ཟང་ཐལ་བར་སྣང་བའི་ཁྱམས་སམ་ཞིང་ཁམས་ལྗང་གུར་མངོན་པའི་མཐའ་བསྐོར་ན་རྣམ་པར་ཤེས་པ་ཚོགས་བརྒྱད་མཚོན་པའི་དུར་ཁྲོད་ཆེན་པོ་བརྒྱད་དང༌། རང་བྱུང་གི་ཡེ་ཤེས་བརྒྱད་མཚོན་པའི་གྲུབ་པའི་སློབ་དཔོན་བརྒྱད། དེ་


JLAZ003_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་མེ་བརྒྱད་ནི་ཡོངས་སུ་གདུང་བ་བརྒྱད། ཤིང་བརྒྱད་ནི་ཉོན་མོངས་པའི་རང་བཞིན་བརྒྱད། ཆུ་བརྒྱད་ནི་དག་བྱེད་ཀྱི་ལམ་བརྒྱད། ལྷ་བརྒྱད་ནི་དངོས་གྲུབ་ཀྱི་སྒོ་བརྒྱད། ཀླུ་བརྒྱད་ནི་ཡོན་ཏན་གྱི་ཚོགས་བརྒྱད། ཞིང་སྐྱོང་བ་བརྒྱད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་འདུ་བ་བརྒྱད། ནང་གི་ཀ་བ་བརྒྱད་ནི་འཕགས་ལམ་ཡན་ལག་བརྒྱད། གདན་ལྔ་ནི་དུག་ལྔ་རང་གི་ངོ་བོས་དག་པ་སྟེ། མདོར་ན་མ་དག་པ་སེམས་ཅན་གྱི་དུས་ཉིད་ནས་སྐྱོན་དང་ཡོན་ཏན་གྱི་ཆ་རེ་རེ་གཉིས་གཉིས་སུ་གནས་པ་སྟེ། དཔེར་ན་ཉོན་མོངས་པ་ལྔ་དང་ཡེ་ཤེས་ལྔ་དག་བྱ་དང་དག་འབྲས་སུ་སྦྱོར་བས་མཚོན་ཏེ། གཞི་དུས་ན་སེམས་ཅན་གྱི་ཁམས་ལ་འོ་མ་ལས་མར་དང༌། ཏིལ་ལས་ཏིལ་མར་ལྟ་བུའི་ཁྱབ་བྱེད་དུ་གནས་པའི་རྟགས་སུ་མཚོན་པའོ། །ལམ་དང་སྦྱར་ན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་ཏེ། སྒོ་བཞི་ནི་ཚད་མེད་པ་བཞི། དེར་འཇུག་པའི་ཐེམ་སྐས་སམ་རྒྱུའི་རྟ་བབས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག འབྲས་བུའི་རྟ་བབས་ནི་དྲན་པ་ཉེ་བར་གཞག་པ་བཞི། གློ་འབུར་བཞི་ཡང་དག་སྤོང་བ་བཞི། འཁོར་ལོ་ལ་སོགས་པའི་རྒྱན་བཞི་རྫུ་འཕྲུལ་གྱི་རྐང་པ་བཞི། རྩིག་པ་དབང་པོ་ལྔ། ཕ་གུ་དང༌། དྲྭ་ཕྱེད་དང༌། མདའ་ཡབ་དང༌། པུ་ཤུ་དང༌།


JLAZ003_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུར་བུ་ལྔ་ནི་སྟོབས་ལྔ། སེང་གེ་ལ་སོགས་པའི་གདན་ལྔ་དང་ཉི་ཟླ་གཉིས་ཏེ་བདུན་ནི་བྱང་ཆུབ་ཀྱི་ཡན་ལག་བདུན། ཀ་བ་བརྒྱད་ནི་འཕགས་ལམ་བརྒྱད་དེ་ཚོགས་ལམ་ནས་བསྒོམ་པའི་བར་གྱི་ཡོན་ཏན་གྱི་ཆ་རྣམས་བརྡའི་སྒོ་ནས་མཚོན་པའོ། །འབྲས་བུ་དང་སྦྱར་ན་སངས་རྒྱས་ཀྱི་སའི་ཡོན་ཏན་ལ་སྦྱོར་ཏེ། སྟོབས་བཅུ་ནི་གླང་པོ་ཆེའི་ཁྲི། མི་འཇིགས་པ་བཞི་སེང་གེའི་ཁྲི། དབང་བཅུ་རྨ་བྱའི་ཁྲི། རྫུ་འཕྲུལ་རྟའི་ཁྲི། སོ་སོར་རིག་པ་ལ་སོགས་ཏེ་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པ་ཤང་ཤང་གི་ཁྲི། ཡེ་ཤེས་ལྔའི་རྩིག་པ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་འོད་ཟེར། འགྲོ་བ་སྐྱོབ་པའི་གདུགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་གཞན་དང་མཚུངས་པ་མེད་པའི་ཏོག་ལ་སོགས་པ་སྟེ་མཐར་ཐུག་པའི་འབྲས་བུའི་ཡོན་ཏན་གྱི་དོན་ལ་མཚོན་པའོ། །དེ་ལྟ་བུའི་དཀྱིལ་འཁོར་ནི་གཞི་ལ་ཡོད་པས་རང་ངོའི་སྒྲིབ་པ་མཐའ་དག་དང་བྲལ་བའི་ཚེ་འོག་མིན་དུ་རང་སྣང་བས་ཕྱོགས་ག་ཤེད་ན་ཡོད་པར་ནི་མི་བལྟ་སྟེ། སྒྱུ་འཕྲུལ་དྲ་བ་ལས། འགྲོ་བ་ཀུན་ལ་རབ་གནས་པའི། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྟེན་དང་བརྟཻན་པར་བཅས་པ་ཡི། །དཀྱིལ་འཁོར་མ་ལུས་རྫོགས་པར་


JLAZ003_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །ཞེས་སོ། །དེ་བས་ན་ལམ་དུས་སུ་མཚོན་བྱེད་དཔེའི་དཀྱིལ་འཁོར་ལའང་ཇི་ལྟར་བྱ་བ་མང་བ་བཞིན་དུ་ཚོགས་གསོག་པའི་སྟོབས་ཆེ་བ་ལ་དགོངས་ནས་ཆོ་ག་ཞིབ་མོས་བསྒྲུབ་པའི་ཚུལ་རྒྱུད་སྡེ་རྣམས་ལས་ལེགས་པར་གསུངས་པས་སླ་ཆོས་དང་གཟུ་ལུམ་ཀྱིས་མ་བརྫིས་པར་ཞིབ་མོ་རྣམ་པར་འཐག་པའི་དྲན་པ་ཉེ་བར་གཞག་ནས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་མངོན་པར་འདུ་བྱ་ཞིང༌། ལས་དང་བྱ་བའི་རིམ་པ་རྫོགས་པའི་མཐར་སློབ་དཔོན་གྱིས་དཀྱིལ་འཁོར་ལ་བསྐོར་ཞིང་མཉམ་པར་བཞག་པའི་སེམས་ཀྱིས་བལྟས་ནས་རྣམ་པར་ཤེས་པ་ལས་སུ་མ་རུང་བའི་གནས་རྣམས་ནི་ཡི་གེ་བརྒྱ་པས་བཤག མཐོང་ཆོས་སུ་གྱུར་པའི་སྐྱོན་གྱི་རྣམ་པ་དག་ཆད་ན་གསོ་ལྷག་ན་དབྱི་ནས་ལེགས་པར་བཅོས་པར་བྱ་སྟེ་སྤྱི་རྒྱུད་ལས། དཀྱིལ་འཁོར་རྫོགས་པར་བྲིས་ནས་ནི། །ཡིད་ཀྱྀས་ལེགས་པར་མཉམ་གཞག་ནས། །དེ་ཡི་འོག་ཏུ་མང་བརྟགས་ཏེ། །བརྒྱ་ལ་འགའ་ཞིག་མ་ལེགས་ན། །དེ་ནི་ཕྱིར་ཡང་བཅོས་པར་བྱ། །ཞེས་སོ། །དེ་ལྟར་བཅོས་ནས་ཚོན་ལྷག་རྣམས་སྔར་བཞིན་མཆོད། དེའི་ཡེ་ཤེས་པ་བཛྲ་མུཿས་ནམ་མཁའི་ལྷའི་ཐུགས་ཀར་གཤེགས། དམན་མ་རྣམས་


JLAZ003_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་སར་བཞག་གོ། ཚོན་འཐོར་བ་རྣམས་ཀྱང་རས་ལ་སོགས་པས་ལེགས་པར་ཕྱི། བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུ་ལ་འཁྱིལ་བའི་སྔགས་དང་ཧཱུྃ་བཟླས་པ་དཀྱིལ་འཁོར་གྱི་མཐའ་སྐོར་དུ་བྱུགས་པས་ཀུན་རྫོབ་ཙམ་དུའང་བསྲུང་བར་བྱ་ལ། དམིགས་པའི་སྒོ་ནས་ཕྱི་རོལ་གྱི་བསྲུང་བའི་འཁོར་ལོ་རྣམས་དང༌། ཁྱད་པར་རྩིབས་བཅུའི་ཁོངས་སེང་ལ་ཁྲོ་བོ་བཅུ་གནས་པའི་འཁོར་ལོ་སེར་པོ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ངོ་བོ་ཉིད་དྲག་ཏུ་འཁོར་བའི་ལྟེ་བ་ལ་གཞལ་ཡས་ཁང་གི་རྣམ་པ་རབ་ཏུ་བརྟན་པར་མོས་ཤིང༌། རྡོ་རྗེའི་ས་གཞི་ལ་སོགས་པའི་རྭ་གུར་གྱིས་ཀྱང་བགེགས་རྣམས་བཟློག་པར་བསམ་པ་ནི་ངེས་པར་གཅེས་ཏེ་སྔགས་ཀྱི་དངོས་གྲུབ་ཆེན་པོ་བསྒྲུབ་པ་ལ་བལྟར་མི་མངོན་པའི་བགེགས་ཀྱི་འཚེ་བ་ཤིན་ཏུ་མང་བ་ཡོད་དོ། །དེ་བས་ན་དཀྱིལ་འཁོར་བྲི་བ་ནས་བརྩམས་ཏེ་དཀྱིལ་འཁོར་གྱི་ཁང་པར་སྔགས་ཀྱི་དབང་ཐོབ་པ་གཅིག་མེད་པའི་སྟོང་པར་བཞག་ཏུ་མི་རུང་བའི་ཚུལ་སྤྱི་རྒྱུད་ལས། ཁྲུས་ལ་སོགས་པ་བྱེད་པའི་ཚེ། །དཀྱིལ་འཁོར་མཐོང་བ་གཞན་བཞག་སྟེ། །དཀྱིལ་འཁོར་བྲི་བའི་ཚེ་ན་ནི། །ནམ་ཡང་སྟོང་པར་མི་བཞག་གོ །ཞེས་བཤད་དོ། །དེ་ནས་བརྟེན་པའི་རྣམ་པ་དགོད་པའི་ཚུལ་ནི། གཙོ་བོ་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། །ཕལ་པ་དག་ལ་ཡིག་འབྲུས་སོ། །ཞེས་པས་རིགས་ཀྱིས་བསྡུས་པའི་


JLAZ003_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་རྣམས་སྐུ་གཟུགས་དང༌། འཁོར་རྣམས་ཕྱག་མཚན། ཡང་འཁོར་རྣམས་ལ་ཡིག་འབྲུ་སྟེ་ས་བོན་དགོད་པའམ། རང་མདོག་དང་མཚུངས་པའི་ཐིག་ལེའི་རྣམ་པ་དགོད་པས་ཀྱང་མི་རུང་བ་མ་ཡིན་ཏེ་མངོན་བརྗོད་བླ་མ་ལས། མི་ནུས་ན་ནི་བྲིས་པ་ཡི། །ཕྱག་རྒྱའམ་མཚན་མ་དགོད་པར་བྱ། །ཞེས་བཤད་དོ། །དེ་ཡང་འཕགས་ཡུལ་སོགས་སུ་ནི། གསང་བ་བསྲུང་བ་ལ་ཤིན་ཏུ་སྒམ་པས་དངོས་གྲུབ་ཀྱང་ངེས་པར་ཐོབ་པའི་ཕྱིར་ཉེ་སྐོར་དུ་སྐལ་མི་ལྡན་གྱི་གང་ཟག་ཡོད་ན་མཚན་མ་དང་ཕྱག་རྒྱ་བྲི་ལ། དེ་མེད་ན་སྐུ་གཟུགས་འདུ་བྱེད་པ་ཡིན་ནོ། །ལར་རས་བྲིས་སོགས་ལ་ལྷའི་སྐུ་གཟུགས་དངོས་སུ་བྲི་བ་ཡོད་མོད་ཀྱིས་དེ་ཡང་ལྷའི་ཡན་ལག་མ་རྫོགས་ན་བྱིན་གྱིས་མི་རློབ་པས་དེ་བས་ཕྱག་མཚན་བྲི་བ་ཉིད་ལེགས་སོ། །དེ་ནས་བུམ་པ་དགོད་པར་བྱ་སྟེ། སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་སློབ་དཔོན་རྡོ་རྗེ་སེམས་དཔའི་ང་རྒྱལ་ལ་གནས་ཤིང་རྡོར་དྲིལ་དང་བཅས་ཧཱུྃ་བཞི་པའི་སྔགས་ཟློ་བཞིན་པར་སྤོས་རོལ་གྱིས་སྣ་དྲངས་ཏེ་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ནས་གོ་སྐབས་ཡངས་ན་རྣམ་རྒྱལ་དཀྱིལ་འཁོར་གཙོ་བོའི་མདུན་ནམ། མདུན་གྱི་ལྷ་རྣམ་མམ་ཤར་སྒོའི་ཕྱི་རོལ་གྱི་གཡས་ལོགས་ཅི་བདེ་བར་དགོད་ལ། བུམ་པ་གཞན་བརྒྱད་ལ་སོགས་པ་ཡོད་ན་དེས་མཚོན་ནས་ལྷ་སོ་སོའི་གནས་ཀྱི་མདུན་ནམ། སྒོ་མཚམས་


JLAZ003_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དམ། ཉུང་ན་ཤར་སྒོའི་གཡོན་ལོགས་སམ། རྡོ་རྗེ་རྭ་བའི་ནང་ཁོངས་སུ་ཆུད་པར་བཞག་སྟེ། དཱ་རི་ཀ་པས། རྡོ་རྗེ་རྭ་བའི་ཕྱི་རོལ་དུ། །བགེགས་བསྐྱེད་འགྱུར་པས་མི་དགོད་དོ། །ཞེས་སོ། །ལས་བུམ་ནི་སློབ་དཔོན་གྱི་མདུན་དུ་བུམ་གདན་ལ་བཞག་གོ །ལར་བུམ་པ་དགོད་ཚུལ་ལ་རྒྱ་གཞུང་རྣམས་ཀྱང་མཐའ་གཅིག་ཏུ་མི་མཐུན་པས་དོན་ལ་འགལ་བ་མེད་ཚུལ་སྔར་བཤད་ཟིན་ཏོ། །དེ་ནས་དཀྱིལ་འཁོར་གྱི་ཕྱི་ངོས་སུ་ཤར་དུ་ཤེར་ཕྱིན། ལྷོར་ཏིང་ངེ་འཛིན་རྒྱལ་པོ། ནུབ་ཏུ་སྡོང་པོ་བཀོད་པ། བྱང་དུ་གསང་བ་བསམ་གྱིས་མི་ཁྱབ་པ་གདོན། ནང་གི་ཕྱོགས་ཀུན་ཏུ་མེ་ཏོག་སིལ་མར་བཀྲམ་ཞིང༌། གདུགས་དང༌། རྒྱལ་མཚན་དང༌། བླ་བྲེ་དང༌། བ་དན་སྣ་ཚོགས་པ་དང༌། རྟ་བབས་དང༌། དྲིལ་བུ་དང་བཅས་པའི་རྔ་ཡབ་དང༌། འདབ་མས་གང་བའི་བུམ་པ་དང༌། གོས་ཟུང་དང་ཡོལ་བ་ལ་སོགས་པ་དགྲམ། མདའ་དང་རལ་གྲི་དང་རྨ་བྱ་ལ་སོགས་པའི་རྒྱན་བཀོད་དམིགས་བསལ་གྱིས་བྲེ། མདའ་སྣུན་གྱིས། དེ་ནས་མེ་ཏོག་སྤོས་ལ་སོགས། །ལྷ་ཡི་གྲངས་དང་མཉམ་པར་དབུལ། །ཞེས་པ་ལྟར་གྲུབ་ན་ལྷ་དེ་ལ་ཕྱི་ནང་གི་མཆོད་པ་རྫོགས་པར་བཤམ། སྒྱུ་དྲ་ལས། བཅོས་བུའི་རས་ནི་སྣ་ཚོགས་དང༌། །རྒྱན་ཕྲེང་བཏུང་དང་བྲོ་བས་བསྐོར། །ཞེས་པའི་བྲོ་བ་ནི་བཟའ་


JLAZ003_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བཏུང་རོ་བྲོ་བའི་མཆོག་ཡིན་ལ། དེ་དང་མཐུན་པར་སྤྱི་རྒྱུད་ལས་གསུངས་པས་དེ་དག་རྣམས་ཧཱུྃ་དང་གཙོ་བོའི་སྔགས་ལ་བཛྲ་སྥ་ར་ཎ་ཁཾ་བཏགས་པས་དབུལ། ཕྱོགས་སྐྱོང་རྣམས་མཉེས་པར་བྱ་ཕྱིར་བ་དན་བཅོ་ལྔ་གཟུགས་པའང༌། ཤར་ཕྱོགས་སུ་དབང་པོ་ལ་སེར་པོ། ཁྱབ་འཇུག་ལ་ནག་པོ། ཉི་ཟླ་གཉིས་རང་མདོག མེས་པོའི་སེར་པོ། མེ་ལྷའི་དམར་པོ། གཤིན་རྗེའི་ནག་པོ། བདེན་བྲལ་གྱི་དུད་ཁ་རྣམས་སོ་སོའི་ཕྱོགས་སུའོ། །ནུབ་ཏུ་ཆུ་ལྷར་དཀར་པོ། སའི་ལྷ་མོར་སེར་པོ། ཐག་བཟང་རིས་ལ་ནག་པོའོ། །རླུང་དུ་རླུང་ལྷའི་ལྗང་གུ། བྱང་དུ་ལུས་ངན་པོའི་སེར་པོ་དང༌། ཚོགས་བདག་གི་དཀར་པོ་དང༌། བྱང་ཤར་དུ་དབང་ལྡན་ལའང་དཀར་པོའོ། །དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་བསྒྲུབ་པའི་ཁྱད་ཆོས་ལ། རང་ལུགས་བཤད་པ་དང༌། རྒྱུད་སྡེ་སྤྱི་ཁྱབ་ལ་གྲགས་པའི་ཁྱད་པར་བཤད་པ་གཉིས་ལས། དང་པོ་ནི། སློབ་དཔོན་ཁྲུས་བྱས། དྲི་ཞིམ་པོས་ལུས་ལ་བགོས། འཁོར་ལོས་བསྒྱུར་བའི་ཆས་སུ་ཞུགས། ཕྱི་རོལ་པ་ལ་གཏོར་མ་བྱིན་ནས་བསྐྲད། ཕུར་བུས་གདབ་པ་དང༌། སྲུང་བའི་འཁོར་ལོ་བསྒོམ་པས་མཚམས་བཅད། ལས་ཐམས་ཅད་པ་བཟླས་པའི་ཆུ་དང་སྔགས་ཀྱིས་དཀྱིལ་འཁོར་ལ་བསངས་ཤིང་བསྲུངས་ནས་རྡོ་རྗེ་དང་


JLAZ003_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་འཛིན་པས་དཀྱིལ་འཁོར་གྱི་ཤར་སྒོ་ལ་ཕྱོགས་པས་འདུག དེ་ནས་དཀྱིལ་འཁོར་བསྒྲུབ་པ་དངོས་ལ་བདག་མདུན་ཐ་དད་དུ་བྱེད་པ་དང༌། ཐ་མི་དད་དུ་བསྒྲུབ་པའི་ལུགས་གཉིས་ལས། དང་པོ་ནི། བདག་གི་རྣལ་འབྱོར་བཟླས་པའི་བར་སྒྲུབ་ཐབས་བཞིན་དུ་བྱས་ནས། དེའི་རྫོགས་པའི་རིམ་པ་ཉེར་བསྡུའི་ནཱའ་ད་ཤིན་ཏུ་ཕྲ་བའི་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པའི་སྟོང་ཉིད་གསལ་ཁྱབ་ཅན་གང་ཞིག་དང༌། མདུན་བསྐྱེད་བསྐྲུན་པའི་ཐོག་མ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །ཞེས་པ་ལ་སོགས་པས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གཉིས་མཚམས་སྦྱར་ནས་རྟེན་དང་བརྟེན་པའི་བསྐྱེད་ཆོག་རྣམས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་བདག་སྲས་ཀྱི་ཆོ་ག་བཞིན་པས་ལྷ་རྣམས་མངོན་སུམ་པར་བཞུགས་པ་ཉིད་དུ་དམིགས་ལ། གཞན་སྲས་ཀྱི་ཆོ་གས་དཀྱིལ་འཁོར་བསྒྲུབ་པའི་ཚུལ་ནི་དེ་ཉིད་ལས། ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ཀུན། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །ཞེས་པའི་དོན་གསལ་བར་ཕྱེ་བ་ནི། སྙིང་འགྲེལ་ཉི་ཟླའི་སྤྲིན་གྱི་སྣང་བ་ཆེན་པོའི་ལེའུ་དགུ་པ་ལས་གསལ་བར་བཤད་པ་ལས་ཤེས་པར་བྱ་ཞིང་འོག་ཏུ་བསྐྱེད་རིམ་གྱི་དུས་ཀྱང་


JLAZ003_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པར་འགྱུར་རོ། །གཉིས་པའི་ལུགས་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་བསངས་སྦྱངས་བྱས་ནས་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བཏབ་ནས་དཀྱིལ་འཁོར་པ་བསྐྱེད་ཅིང་ལྷ་རྣམས་མངོན་སུམ་པར་དམིགས་པ་ལ་རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་དུ་ཞུགས་ནས་བསྒྲུབ་པའི་ཚུལ་ནི་མེ་ཏོག་བཟུང་ནས། ཨོཾ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། །ཛཿཧཱུྃ་བཾ་ཧོཿ ཧི་ཧི་ཧི་ཧི་ཧཱི། མགོན་པོས་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། །ཞེས་བརྗོད་དེ་གར་ལས་བྱུང་བའི་ཐལ་མོས་མེ་ཏོག་གི་ཕྲེང་བ་ཕུལ་བས། བདག་ལའང་ཕྲེང་བའི་དབང་བསྐུར་བར་བསམས་ཏེ་མགོ་བོར་བཅིང་བར་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ་ནུབ་སྒོ་ལ་སོགས་པའི་ཐད་དུ་སོང་སྟེ་ཧཱུྃ་མཛད་ཀྱི་ང་རྒྱལ་ལ་གནས་པས་ཧཱུྃ་ཞེས་བརྗོད་ཅིང་གཡས་བརྐྱང་གི་གར་དང་བཅས་པས་སྒོ་བ་བཞི་ལ་བཀའ་བསྩལ་པས། དེ་དག་གིས་ཀྱང་ཤར་སྒོ་ནས་རིམ་གྱིས་ཕྱེ་བར་བསམས་ལ། རྡོ་རྗེ་ཁུ་ཚུར་བཅིངས་ཏེ་མཛུབ་མོ་གཉིས་འགྱེད་པ་དང་འདུད་པའི་སྦྱོར་བས། ཨོཾ་བཛྲོད་གྷ་ཊ་ས་མ་ཡ་ཨ་བེ་ཤ་ཡ་ཧཱུྃ། ཞེས་པས་སྒོ་ཕྱེ་ལ་བདག་རང་བཞིན་གྱི་དཀྱིལ་འཁོར་དུ་གནས་པ་དེ་རྡུལ་ཚོན་ལ་དམིགས་པའི་མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་ཤུགས་ཀྱི་འཇུག་པས་


JLAZ003_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། དེའི་གཙོ་བོ་དང་ཐ་མི་དད་པར་མོས་ནས་རང་གི་རིགས་ཀྱི་བུ་མོ་མཱ་མ་ཀཱི་དང་འདྲ་བར་བསྐྱེད་པའི་ཕྱག་རྒྱའི་སྐྱེ་མཆེད་དང་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་འཇུག་གི་རྐྱེན་ལས་ཡེ་ཤེས་དགུག་པའི་ཚུལ་འདུས་པའི་ལེའུ་བཞི་པ་ལས། བཙུན་མོ་མཛེས་ཤིང་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་རྙེད་ནས། །དྲི་དང་མེ་ཏོག་བརྒྱན་བྱས་ཏེ། །དེ་ཡི་དབུས་སུ་འདོད་པ་བྱ། །ཡོན་ཏན་སྐ་རགས་མཱ་མ་ཀིར། །ཤེས་རབ་ཅན་གྱིས་དེ་བྱིན་བརླབ། །ཞི་བ་སྤྲོ་བྱ་སངས་རྒྱས་གནས། །མཁའ་ཡི་དབྱིངས་ནི་རབ་ཏུ་བརྒྱན། །ཞེས་པ་ལྟར་རམ། དེ་མེད་ན་གསལ་ལྡན་མ་སྟེ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་འཇུག་བསྐུལ་ནས་ཞི་བ་ནི་སངས་རྒྱས་རྣམས་དང༌། སྤྲོ་བྱ་ནི་བརྒྱན་པའི་དོན་དུ་བཤད་པས། སངས་རྒྱས་གནས་ཀྱི་མཁའ་དབྱིངས་ཏེ་གཞལ་ཡས་ཁང་གི་ནང་དུ་སྤྲོ་བའམ། བརྒྱན་པའི་ཚུལ། ཡང་དག་པར་སྤྱོད་ནས་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང༌། སྙིང་གའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དམ་ཚིག་པ་རྣམས་ཀྱང་སྤྱན་དྲངས། མཆོད་ཡོན་དང་ཞབས་བསིལ་ཕུལ་ལ་རང་གི་སྤྱི་བོ་ནས་བཅུག་འདོད་ཆགས་རྡོ་རྗེའི་མེས་ཞུ་བར་གྱུར་པ་ནོར་བུའི་ལམ་ནས་པདྨར་ཕྱུང༌། ཉི་ཟླ་ཁ་སྦྱོར་གྱི་ཐེག་ལེའི་ས་བོན་རྣམས་ཡོངས་སུ་གྱུར་པ་ལས། ལྷའི་འཁོར་ལོར་རྫོགས་པ་ཐུགས་ཀ་ནས་སྤྲོས་


JLAZ003_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དམ་ཚིག་གི་འཁོར་ལོ་སོ་སོའི་གནས་ཇི་ལྟ་བར་བཞུགས་སུ་གསོལ་ནས་སྐྱེ་མཆེད་དང༌། སྐུ་གསུང་ཐུགས་བྱིན་གྱི་བརླབ་པ་དང༌། དབང་བསྐུར་བ་དང༌། ཡེ་ཤེས་པ་གཞུག་པ་དང༌། མཆོད་པའི་རིམ་པ་ལ་སོགས་པ་སྒྲུབ་གཞུང་བཞིན་དུ་བྱ་བའམ། ཡང་ན་དམ་ཚིག་གི་འཁོར་ལོ་སོ་སོའི་གནས་སུ་བཞུགས་པའི་བར་སྔར་བཞིན་ལ། མཛད་པ་རྣམས་མཛད་ནས་རེ་ཞིག་རང་རང་གི་ཞིང་དུ་གཤེགས་དཀྱིལ་འཁོར་དུ་འབྱོན་མ་རག་ཏུ་བཞུགས་པ་དེ་སླར་སྤྱན་དྲངས་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་འཇུག་པ་ནི་ཀླུ་བྱང་གི་བཞེད་པ་སྟེ། འཇིག་རྟེན་དང་སྒོ་བསྟུན་པ་སྤྱན་འདྲེན་ལ་སོགས་པའི་ཆོ་གའི་ཡན་ལག་རྫོགས་པ་ལ་རྣམ་པ་འདི་བདེ་བར་སྣང་ངོ༌། །དེའི་ཚེ་སྟ་གོན་གྱི་དུས་ནམ་མཁར་བཞག་པ་ཡང་སྐབས་འདིར་སྤྱན་དྲངས་ནས་རོ་གཅིག་ཏུ་བལྟའོ། །དེའང་རྟེན་དང་བརྟེན་པ་བསྐྱེད་པའི་གནས་སྐབས་ན་བདག་མདུན་སོ་སོ་བ་ཡིན་ཀྱང་སྙོམས་འཇུག་གི་བྱ་བ་ལ་ཞུགས་པ་ནས་རང་དང་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་གཙོ་བོ་གཉིས་ཐ་མི་དད་ཡིན་ལ། སྤྲོས་པའི་ལྷ་ཚོགས་རྣམས་ཀྱང་དམ་ཚིག་པར་བཏགས་ཀྱང་དོན་ལ་ཡེ་ཤེས་པ་ཁོ་ན་ཡིན་པའི་ཁྱད་པར་ཤེས་དགོས་སོ། །སྤྱིར་འདིའི་སྐབས་ཀྱི་ཡེ་ཤེས་པ་གཞུག་ཚུལ་གྱི་རིམ་པ་ལ་དཱ་རི་ཀ་


JLAZ003_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ནམ་མཁའི་ལྷ་རྣམས་ཕབ་ནས་ཀྱང༌། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །དྲུག་པོ་རོ་གཅིག་གྱུར་པར་བྱ། །ཞེས་སྟ་གོན་གྱི་ལྷ་ནམ་མཁར་བཏེགས་པ་དང་ཡེ་ཤེས་པ་གསར་བྱུང་གཅིག་སྟེ་གཉིས་གཞུག་པ་དང༌། དྲུག་གི་ངེས་ཚིག་ནི། སྟ་གོན་གྱི་དམ་ཡེ་གཉིས། ས་ཆོག་གི་སྐབས་དཀྱིལ་འཁོར་ནམ་མཁར་བཏེགས་ན་དེའི་དམ་ཡེ་གཉིས། གློ་བུར་དུ་རང་བཞིན་གྱི་གནས་ནས་སྤྱན་དྲངས་པའི་ཡེ་ཤེས་པ་དང༌། རྡུལ་ཚོན་གྱི་དམ་ཚིག་པ་དྲུག་བསྲེ་བར་འདོད་ལ། མདའ་བསྣུན་ཆེན་པོ་ནི། སྔར་གསུངས་སྟ་གོན་ལྷ་རྣམས་ནི། །སྙིང་ག་ཉིད་ནས་རབ་སྤྲུལ་ནས། །དཀྱིལ་འཁོར་ལ་ནི་བྱིན་གྱིས་བརླབ། །ཡང་ནི་སྙིང་གའི་འོད་ཟེར་ལས། །ཡེ་ཤེས་ལྷ་རྣམས་བཀུག་བྱས་ཏེ། །དཀྱིལ་འཁོར་ལྷ་རྣམས་བྱིན་གྱིས་བརླབ། །ཅེས་གཞུག་ཚུལ་གཉིས་བཞེད་ལ། དེ་དང་ཕྱོགས་མཐུན་པར་ལ་ལི་བཛྲས་ཀྱང་དཀྱིལ་འཁོར་བྲིས་ཟིན་མ་ཐག་ཏུ་དམ་ཚིག་པ་གསར་དུ་མ་བསྐྱེད་པར་སྟ་གོན་གྱི་ལྷ་ཕབ་ནས་དཀྱིལ་འཁོར་གྱི་གནས་སོ་སོར་བཞག་པ་ལ་མངལ་ནས་སྤྲོས་པའི་ལྷ་རྣམས་བཅུག དེ་ལ་ཡེ་ཤེས་པ་གཞུག་པར་བྱེད་དོ། །གཉིས་པ་བདག་མདུན་ཐ་མི་དད་དུ་བྱེད་ན། ལྷའི་རྣལ་འབྱོར་སོ་སོ་བ་མི་དགོས་ཏེ། བསྒྲུབ་གཞི་ང་ཡིར་འཛིན་པ་


JLAZ003_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གཉིས། སྒྲུབ་ཆོས་ཏིང་འཛིན་གསུམ་ནས་ཆོ་གའི་ཡན་ལག་རྫོགས་པའི་བར་ཐམས་ཅད་ཀྱང་ཀུན་འབྱུང་གིས་བསྐྱེད་པའི་རང་བཞིན་ཅན་ཡིན་ན་ཕྱི་རོལ་གྱི་ཡུལ་རྣམས་དབྱིངས་དང་དབྱིངས་ཀྱི་རང་བཞིན་དུ་ཤེས་པ་དང༌། རྫས་དང་དངོས་པོ་རྣམས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་ཤེས་པའི་དུས་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་རིག་པ་རང་སྣང་བའི་ངོ་བོ་ཉིད་ལ་གཅིག་དང་ཐ་དད་པའམ། བདག་དང་གཞན་དུ་རིས་ཆད་པ་མེད་པའི་རང་བཞིན་དབྱེར་མེད་ཀྱི་དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་སྟེ། གསང་སྙིང་ལས། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་སོ། །ཚུལ་འདི་ལྟ་བུ་ཁོང་དུ་མ་ཆུད་པ་དག་བདག་མདུན་དབྱེར་མེད་དུ་བསྒྲུབ་པའི་ཕྱོགས་ལ་ཀླན་ཀ་བྱེད་པ་ནི་རྣལ་འབྱོར་དབང་ཕྱུག་ལ་བ་པ་དང༌། མ་ཧེའི་ལྷ་སོགས་ཀྱི་དཀྱིལ་ཆོག་ཀྱང་མ་མཐོང་བར་ཟད་དོ། །དེ་བས་ན་ལས་དང་པོ་པ་ཞེས་བྱ་བ་ནི་ལྷོངས་སུ་མ་གྱུར་པའི་གང་ཟག་རྣམས་ཡིན་པས་བདག་མདུན་ཐ་དད་པའི་གོ་དོན་འབྱོར་པ་གཙོ་བོར་བྱ་ལ། དེ་ཁོ་ན་ཉིད་མཐོང་བ་རྣམས་ཀྱིས་ནི་ཆོས་ཐམས་ཅད་གདོད་ནས་རྫས་འགལ་བ་མ་ཡིན་པའི་རང་བཞིན་ཤེས་ནས་


JLAZ003_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མདུན་དུ་དབྱེ་བའི་རྣམ་པར་རྟོག་པ་དུ་མ་རོ་གཅིག་ཏུ་བསྡུས་ནས་སྣང་སྲིད་འཁོར་འདས་ཐམས་ཅད་དཀྱིལ་འཁོར་གཅིག་གི་རྟེན་དང་བརྟེན་པའི་རང་བཞིན་དུ་རྫོགས་པར་གསལ་བཏབ་ནས། ད་གདོད་བདག་འཇུག་བླང་བ་དང༌། དབང་བསྐུར་རབ་གནས་ལ་སོགས་དགོས་པའི་ཁྱད་པར་དམིགས་བསལ་ལ་བབ་པའི་ཚེ་བདག་མཐུན་ཆ་གཉིས་པར་དབྱེ་བའི་རྣམ་དབྱེ་ཤེས་པར་བྱས་ནས་དཀྱིལ་འཁོར་བསྒྲུབ་པའི་ལས་རིམ་ལ་འཇུག ཆད་ལྷག་ལ་སོགས་པའི་ཉེས་དམིགས་བསལ་དོན་དུ་མེའི་སྒོ་ནས་མེ་ལྷ་ཚིམ་པ་དང༌། མེ་ལྷའི་སྒོ་ནས་དཀྱིལ་འཁོར་ཚིམ་པས་ལས་དང་དངོས་གྲུབ་ཀྱི་གྲོགས་སུ་འགྱུར་བའི་དོན་དུ་སྦྱིན་སྲེག་བྱ་བའི་ཚུལ་ཡང་རྡོ་རྗེ་ལས་རིམ་ལས། ས་དང་རབ་གནས་རྣམ་གཉིས་དང༌། །བདེ་བ་སྦྱིན་པའི་དུས་ཉིད་དོ། །ཞེས་ས་ཆོག་གི་ཚེ་མཚན་མ་ངན་ན་ཞི་བ། དཀྱིལ་འཁོར་རབ་ཏུ་གནས་པའི་ཚེ་རྒྱས་པ། དབང་བསྐུར་བའི་དུས་ན་དབང༌། སྟ་གོན་གྱི་རྨི་ལམ་ངན་ན་དྲག་པོའོ། །སྒྲུབ་ཚུལ་དེ་ལྟ་བུ་རས་བྲིས་ཀྱི་དཀྱིལ་འཁོར་ལའང་མི་རུང་བ་མ་ཡིན་ཀྱང་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་བྱ་བ་ཉུང་བའི་སྐབས་ཡིན་པས་ཆོ་གའི་ཡན་ལག་དམིགས་བསལ་རྣམས་མ་གྲུབ་ཀྱང་ཆོག་གོ །དེ་ལ་བྲིས་སྐུའི་ཡེ་ཤེས་པ་ལ་འབྱིན་འཇུག་བྱེད་པ་སོགས་ནི། ཧ་ཅང་ཀུན་ཏུ་རྟོག་པའི་གཞན་དབང་དུ་གྱུར་པ་སྟེ་ལྷག་


JLAZ003_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བྱས་པའི་འགལ་ཟླར་འགྱུར་བའི་ཕྱིར་རོ། །དེ་གཉིས་ཀ་ལས་ཁྱད་པར་དུ་གྱུར་པ་ནི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་ཡིན་ཏེ། རྒྱུད་སྡེ་འོག་མ་གཉིས་སུ་མ་གྲགས་ཤིང༌། རྣལ་འབྱོར་རྒྱུད་དུའང་གསལ་བར་མ་བསྟན་པས་རྣལ་འབྱོར་ཆེན་པོ་བྱེ་བྲག་པ་དང༌། རྗེས་སུ་རྣལ་འབྱོར་ཁོ་ནའི་ཁྱད་ཆོས་སོ། །དེའི་ཁྱད་གཞི་གང་ཡིན་ན་སྤྱིར་དབང་གི་བྱ་བ་བསྒྲུབ་པའི་མངོན་དཀྱིལ་གསུམ་ལས་ཚོན་དཀྱིལ་རྣམ་པ་གཉིས་ནི་ཕྱི་རོལ་དུ་ཐིག་ཚོན་ལ་སོགས་པས་གསར་བྱུང་དུ་བསྒྲུབ་ཅིང་དམིགས་པའི་རྣམ་པ་ཡང་ཁ་ཕྱིར་བལྟའི་རྣལ་འབྱོར་སྒྲོ་བཏགས་ཤས་ཆེ་ལ། ནང་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་ནི་སྐྱེད་བྱེད་འགྲུབ་པའི་རྒྱུ་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་ཚོགས་ཤིང་རྩ་དང་ཁམས་ལ་སོགས་པའི་གོང་བུ་ཉིད་ལྷའི་བདག་ཉིད་དུ་གཟུགས་ལས་འདས་པར་ཡོད་དེ། འདི་ལྟར་རྡོ་རྗེའི་ལུས་གྲུབ་པ་ཙམ་ནས་རང་བཞིན་གྱིས་དེ་ལྟར་གནས་པའི་རྣམ་པ་སྒྱུ་མ་ཙམ་དུ་མཐོང་བའི་དེ་ཁོ་ན་ཉིད་ལ་དམིགས་ཤིང་ཁ་ནང་བལྟའི་རྣལ་འབྱོར་གཙོ་ཆེ་བས་འབྲས་བུ་མྱུར་ཏེ། སྡོམ་འབྱུང་ལས། རྩ་རྣམས་དེ་དག་ཐམས་ཅད་ནི། །ལུས་ནི་དགེ་བར་བྱེད་པ་སྟེ། །དེ་ཡི་ཚོགས་ལས་ཡང་དག་འབྱུང༌། །གོང་བུ་ལྷ་ཡི་བདག་ཉིད་དོ། །གཟུགས་ལས་འདས་པ་གོང་བུར་འགྱུར། །ཞེས་སོ། །དེའང་


JLAZ003_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་ཚོན་དཀྱིལ་གཉིས་གང་ཡང་རུང་བར་དབང་བསྐུར་བ་ནོད་ནས་བསྐྱེད་རྫོགས་ཀྱི་རང་བཞིན་ལ་ངེས་པ་ཐོབ་པ་རྣམས་ལ་ནི་རྣམ་པ་དངོས་བསྟན་དུ་མེད་ཀྱང་རང་བཞིན་ཤེས་པའི་ཡོན་ཏན་ལས་སྦས་དོན་དུ་དེ་དང་དེའི་ངོ་བོ་ཉིད་དུ་ཡོད་པ་ཡེ་ཤེས་མཁའ་འགྲོ་གསང་བའི་རྒྱུད་ལས། རྡོ་ཤིང་འདྲ་འབག་ལ་སོགས་པའི། །གཟུགས་བརྙན་ཡོངས་སུ་རྫོགས་པ་ལ། །ལྷ་ཡིན་ཟེར་ནས་མཆོད་སོགས་བྱེད། །བཅོས་མའི་ལྷ་སོགས་དེ་ལྟར་ན། །ཕུང་སོགས་ཡེ་ནས་སངས་རྒྱས་ལ། །ཅི་ཡི་ཕྱིར་ན་མཆོད་མི་བྱེད། །ཅེས་དང༌། དྲིལ་བུ་བས་ཀྱང༌། འགྲོ་བ་འདི་དག་རང་བཞིན་གྱི། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་བཤད་དོ། །གལ་ཏེ་བསྐྱེད་རྫོགས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་མ་ཆུད་པས་རྣམ་འགྱུར་མ་ཞི་བའི་དངོས་པོར་མཐོང་བ་ཅན་གྱི་ནི་སློབ་མ་དཀྱིལ་འཁོར་དེར་འཇུག་པ་སོགས་ལ་ནི་ལུས་ཡོངས་སུ་གྱུར་པ་ལས་རྟེན་གཞལ་ཡས་ཁང་དང༌། རྩ་དང་ཁམས་རྣམས་ཡོངས་སུ་གྱུར་པ་ལས་བརྟེན་པའི་ལྷ་ཚོགས་ལུས་དཀྱིལ་ལྟར་བསྒོམས་པའི་མཐར་དེ་ཉིད་ཆ་གཉིས་པར་ཕྱེ་ནས་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་འཇུག་བྱ་འཇུག་བྱེད་ལྟར་དམིགས་པ་ཉིད་ཀྱང་མི་རིགས་པ་མ་ཡིན་ཏེ་རྡོ་རྗེ་མཁའ་འགྲོ་ལས། རྣལ་མའི་སྦྱོར་བ་རྟོགས་པའི་ཕྱིར། །བཅོས་མ་ཡི་ནི་བསྒོམ་པ་དང༌། །བཅོས་མ་


JLAZ003_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནི་བཟླས་པ་བྱ། །ཞེས་པ་དང་མཐུན་ནོ། །གལ་ཏེ་གང་ཟག་གི་བློའི་ནུས་པ་ལ་དམིགས་པའི་ཕྱོགས་གཉིས་པོ་མཐའ་གཅིག་ཏུ་བཟུང་ནས་ལུང་གཅུས་ན་བློའི་གཞལ་བྱ་ལ་འགལ་བ་མང་པོ་འདུ་སྟེ། དེ་ལ་དང་པོའི་ཕྱོགས་མི་འཐད་པར་འདོད་པ་དག་ལ་ནི་གློ་བུར་དུ་བཅོས་པ་དང༌། གདོད་ནས་རང་བཞིན་གྱིས་གྲུབ་པའི་ཁྱད་པར་གྱི་ལུང་དང་མངོན་སུམ་དུ་འགལ་བར་འགྱུར་བའི་གནོད་བྱེད་ཡོད་དེ། རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །ཞེས་པ་ནས། སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེའི་སློབ་དཔོན་ཉིད་ཀྱི་ལུས། །ཞེས་པའི་བར་གྱིས་རྐང་པ་ང་བརྒྱད་ཀྱིས་བསྟན་པའི་ཕྱིར་རོ། །གཉིས་པའི་ཕྱོགས་ཀྱང་དངོས་གནས་ལ་འཐད་དུ་མི་རུང་སྟེ་ལུས་གཞལ་ཡས་ཁང་དུ་བསྒོམས་པ་དེས་ས་སོ་སོའི་དོད་ཐུབ་ཙམ་དུ་མོས་པའི་ཕྱོགས་བཀག་ནས་རྣམ་པ་བསྒྱུར་བ་ལ་ཞུགས་པའི་ཚེ་དེ་དག་མཐའ་ཡས་པ་ཕྱོགས་ཤིན་ཏུ་འཆོལ་བ་ཡིན་པའི་ཕྱིར་དཀྱིལ་འཁོར་གྱི་རྣམ་པ་རྫོགས་པར་སྒོམ་དུུ་ག་ལ་རུང༌། དཔེར་ན་ཡན་ལག་རྟ་བབས་སུ་བསྒོམས་ནས་རྣ་བ་རི་དྭགས་སུ་བྱེད་པས་མཚོན་རྣམ་པའི་གཟུགས་བརྙན་དྲས་ཤིང་དྲུབས་པའི་ཆོས་གོས་ལ་ཚེམ་བུའི་བྱ་བ་མ་བྱས་པ་ལྟར་མགོ་ལུས་སུ་མི་འབྲེལ་པའི་


JLAZ003_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་མ་ཡིན་པ་བཟློག་མི་ནུས་སོ། །དེ་བས་ན་ཚུལ་འདི་ནི་ལུས་དང་སེམས་ཀྱི་ཚོགས་པའི་ཆ་ནས་རྟེན་དང་བརྟེན་པར་བསྟན་པ་སྟེ་སྔོན་ཆད་དབྱཻ་བ་ལེགས་པར་མ་བྱེད་དོ། །དེ་ལྟར་བསྐྱེད་གཞི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གསུམ་པོས་མཚོན་ནས་ལྷག་པ་ཏིང་ངེ་འཛིན་ནམ་བསམ་གཏན་གྱི་དཀྱིལ་འཁོར་ལྟར་བསྒྲུབ་པའི་དུས་ན་རྡོ་རྗེ་སློབ་དཔོན་གྱི་སྤངས་རྟོགས་ཀྱི་གོ་འཕང་མཆོག་དམན་དང་སྦྱར་བའི་དབྱེ་བ་གསུམ་དུ་ངེས་ཏེ། སློབ་དཔོན་རྫོགས་པའི་སངས་རྒྱས་ཀྱིས་སློབ་མ་ས་བཅུ་རྒྱུན་མཐའ་པའི་བྱང་ཆུབ་སེམས་དཔའ་ལ་མཛོད་སྤུ་ལས་འོད་ཟེར་ཆེན་པོའི་དབང་བཞིན་དུ་སྔགས་ལམ་ས་བཅུ་གཉིས་པའི་རྟེན་དེ་ལ་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ་སློབ་དཔོན་རྡོ་རྗེ་འཆང་དབང་གིས་འབྲས་དུས་ཀྱི་དབང་བསྐུར་བ་ལ་བརྟེན་ནས་ཕྱེད་བཅས་བཅུ་གསུམ་གྱིས་ནོན་ཅིང༌། ཉེ་རྒྱུའི་ལམ་དེ་ཉིད་ལ་བརྟན་པ་ཐོབ་པས་ལས་རླུང་གི་འགྲོས་དག་ས་བཅུ་གསུམ་རིལ་པོར་རྫོགས་པ་ལ་ཟུང་འཇུག་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་སྟེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་ཅན་ནོ། །སློབ་དཔོན་མཐར་ལམ་པ་གཅིག་གིས་སློབ་མ་མཐོང་སྒོམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དབྱིངས་རིགས་སྤྲུལ་པའི་དཀྱིལ་འཁོར་ནམ་མཁས་གར་ཁྱབ་ནས་དཔག་ཚད་ཙམ་གྱི་བར་བསྒོམ་པ་


JLAZ003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཆེན་པོས་སྟག་ཚང་གསང་ཕུག་ཏུ་ཕུར་པའི་དཀྱིལ་འཁོར་སྤྲུལ་པ་ལྟ་བུ། སློབ་དཔོན་འཕགས་པའི་བདེན་མཐོང་གིས་སློབ་མ་ཚོགས་སྦྱོར་གྱི་ཡོན་ཏན་མཐར་ཕྱིན་པ་དག་ལ་རིག་པ་ཉམས་ཀྱི་དཀྱིལ་འཁོར་རྒྱང་གྲགས་ཙམ་པའི་བར་ཏེ་སློབ་དཔོན་སངས་རྒྱས་གསང་བས་མཚོ་མ་ཕམ་ལ་ཐིག་བཏབ་ནས་རྡོར་དབྱིངས་ཀྱི་དཀྱིལ་འཁོར་སྤྲུལ་པ་ལྟ་བུ་སློབ་དཔོན་གྱི་ཏིང་ངེ་འཛིན་ཀྱི་ནུས་སྟོབས་དང་སློབ་མའི་ལས་དག་སྟོབས་ཀྱི་དབང་ལས་ཡིན་པའི་ཚུལ་ལས་རིམ་ལས། སློབ་དཔོན་མཐར་ཉེའི་ལམ་གནས་པས། །བཞི་བཅུ་རྩ་གཉིས་གསུམ་འཕྲོ་ཞིང༌། །སངས་རྒྱས་སྟོང་གི་དཀྱིལ་འཁོར་སོགས། །རྡོ་རྗེའི་ཐིག་ཚད་དོད་ཙམ་གྱི། །རྒྱང་གྲགས་ལ་སོགས་མཚན་མ་ཡི། །དཀྱིལ་འཁོར་ཕྱག་རྒྱ་གསལ་ལྡན་པས། །ཏིང་འཛིན་ལྷག་པའི་གཟུགས་བརྙན་ཡིན། །ཞེས་སོ། །དཀྱིལ་འཁོར་དེར་འཇུག་པ་མི་ནུས་ན་སློབ་དཔོན་འཇིག་རྟེན་པའི་ལམ་གྱི་ཡོན་ཏན་མཐར་ཕྱིན་པ་སྟེ་སྦྱོར་ལམ་གྱི་བར་ཆད་མེད་ལམ་ཐོབ་པའམ། གཡོ་ཐོབ་གོམས་བརྟན་གྱི་ཏིང་ངེ་འཛིན་ཚད་དུ་ཕྱིན་པ་དག་གིས་སློབ་མ་ཤེས་རབ་དང་དད་བརྩོན་དམ་ཚིག་ཅན་སྐལ་པ་རབ་ལ་ལུས་དཀྱིལ། འབྲིང་ལ་ཆུ་ཚོན། ཐ་མ་ལ་རྡུལ་ཚོན་ཏེ་བུམ་དབང་གི་དཀྱིལ་འཁོར་དང༌།


JLAZ003_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གོང་མ་གསུམ་ལ་ཀུན་རྫོབ་བྱང་སེམས། ཡུམ་གྱི་བྷ་ག དོན་དམ་བྱང་སེམས་ཏེ་རང་བྱུང་གི་དཀྱིལ་འཁོར་གསུམ་ལ་བརྟེན་ནས་དབང་བསྐུར་བ་ཡིན་ནོ། །དེ་ལྟར་རྒྱུ་དབང་གི་དུས་ན་བུམ་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་གཞན་དུ་མི་རུང་བའི་ཚུལ་སློབ་དཔོན་སོ་སོ་སྐྱེ་བོའི་རྒྱུད་ལྡན་ལ་འཐད་དུ་རུང་གིས། ཐེག་པ་ཆེན་པོའི་མཐོང་ལམ་སྐྱེས་པ་ཡན་ཆད་ལ་ནི་དེ་ལྟར་དུ་དམ་ལ་བཞག་ན་དངོས་གྲུབ་བརྙེས་པའི་སློབ་དཔོན་རྒྱ་བོད་གང་དུའང་བྱོན་པ་དག་གིས་སྔོན་གྱི་བྱུང་བ་དང༌། མཐོང་ཆོས་སུ་གྱུར་པའི་གྲུབ་འབྲས་བསླུ་བ་མེད་པ་ལ་བསྐུར་བའི་ཉེས་པ་ཆེན་པོ་འཐོབ་པའི་ཕྱིར་དང༌། ལར་ཡང་རྡུལ་ཚོན་ལ་སོགས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རྣམས་ནི་ཆོས་ཀྱི་མིག་རྡུལ་དང་བྲལ་བ་ཐོབ་པའི་སློབ་དཔོན་དག་ལ་རང་གཞན་གྱི་ཚོགས་རྫོགས་པའི་ཐབས་དང༌། སེམས་ཅན་གྱི་རྣམ་པར་རྟོག་པ་འདུལ་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གཙོ་བོར་དགོངས་ནས་གསུངས་པ་ཉིད་དེ། དོན་དུ་ནི་དེ་དག་ཀྱང་དབང་སྐུར་བྱེད་ལ་ལྟོས་ན་གང་ཞིག་བསྒྲུབ་བྱར་གྱུར་པའི་དམིགས་པའི་རྟེན་དང༌། བསྐུར་བྱ་ལ་ལྟོས་ན་རྨོངས་པའི་གཞན་དབང་འབའ་ཞིག་གིས་རང་སེམས་ཀྱི་ཆོས་ཉིད་དང༌། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་


JLAZ003_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་རྟེན་དང་བརྟེན་པའི་རང་བཞིན་དུ་ཡོད་པ་ལས་ཁ་ཕྱིར་ཕྱོགས་ཀྱི་མ་རིག་འཛིན་པས་སྒྲིབ་པ་རྣམས་ལ་རང་ངོའི་ཡོན་ཏན་གང་ཡིན་པ་བརྡའ་དང༌། དོན་དང་རྟགས་ཀྱིས་མཚོན་ནས་མངོན་སུམ་པར་སྟོན་པའི་ཐབས་ཀྱི་ཡན་ལག་ཙམ་ལས། གཙོ་བོར་དམིགས་རྟེན་དེ་དག་ཀྱང་མཚན་མར་འཛིན་པའི་རྫས་དང་དངོས་པོ་ཉིད་ཀྱིས་ནི་ཡང་དག་པ་ཉིད་དུ་མི་འགྲུབ་པས་ཤཱུ་ནྱ་ཏ་ལ་སོགས་པའི་སྔགས་ཀྱིས་སྟོང་པར་སྦྱངས་ནས། རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པའི་བྱེད་ལས་ཀྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྐྱེད་ཅིང་བྱིན་གྱིས་བརླབས་པ་ཉིད་ལས་དངོས་གྲུབ་སྒྲུབ་པར་བྱེད་པའི་ཕྱིར་ན། ས་ལ་སོགས་ལ་ཕྱག་རྒྱར་བྱས། །ཞེས་པ་ལ་སོགས་པ་དཔལ་ལྡན་སྒྱུ་འཕྲུལ་དྲྭ་བས་བསྟན་པ་སྟེ། འདི་ལྟར་འབྱུང་བ་ཆེན་པོའི་རྒྱུ་ལས་ཕྱག་རྒྱའམ། མཚན་མར་བྱས་པ་ཙམ་གྱིས་ཀྱང་རྒྱུ་དང་བསམ་པའི་བྱེ་བྲག་གི་དབང་གིས་རྣམ་པར་གྲོལ་བའི་རིམ་པ་ཐོབ་པའི་རྒྱུར་འགྱུར་ན། གཟུང་འཛིན་གྱི་དངོས་པོ་ལ་ཞེན་པའི་དྲི་མ་དག་པའི་ཡེ་ཤེས་ཆེན་པོས་མཚན་མའི་ཕྱག་རྒྱ་དེ་དག་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཤིང་སྦྱངས་པ་ལས་གྲུབ་པར་འགྱུར་པ་ནི་སྨོས་ཅི་དགོས་ཏེ། དེའི་


JLAZ003_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཤེས་རབ་དང་ཏིང་ངེ་འཛིན་ནི་དངོས་གྲུབ་ཆེན་པོ་ཡིན་ཡང་དག་པའི་ཕྱིར་རོ། །དེ་བས་ན་གཞུང་དང་གང་ཟག་ཁྱད་པར་ཅན་ལ་གྱི་ནར་བལྟས་ནས་ཆོས་སྤོང་གི་ལས་ཀྱིས་འགོག་པ་ནི་ཉེས་དམིགས་ཆེན་པོ་དང་བཅས་པའི་ཕྱིར་ན། དངོས་གྲུབ་བརྙེས་པའི་སློབ་དཔོན་དག་གིས་གཞན་སྣང་ལ་བལྟར་མི་མངོན་ཡང་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་ལས་གཡོ་བ་མེད་པའི་དཀྱིལ་འཁོར་འདོད་རྒྱལ་བ་སྣ་ཚོགས་སུ་སློབ་མ་སྨིན་པའི་མངོན་སུམ་ཚད་མ་རྟོག་གེ་ལྟར་སྣང་གི་རིགས་པའི་སྟོབས་ཀྱིས་བཟློག་པ་མ་ཡིན་པས་མཉམ་པར་བཞག་པའི་སེམས་ཀྱིས་བལྟ་བར་བྱ་སྟེ། འདི་ལྟར་བྱང་ཤམྦྷ་ལར་འཇམ་པའི་དབྱངས་གྲགས་པས་བློས་སློང་གི་དཀྱིལ་འཁོར་དུ་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་བཅུག་སྟེ་སྨིན་པར་བྱས་པའི་ཕྱིར་དང༌། རྣམ་པ་གྲུ་བཞི་པ་ཁོ་ནར་ཀྱང་མ་ངེས་ཏེ། དུས་འཁོར་འཁོར་ལོ་སྡོམ་ཆེན་གྱི་དཀྱིལ་འཁོར་ཟླུམ་པོ་སྒོ་བརྒྱད་དུ་སྣང་བའི་ཕྱིར་དང༌། སྒོ་ཅན་ཁོ་ནར་ཀྱང་མ་ངེས་ཏེ། ཤེས་རབ་མའི་རྒྱུད་ཟབ་མོ་དག་ཏུ་ཟུར་གསུམ་ཆོས་འབྱུང་གི་རྣམ་པ་དང༌། གཞན་ཡང་པདྨ་འདབ་བརྒྱད་ལ་སོགས་དམ་ཚིག་ཆེན་པོའི་དཀྱིལ་འཁོར་སྒོ་དང་རྟ་བབས་ལ་སོགས་པའི་རྣམ་པ་མ་རྫོགས་པ་མང་དུ་སྣང་བས་དེ་དག་ཀྱང་དཀྱིལ་འཁོར་དེ་དང་དེའི་


JLAZ003_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོས་མངོན་སུམ་དུ་བསྟན་ཅིང་བྱིན་གྱིས་བརླབས་པའི་ཕྱིར་དང༌། ལྷ་ཚོགས་མང་ཉུང་ཡང་མ་ངེས་ཏེ་སྒྱུ་འཕྲུལ་ལས། བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །སྟང་དཔྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་རྩ་བའི་དཀྱིལ་འཁོར་ཆེན་པོ་དང་དངོས་གྲུབ་ཁྱད་མེད་འཐོབ་པར་གསུངས་པའི་ཕྱིར་རོ། །ཁྱད་པར་བློ་མཆོག་རྣམས་ཀྱིས་གཞལ་ན། རྒྱུད་ཐམས་ཅད་ཀྱི་གླེང་གཞིར་སྟོན་པ་རྡོ་རྗེ་འཆང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་ནས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་པས་དེ་བཞིན་གཤེགས་པ་རྣམས་གཉུག་མར་གནས་པའི་གཞལ་མེད་ཁང་ནི་རྡོ་རྗེ་བཙུན་མོའི་བྷ་ག་ཉིད་ན། དེའི་རང་བཞིན་ནི་རྣམ་པར་ཐར་པའི་སྒོ་གསུམ་ལས་འདའ་བ་མ་ཡིན་པ་མཚོན་ཕྱིར་ཆོས་འབྱུང་སོགས་སུ་བསྟན་ནམ། མ་བསྟན་ཀྱང་རུང་སྟེ་དངོས་པོར་སྣང་བའི་གནས་ཉི་ཚེ་བར་རྒྱ་ཡོངས་སུ་ཆད་པའི་ངེས་པ་དང་བྲལ་བ་མཁའ་ཁྱབ་ཀྱི་བྷ་ག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གནས་སུ་གྲུབ་པ་གང་ཞིག་རེ་ཞིག་གདུལ་བྱ་འདུལ་བྱེད་དང་བསྟུན་ནས་དམ་ཚིག་ཆེན་པོའི་གཞལ་མེད་ཁང་གྲུ་བཞི་པ་ལ་སོགས་པར་བྱིན་གྱིས་བརླབས་པའི་ཚུལ། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་བཞིན་


JLAZ003_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྲུ་བཞིར་བྱིན་གྱིས་བརླབས་པ་ནི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལྟར་གྲུ་བཞིར་བརླབས་པ་བཞིན་དུ་དགྱེས་རྡོར་ལས། རྡོ་རྗེ་བཙུན་མོའི་བྷ་ག་ནི། །ཨེ་ཡི་རྣམ་པའི་ཆ་བྱད་གཟུགས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་བ་ཅན་ན་རྟག་ཏུ་བཞུགས། །ཞེས་སོ། །དེ་བས་ན་རྒྱུ་དུས་ཀྱི་དཀྱིལ་འཁོར་གྲུ་བཞི་སྒོ་སྣམ་རྟ་བབས་དང་བཅས་པའི་རྣམ་པ་རྫོགས་པར་བསྟན་པ་དེའང་རྒྱུའི་ཐེག་པ་དང་བསྟུན་ནས་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་བྱང་ཕྱོགས་སོ་བདུན་དུ་དག་པ་སྦྱོར་བ་ཉིད་ལས་རྒྱུ་མཚན་གཞན་མ་མཆིས་ན། ལམ་བདེན་ཐམས་ཅད་ནི་འདུས་བྱས། འདུས་བྱས་ཀྱི་རང་བཞིན་ནི་ཀུན་རྫོབ་ལས་འདའ་བ་མེད་པས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དོན་དམ་བདེན་པའི་ངོ་བོ་ཉིད་རྣམ་པར་ཐར་པའི་སྒོ་གསུམ་དུ་སྟོན་པའི་ཕྱིར་རྡོ་རྗེ་བཙུན་མོའི་བྷ་གའམ་གཟུགས་བརྙན་དུ་མཚོན་ལ། སོ་བདུན་པོ་ཉིད་ཀྱང་སྔགས་ལམ་དུ་ཡུལ་དང༌། རྩ་དང༌། ཁམས་སོ་སོ་ནས་སོ་བདུན་དུ་བཤད་སྦྱར་གྱི་དག་པའང་དོན་དམ་པར་བདེ་སྟོང་གཉིས་སུ་མེད་པའི་བདག་ཉིད་ཅན་ཡིན་པ་གང་ཞིག་ཨེ་ཝཾ་གི་ཡི་གེའི་བརྡའ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་མཚོན་པའི་ཚུལ་འཇམ་དཔལ་སྒྱུ་འཕྲུལ་ལས། ཐིག་ལེ་སྟོང་པ་ཡི་གེ་དྲུག །


JLAZ003_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཆེན་པོ་ཡི་གེ་ལྔ། །ཞེས་པས་འཕགས་ཡུལ་གྱི་ཡི་གེའི་སྐྱེ་མཆེད་དབྲལ་བ་ལས་ཚེག་དྲག་ལྟ་བུ་དང༌། ཟླ་ཚེས་ལྟ་བུ་ལ་སོགས་པ་སྤྱིར་དྲག་པོའི་གྲངས་ངེས་སུ་འགྲུབ་པའི་ཚུལ་དུས་ཀྱི་འཁོར་ལོ་ལས་བཤད་པ་ལྟར་རོ། །ཡི་གེ་དེ་གཉིས་ལས་ཆོས་ཀྱི་ཕུང་པོ་ཐམས་ཅད་སྐྱེ་འགག་བྱེད་ཅིང༌། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡང་དག་པར་རྫོགས་པའི་ཚུལ་གྱི་ཟབ་མོའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་རྡོ་རྗེ་འཛིན་པ་རྣམས་ལ་ནི་དཀྱིལ་འཁོར་དུ་སྣང་བའི་དབྱིབས་ཀུན་རྫོབ་པ་འབའ་ཞིག་ལ་དངོས་པོར་བལྟ་བའི་བདེན་ཞེན་རང་རྒྱུད་པ་ཡོད་པ་མ་ཡིན་ཏེ། མཁའ་འགྲོ་རྒྱ་མཚོ་ལས་ཀྱང༌། ལྷའི་དཀྱིལ་འཁོར་བ་དང་བཅས། །དམ་ཆོས་ལ་སོགས་ཐམས་ཅད་རྣམས། །ཆོས་ཀྱི་འབྱུང་གནས་ནང་དུ་སྟེ། །བཞུགས་པ་གང་གི་གནས་རྣམས་སུ། །དུས་རྣམས་ཀུན་ཏུ་རབ་གནས་པའོ། །ཨེ་ཡི་ཡི་གེའི་གནས་བསྒྲུབས་ནས། །ཝཾ་ཡིག་རྡོ་རྗེ་སེམས་དཔའ་ཅན། །ཞེས་པས་དཀྱིལ་འཁོར་སོ་སོའི་མཚོན་དོན་ལ་དགོངས་པ་དང༌། དངོས་གྲུབ་ཐོབ་པའི་སློབ་དཔོན་གྱི་ཆ་ནས་ཕྱོགས་གཅིག་ཏུ་བཟུང་བར་མི་བྱའོ། །དེ་ལྟ་མོད་ཀྱི་དབང་བཞི་པའི་དངོས་དོན་མ་རྟོགས་ཤིང་སྒྲ་སྤྱིའི་རང་བཞིན་ལྷ་དང་དཀྱིལ་འཁོར་གྱི་དབྱིབས་དང་རྣམ་པའི་བརྟུལ་


JLAZ003_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་མཆོག་ཏུ་འཛིན་པ་ལས་མ་གྲོལ་བའི་བྱིས་པའི་སློབ་དཔོན་ཕལ་གྱིས་ནི་རང་གཞུང་ནས་བཤད་པའི་ཆོ་གའི་ཡན་ལག་ཉམས་ན་སློབ་མ་སྨིན་པར་མི་ནུས་པ་ནི་དོན་ལ་གནས་པ་ཡིན་ནོ། །དེ་ནས་བུམ་པ་བསྒྲུབ་པའི་ཆོ་ག་ནི་སོ་སོའི་གཞུང་ལས་ཤེས་པར་བྱའོ། །བཞི་པའི་ཡན་ལག་བཞི་ནི། སློབ་དཔོན་རང་ཉིད་འཇུག་པ་དང༌། སློབ་མ་འཇུག་པར་གནང་བ་ནོད་པ་དང༌། ནོད་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང༌། ཞུགས་པ་ལ་དབང་བསྐུར་བའོ། །དང་པོ་ནི་ཕྱི་རོལ་ཏུ་བགེགས་ཐམས་ཅད་པའི་གཏོར་མ་བྱིན་ལ་བགེགས་དང་བྲལ་བར་བལྟས། ཁྲུས་བྱ། ཆགས་པས་ཆགས་པ་གདུལ་བའི་བརྡར་སློབ་དཔོན་ཆས་གོས་དམར་པོ་དང་རྒྱན་གྱིས་སྤྲས་ལ་དཀྱིལ་འཁོར་གྱི་ཤར་སྒོར་འདུག་སྟེ་མེ་ཏོག་ཐོགས་ལ། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་པས་རང་བཞིན་གྱི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་དབྱེར་མེད་དུ་བལྟས་ལ། ཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་རིག་པའི་མེ་ཏོག་དོར་བས་དཀྱིལ་འཁོར་གྱི་ལྷ་རྣམས་དངོས་གྲུབ་སྩོལ་


JLAZ003_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཕྱོགས་ནས། ཨོཾ་བཛྲ་ས་མ་ཡ་ཧཱུྃ་གིས་དམ་ཡེ་འདྲེས། ཨོཾ་བཛྲ་ས་མ་ཡ་སྟྭམ་གྱིས་བརྟན་པར་བྱས། ཨོཾ་བཛྲ་ས་མ་ཡ་ཧོས་དབང་དུ་གྱུར་ཅིང་དགྱེས་པ་བསྐྱེད། ཛཿཧཱུྃ་བཾ་ཧོཿས་གསལ་བརྟན་གྱི་ཚད་བརྒྱད་ཐོབ་པའི་དཀྱིལ་འཁོར་དང་ཐ་མི་དད་དུ་གྱུར་པར་བལྟའོ། །གོ་འཕང་མཐོན་པོ་དང་ལྡན་པའི་སློབ་དཔོན་དག་གིས་ནི་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་འདི་ཙམ་གྱིས་ཀྱང་དམ་ཚིག་གི་དཀྱིལ་འཁོར་དུ་འཇུག་པའི་ཆོས་ཐམས་ཅད་ཉམས་སུ་མྱོང་བ་ཡིན་ཏེ། རྩ་རྒྱུད་ལས། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཞེས་དང༌། མཉམ་སྦྱོར་ལས། འཁོར་ལོ་སྔོན་དུ་མཐོང་བ་ཡི། །བསོད་ནམས་བརྟག་པ་གང་ཡིན་པ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །ཞེས་དཀྱིལ་འཁོར་དུ་འཇུག་པའི་མཚན་ཉིད་ནི་ལྷ་རྣམས་དང་གཉིས་སུ་མེད་པར་བྱ་བ་སྟོན་པ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱང་བདག་ཉིད་ལས་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་པ་རིག་པ་འདུན་པའི་ཕྱག་གིས་ཞུགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མོད་ཀྱིས་སོ་སོ་སྐྱེ་བོའི་སློབ་དཔོན་རྣམས་ནི་ཉམས་ཆགས་དང་བཅས་པ། རྟོག་སྒྲིབ་དང་བཅས་པ་ཡིན་པས་


JLAZ003_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་པ་དང་དད་པས་དཀྱིལ་འཁོར་དུ་འཇུག་པ་ངེས་པར་དགོས་ཏེ། ཅིའི་ཕྱིར་ན་སྣོད་ཀྱིས་མ་སྨིན་པ། ཆོ་གས་མ་སྨིན་པ། ཆོ་ག་མ་རྫོགས་པས་མ་སྨིན་པ། ཟབ་མོས་འཇིགས་ནས་མ་སྨིན་པ་བཞིར་འཕགས་པ་ཡབ་སྲས་བཞེད་པས་སློབ་དཔོན་གྱི་རྒྱུད་ལ་རྩ་ལྟུང་ཡོད་ན་སློབ་མ་ལ་རིག་འཛིན་གྱི་སྡོམ་པ་མི་སྐྱེ་བས་སོ། །ཚུལ་དེ་ལ་དགོངས་ནས་ཧེ་རུ་ཀ་འདུས་པར། ནུས་དང་ལྡན་པའི་ལྟས་ཐོབ་ནས། །རྣལ་འབྱོར་བདག་ཉིད་འཇུག་པར་བྱ། །ཞེས་དང༌། གསང་སྙིང་ལས། ཀུན་བྱས་དབང་ཕྱུག་རིམ་པས་འཇུག །དེ་ནས་སློབ་མ་འཇུག་པར་བྱ། །ཞེས་དང༌། མེ་ལོང་ལས། གསལ་དང་རིག་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སློབ་མ་བྱིན་བརླབ་ཕྱིར། །སློབ་དཔོན་དག་ཀྱང་འཇུག་པར་བྱ། །ཞེས་དང༌། རིམ་པ་གསལ་བ་ལས་ཀྱང༌། སློབ་མ་འཇུག་པའི་ཚུལ་གྱིས་ནི། །དང་པོར་སློབ་དཔོན་འཇུག་པར་བྱ། །ཞེས་པས་སློབ་མ་ལ་ཇི་ལྟར་བསྐུར་བ་ཙམ་དུ་རང་གི་རིག་པ་བདེ་གཤེགས་སྙིང་པོའི་ངོ་བོ་ཉིད་བླ་མ་དང་ཐ་མི་དད་པའི་དཀྱིལ་འཁོར་གྱི་གཙོ་བོར་རྫོགས་པ་ལ། རྣམ་སྨིན་བག་ཆགས་ཀྱི་རྟེན་གློ་བུར་བའི་ཀུན་རྟོག་ཆ་དང་བཅས་པ་སློབ་བུའི་རྣམ་པར་བྱེ་བའམ། རྒྱུ་དབང་ཐོབ་པའི་བླ་མས་ལས་ཀྱི་སློབ་དཔོན་མཛད་པར་མོས་ཀྱང་རུང་སྟེ་པདྨའི་ཞབས་ཀྱིས། རང་ཉིད་དབང་ལེན་བླ་མ་ཡིས། །ལས་ཀྱི་སློབ་དཔོན་བྱེད་པར་བསམ། །ཞེས་པ་སྟེ་རྒྱུ་གང་


JLAZ003_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རྩ་ལྟུང་རྣམས་དག་པར་བྱེད་ཅིང་སློབ་མ་ལའང་དོན་དུ་འགྱུར་བ་ཉིད་འཐོབ་པའི་ཕྱིར་རོ། །གཉིས་པ་སློབ་མ་འཇུག་པའི་གནང་བ་ནོད་ཅིང་བདེན་པ་བསྒྲག་པ་ནི། རྡོ་རྗེ་སློབ་དཔོན་ཐལ་མོ་སྦྱར་ལ། རྡོ་རྗེ་ཡེ་ཤེས་ཏེ་དེ་ཁོ་ན་ཉིད་ལ་བསྟོད་པ་སྔོན་དུ་བཏང་ནས། ཚུལ་དེ་ལྟ་བུའི་དངོས་གྲུབ་ཀྱི་དམ་པ་སློབ་མ་ལ་བྱིན་པའི་ཕྱིར་དུ་དམིགས་ནས། རྡོ་རྗེ་ཡེ་ཤེས་འཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །བཟོད་པར་མཛད་དེ་དགོངས་སུ་གསོལ། །ཞེས་དང༌། བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་དག་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་པོ་ཁྱོད། །འདོད་པ་བདག་ལ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་ཉིད་དེ་བཞིན་ཉིད་དེས་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བ་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་ལན་གསུམ། དེ་ལ་གཉིས་སུ་མེད་པ་ནི་ཡེ་ཤེས་མཆོག་དང༌། དེ་ནི་ཐབས་ཤེས་ཡ་བྲལ་བ་མ་ཡིན་པའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །དེའི་རང་བཞིན་ནམ་ཡང་བརྫུན་པ་མ་ཡིན་པའི་བདེན་པས་བདག་གི་འདོད་པའི་དངོས་གྲུབ་རྫོགས་པར་མཛོད་ཅེས་པའི་དོན་དང༌། ཆོས་


JLAZ003_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་སྒྲ་ཡངས་པ་ཉིད་ཀྱང་འདིར་དཀྱིལ་འཁོར་གྱི་རྟེན་དང་བརྟེན་པའི་རང་བཞིན་ལ་སྦྱར་རོ། །དེ་དག་ཀྱང་སེམས་ཙམ་དུ་སྣང་བས་གཟུགས་བརྙན་ལྟ་བུའོ། །གསལ་དག་རྙོག་པ་མེད་པ་ནི། ཉོན་མོངས་པ་དང༌། ཤེས་སྒྲིབ་དང༌། སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བའི་དོན་ཏོ། །གཟུང་དུ་མེད་པ་ནི་རང་བཞིན་གྱིས་མ་གྲུབ་ཀྱང་སོ་སོ་རང་གི་རིག་པས་ཤེས་ལ་གཞན་གྱིས་གཟུང་དུ་མེད་པའོ། །བརྗོད་དུ་མེད་པ་ནི་སྒྲ་དང་རྟོག་པ་དང་ཞེན་པའི་ཡུལ་ཙམ་དུའང་མ་གྲུབ་པའོ། །དེ་རྣམས་ཀྱང་རྒྱུ་ནི་ཆོས་ཀྱི་དབྱིངས་ལས་ནི་ཐོས་པ་དང༌། བསམ་པ་དང་བསྒོམ་པའི་ཤེས་རབ་ལས་ཡང་དག་པར་འབྱུང་ངོ༌། །དེ་ཁོ་ན་ཉིད་ཀྱི་དེ་བཞིན་ཉིད་ནི་ཡང་དག་པའི་ཡེ་ཤེས་ཀུན་ཏུ་བཟང་པོ་དེ་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་གཞིར་བྱུང་བའོ། །དོན་དམ་པའི་བདེན་པ་དེ་ལས་ནི་དཀྱིལ་འཁོར་གྱི་གཟུགས་བརྙན་དུ་སྣང་ཞིང་བྲིས་པ་ལས། དེ་དང་དེའི་སྐུར་བལྟ་བ་ནི་གསལ་བའོ། །དེ་ལྟ་བུའི་དཀྱིལ་འཁོར་ནི་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་གསང་སྔགས་ཟབ་མོའི་བྱིན་རླབས་ཀྱིས་སྡིག་པ་བསལ་བ་ལ་བརྟེན་ནས་སློབ་མ་ཀུན་གྱིས་སྒྲིབ་མེད་དེ་མངོན་སུམ་པ་ཉིད་དུ་མཐོང་བར་ཤོག་ཅིག་ཅེས་པའོ། །གསུམ་པ་སློབ་མ་དཀྱིལ་འཁོར་དུ་གཞུག་པ་


JLAZ003_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྡོ་རྗེ་ལས་རིམ་ལས། ཁྲུས་དགབ་དྲི་དང་ལུས་འབུལ་དང༌། །བགེགས་བསྐྲད་ལྷར་བརླབ་དམ་ཚིག་བྱིན། །དེ་ཉིད་དབོག་དང་ཆུ་ནན་དང༌། །བསྒྲག་དང་རིན་ཆེན་དོར་བ་དང༌། །ལྷ་དབབ་པ་དང་ནན་ཏན་དང༌། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང༌། །ཞེས་པའི་གོ་རིམ་ལྟར་བསྡུས་སྟེ། །དེ་ལ་སྔོན་དུ་ལྷག་གནས་བྱས་པའི་སློབ་མ་རྣམས་ཕྱི་རོལ་དུ་ལས་ཐམས་ཅད་པའི་ཆུས་བཀྲུས། འཁྱིལ་པ་བཟླས་པའི་གོས་དམར་པོའམ། གཞན་ཡང་རུང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨ་ལཾ་ཀཱ་ར་ཝསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་གིས་སྨད་གཡོགས་དང༌། ཨོཾ་བཛྲ་རཀྵ་ཧཾ་ཞེས་སྟོད་གཡོགས་དགབ། ཨོཾ་བཛྲ་ཨུཥྞི་ཥ་ཧཱུྃ་ཕཊ་ཀྱིས་གཙུག་ཏོར་བསྐོན། དཀྱིལ་འཁོར་མཐོང་བ་རེ་ཞིག་བསྒྲིབ་པ་དང༌། མ་རིག་པས་ལྡོངས་པ་ཉིད་མཚོན་ཕྱིར་ཡིད་མཆོག་ཏུ་བྱ་བའི་སྔགས་དོན། ཨོཾ་ཙཀྵུ་བྷནྡྷཾ་བ་ར་མ་ན་ཡ་ཧཱུྃ་ཞེས་པའམ། ཧཱུྃ་ཞེས་པས་ཀྱང་རུང་སྟེ་གདོང་གཡོགས་དམར་པོ་ལ་སོགས་པ་བཅིང༌། ཨ་ཁཾ་བཱི་ར་ཧཱུྃ་ཞེས་རིམ་པར་སྣང་མཐའ་དང༌། དོན་གྲུབ་དང༌། རྣམ་སྣང་དང༌། རིན་འབྱུང་དང༌། མི་བསྐྱོད་པའི་ས་བོན་ལས་སྐྱེས་པའི་མེ་ཏོག་གི་ཕྲེང་བ་རང་རང་སྐྱེད་བྱེད་ཀྱི་ཡིག་འབྲུས་མཚན་པ་རེ་བཟུང་བར་མོས།


JLAZ003_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་རྡོ་རྗེ་བུུ་ཁྱོད་ཅི་ལ་དགའ་བ་སྨྲོས་ཞེས་པ་ལ་སོགས་པའི་དྲི་བ་དང་ལན་ལྡོན་པར་བྱ། དེ་ནས་སྒོའི་སློབ་དཔོན་ནམ་ལས་སློབ་ཀྱིས་རང་གི་རྡོ་རྗེ་བཟུང་བཞིན་པ་ལ་སློབ་མ་འཆང་དུ་བཅུག་ནས་དཀྱིལ་འཁོར་གྱི་ཡོལ་བ་དང་ཉེ་བར་ཁྲིད་ལ། བདེ་ན་ཕྱོགས་བཞི་ཀ་ལ་ཕྱག་འཚལ་དུ་གཞུག་ཅིང་འཚལ་ཚུལ་ནི་དང་པོ་རྡོ་རྗེ་ཐལ་མོ་བརྐྱང་སྟེ་ལུས་ཐམས་ཅད་ཀྱིས་དང༌། གཉིས་པ་ལ་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ་དཔྲལ་བས་དང༌། གསུམ་པ་རྡོ་རྗེ་ཐལ་མོ་སྤྱི་བོར་སྦྱར་ཏེ་ཁས་དང༌། བཞི་པ་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ་སྙིང་གར་བཞག་ནས་སྤྱི་བོ་ས་ལ་རེག་པའི་ཚུལ་བཞི་ཡོ་ག་ལས་བཤད་དོ། །དེ་ནས་ཨོཾ་སརྦ་བུདྡྷ་པཱུ་ཛ་ཀརྨ་ཎེ་ཨཱ་ཏྨ་ནཾ་ནི་རྱཱ་ཏ་ཡཱ་མི། ཞེས་པས་རིགས་བཞིའི་སངས་རྒྱས་ཐམས་ཅད་ལ་བོས་ནས་ལུས་དབུལ་དུ་བཅུག གང་གི་ཕྱིར་དབུལ་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་བ་དང༌། མཆོད་ཅིང་དབང་བསྐུར་བ་དང༌། མཆོད་ཅིང་ཆོས་འཁོར་བསྐོར་བ་དང༌། མཆོད་པའི་ལས་ཀྱི་དོན་དུའོ། །དེ་ནས་ཕྱི་རོལ་པ་ལ་གཏོར་མ་བྱིན་ནས་བི་ཤྭ་བཛྲ་ལ་སོགས་པའམ། ཧཱུྃ་བཞི་པས་ཉེ་བ་མ་ཡིན་པར་བསྐྲད། ལག་པའི་སོར་མོ་རྣམས་ལ་རིགས་ལྔ་ཡབ་ཡུབ་བསྐྱེད་ལ་བདེན་པ་བདར་ནས་སོར་མོ་བསྣོལ་བའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་


JLAZ003_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འཕྲོས་སློབ་མའི་སྒྲིབ་པ་དྲལ་འོད་དུ་ཞུ་ནས་དངུལ་ཆུ་ལྟ་བུར་གྱུར་པ་དེ་ཆོ་ག་གསུམ་གྱིས་རྣམ་པར་སྣང་མཛད་དུ་བསྐྱེད་ལ་གནས་གསུམ་དུ་འབྲུ་གསུམ་གྱིས་གོ་བགོ་ཞིང་བསྲུང་ངོ༌། །དེ་ནས་བླ་མ་ཀཱ་ཡ་སིདྡྷི་ཨོཾ་ལ་སོགས་པས་གནས་གསུམ་དུ་འབྲུ་གསུམ་བཞག་ལ་འདུ་འཕྲོ་དང༌། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ལ་སོགས་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན། ཁྱད་པར་གསང་ཆེན་ཐབས་ལ་མཁས་པའི་ཐེག་པ་ཆེན་པོར་རིགས་ངེས་པར་བྱེད་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་མི་འབྲལ་ཞིང་བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་ཕན་ཡོན་དང་ཡང་ལྡན་པ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ་ཉིད་རང་གི་སྔགས་དོན་གྱིས་གོ་བར་བྱ་བ་ནི། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུདྤཱ་ཏ་ཡ་མི། ཞེས་སློབ་མ་རྣམས་གདོན་དུ་འཇུག་ཅིང་བསྒོམ་དོན་ལ། སྙིང་གར་ཀུན་རྫོབ་བྱང་སེམས་མཚོན་པའི་ཟླ་བའི་སྟེང་དུ་སངས་རྒྱས་ཀྱི་རང་བཞིན་རྟོགས་པར་མཚོན་པའི་དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ཀྱི་རྡོ་རྗེ་རྩེ་ལྔ་པས་རྒྱས་བཏབ་པས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ས་བོན་བསྒྲུབ་པ་སྟེ་དཔལ་མཆོག་ལས། གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་བཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་


JLAZ003_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའོ། །ཞེས་སོ། །དེའི་རྗེས་འབྲེལ་དུ་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་རེག་ལ། ཨོཾ་སུ་ར་ཏ་ས་མ་ཡ་སྟྭཾ་ཧོཿསིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བདེ་བའི་དམ་ཚིག་འདུས་པའི་བདག་ཉིད་དངོས་གྲུབ་ཇི་ལྟ་བའི་བདེ་བ་ཞེས་པའི་སྔགས་དོན་གྱི་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བྱས་ནས་མེ་ཏོག་ལ་སོགས་པས་མཆོད། སངས་རྒྱས་ཀུན་གྱི་གསང་བ་འདི། །དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པ། །ང་ལ་བརྙས་དང་སྨད་མི་རུང༌། །སྐུ་གསུང་ཐུགས་ལ་རྟག་གནས་ཤིང༌། །མ་ལུས་སེམས་ཅན་དོན་གྱིས་ཤིག །ཅེས་དམ་ཚིག་དབོག་གོ །དེ་ཡང་དམ་ཉམས་མ་འདྲེས་མེད་པ་ལ། །ཞེས་པ་ནི་དཀྱིལ་འཁོར་དུ་ཞུགས་སུ་ཟིན་ཀྱང་དམ་ཚིག་ཉམས་ཤིང་སླར་གསོ་བའི་འདུན་པ་མེད་པ་དང༌། མ་འདྲེས་པ་ནི་ཉན་ཐོས་ལ་སོགས་སྔགས་ལ་མི་དད་པ་དང༌། མེད་པ་ནི་གསང་སྒྲོག་ཏུ་འགྱུར་བའི་སྐྱེ་བོ་ཕལ་བ་ལ་མི་སྨྲ་བའི་དོན་ནོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གང་ཡིན་པ་དེའི་ཤར་སྒོའི་བདག་པོའི་སྔགས་ཀྱིས་སློབ་མ་དགུག་ཅིང༌། ཨཱ་ཁཾ་བཱི་ར་ཧཱུྃ་ཞེས་ཡོལ་བའི་ནང་ལོགས་སུ་ཁྲིད་ལ། མ་ཧཱ་ར་ཧ་སུ་དྲྀ་རྡྷ་སུ་ཏོ་ཥྱོ་སུ་པོཥྱོ་བཛྲ་ས་ཏྭ་ཨཱ་དྱ་སིདྡྷྱ་མཱཾ་ཞེས་པ་འདོན་བཞིན་པར་དཀྱིལ་འཁོར་ལ་བསྐོར་བ་བྱེད་དུ་གཞུག་གོ །དེ་ནས་དམ་ལ་བཞག་


JLAZ003_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕན་ཡོན་གྱི་སྒོ་ནས་བཞག་པ་དང༌། ཉེས་དམིགས་ཀྱི་སྒོ་ནས་བཞག་པ་དང༌། གཉིས་ཀའི་སྒོ་ནས་བཞག་པ་གསུམ་དུ་བཤད་པའི་དང་པོ་ནི་རྡོ་རྗེ་གྱེན་དུ་བསྟན་པ་སྙིང་གར་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་པས། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་མ་ལུས་པའང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་དང་གཞན་ལྟ་སྨོས་ཅི་དགོས། དེའི་ཕྱིར་དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡིས། དེ་བས་ན་ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་སྟེ། དཀྱིལ་འཁོར་དུ་ཚུལ་བཞིན་དུ་བཅུག་ནས་ལྷ་ངོ་བསྟན་པ་སོགས་མ་ཡིན་པ་དག་དང༌། སྔགས་ཀྱི་སྤྱོད་ཡུལ་ལ་སྐྲག་པ་སྐྱེ་བ་རྣམས་ཀྱི་མདུན་དུ་སྨྲ་བར་མ་བྱེད་ཅིག སྨྲས་ན་རྩ་ལྟུང་བདུན་པ་ཉམས་སུ་མྱོང་བ་ཡིན་པས་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་སོ། །གཉིས་པ་ནི། འབྲུ་གསུམ་བཟླས་པའི་དུང་ཆོས་ཀྱི་ཆུ་མིང་མེད་དང་མཐེ་བོང་གིས་སློབ་མའི་ཁར་བྱིན་ཞིང་རྡོ་རྗེ་ཐུར་དུ་བསྟན་ནས། འདི་ནི་ཁྱེད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོར་འགྱུར། །རྡོ་རྗེའི་ཆུ་འདི་བཏུང་བར་གྱིས། །ཨོཾ་བཛྲ་ཡཀྵ་ཧཱུྃ། ཞེས་བརྗོད། འདི་ལྟར་སྔགས་ཀྱི་དངོས་གྲུབ་ནི་དམ་ཚིག་གཅིག་པོ་ལ་


JLAZ003_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་བྲལ་ཐོབ་བྱེད་པས་གལ་ཏེ་ཉམས་པར་གྱུར་ན་ནི་ད་ལྟ་ལྕེ་ཐོག་ཏུ་བཞག་པའི་ཆུ་ནི་ཤིན་ཏུ་བརྒལ་བར་དཀའ་བས་ན་དམྱལ་བའི་ཆུ་ཞེས་བརྗོད་དོ། །ཚོགས་ཤིང་དུས་ལ་བབ་པའི་ཚེ་སྙིང་གའི་དབུས་ན་རྡོ་རྗེ་ཁྲོ་བོ་ཞེས་བྱ་སྟེ། ཉམས་ན་ཚར་གཅོད་པར་བྱེད་པས་རྡོ་རྗེ་སྟེ་འདི་ཕྱིའི་བདེ་འབྲས་དང་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང༌། ཁྲོ་བོའི་དོན་གྱིས་མོད་ལ་བརླག་པར་བྱེད་པའི་ཉེས་དམིགས་ཅན་ཡིན་ནོ་ཞེས་སྟོན་པའོ། །གསུམ་པ་ནི། ཡང་ཆུ་ནན་བླུད་ནས། དེ་ལྟ་བས་ན་བུ་ཁྱོད་ཀྱིས། །དམ་ཚིག་འདི་དག་བསྲུང་བར་གྱིས། །དམ་ཚིག་བསྲུངས་ན་དངོས་གྲུབ་པས། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ་ཋཿ ཞེས་པ་སྟེ་འདི་ནི་རྩ་ལྟུང་ཁྱད་པར་བ་ཐམས་ཅད་ཀྱི་དམ་གཞག་ཡིན་པས་དམ་ཚིག་འདི་དག་ཅེས་དུ་མའི་སྒྲ་ཞུགས་ལ་ཉམས་ན་ཚར་གཅོད་པས་ན་རྡོ་རྗེ་དང༌། བསྲུངས་ན་ཕན་འདོགས་པས་ན་བདུད་རྩིའི་ཆུ་སྟེ་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་དོན་ལ་ནན་ཏན་དུ་བཀར་བའོ། །དེ་ནས་བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། ཁྱོད་ཀྱི་མི་བསྐྱོད་རྡོ་རྗེ་ང་ཡིན་པས་ང་ལ་བརྙས་ན་ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ཉམས་པར་གྱུར་ཏ་རེ། ཞེས་རྩ་ལྟུང་དང་པོ་ལ་དམིགས་ཀྱིས་བཀར་བ་འབྱུང་


JLAZ003_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་དངོས་གྲུབ་འཕྲོག་པའི་ཉེས་དམིགས་ལ་དགོངས་པ་སྟེ། དེ་ལྟར་མནའ་ཆུ་བླུད་པའི་དམ་ཚིག་རྣམས་ལས་དྲལ་བ་ནི་འགལ་ཚབས་ཆེན་པོ་དང་བཅས་པ་སྟེ་དཀོན་མཆོག་གསུམ་གྱི་བདག་ཉིད་བླ་མ་དང་དཀྱིལ་འཁོར་བའི་ལྷ་ཚོགས་གཉིས་སུ་མེད་པའི་སྤྱན་སྔར་མནའ་བསྒགས་ནས་དམ་ལ་བཞག་པ་ཡིན་པའི་ཚུལ་རྩེ་མོ་ལས། རྡོ་རྗེ་སེམས་དཔའི་མནའ་ཡིས་ནི། །སྙིང་པོ་འདི་ཡིས་མནའ་བསྒག་གོ །ཞེས་སོ། །དེ་ལྟར་དམ་ཚིག་བསྒྲག་བཟུང་དང་འབྲེལ་བར་ཐབས་སྤྱོད་པའི་ཕྱོགས་དང་ཤེས་རབ་ལྟ་བའི་ཕྱོགས་གཉིས། ཟུང་དུ་འབྲེལ་བའི་སྒོ་ནས་འདོད་ཡོན་ལ་ཉེས་པའི་སྐྱོན་གྱིས་མི་གོས་པར་སྤྱོད་པའི་ཚུལ་གོ་བར་བསྒྲག་པ་ནི། ཐབས་དང་ཤེས་རབ་སེམས་ཉིད་ཀྱིས། །རྟག་ཏུ་གོས་པ་མེད་ཀྱིས་ལ། །འདོད་པ་ལྔ་ཡི་ཡོན་ཏན་སྤྱོད། །ཅེས་སོ། །དེ་ནས་ལྷག་པའི་ལྷའི་སྐལ་བ་མཐུན་པ་དེ་དངོས་གྲུབ་མྱུར་བའི་ཕྱིར་དེ་དང་ལས་འབྲེལ་བརྟག་ཅིང་སྐལ་པ་མཉམ་པར་བྱེད་པའི་དོན་དུ་མེ་ཏོག་དོར་བར་བྱ་བའང་རྒྱུད་ལས། སྐལ་པ་མཉམ་པའི་ཡེ་ཤེས་དེ། །གཉེར་ན་ཉེ་བར་འབྱུང་བ་ཡི། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །ཞེས་སོ། །དེའི་ཚུལ་ནི་མེ་ཏོག་དེ་ཉིད་མེ་ཏོག་གི་ཕྲེང་བར་མོས་ལ། སློབ་དཔོན་གྱི་ཐུགས་ཀ་ནས་བྱུང་བའི་


JLAZ003_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་གསུམ་གྱི་འོད་ཟེར་གྱིས་སློབ་མའི་སྡིག་སྒྲིབ་བཀྲུས་པ་གང་ཞིག་དད་གུས་དང་བཅས་པས་དཀྱིལ་འཁོར་དབང་ཕྱུག་གི་མདུན་ན་ཡོད་པར་དམིགས་ལ་སློབ་དཔོན་གྱིས་བདེན་པའི་བྱིན་བརླབ་བྱ་བ་ནི། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་བཅུག་པ་འདིའི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་ལྟར་ཤོག །འདིས་ནི་དངོས་གྲུབ་གང་འགྲུབ་དང༌། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཇི་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་བརྗོད་པའི་མཐར་སློབ་མས། མེ་ཏོག་ལ་སོགས་རིན་ཆེན་ཕྲེང༌། །ཞེས་པ་ལ་སོགས་པའི་མཐར། པྲ་ཏཱི་ཙྪ་བཛྲ་ཧོཿ ཞེས་ཕུལ་བས་ལྷ་དེས་རང་གི་དབུ་ལ་བཅིངས་པ་ལྟར་བཞེས་པར་བསམ། སྔར་དབང་བསྐུར་ཐོབ་ནས་རིགས་ངེས་པ་ཅན་ཡིན་ན་རང་གི་ལྷག་པའི་ལྷ་གང་ཡིན་པ་དེའི་དབུ་ལ་བཅིངས་པར་མོས་པ་མངོན་བྱང་གི་འགྲེལ་པ་ལས་བཤད་དོ། །དེའང་བརྟེན་པ་ལྷའི་སྐུ་ལ་དངོས་སུ་ཕོག་པ་ལ་མཚོན་ན། དབུ་ལ་ཕོག་ན་མཆོག སྤྱན་ནམ་ཞལ་ལ་སྔགས། སྐུའི་སྟོད་སྨད་བར་གསུམ་ལ་ཐུན་མོང་གི་དངོས་གྲུབ་རབ་ཐ་འབྲིང་གསུམ་འགྲུབ། སྐུ་ལས་ཧ་ཅང་རིང་ན་བསྒྲུབ་ཐག་རིང༌། ཉེ་ན་མྱུར། ལྷ་གཉིས་ཀྱི་བར་དུ་ལྟུང་ན་གང་ལ་ཉེ་བ། མཉམ་ན་གང་ལ་དད་པ་དེའོ། །རྟེན་


JLAZ003_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་པ་ལ་མཚོན་ན་ལྷ་གནས་ཀྱིས་ཤེས་ལ། རྩིག་པའམ་རྩིག་པའི་ཕྱི་རོལ་དུ་ལྷུང་ན་ལན་གསུམ་བསྐྱར་ཞིང་དངོས་གྲུབ་ཕྲ་མོ་ལས་མེད་དོ། །རྡོ་རྗེ་རྭ་བའི་ནང་དུ་ལྟུང་ན་ཚེགས་ཆེན་པོ་དང༌། ཕྱི་རོལ་དུ་ལྟུང་ན་དངོས་གྲུབ་མེད་པས་རེ་ཞིག་དཀྱིལ་འཁོར་ཡང་མི་བསྟན་ཏེ་ཞི་བའི་སྦྱིན་སྲེག་གམ། བསག་སྦྱང་ལ་བརྩོན་ནས་ཕྱིན་ཆད་གཞུག་པ་སྤྱི་རྒྱུད་ལས་བཤད་དོ། །དེའང་དྲི་མེད་འོད་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མེ་ཏོག་དོར་ན་རྡུལ་ཚོན་ཉམས་པའི་ཕྱིར་བསོད་ནམས་མ་ཡིན་པར་བཤད་པ་ཡོད་ཀྱང་དཀོན་མཆོག་བརྩེགས་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པས་ཆོས་རྣམས་ནི་འདུན་པའི་རྗེས་སུ་འབྲང་བ་ཡིན་ན་རང་རང་གི་བློའི་ནུས་པ་ཆེ་ཆུང་དང་སྦྱར་བས་རུང་ངོ༌། །གལ་ཏེ་རྡུལ་ཚོན་དངོས་ལ་དོར་བ་དཀའ་ན་མཎྜལ་གྱི་རེ་ཁཱ་ཚོམ་བུ་ཅན་ལ་དོར་བར་བྱའོ། །ཇི་ལྟར་ཡང་རུང་སྟེ་སློབ་དཔོན་གྱིས་རང་རང་གི་མེ་ཏོག་ཕོག་པའི་ལྷ་དེ་ཨེ་ཧྱ་ཧིས་སྤྱན་དྲངས་ནས་མེ་ཏོག་གིས་མཚོན་པ་ཉིད་ཕྲེང་བ་ལ་བཅིངས་ཏེ། པྲ་ཏི་གྲྀ་ཧྞ་སྟྭཾ། ཨི་མཾ་ས་ཏྭ་མ་ཧཱ་བ་ལ། ཞེས་སེམས་དཔའ་སྟོབས་པོ་ཆེ་འདི་ཟུངས་ཤིག ཅེས་པའི་སྔགས་དོན་གྱིས་སློབ་མའི་སྤྱི་བོར་བཅིང༌། ཛ་ཧཱུྃ་བཾ་


JLAZ003_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿས་བསྟིམ་ལ། བདེན་ཚིག་དྲངས་པའི་རྗེས་སུ་སློབ་མ་འདིའི་སྙིང་ལ་ཞུགས་ཏེ་དངོས་གྲུབ་ཕུན་སུམ་ཚོགས་པ་སྩོལ་ཅིག ཅེས་བརྗོད། དེ་ནས་གསང་བའི་འཇུག་པ་ཡེ་ཤེས་དབབ་པ་ནི། ཅོད་པན་བཅིངས་པའི་དེ་མ་ཐག་པར་དབྱེ་བའི་ཕྱག་རྒྱ་དང་བཅས་པྲ་བེ་ཤ་ཞེས་བརྗོད་པས་སློབ་མའི་མ་རིག་སྒོ་ངའི་སྦུབས་དྲལ་བའི་བརྡར་ཁོག་པ་ཁ་ཕྱེ་བར་བསམ། ཨ་བེ་ཤ་ཞེས་མང་དུ་བརྗོད་ཅིང་ལྟ་བའི་གདེངས་བསྐྱེད་ནས་རིགས་དང་མཐུན་པའི་ལྷ་ཐིམ་པ་དང་གཉིས་སུ་མེད་པར་བསམ་ཞིང་ཅང་ཏེའུ་དང་དྲིལ་བུའི་སྒྲ་མྱུར་དལ་སྤེལ་མར་འཁྲོལ། དེའི་ཚེ་གང་ཟག་རྣམས་ཀྱི་ལོག་པར་རྟོག་པས་རྣམ་པར་བརྟག་པའི་སྒྲིབ་པ་དེ་དག་སངས་རྒྱས་རྣམས་ཀྱིས་རྣམ་པར་དག་པར་གྱུར་པ་ཡིན་པས་ཆོས་དང་ཆོས་ཉིད་རང་བཞིན་གྱིས་འབྲེལ་བའི་བྱིན་རླབས་སེམས་ཅན་གྱི་ཁམས་ལ་སྣང་བར་འགྱུར་བས་ན་སྤྲོས་པ་དང་བྲལ་བའི་ཟག་མེད་ཀྱི་སེམས་གཞིའི་རྒྱུད་དུ་གྱུར་པ་ལ་བླ་མའི་བླ་མའམ། དབང་ལས་བྱུང་བའི་ཡེ་ཤེས་ཞེས་བྱ་སྟེ་མཐོང་ལམ་རྣམ་པར་མི་རྟོག་པའི་བདག་ཉིད་ཡིན་ཏེ་དང་པོའི་སངས་རྒྱས་ལས་ཡེ་ཤེས་ཕེབས་པས་སངས་རྒྱས་བླ་མ་ཡི་ཡང་བླ་མ་རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུར་འགྱུར། ཞེས་སོ། །དེའི་དོན་ནི་སྡོང་པོ་བཀོད་པ་ལས་ཀྱང༌།


JLAZ003_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་མཚན་ཉིད་སྣ་ཚོགས་པ། །དེ་དག་བྱིས་པའི་སྤྱོད་ཚུལ་ཏེ། །གང་ཞིག་མཚན་ཉིད་ཀུན་མེད་པའི། །སངས་རྒྱས་རྣམས་ནི་མི་མཐོང་ངོ༌། །ཞེས་པས་དབང་ཐམས་ཅད་ཀྱི་ངོ་བོ་ཉིད་བྱིན་རླབས་འཕོ་བའི་དབང་ངམ། ཡེ་ཤེས་ཕོག་པའི་དོན་པོ་ནི། ལྷ་དང་དོན་དམ་པར་སྐལ་མཉམ་དུ་བྱས་པ་ཡིན་ནོ། །དེ་བས་ན་ཡེ་ཤེས་ཉིད་ཀྱང་འབོགས་པ་པོ་ལ་ལྷག་པར་ལྡན་དགོས་ན་རེ་ཞིག་ཐབས་ཀྱི་རང་བཞིན་གཙོ་བོར་བྱེད་པ་རྫས་དང་དམིགས་པ་ལ་བརྟེན་ནས་སློབ་མ་ལ་དབབ་པ་དང་སྣོད་ལ་དབབ་པའི་ཚུལ་གཉིས་ཀྱི་ཆོ་ག་ནི་འདུས་པའི་རྒྱུད་ཀྱི་རྗེས་སུ་འབྲངས་པ་ལ་སོགས་པའི་དཀྱིལ་ཆོག་རྣམས་ལས་འབྱུང་བ་ལྟར་རོ། །གལ་ཏེ་མ་ཕེབས་ན་སྤོག་པའི་ཆོ་ག་ནི་མདའ་སྣུན་རྗེས་སྙིང་གར་ཡི་དམ་ཡབ་ཡུམ་གྱི་སྐུ་ཡུངས་ཀར་ཙམ་པ་བསྒོམས་ལ་དེའི་མཁའ་གསང་བསྐྱོད་པ་ལས་བྱུང་བའི་འོད་ཟེར་དམར་པོས་ལུས་ཀུན་གང་བར་བསམ་པར་བཤད་ཅིང༌། དེ་སྐད་དུ་འབུམ་པ་མངོན་བརྗོད་ལས། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨ་བེ་ཤ་ཡ་ཨ་ཧཾ་ཛྷཻཿཾ ཞེས་པས་དཔའ་བོ་བསྐུལ་ཞིང་འདོམས་དཀྲིས་རྡུལ་གྱིས་གོས་པ་ལ་ཤ་ལྔ་བདུད་རྩི་དང་གུ་གུལ་བྱི་ལའི་བྲུན་རྣམས་བསྲེས། ཐོད་ཆེན་དུ་གནས་པའི་སོལ་ཆེན་གྱི་མེ་ལ་བསྲེག་གོ །ཕེབས་ནས་ལུས་ངག་གི་


JLAZ003_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྱུར་འདོད་རྒྱལ་དུ་སྟོན་པ་བྱུང་ན་ལྕེ་ལ་ཨཱཿདམར་པོ་བྲིས་ལ་དོན་དྲི། རྣམ་འགྱུར་རིང་དུ་མ་ཞི་ན། སྣ་ཚོགས་རྡོ་རྗེའི་སྟེང་ན་རི་རབ་དང་རྣམ་སྣང་བརྩེགས་པ་སྤྱི་བོར་བསྒོམ་དུ་བཅུག་པས་ཞི་བར་བྱའོ། །དེ་ནས་མེ་ཏོག་ཕོག་པའི་ལྷའི་རིགས་དང་མཐུན་པའི་གསང་མཚན་རང་རང་གི་གོ་བ་ཙམ་དུ་རྣ་བར་བསྒྲགས་ནས་གདགས་ཤིང་མ་འོངས་པ་ན་དེ་དང་དེའི་མཚན་ཅན་གྱི་སངས་རྒྱས་སུ་འགྱུར་བར་ལུང་བསྟན་པས་རྟེན་འབྲེལ་བསྒྲིག་གོ །དེ་ནས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་ཁྱོད་ཀྱི་མིག་ལ་སྣང་བ་ཇི་ལྟར་གསལ་ཞེས་དྲིས་པས་དཀར་པོ་ལ་སོགས་པའི་སྣང་བ་དང་བསྟུན་ནས་ཞི་བ་ལ་སོགས་པའི་དངོས་གྲུབ་མཐོང་བར་བརྟག དེ་ནས་མིག་དབྱེ་བ་ནི། སློབ་མའི་མིག་གཉིས་ལ་འབར་བ་དང་ལྡན་པའི་ཨོཾ་རེ་བསྒོམས་ནས། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །ཞེས་པ་ལ་སོགས་པ་རྐང་པ་བཞིའི་མཐར་བཛྲ་ཙཀྵུ་པྲ་བེ་ཤ་ཕཊཿ ཅེས་མིག་ཐུར་གྱིས་མཚོན་པར་གདོང་གཡོགས་ཕྱེ་ནས་མ་རིག་པའི་མུན་པ་བསལ། གཟུགས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་རྡོ་རྗེའི་མིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བས་སངས་རྒྱས་ཀྱི་སྤྱན་བླ་ན་མེད་པ་ཐོབ་པའི་མོས་པ་བྱའོ། །དེ་ནས་དཀྱིལ་འཁོར་བལྟ་བར་བསྐུལ་བ་ནི། ཧེ་བཛྲ་པཱ་ཤྱ། དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་


JLAZ003_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དམ་པ་བལྟ་བར་བྱ། །སོགས་བརྗོད། དཀྱིལ་འཁོར་མཐོང་བའི་དེ་མ་ཐག་པར་སྔགས་ཚན་གསུམ་དང་བསྟུན་ནས་ཐལ་མོ་སྤྱི་མགྲིན་སྙིང་གར་སྦྱར་བའི་སྒོ་གསུམ་གྱི་ཕྱག་དཀྱིལ་འཁོར་ལ་བསྐོར་བ་བྱེད་པ་དང་སྦྲགས་སྒོ་བཞི་ག་ནས་འཚལ་བ་ནི་ས་ར་ཧ་པ་སོགས་ཀྱིས་བཤད་དོ། །སྔགས་ནི། ན་མཿཏེ་ཧཱུྃ། ན་མཿམེ་ཧཱུྃ། ན་མོ་ན་མཿཧཱུྃ། ཞེས་སོ། །འདི་དག་ནི་འཕགས་པ་ལྷས་ཀྱང༌། དེ་མིག་ཕྱེ་ནས་ཕྱག་བྱས་ཏེ། །ལྷ་ཡི་དེ་ཉིད་བསྟན་པར་བྱ། །ཞེས་སོ། །དེ་ནས་དཀྱིལ་འཁོར་བསྟན་པ་ནི། གཙོ་བོ་ནས་བརྩམས་ཏེ་ལྷ་ངོ་བསྟན་པ་དང༌། ཤར་སྒོ་ནས་བརྩམས་པའི་ལུགས་གཉིས་ལ་ཁྱད་པར་མེད་ཅིང་རྟེན་གཞལ་ཡས་ཁང་གི་དོན་རྟགས་རྣམས་ཀྱང་སྔར་བཤད་པ་བཞིན་ལེགས་པར་ངོ་སྤྲད་དོ། །དེ་ལྟར་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་ནི་སྔོན་འོག་མིན་དུ་མཐར་ལམ་པ་ཞུགས་པ་དང་སྐལ་བ་མཉམ་པ་ཡིན་ཏེ། སངས་རྒྱས་མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་སྔོན་དུ་མཐོང་བ་ཡིས། །བསོད་ནམས་བརྟག་པ་གང་ཡིན་པ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །ཞེས་སོ། །དེ་ཡན་ཆད་ནི་འཇུག་པའི་ཆོ་ག་སྟེ་ནང་གསེས་ཀྱིས་ཕྱེས་ན། མེ་ཏོག་དོར་བ་ཡན་ཆད་དཀྱིལ་འཁོར་དུ་འཇུག་པ་སྟེ་ཕྱི་


JLAZ003_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་དང༌། མེ་ཏོག་གི་ཕྲེང་བ་བཅིང་བ་དང༌། ཡེ་ཤེས་དབབ་པ་དང༌། གདོང་གཡོགས་བསལ་ནས་དཀྱིལ་འཁོར་བསྟན་པ་ལ་སོགས་པ་ནི་ནང་འཇུག་སྟེ་སྐལ་པ་ཆེ་ཆུང་གི་སྐབས་དབྱེ་བའི་མཚམས་སོ། །དེ་ལྟར་དཀྱིལ་འཁོར་བྲི་བ་ནས་སློབ་མ་འཇུག་པའི་བར་གྱི་སྤྱི་དོན་ཡང༌། ཐོག་མར་ས་གཞི་མཉམ་པ་ནི་ཆོས་ཐམས་ཅད་མཉམ་པར་རྟོགས་པའི་རྟེན་འབྲེལ་ལོ། །དེ་ནས་དཀྱིལ་འཁོར་ཆེ་ཆུང་གི་ཚད་རིག་པས་དཔོགས་པ་ནི་རྗེས་ལ་ཐོབ་པའི་ཤེས་རབ་བསྐྱེད་པ་མཚོན་ལ། དེ་ནས་ཐིག་གདབ་པ་ནི་རིག་པའི་ཆོས་ཉིད་དཀྱིལ་འཁོར་ལས་གཞན་དུ་མི་འགྱུར་བའོ། །ཚོན་དགྱེ་བ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་ལྔར་མཚོན་པའོ། །དེ་ལ་རྣམ་པ་དགོད་པ་ནི་སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་དུ་རྒྱས་འདེབས་པའོ། །དེ་ལ་རབ་ཏུ་གནས་ནས་བསྒྲུབ་ཅིང་མཆོད་པ་ནི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷུན་རྫོགས་སུ་བྱེད་པའོ། །སྐབས་དེ་དང་དེར་སྦྱིན་སྲེག་བྱ་བ་ནི་བདེ་བ་ཆེན་པོའི་ངོ་ན་རྒྱུད་ལ་སྦྱིན་ཞིང་རྣམ་པར་རྟོག་པའི་ཚོགས་བསྲེག་པའོ། །དེ་ནས་དཀྱིལ་འཁོར་དུ་འཇུག་པ་ནི་ལྷ་དང་སྐལ་པ་མཉམ་པར་བསྒྲུབ་པའོ། །དེ་ནས་སློབ་མ་འཇུག་པ་ནི་དངོས་གྲུབ་ལ་ཉེ་བར་བསྙེན་པའོ། །བཞི་པ་ཞུགས་པ་ལ་དབང་བསྐུར་བ་ཆོས་ཀྱི་རྒྱལ་པོའི་གོ་འཕང་སྦྱིན་པ་ལ་གཉིས། དབང་སྤྱིའི་རྣམ་པར་བཞག་པ་མདོར་བསྟན་པ་དང༌། དབང་བཞིའི་ངོ་བོ་བྱེ་བྲག་ཏུ་


JLAZ003_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའོ། །དང་པོ་སྟོན་པའི་ཕྱིར། རྒྱུད་སྡེ་སོ་སོའི་དབང་གི་རིགས་དབྱེ་ལ། །བྱ་བའི་རྒྱུད་ལ་ཆུ་དང་ཅོད་པན་གཉིས། །སྤྱོད་པའི་རྒྱུད་ལ་དེ་སྟེང་རྡོ་རྗེ་མིང༌། །རྣལ་འབྱོར་རྒྱུད་ལ་རིག་པའི་དབང་ལྔ་དང༌། །གསང་བ་བཀའ་ཡི་དབང་དང་མཐའ་རྟེན་རྫོགས། །བླ་མེད་བུམ་གསང་ཤེས་རབ་ཚིག་དབང་བཞི། །ཐེག་པའི་རྩེ་མོའི་རིམ་པ་བྱེ་བྲག་པ། །སྤྲོས་དང་སྤྲོས་མེད་ཤིན་ཏུ་རབ་སྤྲོས་མེད། །སྤྱིར་ན་དབང་གི་དབྱེ་བསྡུ་མཐའ་ཡས་ཀྱང༌། །ས་ཟིན་འཇོག་མཚམས་རྣམ་པ་བཞི་པོ་ཡིན། །ཞེས་སྨོས་ནས། དེ་ལ་བྱ་བའི་རྒྱུད་ནི་ཆུ་དབང་དང་ཅོད་པན་གྱིས་འགྲུབ་ལ། གཞན་རྣམས་ནི་ཡན་ལག་ཙམ་སྟེ། ཐོག་མཐར་ཤིས་པ་བརྗོད་པ་སྦྱར་བའོ། །སྤྱོད་པའི་རྒྱུད་ལ་ནི་དེའི་སྟེང་དུ་རྡོ་རྗེ་མིང་གི་དབང་བསྣན་པ་དངོས་བསྟན་ཏེ། རྗེས་གནང་གི་ཡན་ལག་མང་ཉུང་རྒྱུད་དང་སློབ་དཔོན་སོ་སོའི་གཞུང་གི་ཁྱད་པར་ཡོད་དོ། །རྣལ་འབྱོར་རྒྱུད་ལ་རིགས་རྐྱང་དང༌། རིགས་བསྡུས་ཆེ་ཆུང་གང་ཡིན་ཀྱང་རིག་པའི་དབང་ལྔ་དང༌། གསང་དབང་དང༌། བཀའ་ཡི་དབང་དང་བཅས་པས་སློབ་མའི་དབང་གཙོ་བོར་གྱུར་ཅིང༌། མཐའ་རྟེན་སློབ་དཔོན་གྱི་དབང་ལ་སོགས་པ་ཡོ་ག་ཕྱིའི་དབང་བཅུ་དང༌། བཅུ་གསུམ་ལ་སོགས་པ་གྲགས་པ་གང་ཡིན་པའི་ཚུལ་སྦྱོང་


JLAZ003_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དང༌། རྡོ་རྗེ་འབྱུང་བ་ལ་སོགས་ལས་ཤེས་པར་བྱའོ། །དེ་ལྟ་ནའང་འདིའི་གསང་དབང་ནི་ལྷ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། སློབ་དཔོན་གྱི་ལས་སྟོན་པ་ཙམ་ལས་མིང་དུ་བཏགས་པ་ཡིན་ལ། དེ་བཞིན་དུ་རྣལ་འབྱོར་རྒྱུད་ཁ་ཅིག་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་གསུངས་པ་ཡང་མིང་ཙམ་ཡིན་གྱིས། བླ་མེད་ཀྱི་རྒྱུད་ལས་གསུངས་པ་དང་དོན་མི་འདྲ་བའི་ཚུལ། དགོད་པ་དག་པ་སློབ་དཔོན་ཉིད། །བལྟ་བ་གསང་བའི་དབང་ཡིན་ནོ། །ཞེས་དབང་གི་རིམ་པ་ཙམ་དུ་བཞེད་པའི་ཕྱིར་རོ། །དགོད་པ་ལ་སོགས་པ་ནི་བླ་མེད་རང་ལུགས་ཀྱི་དུས་ན་བསྐྱེད་རིམ་གྱི་དབང་བཞིའི་རིམ་པ་ཡིན་ལ། དེའི་བལྟ་བ་ཞེས་པའང་ཕོ་མོའི་གནས་ལ་ཆགས་པས་བལྟ་བ་ཉིད་ཡིན་ན། ཕྱི་རྒྱུད་འོག་མ་གསུམ་ལས་ཆེས་ཤིན་ཏུ་གསང་བ་རྣལ་འབྱོར་བླ་ན་མེད་པའི་ཀུན་ཏུ་སྤྱོད་པ་ནི་འཇིག་རྟེན་དང་གྲུབ་མཐའ་ལ་ཕལ་གྱིས་བློ་ཡུལ་དང་འགལ་བ་ཡིན་པས། རྡོ་རྗེ་སྙིང་པོ་རྒྱན་ལས་ཀྱང༌། ཕྱི་ནང་དབྱེ་བ་ཤེས་པ་ཡི། །རྒྱུད་ཀྱི་དབྱེ་བ་ཤེས་པར་བྱ། །ནང་དུ་བསྟན་པ་བླ་མ་ལས། །ཡང་དག་བླངས་ཏེ་བསྒྲུབ་པར་བྱ། །ཞེས་བསྟན་པ་བཞིན་ནོ། །དེ་བས་ན་དབང་གོང་མ་གསུམ་ནི་རྣལ་འབྱོར་བླ་ན་མེད་པ་ཁོ་ནའི་ཁྱད་ཆོས་ཡིན་པའི་ཚུལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །


JLAZ003_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་པའི་བྱེ་བྲག་དབང༌། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །དེ་ཡང་སངས་རྒྱས་མཉམ་སྦྱོར་ལས་སློབ་དཔོན་དང་སློབ་མའི་དབང་གིས་བསྡུས་པ་གསང་བ་བྱང་ཆུབ་སེམས་དང༌། དབུ་རྒྱན་དང༌། ཕྱག་རྒྱ་དང༌། མིང་གི་དབང་རྣམས་སུ་གསུངས་པ་དང༌། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་གསངས་སྔགས་ལམ་རིམ་དུ་ལམ་གྱི་མདོ་རྣམ་པ་ལྔར་གསུངས་པ་དང༌། ཤེར་ཕྱིན་བརྒྱ་ལྔ་བཅུའི་འགྲེལ་པ་ལས། ཡུམ་སྨོས་པ་ལས་ནི་དེ་བཞིན་གཤེགས་པའི་ཡབ་ཀྱང་སྨོས་དགོས་ཏེ། གང་ཞེ་ན། ཡབ་ནི་ཏནྟྲ་ཏ་ཏྭ་སཾ་གྲ་ཧ་ཞེས་བྱ་བ་གསང་སྔགས་ཀྱི་མདོ་སྡེ་ཟབ་མོ་ཡིན་པར་བཤད་དེ། ཞེས་སྔགས་རྒྱུད་ཟབ་མོ་མདོའི་གཞུང་ལམ་དུ་དྲངས་ཤིང་མདོ་སྡེའི་མིང་གི་མངོན་བརྗོད་ཅན་འདུས་པ་མདོའམ། འོག་མིན་ཚོགས་ཆེན་འདུས་པའི་རྩ་རྒྱུད་ལས། སྲིད་པ་གསུམ་གྱིས་ཕྱག་བྱས་པའི། །བླ་མའི་ས་ལ་གནས་པ་ཡི། །དབང་མཆོག་སུམ་ཅུ་རྩ་དྲུག་ཡིན། །


JLAZ003_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཡི་དབང་དང་ནང་གི་དབང༌། །བསྒྲུབ་པའི་དབང་དང་གསང་བའི་དབང༌། །བཅུ་དང་བཅུ་གཅིག་བཅུ་གསུམ་དང༌། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་དང༌། བཤད་རྒྱུད་དགོངས་པ་འདུས་པ་ལས། ལ་ལས་ནི་རྒྱུད་ཀྱི་ཆུ་བོའི་དབང་གིས་དབང་བྱྀན་ནོ། །ལ་ལས་ནི་འབྱུང་བའི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་གྲགས་པའི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་རྫོགས་པའི་ཆུ་བོའི་དབང་གིས་དབང་བྱྀན་ནོ། །ཞེས་ཕྱི་དབང་རྒྱུད་ཀྱི་ཆུ་བོ་དང༌། ནང་དབང་འབྱུང་བའི་ཆུ་བོ་དང༌། སྒྲུབ་དབང་གྲགས་པའི་ཆུ་བོ་དང༌། གསང་དབང་རྫོགས་པའི་ཆུ་བོ་བཞིར་དབྱཻ་བསྡུ་བྱ་བའི་ཚུལ། བཤད་རྒྱུད་རྔམ་གློག་ལས། དང་པོ་ཕྱི་ཡི་དབང་བཅུ་བསྐུར། །དེ་ནས་ནང་དབང་བཅུ་དང་གཅིག །དེ་ནས་བསྒྲུབ་དབང་བཅུ་དང་གསུམ། །ཐ་མར་གསང་བ་རྣམ་པ་གཉིས། །བཅུ་ཕྲག་གསུམ་དང་དྲུག་དག་གིས། །དབང་མཆོག་དམ་པ་བསྐུར་བ་ཡིན། །ཞེས་འདུས་པ་མདོ་རྩ་བའི་དཀྱིལ་འཁོར་དང༌། བསྙེན་པ་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་བ་གཉིས་འབྲེལ་བ་ལས་དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་བསྟན་པ་མ་ལུས་ཤིང་ལུས་པ་མེད་པ་རིག་འཛིན་གྱི་སྡེ་སྣོད་གཅིག་ཏུ་རྫོགས་པའི་རིམ་པ་བླ་ན་མེད་པ་དང༌། དཔལ་གསང་བ་འདུས་པའི་རྒྱུད་འགྱུར་སྔ་ཕྱི་གཉིས་དང༌། ཟླ་གསང་


JLAZ003_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ལ་སོགས་པ་ནས་བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་ཞེས་གྲགས་པ་དང༌། དུས་ཀྱི་འཁོར་ལོ་ལས་ནི་བྱིས་པ་འཇུག་པའི་དབང་བདུན་དང༌། དབང་གོང་མ་ལ་འཇིག་རྟེན་པ་གསུམ་དང༌། འཇིག་རྟེན་ལས་འདས་པ་གཅིག་སྟེ་བཅུ་གཅིག་ཏུ་བཤད་པ་ལ་སོགས་ཆོ་ག་དང༌། བརྡའ་དང༌། བགྲོས་ཐ་དད་པ་ཅན་ཡིན་པས་རིག་པའི་དབང་དང་རྗེས་སུ་མཐུན་པ་ལྔ་ལའང་རིགས་ལྔའི་དག་སྦྱོར་གནས་སྐབས་དེ་ཉིད་དུ་བགྱིད་པའི་ངེས་པ་མེད་དོ། །འདི་བཞིན་དུ་སྔ་འགྱུར་ལའང་སློབ་མ་དང་དབང་རྫས་རིགས་ཀྱི་ལྷ་སོ་སོར་བསྐྱེད་པ་མ་ཡིན་པར་ལྷག་པའི་ལྷ་འབའ་ཞིག་ཏུ་དྲན་པར་བྱ་བའང་ཡོད་དོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ལས་ནི་ཕྱི་ཕན་པའི་དབང་བཅུ་དང༌། ནང་ནུས་པའི་དབང་ལྔ་དང༌། གསང་བ་བྱང་ཆུབ་སེམས་ཀྱི་དབང་གསུམ་སྟེ་བཅོ་བརྒྱད་དུ་གསུངས་པ་ལས། ཕྱི་ཕན་པའི་དབང་བཅུའི་ནང་དུ་རྣལ་འབྱོར་ཕྱི་པ་ལས་གསུངས་པའི་བུམ་པ་དང༌། དབུ་རྒྱན་དང༌། ཅོད་པན་དང༌། ཕྲེང་བ་དང༌། ཕྱག་རྒྱ་དང་ལྔ་ནི་དངོས་སུ་འདུུ་ལ། གཟུངས་ནི་ཉན་པའི་དབང་དང༌། གསང་བ་ནི་བསྒོམ་ཞིང་བསྒྲུབ་པ་དང༌། འཁོར་ལོས་བསྒྱུར་བ་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་རྒྱུད་ནས་འདུ་བ་ཁོ་ན་ཡིན་པས་ན་རྒྱུད་སྡེ་སྤྱི་ལ་གྲགས་


JLAZ003_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིག་པའི་དབང་ལྔ་པོ་ནི་རིགས་བསྡུས་པའི་ཆིངས་ཆེན་པོའང་ཡིན་ནོ། །དེ་ཡང་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་གསུངས་པའི་ཕྱི་ཕན་པའི་དབང་བཅུ་ནི་དད་པ་ཅན་གྱི་སྣོད་རུང་ལ་སྟེར་བ་ཡིན་ལ། ནང་ནུས་པའི་དབང་ལྔ་པོ་ནི་བརྩོན་འགྲུས་ཅན་ལ་སྦྱིན་པ་ཡིན་ཏེ། བདག་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་སྒོམ་གཉིས། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་འཆད་ཕྲིན་གཉིས། གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་སྦྱིན་ནོ། །གསང་བ་ཟབ་མོའི་དབང་གསུམ་ནི་བརྟུལ་ཞུགས་ཅན་ལ་སྟེར་བར་བྱ་སྟེ། དེ་ཡང་སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་བའི་དབང་ངོ༌། །རིག་པའི་བརྟུལ་ཞུགས་ཅན་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །མཉམ་པའི་བརྟུལ་ཞུགས་ཅན་ལ་དབྱེར་མེད་བདེ་བ་ཆེན་པོའི་དབང་སྟེར་བར་བྱ་སྟེ། འདི་ལྟར་སངས་རྒྱས་རྣམས་ཀྱི་ཆོས་ནི་སེམས་ཅན་འབའ་ཞིག་ལ་སྨན་པའི་དོན་དུ་ཡིན་ན་ཐེག་པ་ཆེན་པོའི་ལམ་ལས་སྐལ་མེད་ཡལ་བར་འདོར་བ་མ་བཤད་ཀྱང༌། སྙིང་རྗེ་ཀུན་ནས་བསླང་བའི་སེམས་ཀྱིས་སྣོད་དང་འཚམས་པའི་བཅུད་མ་བྱིན་ན་སེང་གེའི་འོ་མ་གྱོ་མོའི་སྣོད་ཀྱིས་བརྟེན་པར་མི་ནུས་པ་བཞིན་ཕ་རོལ་ལ་རྣམ་སྨིན་ངན་པ་བསྐྱེད་པའི་ཕྱིར་རོ། །ཁྱད་པར་དུ་སེམས་ཀྱི་ཕྱོགས་


JLAZ003_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་དང་བྱིན་རླབས་ཆུ་བོའི་རྒྱུན་ལྟར་སྟོན་པ་ཆུ་བོ་ལྟ་བུའི་རྒྱུད། རྫོགས་པ་རང་བྱུང་རྩ་བའི་ལུང་བརྒྱད་ལ་རྟེན་ནས་སྤྲོས་བཅས་སྤྱིའི་དབང་རྣམ་པར་གཞག་པ་དང༌། བྱེ་བྲག་ཏུ་བསྟན་པ་དང༌། གསུམ་པའི་དོན་གྱི་འབྲས་བུ་ངོས་བཟུང་བའོ། །དང་པོ་ནི། སྤྲོས་བཅས་སྤྱིའི་དབང་བཅུ་གཉིས་པོ་ནང་ཚན་དུ་དབྱེ་བས་དུ་མར་འཕེལ་བ་ཁྲུས་ཀྱི་དབང་ནས་རིན་པོ་ཆེའི་འཁོར་ལོ་རྣམ་པར་བཤད་པའི་བར་དུ་གསུངས་སོ། །གཉིས་པ་ནི། སྡོམ་པ་བཞིའི་དབང་ངེས་པ་གང་ཞིག་ཕྱི་དང་ནང་དང༌། གསང་བ་དང༌། ཡོངས་སུ་རྫོགས་པ་བཞིའི་རིམ་པས་ཉན་ཐོས་ནས་རྫོགས་པ་ཆེན་པོའི་བར་གྱི་རིམ་པ་དགུའི་གྲུབ་མཐའ་ཉིད་ཀྱང་ཐེག་པ་སོ་སོའི་སྒོས་ཆོས་ལས་བཏུས་པ་མ་ཡིན་མོད་ཀྱི། སྔགས་ཀྱི་ཐབས་མཁས་ཀྱིས་ཟིན་པས་ཐེག་པ་སོ་སོའི་རིགས་འདྲའི་ཡོན་ཏན་དང་སྤངས་ཐོབ་མངོན་སུམ་དུ་སྐྱེ་བའི་མྱུར་ལམ་ལ་དབྱེ་བའི་ངོས་ནས་དུས་༦༣མེའི་གྲངས་སུ་འགྱུར་བ་དང༌། ཉན་ཐོས་ཀྱི་སྐབས་སུ་སྐྲ་དབྱུང་བ་དང༌། སྟོད་གཡོགས་དང༌། སྨད་གཡོགས་དང༌། ཆོས་གོས་དང༌། དགེ་ཚུལ་གྱི་སྡོམ་པ་དང༌། དགེ་སློང་གི་སྡོམ་པ་དང༌། གསིལ་བྱེད་དང༌། ལྷུང་བཟེད་སྦྱིན་པ་ལ་སོགས་པ་ནི་ཕྱིའོ། །དེའི་རྗེས་ནས་ནང་རང་སངས་རྒྱས་དང༌།


JLAZ003_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་བྱང་ཆུབ་སེམས་དཔའ་སྟེ་རྒྱུའི་ཐེག་པ་གསུམ་གྱི་དབང་རྫོགས་པས་རྒྱུ་བྱང་ཆུབ་ཀྱི་སེམས་བསྟན། རྐྱེན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་སུ་རུང༌། ཆོས་ཀྱི་བྱ་བ་རྒྱུའི་ས་བོན་རྣམས་ལ་འཇུག་ཏུ་རུང་བའི་རྣམ་པ་ལ་དབང་བས་ན་དབང་ཞེས་བྱའོ། །དེ་ནས་སྔགས་ཕྱི་པའི་ཐེག་པ་གསུམ་གྱི་དབང་རྫོགས་པར་བྱས་པས་ལམ་བྱང་ཆུབ་ཀྱི་སེམས་ལ་དབང་ཞིང༌། དེའང་ཆུ་དང༌། ཅོད་པན་དང༌། རྡོ་རྗེ་དང༌། དྲིལ་བུ་ལ་ནན་ཏན་དུ་བསྐུར་བས་འབྲས་བུ་བྱང་ཆུབ་ཀྱི་སེམས་ལ་དབང་བས་ན་དབང་ཞེས་བྱའོ། །སྔགས་ནང་པ་གསུམ་ལས་ཕྱི་བསྐྱེད་པ་མ་ཧཱ་ཡོ་གའི་དུས་སུ་བུམ་པའི་དབང་རྗེས་འབྲངས་དང་བཅས་པ་ལ་ནན་ཏན་དུ་བྱས་པས། ཕན་པ་དང་ནུས་པ་འཇུག་པའི་བྱེ་བྲག་གི་ཡོན་ཏན་ཁྱད་པར་དུ་སྐྱེ་བའོ། །ནང་ལུང་ཨ་ནུའི་དུས་ནང་ངམ་གསང་བའི་སྒྲ་དོན་གྱིས་སྦས་པ་རིག་མའི་དབང་ལ་ནན་ཏན་དུ་བྱས་ཏེ་བསྐུར་བས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་ལོངས་སྤྱོད་ཅིང་ཞུ་བདེའི་ཡེ་ཤེས་ལ་དབང་པས་ན་དབང་ཞེས་བྱའོ། །གསང་བ་རང་བཞིན་རྫོགས་པ་ཆེན་པོའི་སྤྲོས་བཅས་ཀྱི་དབང་གི་དུས་ན་ནི། ཕྱི་བུམ་པ་ལ་བརྟེན་པ་རྨ་བྱ་དང་མེ་ལོང་ལ་སོགས་པའི་ཁྱད་པར་གྱི་རྫས་བདུན་གྱིས་སྲིད་པ་བདུན་གྱི་རྒྱུན་འགགས་པར་བྱེད་དོ། །ནང་བཀྲ་ཤིས་པའི་རྫས་


JLAZ003_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དང་རིན་པོ་ཆེ་སྣ་བདུན་ལ་བརྟེན་ནས་བསྐུར་བས་གནས་སྐབས་སུ་འདོད་པའི་དོན་དང༌། མཐར་ཐུག་སེམས་དང་ཡེ་ཤེས་ལ་དབང་བས་ན་དབང་ངོ༌། །སྤྲོས་མེད་གསང་བ་ལ་བརྟེན་ནས་བསྐུར་བ་ནི། བདུད་རྩི་ལྔ་དང༌། བྷན་དྷ་དང་ཁྱད་པར་དབང་ཆེན་གྱི་སྐུ་ལ་སོགས་མཆོག་གི་རྫས་བདུན་ལ་བརྟེན་ནས་བསྐུར་བས་ནང་སྲིད་འཁོར་ལོ་བདུན་རྒྱུན་ཆད་པར་བྱེད་དོ། །སྤྲོས་བཅས་ཀྱི་སྤྲོས་མེད་ཤེས་རབ་ཡེ་ཤེས་རིག་མ་ལ་བརྟེན་པའི་ཚེ་སིན་དྷུ་ར་དང༌། མེ་ལོང་ཡུ་བ་ཅན་ལ་སོགས་སྙིང་པོའི་རྫས་བདུན་ལ་བརྟེན་ནས་གསང་བ་ལ་སོགས་པའི་གནས་གསུམ་དུ་བསྐུར་བས་གསང་བ་སེམས་འཇུག་པའི་ལས་བདུན་རྒྱུན་ཆད། རྡོ་རྗེ་གསུམ་དང་གཉིས་སུ་མེད་པའི་ཡེ་ཤེས་ལ་བརྟན་པ་ཐོབ། དེ་ཡང་གསང་བ་དང་ཤེས་རབ་ཡེ་ཤེས་གཉིས་རྒྱུ་འབྲས་སུ་བསྟན་ནས་དབང་གསུམ་པར་བཞག་གོ །སྤྲོས་བཅས་ཀྱི་ཡོངས་སུ་རྫོགས་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་པ་སྤངས་བ་དང་རྟོགས་པ་ལ་སོགས་ཏེ་དམིགས་པ་མེད་པའི་རྫས་བདུན་ལ་བརྟེན་ནས་བསྐུར་བས། ཁམས་གསུམ་དུ་འཇུག་པའི་སྦྱོར་བ་བདུན་རྒྱུན་ཆད་པའོ། །གསུམ་པའི་དོན་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ་འོག་ཏུ་སྟོན་པས་མཚོན་ནོ། །དེ་


JLAZ003_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྤྲོས་བཅས་ལ་ལྟོས་པའི་གསང་དབང༌། སྤྲོས་མེད་ཀྱི་དབང་ལ་ཡང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལས། ཕྱི་ནི་མཎྜལ་དང་བུམ་པ་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་ཡི་གེ་འཁོར་ལོས་དག་པར་བྱེད་པའོ། །ནང་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་སོགས་པ་བུམ་པའི་གནས་ངེས་པའོ། །གསང་བ་ནི་དངོས་པོ་ཐམས་ཅད་རང་བཞིན་མེད་པའི་ཤར་གྲོལ་རིས་མེད་ཆེན་པོར་མཚོན་པའོ། །ཡོངས་སུ་རྫོགས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་ལ། ཞེས་པ་ལ་སོགས་པས་རྟོགས་པ་ཁྱད་པར་ཅན་ལ་བཟླ་བའི་ཚིག་དབང་རིན་པོ་ཆེ་སྟེ་ཐལ་འགྱུར་ལས། སྤྲོས་པ་མེད་པའི་དབང་མཆོག་ནི། །མཎྜལ་བུམ་པ་ལ་བརྟེན་ནས། །ཚིགས་སུ་བཤད་པས་དབང་སྦྱིན་བྱ། །ཞེས་སོ། །ཤིན་ཏུ་སྤྲོས་མེད་ཀྱི་དབང་ལ་ཡང༌། ཕྱི་ནི་འཁོར་འདས་རུ་ཤན་འབྱེད་པའོ། །ནང་ནི་ཡེ་ཤེས་ཉི་ཤུ་ལྔ་ལ་སྤྱོད་པའི་དོན་དུ་མཎྜལ་ཕུལ་ནས་གསོལ་བ་གདབ་པ་ལ་སོགས་པ་རྣམས་སོ། །གསང་བ་ནི་ནམ་མཁའི་ཕྱོགས་བཞི་ནས་སེམས་ཉིད་ཀྱི་སྒོར་འཇུག་གོ །ཡོངས་སུ་རྫོགས་པ་ནི་ནམ་མཁའ་རྒྱ་ཆེ་བའི་སྒྲས་དབྱིངས་ཀྱི་དོན་ལ་འདྲིས་པར་བྱས་ནས་ངོ་བོ་ཉིད་མེད་པའི་སེམས་ཉིད་ལ་མཐའ་དབུས་མེད་པ་མཚོན་པ་སྟེ་ཐལ་འགྱུར་ལས། ཤིན་ཏུ་སྤྲོས་པ་མེད་


JLAZ003_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །འཁོར་འདས་རུ་ཤན་འོག་བཞིན་དབྱེ། །དེ་ཚེ་ནམ་མཁའི་མཚན་ཉིད་ལས། །ལུས་ངག་ཡིད་ཀྱི་སྒྲིབ་པ་ཡང༌། །མཚན་ཉིད་ཀྱིས་ནི་ངེས་པར་བརྟག །གལ་ཏེ་སྤྱོད་པ་མ་དག་ན། །རང་རང་མཐུན་པའི་དགེ་བས་སྦྱང༌། །དབང་ནི་བརྡའ་ལ་བརྟེན་པ་ཡི། །རང་རིག་གསལ་བའི་རང་ངོ་སྤྲད། །བརྡའ་དགྲོལ་མན་ངག་མཁས་པས་སྤྱད། །ཅེས་སོ། །རབ་ཏུ་སྤྲོས་པ་མེད་པ་ལ་ཡང་ཕྱི་ནི་འདུག་སྟངས་སྟོན་པའོ། །ནང་ནི་ལྟ་སྟངས་སྟོན་པའོ། །གསང་བ་ནི་དེ་གཉིས་བསྟུན་ནས་སངས་རྒྱས་ཀྱི་ཞིང་དུ་སྤྱོད་པའོ། །ཡོངས་སུ་རྫོགས་པ་ནི། སོང་ཅིག་ལ་སོགས་པའི་ཚིག་གིས་བརྡའ་དོན་སྤྲོད་པ་སྟེ་ཐལ་འགྱུར་ལས། རབ་ཏུ་སྤྲོས་པ་མེད་པ་ལ། །སེམས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ལ། །ལུས་ཀྱི་འདུག་སྟངས་ངེས་པར་བརྩམས། །དེ་ལ་གོམས་ཏེ་གཟིགས་སྟངས་སྦྱར། །མངོན་སུམ་རིག་པ་ལུང་གི་བརྡའོ། །ཞེས་སོ། །དེ་ལྟ་བུའི་དབང་གི་དག་བྱ་དག་འབྲས་ལ་ལུས་ཀྱི་འབྱུང་བའི་རྒྱ་བཞི་ཞིག་པ་ལ་བཞི་ཚན་དུ་ངེས་པའི་དབྱེ་བས་མདོར་བསྟན་པ་དང༌། རང་ངོའི་དབྱེ་བས་བཅུ་དྲུག་བཅུ་དྲུག་ཏུ་ཕྱེ་ནས་ས་བཅུ་དྲུག་ལ་གནས་པའི་ངེས་པ་རྒྱས་པར་བཤད་པ་དང༌། རྣམ་པར་འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱ་ཆེར་བཤད་པའི་


JLAZ003_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་ན་བཅུ་དྲུག་པོའི་རྣམ་གྲངས་ལ་འགྱུར་བརྩིས་པས་དག་བྱའི་དྲི་མ་ལ་ལྟོས་ན་སྤྱིར་ཁྲི་ཕྲག་གཅིག་དང་དྲུག་བརྒྱ་དྲུག་ཅུ་ཐམ་པ། དག་བྱེད་ཀྱི་དབང་ལ་ལྟོས་ན་དབང་ཉིས་བརྒྱ་དང་བརྒྱད་ཅུ་རྩ་དགུ་བཞིར་འབྲེལ་པས་ཕྱེ་ན་ཆིག་སྟོང་ཆིག་བརྒྱ་ལྔ་བཅུ་རྩ་དྲུག་ཏུ་འགྱུར་ལ། དེ་ཡང་དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་ཕྱེ་ན། ཆིག་ཁྲི་སུམ་སྟོང་བརྒྱད་བརྒྱད་བདུན་ཅུ་རྩ་གཉིས་ལ་སོགས་པས་ལས་ཀྱི་མཐའ་ཉེ་བར་སྡུད་པའོ། །དེ་དག་ཀྱང་དབང་བསྐུར་བ་མཐར་ཕྱིན་པ་འབྲས་བུའི་ཡོན་ཏན་ལ་སྦྱར་ན་གནས་སྐབས་དང་མཐར་ཐུག་གཉིས་ཀྱིས་དང་པོ་ལའང་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་བསྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་དོ། །དེ་རིག་འཛིན་བཞི་དང་སྦྱར་ན་དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རྣལ་འབྱོར་གྱི་ས་དང༌། རྣལ་འབྱོར་ཆེན་པོའི་ས་དང༌། འབྱེད་པའི་རྣལ་འབྱོར་གྱི་ས་དང༌། རྟོགས་པའི་རྣལ་འབྱོར་གྱི་ས་དང་པོ་བཞི་པོ་ས་བཅུ་དྲུག་དང་སྦྱར་བའི་ཚུལ་ཡོད་དོ། །མཐར་ཐུག་གི་འབྲས་བུ་ནི་མགོན་


JLAZ003_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྡོ་རྗེ་འཆང་གི་ས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པའི་ཚུལ་ཞིབ་པ་ནི་ཐེག་པའི་མཆོག་རིན་པོ་ཆེའི་རིམ་ཁང་དྲུག་པ་ལས་ཤེས་པར་བྱ་ཞིང༌། ཐེག་པའི་རྩེ་མོ་བླ་ན་མེད་པ་འདིའི་དབང་གི་ཁྱད་པར་ནི་མཁས་སུ་རེ་བའི་ཀུན་འབྱུང་གི་རྣམ་པར་རྟོག་པས་ཟིལ་གྱིས་ནོན་པའི་བྱིས་པ་ཉེར་སྤྱོད་ཀྱི་ཤེས་རབ་ཅན་དང་མཛའ་བ་མ་ཡིན་ཀྱང༌། ཆོས་ཉིད་ཀྱི་བདེན་པ་གཟིགས་ནས་ཆོས་ཀྱི་མིག་རྡུལ་དང་བྲལ་བ་མངོན་སུམ་དུ་གྱུར་པས་འཕགས་པའི་ཡུལ་དུ་སྡེ་སྣོད་དང་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ལ་མངའ་དབང་འབྱོར་པའི་པཎྜི་ཏ་ཆེན་པོ་དྲི་མེད་ཆོས་ཀྱི་བཤེས་གཉེན་ཀྱང་ཐེག་པ་འདིའི་ལམ་སྲོལ་འབྱེད་པ་ལ་ཞུགས་ཤིང༌། གངས་རིའི་ཁྲོད་ཀྱི་རྟོག་གེ་པ་རྣམས་ཀྱི་དབུས་ན་ཆོས་ཀྱི་གྲགས་པའི་དོ་ཟླ་སྤོབས་ལ་སོ་སོ་ཡང་དག་རིག་པ་བཞིའི་དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་ཆ་ནས་དམིགས་པ་ཡུལ་གྱི་བློ་ཅན་དག་གི་གཞུང་ལ་གཞན་དྲིང་མི་འཇོག་པའི་རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའང་ཡིད་དཔྱོད་ཀྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ཁོང་དུ་ཆུད་པའི་གཞན་དབང་གིས་བརྫི་བར་མ་ནུས་ནས་ཤིན་ཏུ་རྣལ་འབྱོར་ཆེན་པོའི་ལྟ་བ་དང་གྲུབ་པའི་མཐའ་གང་ཡིན་པའི་ཁྱད་པར་འབྱིན་པ་ལ་ཞུགས་པའི་ཕྱིར་རོ། །དེ་དག་གི་ཚུལ་ཇོ་བོའི་དམ་


JLAZ003_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བསྡུས་པ་ལས་ཀྱང༌། བླ་མའི་ཞལ་ལས་བྱུང་བའི་དབང་དང༌། ཡི་དམ་གྱི་ལྷས་བྱིན་གྱིས་བརླབས་པའི་དབང་དང༌། རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པའི་དབང་དང༌། རང་གི་སེམས་ཉིད་ཀྱི་རྩལ་གྱིས་ཐོབ་པའི་དབང་དང་བཞིའོ། །ཞེས་པ་ལྟར་དང་པོ་ནི་དབང་གི་ཆོ་ག་ལ་སྒྲ་ཇི་བཞིན་པར་ལྟོས་པ་དག་དང༌། གཉིས་པ་ནི་རྒྱལ་པོ་ཛའི་ཁང་སྟེང་དུ་གླེགས་བམ་བབས་པ་ལྟ་བུ་དང༌། གསུམ་པ་ནི་སློབ་དཔོན་ཀླུ་སྒྲུབ་དང་འགྲོ་བཟང་གིས་ཨོ་རྒྱན་དྷརྨཱ་གཉྫོ་ནས་བརྟག་གཉིས་དང་མ་ཧཱ་མ་ཡ་གཉིས་མ་བྱིན་བླང་བས་བདག་གིར་བྱས་པ་ན་མཁའ་འགྲོ་མས་བསྙེགས་ཏེ་རྗེས་ལ་ཟིན་པའི་ཚེ་ཆོས་དེའི་བདག་པོ་གྱིས་ལ་ཤོད་ཅིག་ཅེས་རྗེས་སུ་གདམས་པ་ལྟ་བུ་དང༌། བཞི་པ་ནི་ཆོས་ཉིད་ཀྱི་ལྟ་བས་ཐོབ་པ་རིག་པའི་རྩལ་དབང་སྟེ་དེ་ལ་བརྟེན་ནས་བསྐུར་བྱའི་སློབ་མས་དངོས་གྲུབ་ཐོབ་པ་ནི་དབང་གི་འབྲས་བུ་ཡིན་པས་ཐ་སྙད་ཁོ་ན་ལའང་ཞེན་པར་མི་བྱའོ། །དེ་ལྟར་རྒྱུད་སྡེ་སོ་སོའི་རང་ལུགས་ཀྱི་དབང་གི་རྣམ་པར་དབྱེ་བ་དང་བསྡུ་བའི་མཐའ་གཅིག་ཏུ་མ་ངེས་ཤིང་ཁྱད་པར་གདུལ་བྱའི་ཁམས་དང༌། བསམ་པ་དང༌། དབང་པོ་དང༌། བག་ལ་ཉལ་དང༌། ཉོན་མོངས་པའི་གཉེན་པོར་གསུངས་པ་ཐམས་ཅད་མཐར་གྱིས་དབང་བཞིའི་ངོ་བོར་མ་འདུས་པ་མེད་ལ། འདི་ལྟར་ཕྱི་རོལ་ཏུ་ནམ་ཟླ་དུས་བཞི་དང༌། ནང་དུ་


JLAZ003_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་སེམས་ཀྱི་ཚོགས་པ་བཞི་དང༌། གསང་བར་གཏི་མུག་དང༌། ཞེ་སྡང་དང༌། འདོད་ཆགས་དང༌། ཆ་མཉམ་པ་བཞི་དང༌། དོན་དམ་པར་སྐྱེ་བ་དང༌། འགག་པ་དང༌། འགྲོ་བ་དང༌། འོང་བ་བཞིའམ། ཡོད་པ་དང༌། མེད་པ་དང༌། ཆད་པ་དང༌། རྟག་པའི་མུ་བཞི་སྦྱོང་ཕྱིར། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། ཚིག་དབང་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཞིས་དག་པར་སྦྱང་ཞིང༌། ཚོགས་དང༌། སྦྱོར་བ་དང༌། མཐོང་བ་དང༌། བསྒོམ་པའི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང༌། ལོངས་སྐུ་དང༌། ཆོས་སྐུ་དང༌། ངོ་བོ་ཉིད་སྐུའི་གོ་འཕང་བཞི་ཐོབ་པར་བྱ་བའི་ཕྱིར་གོང་ནས་གོང་དུ་ལྟ་ཁྱད་ཞུགས་པའི་དབང་བཞི་བྱུང་བ་སྟེ། ཐལ་འགྱུར་ལས། ཕྱི་དང་ནང་དང་གསང་བ་དང༌། །གསང་བ་ཡོངས་སུ་རྫོགས་པ་ཡི། །སྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང༌། །སྐལ་བ་ལྡན་པ་སྨིན་པར་བྱ། །ཞེས་སྤྲོས་བཅས་ལ་སོགས་པའི་དབང་གི་ངེས་འབྱེད་བཞིར་བསྡུ་བ་དང༌། དེ་དག་ཀྱང་བུམ་དབང་ལ་སོགས་ཏེ་རྒྱུད་སྡེ་སྤྱི་ལ་གྲགས་པའི་དབང་བཞིར་རྒྱུ་འབྲས་


JLAZ003_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚུལ་དུ་འབྲེལ་ཞིང་གོང་ནས་གོང་དུ་ཐེག་པའི་ལྟ་ཁྱད་ཞུགས་པའི་ཚུལ་སངས་རྒྱས་མདུད་པ་ལས། སེམས་ཅན་བསམ་པའི་དབང་གིས་ན། །རྟ་དང་གླང་པོ་མ་ཧེ་དང༌། །རྔ་མོ་རི་བོང་ཁལ་རྣམས་བཞིན། །ཕན་དང་ནུས་དང་ལྟ་དང་ཞུགས། །ཕྱི་ཡི་དབང་དང་ནང་གི་དབང༌། །གསང་བའི་དབང་དང་ཐབས་ཀྱི་དབང༌། །ཇི་ལྟར་གསུངས་ཀྱང་རྣམ་པ་བཞི། །བུམ་པའི་དབང་དང་གསང་བའི་དབང༌། །ཤེས་རབ་ཡེ་ཤེས་དབང་མཆོག་དང༌། །དེ་བཞིན་བཞི་པའི་དབང་དུ་གསུངས། །ཞེས་དཔེ་དང་སྦྱར་ནས་གསུངས་པ་བཞིན་ཕན་པའི་དབང་ནི་བུམ་དབང་གི་བྱེ་བྲག་ཏུ་འདུ་བས་ལུས་ལ་བསྐུར་བའོ། །ནུས་པའི་དབང་ནི་གསང་དབང་གི་བྱེ་བྲག་ཡིན་ནོ། །དེ་ཡང་ངག་ལ་བསྐུར་བའི་ཆ་ནས་གསང་དབང་དང༌། སེམས་ལ་བསྐུར་བའི་ཆ་ནས་ཤེར་དབང་དུ་འདུ་བས་བལྟ་བའི་དབང་ཞེས་འདོད་དེ། ཇི་ལྟར་བལྟ་ན་སྦྱོར་བ་བཞིའི་རང་བཞིན་དུ་བལྟ་བའི་ལྟ་བ་བཞི་དང་ལྡན་པ་སྟེ། དེ་སྐད་དུ་སྔ་མ་ལས། ལུས་དང་ཡིག་འབྲུའི་སྦྱོར་བ་དང༌། །རྩ་དང་ཡི་གེའི་སྦྱོར་བ་དང༌། །རླུང་དང་ཡིག་འབྲུའི་སྦྱོར་བ་དང༌། །སེམས་དང་ཡིག་འབྲུའི་སྦྱོར་བ་ཡི། །གང་ཡང་གང་དུ་གཟུང་བར་བྱ། །ཞེས་སོ། །དེ་ལ་དང་པོའི་དོན་ནི། ལུས་ཀྱི་དབང་པོའི་གནས་སོ་


JLAZ003_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སོར་ས་བོན་གྱི་ཡི་གེ་བསྐྱེད་པ་དང༌། གཉིས་པ་ནི་འཁོར་ལོ་ལྔའི་རྩ་འདབ་ཏུ་ས་བོན་གྱི་ཡི་གེ་འགོད་པ་དང༌། གསུམ་པའི་དོན་ནི་ས་བོན་གྱི་ཡིག་འབྲུ་ལ་དམིགས་ནས་སྲོག་རྩོལ་འགོག་པ་དང༌། བཞི་པའི་དོན་ནི་རླུང་སེམས་དབྱེར་མེད་དུ་འདྲེས་པའི་ཞུ་བདེའི་ཡེ་ཤེས་སྐྱེས་པ་སྟེ། དེ་དག་ཀྱང་ཕན་ཚུན་རྟེན་དང་བརྟེན་པའི་རང་བཞིན་ཅན་ཡིན་པས་ན་ཤེས་རབ་ཡེ་ཤེས་ཀྱང་གསང་བའི་དབང་དུ་གཏོགས་པ་ཡིན་ལ། བཞི་པའི་དབང་ཉིད་ནི་ཤེས་རབ་ཡེ་ཤེས་ཀྱི་ཁོངས་སུ་གཏོགས་པས་ན་ཞུགས་པ་ཞེས་བྱ་བའི་སྒྲས་བསྟན་ཏོ། །ཇི་ལྟར་ཞུགས་ན་དབང་གསུམ་པའི་ཐབས་ལ་བརྟེན་ནས་དོན་དམ་ལྷན་ཅིག་སྐྱེས་པའི་ཤེས་རབ་སློབ་མའི་རྒྱུད་ལ་ཡང་དག་པར་ཞུགས་པས་ན་ཞུགས་པ་ཞེས་བྱ་སྟེ། སྒྲོལ་མ་རྣལ་འབྱོར་མ་ལས། ཤེས་རབ་རྟོགས་པར་བྱེད་པ་ཐབས། །ཤེས་རབ་མེད་ན་ཐབས་མཁས་མེད། །ཅེས་སོ། །དེ་བས་ན་ཐབས་ཀྱི་ནང་ནས་ཀྱང་ཐབས་མཆོག་ཏུ་གྱུར་པ་ལ་བརྟེན་ནས་བྱུང་བས་ན་ཐབས་ཀྱི་དབང་ཞེས་ཀྱང་གསུངས་སོ། །དེ་ལྟར་བཞི་པོའང་རིགས་ཅན་བཞིའི་ཁམས་དང་སྦྱར་ན་སྔགས་རྒྱུད་སྔ་མ་ལས། ཡན་ལག་ལུས་ནི་ཤན་པ་སྟེ། །དྲ་བ་ཅན་ལ་བུམ་པ་སྦྱིན། །ངག་གི་ལས་ནི་བྲམ་ཟེ་སྟེ། །འཇིག་རྟེན་ཅན་ལ་གསང་བ་སྦྱིན། །སེམས་ཀྱི་ལས་ནི་རྗེའུ་སྟེ། །ལྷན་ཅིག་སྐྱེས་ལ་ཤེས་རབ་དབང༌། །ཡོན་


JLAZ003_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཕྲིན་ལས་རྒྱལ་པོ་སྟེ། །ཀུན་ཀ་ཚོགས་ལ་བཞི་ཀ་བསྐུར། །ཞེས་སོ། །དེའང་དབང་གི་ས་བོན་རང་ལ་གནས་པ་གང་ཞིག་རྒྱུ་རྐྱེན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་སད་པར་བྱེད་པའི་ཚུལ། མདོ་སྡེའི་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གིས། །གཟག་དང་སྤྱད་དུ་རུང་པས་སྨིན་འདོད་ལྟར། །དེ་ཕྱིར་རྟེན་འདིར་ཕྱོགས་གཉིས་ཞི་བ་དང༌། །ཡོངས་སུ་སྤྱད་པ་ཉིད་དུ་སྨིན་པར་རྟེན། །ཞེས་ཕར་ཕྱིན་དུ་རྟེན་དེ་ཉིད་ལ་མཐོང་སྤངས་སྤོང་བཞིན་པ་དང༌། མཐོང་ལམ་སྐྱེ་རུང་ལ་སྨིན་པའི་ཚད་དུ་བཞག་པ་ལྟར་སྔགས་ཀྱི་ལམ་དུ་བར་ཆད་མེད་པའི་དབང་དུ་བྱས་ན། སྐྱེ་བ་འདི་ལ་སྤང་བྱ་སྤང་རུང་དང་ཐོབ་བྱ་ཐོབ་རུང་གི་ནུས་པ་ཐོབ་པའི་ཕྱིར་དབང་གིས་རྒྱུད་སྨིན་པའི་ཚད་དུ་བཞག་སྟེ། དེའང་ཆུ་ལུད་དྲོད་གཤེར་འཛོམ་པ་ལ་ས་བོན་ཐེབས་དགོས་པ་བཞིན་རང་རྒྱུད་ལ་སྐྱེད་བྱེད་འགྲུབ་པའི་རྒྱུ་ཡོད་པའི་ཚུལ། གཞི་དང་ལམ་དང་འབྲས་བུ་དབང་བཞི་རུ། །གདོད་ནས་གྲུབ་པ་རྩ་རླུང་ཐིག་ལེའི་རྟེན། །རང་ཆས་ཉིད་དེ་མཚུངས་པར་ལྡན་པ་དང༌། །ལྷན་ཅིག་བྱེད་པའི་རྒྱུ་ནི་རྣམ་གཉིས་ལས། །སྣོད་དུ་རུང་བའི་སློབ་བུ་རྒྱུ་ཡི་རྐྱེན། །ལྟ་དགོངས་ལྡན་པའི་སློབ་དཔོན་བདག་པོའི་རྐྱེན། །ནུས་པའི་ཆོ་ག་མཁྱེན་པ་


JLAZ003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་རྐྱེན། །རྟེན་ཅིང་འབྲེལ་འབྱུང་དེ་མ་ཐག་པའི་རྐྱེན། །རྒྱུ་གཉིས་རྐྱེན་བཞི་ཚོགས་ལས་དབང་བསྐུར་འགྲུབ། །ཅེས་སྨོས་ཏེ། དེ་ལ་སྔགས་ཀྱི་ཐེག་པ་བླ་ན་མེད་པའི་དབང་དུ་ནི་གཞི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རྟེན་དང་བརྟེན་པའི་རང་བཞིན་དུ་རྫོགས་པ་རང་ལ་ཡོད་པ་གང་ཞིག དབང་གི་ལམ་དུ་ཐབས་ལ་བརྟེན་ནས་སྨིན་པའི་ནུས་རུང་དུ་བྱས་ནས་ལམ་དངོས་བསྐྱེད་པ་དང་རྫོགས་པའི་རིམ་པ་ཟུང་དུ་འཇུག་པ་ཉིད་ལས། འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ཏེ། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང༌། བསྐྱེད་པ་ཡི་ནི་རིམ་པ་དང༌། །དེ་བཞིན་རྫོགས་པའི་རིམ་པས་ཏེ། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་འཆང་གི་ཆོས་འཆད་དོ། །ཞེས་སོ། །དེའང་དབང་གི་རྟེན་ནི་ཁམས་དྲུག་དག་ལྡན་གྱི་རྡོ་རྗེའི་ལུས་རྩ་རླུང་ཐིག་ལེའི་རྐྱེན་དང་ལྡན་པ་ཁོ་ན་ལས་གཞན་ཡིད་ཀྱི་ལུས་ཅན་གཟུགས་མེད་དང༌། འདོད་སྲེད་རགས་པ་བཅོམ་པའི་


JLAZ003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་བཞི། ཁམས་གཅིག་ནས་ལྔའི་བར་ལས་མི་ལྡན་པའི་གནས་རིགས་ཉི་ཤུ་ལ་སོགས་པ་མ་རིག་པ་སྐྱེ་དང་བཅས་པའི་རང་བཞིན་དུ་དྲན་པ་ཉེ་བར་བཞག་པ་ནས་བསྟན་པ་རྣམས་ཀྱིས་མ་ཡིན་པའི་ཚུལ་འབྲས་བུའི་ཐེག་པ་སྔ་མ་ལས། གཟུགས་མེད་པ་ཡི་རྟེན་རྣམས་ལ། །དབང་རྣམས་བསྐུར་བའི་རྟེན་མེད་དེ། །རྩ་རླུང་རྟོག་པ་མི་དམིགས་པས། །ཡེ་ཤེས་དབང་བསྐུར་ག་ལ་ནུས། །གཟུགས་ཁམས་རྩ་དང་རླུང་ཡོད་ཀྱང༌། །ཁམས་ཀྱི་ཟས་དང་བྲལ་བས་མིན། །དེས་ན་འདོད་ཁམས་གནས་རིས་ནི། །དབང་རྣམས་བསྐུར་བའི་རྟེན་ཡིན་ཏེ། །འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་ཁོང་ཁྲོ་ཕྲག་དོག་གིས། །གདུངས་ནས་འདོད་པའི་འདོད་ཁམས་འདི། །དབང་གི་སྣོད་དུ་རུང་བ་ཡིན། །ཞེས་སོ། །དེ་ལྟ་ནའང་དམ་པའི་རིགས་ཅན་ལྔར་གཏོགས་པ་དང༌། ཉན་རང་དགྲ་བཅོམ་ལྷག་མེད་དུ་ཞུགས་པ་འགའ་ཞིག་ཡིད་ལུས་ཀྱི་སྔགས་ལམ་ལ་འཇུག་པ་ཡོད་པ་ནི་བསམ་པའི་རྟེན་ཁྱད་པར་ཅན་ཡིན་པས་མ་ངེས་སོ། །གཞན་ལྷ་དང་ལྷ་མིན་སྒྲ་མི་སྙན་གསུམ་ནི་འབྲས་བུ་ལ་སྤྱོད་པས་རྒྱུད་དམན་ལ་གླིང་གསུམ་དུ་སྐྱེས་པའི་ཁམས་དྲུག་ལྡན་ནི་ཁྱད་པར་བ་དང༌། དེའི་ནང་ཚན་ལས་ཀྱང་འཛམ་བུའི་གླིང་པ་ནི་ལས་ཀྱི་ས་པར་གྲགས་པས་མཆོག་ཏུ་གྱུར་པའོ། །དབང་གི་ངོ་བོ་ནི། བདེ་གཤེགས་སྙིང་པོའི་རང་བཞིན་སྤྲོས་པ་མེད་པར་ལྡན་པ་གང་ཞིག་མཚུངས་


JLAZ003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱི་རྒྱུ་ཡིན་ཏེ། དེ་མེད་ན་འདོད་རྒྱལ་དུ་བསྒྲུབ་མི་ནུས་པའི་ཚུལ་དབང་བསྐུར་རྒྱལ་པོ་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པ་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ཡང༌། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་སོ། །དེ་བས་ན་སློབ་མའི་རྒྱུད་ཀྱི་མཚུངས་ལྡན་གྱི་རྒྱུ་ཡིན་པ་གང་ཞིག་ཐབས་ལ་བརྟེན་ནས་འབྲས་བུར་འབྱིན་པ་མེ་ཏོག་ལས་འབྲས་བུར་སྨིན་པ་ལྟ་བུར་བསྒྲུབ་པའི་ཕྱིར་རྡོ་རྗེ་སློབ་དཔོན་གྱི་རྟོག་ཚོགས་སུ་སྣང་བ་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་དག་པ་ཏིང་ངེ་འཛིན་གྱི་ནུས་པའི་གཟུགས་ཅན་ལྷན་ཅིག་བྱེད་པའི་རྒྱུའི་རྟེན་ཅིང་འབྲེལ་འབྱུང་གིས་དབང་གི་བྱ་བ་བསྒྲུབས་པ་ལ་བརྟེན་ནས་སློབ་མའི་རྒྱུད་དག་པར་བྱེད་པ་སྟེ། ཧེ་རུ་ཀ་འདུས་པ་ལས། གང་གིས་གང་ལ་དབང་བསྐུར་བས། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང༌། །ཞེས་སོ། །དེ་ཡང་དབང་བསྐུར་བྱའི་སློབ་མ་སྣོད་དུ་རུང་བར་བཏགས་པ་རྒྱུའི་རྐྱེན་ཡིན་ཏེ། འདི་ལྟར་དངོས་གྲུབ་ཀྱི་གཙོ་བོ་ནི་དད་པ་དང་དམ་བཅས་པའི་དམ་ཚིག་གཉིས་ཡིན་པས་དེ་དང་མི་ལྡན་ན་དངོས་གྲུབ་མི་ཐོབ་ཀྱི་སྟེང་དུ་སྡུག་བསྔལ་གྱི་རྒྱུར་བཤད་པའི་ཚུལ། བྱང་ཆུབ་སེམས་ནི་མ་བསྐྱེད་དང༌། །ཐེ་ཚོམ་ཡོད་


JLAZ003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང་ནི། །གང་ཞིག་བཀའ་བསྩལ་མི་བྱེད་དང༌། །མ་དད་པ་ནི་མི་འགྲུབ་བོ། །ཞེས་སོ། །སྐུར་བྱེད་ཀྱི་སློབ་དཔོན་ཡང་བདག་གི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། གསང་སྔགས་ཀྱི་དེ་ཁོ་ན་ཉིད་དང༌། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང༌། འཕྲོ་འདུའི་དེ་ཁོ་ན་ཉིད་དེ་སྔགས་ཀྱི་ཡན་ལག་ལྔའི་སྦྱོར་བ་ལ་མཁས་པ་བདག་པོའི་རྐྱེན། དངོས་གྲུབ་ཐོབ་ཅིང་མཁས་པའི་རང་བཞིན་དང་ལྡན་པའི་བླ་མ་རྣམས་ཀྱི་མན་ངག་ཇི་ལྟ་བའི་དབང་གི་བྱ་བ་དང་ཆོ་ག་མ་ནོར་བ་མཁྱེན་པ་དམིགས་པའི་རྐྱེན། བུམ་དབང་ལ་སོགས་ཏེ་དབང་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་གོ་ཕྱེ་ནས་བྱིན་གྱིས་བརླབ་པར་རྟོགས་པ་དང༌། ཤེས་རབ་ཀྱིས་མངོན་སུམ་པར་རྟོགས་པ་སྟེ་རྟོགས་པ་རྣམ་པ་གཉིས་པོ་དེའི་མཐུ་དང་བྱིན་རླབས་ཀྱིས་སློབ་མ་ལ་ཕན་འདོགས་ཤིང་དབང་སོ་སོའི་གོ་བརྡའ་འཕྲོད་པར་བྱེད་པ་ནི་དེ་མ་ཐག་པའི་རྐྱེན་ཏེ། དེ་ལྟ་བུའི་རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་དངོས་གྲུབ་ཐོབ་རུང་གི་ནུས་པ་རྒྱུད་ལ་སྨིན་ན་ལམ་དང་འབྲས་བུའི་གོ་འཕང་གི་ཆོས་མཐའ་དག་པའི་ཡོན་ཏན་བསྐྱེད་ནས་རྟོགས་པའི་དབང་མཆོག་ཐོབ་པའི་ཚུལ་རང་ཤར་ལས། རྟོགས་པ་ཡེ་ཤེས་དབང་མཆོག་ནི། །ཅིར་སྣང་རིག་པར་ཤེས་པའོ། །རིག་པ་


JLAZ003_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དགག་བསྒྲུབ་མེད་པ་ནི། །དབང་རྣམས་དུས་གཅིག་རྫོགས་པའོ། །དབང་རྣམས་གྲོལ་བྱེད་གདམས་ངག་གོ །དམིགས་མེད་དཀྱིལ་འཁོར་ཆེན་པོ་ཉིད། །དབང་ཉིད་རང་ལ་ཡོད་པའོ། །ཞེས་སོ། །དེའང་སྦས་དོན་དུ་རྟེན་དང་བརྟེན་པ་འདག་ཚུལ་གྱི་སྒོ་ནས་གཉེན་པོ་གྲངས་ངེས་ལྟར་གཞག་པ་ནི་གསང་བ་སྒྱུ་འཕྲུལ་བའི་ལུགས་ཀྱི་ཕན་ནུས་ཀྱི་དབང་བཅོ་ལྔ་དང༌། གསང་དབང་གསུམ་རླུང་སེམས་རྩ་དང་ཐིག་ལེའི་རང་བཞིན་དང་དག་བྱ་དག་བྱེད་དུ་སྦྱར་བའི་ཚུལ། གཉེན་པོ་གྲངས་ངེས་སྒོ་ནས་བཞག་པ་ནི། ལུས་ཀྱི་གཙོ་བོར་གྱུར་པ་རྩ་ཡིན་ཏེ། །རྩ་ཡི་རྣམ་པ་ཡི་གེའི་གཟུགས་སུ་གནས། །དེ་ལ་རླུང་བརྟེན་རླུང་ལ་ཁམས་རྣམས་བརྟེན། །ཁམས་ལ་དོན་དམ་བྱང་ཆུབ་སེམས་བརྟེན་བཞི། །ཞེས་སྨོས་ནས། དེ་ལ་སྤྱིར་འགྲོ་བ་རྣམས་རང་རང་གི་ལས་དང་འཁྲུལ་པའི་དབང་གིས་གནས་རིགས་དྲུག་ཏུ་འཁོར་བ་ལས། ཁྱད་པར་མཐོ་རིས་ཀྱི་རྟེན་ཁམས་དྲུག་ལྡན་རྣམས་ནི་མངལ་གནས་འཛིན་པའི་ཐོག་མར་མིག་གཉིས་དང་ལྟེ་བའི་རྩ་མདུད་ཆགས་ཏེ་དེ་ལས་ལུས་རྣམས་བསྐྱེད་པས་ན་གནས་པ་རྩ་ནི་ལུས་ཀྱི་དག་བྱའི་གཙོ་བོ་ཡིན་པས་དེའི་གཉེན་པོར་སྐུ་རྡོ་རྗེ་བུམ་པའི་དབང༌། དེ་ལ་གཡོ་བྱེད་ཀྱི་རླུང་བརྟེན་ནས་བྱེད་ལས་སྣ་ཚོགས་སུ་ཤར་བ་ནི་ངག་གི་དག་བྱའི་གཙོ་བོ་ཡིན་པས་དེའི་གཉེན་པོར་གསུང་རྡོ་རྗེ་གསང་བའི་དབང༌། དེ་


JLAZ003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀོད་པ་བྱང་ཆུབ་ཀྱི་སེམས་ཁམས་ཀྱི་དངས་མ་ཆེན་པོ་བརྟེན་པས་རྩ་ཡུར་བ་ལྟ་བུའི་ནང་དུ་ཁམས་རགས་པ་ཆུ་རྒྱུན་ལྟ་བུ་དེ་རླུང་གིས་བསྐྱོད་ནས་འགྲོ་འོང་ཅན་དུ་གནས་པ་དེའི་གཉེན་པོར་ཐིག་ལེ་བདེ་བ་ཆེན་པོར་དག་ཅིང་སྨིན་པ་ཐུགས་རྡོ་རྗེ་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེ་དང་རྗེས་སུ་མཐུན་པར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱང་རླུང་གི་ཆ་དེས་ཁུར་ནས་སྐྱོན་ཡོན་སྣ་ཚོགས་བསྐྱེད་པ་ནི་ཡིད་ཀྱི་དག་བྱ་ཡིན་ནོ། །དེའི་གཉེན་པོར་ཡེ་ཤེས་རྡོ་རྗེ་དབང་བཞི་པས་སེམས་དག་ཅིང་སྨིན་པར་བྱེད་པས་དབང་བཞིར་བྱུང་བ་སྟེ། དེ་སྐད་དུ་སྒྱུ་འཕྲུལ་ཆེན་མོ་ལས། རོ་མ་རྐྱང་མ་ཀུནྡྷར་མ། །འཁོར་ལོ་སོ་སོའི་དཀྱིལ་དག་ན། །ཀ་བའི་ཚུལ་དུ་གནས་པ་ལ། །ཡལ་ག་འདབ་མ་གྲངས་ལས་འདས། །ཁམས་དང་རླུང་ནི་འབབ་པ་ཡི། །ཡེ་ཤེས་རྩ་ནི་སྟོང་ཕྲག་གཅིག །བདུན་ཅུ་རྩ་གཉིས་བསྒྲེས་པ་ཡི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང༌། །འགྱུ་བ་ཆེན་མོར་འདོད་པ་སྟེ། །གཞན་ནི་བཞི་སྟོང་བརྒྱད་ཁྲིའོ། །ཞེས་པས་རྩ་རླུང་ཐིག་ལེའི་བཞུགས་ཚུལ་བསྟན་ལ། དེ་ཟབ་དབང་དུ་བསྐུར་བའི་ཚེ་རླུང་སེམས་རྩ་ཐིག་ལ་བརྟེན་པ་ལུས་དཀྱིལ་དང་འབྲེལ་བའི་ཚུལ་ལམ་རིམ་ལས། གནས་རྟེན་རྩ་དང་ཐིག་ལེ་ལ། །བཅུ་དབང་ལྔ་གསུམ་དབང་རྣམས་ལྡན། །ཞེས་སོ། །གཉིས་པ་དབང་བཞི་སོ་སོའི་ངེས་པ་བྱེ་བྲག་ཏུ་བཤད་པ་ནི། སྔགས་ནི་འདོད་ཡོན་གྱི་ལམ་ཡིན་པས་གནས་རིགས་སོ་སོའི་འདོད་


JLAZ003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་རྣམ་པ་བཞིའི་དག་བྱ་དག་བྱེད་ཀྱི་ངོས་ནས་དབང་བཞིར་ངེས་པའི་ཚུལ་སྡོམ་པའི་རྩ་རྒྱུད་ལས། དགོད་དང་བལྟ་དང་ལག་འཛིན་དང༌། །འཁྱུད་དང་གཉིས་སྤྲོད་ལ་སོགས་ལ། །དབང་བཞི་བསྐུར་བར་གྱུར་པ་ཡིན། །ཞེས་པ་ལྟར་ལས། དབང་པོ་བུམ་པའི་དབང་གི་རང་བཞིན་སྟོན་པའི་ཕྱིར། འདོད་པའི་ཁམས་ཀྱི་གང་ཟག་རང་རྒྱུད་པ། །ཀུན་ལ་འདོད་ཆགས་རྣམ་བཞིར་གནས་པ་སོགས། །དག་བྱ་དག་བྱེད་ལ་བརྟེན་ངེས་པ་ཡང༌། །དང་པོ་བལྟས་པས་ཚིམ་པའི་འདོད་ཆགས་ནི། །གཞན་འཕྲུལ་དབང་བྱེད་པ་ལ་གནས་པ་སྟེ། །རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་བུམ་པའི་དབང༌། །བསྐུར་བས་གཙོ་བོར་ལུས་ཀྱི་སྒྲིབ་པ་འདག །སྣོད་བཅུད་བརྟན་གཡོ་ཕུང་ཁམས་སྐྱེ་མཆེད་ཀུན། །གདན་གསུམ་ཚང་བའི་དཀྱིལ་འཁོར་གཅིག་ཏུ་ཤར། །སྣང་སྟོང་ཟུང་འཇུག་ངོ་བོ་ཉིད་གསུམ་གྱི། །གྲུབ་མཐའ་འཁོར་འདས་གཉིས་མེད་ཆེན་པོ་ལ། །འདའ་དཀའ་འོད་ཀྱི་གོང་བུ་སྒྲ་ཡིས་འཕོ། །རྩ་ཡི་འགྲོས་ཐིམ་བསྐྱེད་རིམ་སྤྲུལ་པའི་སྐུ། །མཁའ་ཁྱབ་སྐུ་ཡི་རྡོ་རྗེ་འདུས་མ་བྱས། །ཞེས་སྨོས་ནས། དེ་ལ་གཞན་འཕྲུལ་དབང་བྱེད་པ་རྣམས་ནི་གཅིག་ལ་གཅིག་བལྟ་བའི་འདོད་ཆགས་ཀྱིས་གདུང་


JLAZ003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པས། དག་བྱ་དེའི་གཉེན་པོར་དག་བྱེད་བུམ་པའི་དབང་གི་ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར་རྡུལ་ཚོན་ནམ། དེའི་ཟླས་དྲང་བའི་ཆུ་ཚོན་གྱི་དཀྱིལ་འཁོར་དུ་བསྐུར་བ་སྟེ་རང་ཤར་ལས། གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཅེས་པའི་བར་གྱི་ཞི་ཁྲོའི་དཀྱིལ་འཁོར་གཉིས་བསྟན་ཏོ། །ཆུ་ཚོན་ནི་མི་གཡོ་བླ་མེད་ལས། ཡང་ན་དཀྱིལ་འཁོར་བྲི་བྱ་བ། །རས་བྲིས་ཚུལ་དུ་བྲི་བར་བྱ། །ཞེས་སོ། །དེ་ཡང་སྔོན་ནས་གོམས་པའི་རང་བཞིན་ཤེས་ཤིང༌། བློ་ཆེན་གྱི་སྐལ་པས་རྒྱུད་དག་པ་ཁ་ཅིག་ལ་ནི་ལུས་དཀྱིལ་ཉིད་ཀྱང་བསྔགས་པའི་ཚུལ། དུས་ཀྱི་འཁོར་ལོ་ལས། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པས་མིན། །ཞེས་པའི་བུམ་དབང་ཕྱག་རྒྱ་མའི་ལུས་དང༌། བུམ་པའང་ནུ་མ་ལ་བཤད་པའི་ཕྱིར་རོ། །དེ་བས་ན་གང་ཟག་གི་བྱེ་བྲག་ལ་ལྟོས་ནས་འཇུག་ཚུལ་མ་ངེས་པ་ཉིད་ཀྱང་ད་ནི་སྙིགས་མ་ལྔའི་མཐར་ཐུག་པས་འཕགས་པའི་རྒྱུད་ལྡན་གྱི་བླ་མ་དང༌། སློབ་མ་ཡང་ལས་སད་གཅིག་ཅར་བ་ཤིན་ཏུ་དཀོན་པས་ཚོན་དཀྱིལ་ཁོ་ན་ལ་


JLAZ003_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་བྱ་བའོ། །ཇི་ལྟར་བསྐུར་བའི་ཚུལ་ནི་སློབ་མས་སློབ་དཔོན་ལ་མཎྜལ་དབུལ་བ་ལ་སོགས་པའི་དབང་གི་སྔོན་དུ་འགྲོ་བ་རྣམས་ཆོ་ག་སོ་སོའི་རང་ལུགས་བཞིན་ལ་རྒྱས་པའི་ཡན་ལག་ཏུ་སློབ་མའི་བྱུར་དང་སྡིག་པ་སྦྱང་བའི་རིམ་པ་རབ་ཏུ་གནས་པ་བཞིན་འཆད་པའང་ཡོད་ལ། དབང་གི་དོན་དུ་གསོལ་བ་གདབ་ཚུལ་ཁྱབ་ཆེ་བ་ནི། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་ཡོངས་སུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་པ་སྟེ། དེ་ལ་བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་སྟེ། དེས་སངས་རྒྱས་མི་བསྐྱོད་པ་ལ་སོགས་པ་ལ་མཆོད་པ་ཆེན་པོ་དབང་གི་བྱ་བ་བསྩལ་པ་སྟེ་ཇི་ལྟར་བསྐུར་བ་དེ་བཞིན་དུ། བདག་ཀྱང་འཁོར་བའི་རང་བཞིན་ལས་རབ་ཏུ་བསྒྲལ་བའི་ཕྱིར། ནམ་མཁའི་རྡོ་རྗེ་ཞེས་སློབ་དཔོན་ལ་རྡོ་རྗེ་འཆང་དང་རྣམ་དབྱེ་མེད་པར་བོས་ནས་དེང་བདག་སྩོལ་ཏེ་གནས་སྐབས་གཞན་དུ་མ་ཡིན་པར་སྟན་ཐོག་འདི་ཉིད་དུ་བདག་ལ་དབང་བསྐུར་བ་སྩོལ་ཞེས་པའི་དོན་དུ་སྒྲོན་གསལ་ལས་བཤད་དོ། །དེ་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲུས་དཀྱིལ་རེ་ཁཱ་གྲུ་བཞི་བ་སྣ་ཚོགས་པདྨས་མཚན་པའམ། ཡང་ན་རྟ་བབས་མེད་པའི་སྒོ་ཆུད་


JLAZ003_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་ནུབ་བསྟན་གྱི་དབུས་སུ་པདྨ་འདབ་བརྒྱད་དང༌། ཤར་ལ་སོགས་པའི་སྣམ་བུ་ལ་རིགས་ལྔའི་མཚན་མ་ཕྱོགས་ཀྱིས་མཚོན་པར་བྱས་པའི་མཚམས་བཞི་པོར་ཡུམ་བཞིའི་མཚན་མ་རྡུལ་ཚོན་ནམ། འབྲས་ཕྱེའི་ཁུ་བས་བྲིས་པའི་སྟེང༌། དབང་སྟེགས་ཀྱི་ཤིང་སྟན་ལ་པདྨ་འདབ་བརྒྱད་དམ། ཟླ་དཀྱིལ་བྲིས་པས་བཀབ་པའི་སྟེང་སློབ་མ་དངོས་སུ་བཞག་པའམ། མ་བདེ་ན་མོས་པས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བྱའོ། །དེ་ནས་དབང་བསྐུར་བ་དངོས་ནི། སྐུ་རྡོ་རྗེ་སྤྲུལ་སྐུའི་ངོ་བོ་བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་ལྷས་བུམ་དབང་བསྐུར་པའི་དགོངས་པ་གཏད་ནས་ཐུགས་ཀ་ལ་སོགས་པ་ནས་རིགས་ལྔ་སོ་སོའི་ངོ་བོ་ཉིད་ཀྱི་དབང་རྫས་རྣམས་བྱུང་བར་མོས་ཤིང་སློབ་མ་ཡང་ལྷག་པའི་ལྷ་གང་ཡིན་དུ་གསལ་ནས་བསྐུར་བའམ། སྤྲོ་ཞིང་ནུས་ན་སློབ་མ་ལ་སྔར་ལྟར་ནང་དབང་བསྐུར་བའི་དམིགས་པས་རྡོ་རྗེའི་ལམ་ནས་བརྒྱུད་རིག་མའི་པདྨར་བཞག་པ་མི་དམིགས་པའི་ངང་ལས་ཆོ་ག་གསུམ་གྱི་དབང་རྫས་དང་མཐུན་པའི་ལྷར་བསྐྱེད་ནས་དབང་བསྐུར་བའི་དོན་དུ། སློབ་དཔོན་གྱིས་དབང་ལྷ་ལ་གསོལ་བ་གདབ་པ་ནི། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །ཞེས་པའི་རྐང་པ་བཞི་བརྗོད་པ་དང་ལྷན་ཅིག་སྙིང་གའི་འོད་ཟེར་གྱིས་ཕྱོགས་


JLAZ003_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་རྣམ་པར་སྟེང་གི་ནམ་མཁའ་ལ་གསར་དུ་སྤྱན་དྲངས་པས་དབང་གི་བྱ་བ་བྱེད་པར་མོས་པའི་ཕྱོགས་གཉིས་ཡོད་དེ། དེ་ལ་གདན་གསུམ་ནི། ཕུང་ཁམས་གཤེགས་པ་གཤེགས་མའི་གདན། །སྐྱེ་མཆེད་སེམས་དཔའ་སེམས་མའི་གདན། །ལུས་དབང་བྱ་བ་དང་བཅས་སམ། །ཡན་ལག་ཁྲོ་བོ་ཁྲོ་མོའི་གདན། །ཞེས་པས་རྒྱུ་དུས་ཀྱི་ཕུང་པོ་ལྔ་དང་ཁམས་ལྔ་ནི། འབྲས་བུའི་དུས་ན་སངས་རྒྱས་མི་བསྐྱོད་པ་ལ་སོགས་པའི་སྟངས་དཔྱལ་ལྔ་དང༌། སྐྱེ་མཆེད་རྣམས་ནི་རྣམ་ཤེས་དག་པའི་ནང་སེམས་བཞི་དང༌། དབང་པོ་དག་པའི་ཕྱི་སེམས་བཞི། དེ་ལ་ཡུལ་བཞི་དང༌། དུས་བཞི་གནས་སུ་དག་པའི་སེམས་མ་བསྡམས་པའི་སྟངས་དཔྱལ་བརྒྱད། ཡན་ལག་བཞི་ནི་ལུས་ཀྱི་རྣམ་ཤེས་དང༌། དབང་པོ་དང༌། རེག་བྱ་དང༌། རེག་ཤེས་བཞི་གནས་སུ་དག་པའི་སྒོ་བ་བཞི་སྟེ། དེ་ལ་རྟག་པར་བལྟ་བ་དང༌། ཆད་པར་བལྟ་བ་དང༌། བདག་ཏུ་བལྟ་བ་དང༌། མཚན་མར་བལྟ་བ་བཞི་གནས་སུ་དག་པའི་ཡུམ་གྱིས་བསྡམས་པའི་སྟངས་དཔྱལ་བཞི་སྟེ་གདན་གསུམ་ཚང་བའི་ལྷ་སུམ་ཅུ་སོ་བཞི་ལས། སངས་རྒྱས་རྣམས་ཀྱིས་ནི་དབང་


JLAZ003_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་ནི་བཞེངས་ནས་བུམ་པ་ཡོ་བར་བཟུང་སྟེ་དབང་བསྐུར། དབང་ཡུལ་གྱི་སེམས་དཔའ་སེམས་མ་རྣམས་ཀྱིས་ནི་བཀྲ་ཤིས་པའི་གང་ཞིག་ལ་སོགས་པའི་ཚིག་གིས་མེ་ཏོག་གཏོར་ཞིང་ཤིས་པ་བརྗོད། ལས་དབང་གི་ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་པར་མོས་ཤིང་དབང་སོ་སོའི་མཇུག་ཏུ་དབང་ལྷ་ཡང་སློབ་མ་ལ་བསྟིམ་པ་ཡིན་ནོ། །དེ་ཡང་དབང་ལྷ་གསར་དུ་སྤྱན་དྲངས་ཀྱང་མཐའ་གཅིག་ཏུ་གདན་གསུམ་ཚང་བའི་རྣམ་པ་དང་གྲངས་ངེས་ཅན་དུའང་མ་ངེས་ཏེ། རྡོ་རྗེ་སྙིང་པོ་རྒྱན་ཀྱི་རྒྱུད་ལས། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །ཞེས་གསུངས་པས་ཤེས་སོ། །དེ་ལ་དབང་བསྐུར་བའི་ཚིག་གིས་དབུགས་འབྱིན་པ་ནི། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ་ཞེས་རྐང་པ་བཞིའི་དོན་ནི། དབང་བསྐུར་པ་ནི་རྡོ་རྗེ་སྟེ་འདོར་དུ་མི་རུང་ལ། གཞོམ་གཞིག་དང་བྲལ་བའི་དོན་དང༌། ཆེན་པོ་ནི་དེའི་སྤྱི་བོ་ན་གཞན་མེད་པས་སོ། །ཁྱད་པར་ཆེན་པོ་དེ་ནི་ཁམས་གསུམ་ཀུན་གྱི་རྒྱལ་པོར་གྱུར་པས་ཕྱག་བྱས་པའི་སྒྲས་བསྟན་ལ། རྡོ་རྗེ་ནི་རྡོ་རྗེ་འཆང་སྟེ་དེའི་གསང་བ་གསུམ་གྱི་ཡོན་ཏན་གང་ཡིན་པའི་རིགས་ལས་སྐྱེས་པ་འདི་ནི་དེང་ཁྱོད་ལ་སྦྱིན་པར་བྱའོ། །ཞེས་པའི་དོན་


JLAZ003_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །ཚིག་འདི་ནི་རིག་དབང་ལྔ་ཀའི་མགོར་སྦྱར་བའང་ཡོད་དོ། །དེ་ལ་ཕྱི་མ་ལྟར་ན་དབང་ལྷ་གསར་དུ་སྤྱན་དྲངས་པ་ལས་དབང་ཐོབ་ན་རྡུལ་ཚོན་གྱི་དཀྱིལ་འཁོར་དེ་ལ་དབང་ཐོབ་པར་ཅིས་འགྱུར་སྙམ་ན། དེ་དང་གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བའི་དགོངས་པ་གཏད་པས་དབང་ནི་དེ་ལས་ཐོབ་པ་ཁོ་ན་སྟཻ། དཔེར་ན་ཤེར་སྙིང་སྟོན་པ་ན། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་པ་ལྟར་ཏིང་ངེ་འཛིན་དེའི་མཐུ་ལས་སྤྱན་རས་གཟིགས་དང་ཤཱ་རིའི་བུས་འདྲི་བ་དང་ལན་ལྡོན་པའི་སྤཽབས་པ་ཐོབ་པས་ཆོས་ཀྱི་རྣམ་གྲངས་དེ་བྱུང་བ་ལྟ་བུའོ། །དོན་འདི་ཁོང་དུ་ཆུད་ན་ཆོས་ཐམས་ཅད་རྒྱལ་བའི་དགོངས་རྒྱུད་གཅིག་ཏུ་གནས་པ་ཡིན་ཏེ། སྒྲོན་མ་རྣམ་པར་བཀོད་པ་ལས། དགོངས་པ་བརྡའ་དང་སྙན་རྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་འབྱུང༌། །ཞེས་སོ། །ཅིའི་ཕྱིར་རིག་པའི་དབང་དུ་བཞག་ན། མ་རིག་པའི་རང་བཞིན་ལྔ་ཡོངས་སུ་གྱུར་པའི་ངོ་བོ་རིག་པའི་ཆོས་ཉིད་སངས་རྒྱས་ལྔ་དང་ཡེ་ཤེས་ལྔའི་བདག་ཉིད་དུ་སད་པར་བྱེད་པས་ན་དེ་སྐད་དུ་གྲགས་ཏེ་ཕྲེང་བ་ལས། སངས་རྒྱས་ལྔར་ནི་རྣམ་


JLAZ003_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི། །དབང་བསྐུར་ལྔ་ཐོབ་རྒྱུ་ལས་ནི། །མ་རིག་པ་དང་བྲལ་བས་ན། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་སོ། །དེའང་ཆུ་དབང་གིས་དྲི་མ་འཁྲུད་པ་དང༌། དབུ་རྒྱན་བསྐོན་པ་དང༌། རྡོ་དྲིལ་གཏོད་པ་དང༌། མིང་གདགས་པ་ལྔ་བོ་ནི་སྐྱེད་བྱེད་འགྲུབ་པའི་རྒྱུ་ཡིན་ལ། དབང་གི་ངོ་བོ་ནི་ཆུ་དབང་ལ་མཚོན་ན་སྤྱི་ཙམ་དུ་སློབ་མ་མི་བསྐྱོད་པར་བསྐྱེད་ནས་དབང་རྫས་མི་བསྐྱོད་པ་ཞུ་བའི་ཆུས་གཏོར་བླུད་བྱས་པས། དེའི་རྒྱུད་ཀྱི་རྣམ་ཤེས་ཀྱི་ཕུང་པོ་དང༌། ཉོན་མོངས་པ་ཞེ་སྡང་སྦྱོང༌། མེ་ལོང་ཡེ་ཤེས་མངོན་དུ་བྱས་པར་བསྒོམས་ཏེ། ཕྲེང་བ་ལས། རྣམ་རྒྱལ་བུམ་པ་བླངས་ནས་ནི། །པདྨའི་སྒོ་ནི་བཟང་པོ་ལ། །ཧཱུྃ་རྡོར་ལས་བྱུང་མི་བསྐྱོད་བསྒོམ། །རང་ཉིད་ཡེ་ཤེས་ས་བོན་གྱི། །འོད་ཟེར་ཡང་དག་བསྐུལ་ལས་བྱུང༌། །སླར་ཡང་ཡེ་ཤེས་སེམས་དཔའ་བསྒོམ། །མི་བསྐྱོད་པ་ཡི་རྣམ་པ་མཆོག །ཅེས་སོ། །དམིགས་བསལ་ནི་མེ་ཏོག་གང་ལ་ཕོག་པའི་ལྷར་བསྐྱེད་ནས་རང་གི་ལྷ་ཞུ་བའི་བུམ་ཆུ་སྤྱི་བོར་གཏོར་ཞིང༌། ཕྱི་ནང་གི་དྲི་མ་འཁྲུད་པར་བྱས་པ་ལས་དེའི་རྒྱུད་ཀྱི་དག་བྱ་དག་འབྲས་ཀྱང་ལྷ་དེ་དང་དེའི་རིགས་དང་ཡེ་ཤེས་ལ་སྦྱར་ཤེས་པར་བྱའོ། །དེའང་དེ་བཞིན་གཤེགས་པ་ལ་ཕོག་ན་རིན་ཆེན་གྱི་ཅོད་པན་ནམ་དབུ་


JLAZ003_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན། དེ་བཞིན་གཤེགས་པའི་རྡོ་རྗེ། དེས་མཚོན་པའི་དྲིལ་བུ་དང་མིང༌། དེ་བཞིན་གཤེགས་པའི་རིགས་ལ། དེ་བཞིན་གཤེགས་པ་ལྔའི་ཅོད་པན་དང༌། དང་པོའི་རྡཽ་རྗེ་དང༌། དེས་མཚོན་པའི་དྲིལ་བུ་དང་མིང༌། རྡོ་རྗེའི་རིགས་ལ་སངས་རྒྱས་ལྔ་དང༌། རྡོ་རྗེ་ཕྲེང་བའི་ཅོད་པན་དང༌། ཁྲོ་བོའི་རྡོ་རྗེ་དང༌། ཁྲོ་བོའི་དྲིལ་བུ་དང་མིང༌། པདྨའི་རིགས་ལ་འོད་དཔག་མེད་དང༌། པདྨའི་ཕྲེང་བའི་ཅོད་པན། རྡོ་རྗེ་པདྨ་དང༌། པདྨའི་དྲིལ་བུ་དང་མིང༌། ནོར་བུའི་རིགས་ལ། རིན་ཆེན་མྱུ་གུའི་ཅོད་པན་དང་མིང་རྡོ་རྗེ་རིན་ཆེན་དང༌། རིན་ཆེན་དྲིལ་བུ་དང་མིང༌། ལས་ཀྱི་རིགས་ལ་སྣ་ཚོགས་རྡོ་རྗེའི་ཅོད་པན་དང༌། སྣ་ཚོགས་རྡོ་རྗེ་དང༌། སྣ་ཚོགས་དྲིལ་བུ་དང་མིང་གིས་དབང་བསྐུར། དེའང་མིང་དབང་ནི། མེ་ཏོག་ཕོག་པའི་རིགས་ཀྱི་མིང་གི་མགོ་བོར་ཀྱཻ་ཞེས་བོད་པའི་སྒྲ་དང༌། དཔལ་དང་རྡོ་རྗེའི་མགོ་ཅན་དུ་གདགས་པའི་ཚུལ་དཱ་རི་ཀ་པས། དཔལ་དང་རྡོ་རྗེའི་སྒྲ་ལྡན་པར། །སློབ་དཔོན་གྱིས་ནི་ལན་གསུམ་བརྗོད། །ཅེས་པ་ལྟར་རྡོར་དྲིལ་མགོ་ཐོག་ཏུ་བཟུང་ནས་ལན་གསུམ་བརྗོད་པ་ཡིན་ནོ། །དེ་བཞིན་དུ་དབུ་རྒྱན་སོགས་ལའང་སློབ་མ་རིན་འབྱུང་དང༌། ཚོར་བའི་ཕུང་པོ་སོགས་དག་བྱ་དག་འབྲས་


JLAZ003_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཤེས་པར་བྱ་བའི་ཚུལ་ཕྲེང་བར། ས་བོན་ཏྲཱཾ་ལས་བྱུང་བ་ཡི། །རིན་ཆེན་འབྱུང་ལྡན་བསྒོམས་ནས་ནི། །རི་མོ་དར་སོགས་ཅོད་པན་ཡང༌། །སློབ་མའི་མགོ་ལ་སྦྱིན་པར་བྱ། །སོགས་རིམ་པར་གསུངས་སོ། །དེ་ལྟར་རིག་པའི་དབང་ཐོབ་པས་དེའི་རིགས་སུ་སྐྱེས་པའི་ཕྱིར་རིགས་ཀྱི་བྱ་བ་ལས་མི་འགོང་ཞིང་དེའི་ཡན་ལག་གི་དམ་ཚིག་དྲང་ངེས་གཉིས་ལས་རྣལ་འབྱོར་རྒྱུད་ཀྱི་རང་ལུགས། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་པ་ལོག་པར་མི་སྤྱད་ཅིང༌། །རྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཀྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །ཞེས་བསླབ་པའི་གཞི་ལྔ་ལ་བསླབ་ཅིང༌། རྩེ་མོ་ལས་ཀྱང༌། བསླབ་པ་ལྔ་ལ་རྣམ་པར་གནས། །ཞེས་པས་བླ་མེད་དང་ཡང་ཐུན་མོང་ཡིན་ནོ། །དབང་བར་བྱེད་པའི་ཆ་ནས་ཕུང་པོ་ལྔ་དང་འབྱུང་བ་ལྔ་གནས་འགྱུར་ཐོབ་པའི་འབྲས་བུ་དེ་བཞིན་གཤེགས་པ་ལྔའི་སྤངས་རྟོགས་ཀྱི་རང་བཞིན་ལ་སྦྱོར་བའོ། །དེ་ལྟ་ནའང་མཐར་གྱི་ནི་གོ་བ་དེ་ཙམ་གྱིས་ཉོན་མོངས་པ་དང་མ་རིག་པའི་ཆ་བཟློག་མི་ནུས་ཏེ། དེས་ནི་སྦྱང་གཞི་སྦྱོང་བྱེད་ལྟར་འཛིན་པའི་གཉིས་སུ་སྣང་བ་མ་སྤངས་པའི་ཕྱིར་རོ། །འདི་ལྟར་ཆུ་དབང་ལ་མཚོན་ན་


JLAZ003_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་གཞིའི་རྣམ་པར་ཤེས་པ་དང༌། ཞེ་སྡང་དེ་མ་རིག་པ་གློ་བུར་བས་བསླད་པའི་བློའི་འཛིན་སྟངས་ཀྱིས་དེ་དང་དེར་གཟུང་བ་ཉིད་ལས། ཡུལ་ཐོག་ཏུ་ཡེ་ནས་གྲུབ་མ་མྱོང༌། སྲིད་པའི་རང་བཞིན་ནི་མེད་བཞིན་དུ་འཁྲུལ་སྣང་གིས་བསྐྱེད་པ། ཐག་ཁྲ་ལ་སྦྲུལ་ལམ། ཐོ་ཡོར་ལ་སྐྱེས་བུར་གཟུང་བ་ལྟར་རྣམ་པར་ཤེས་པའི་ཕུང་པོ་ཡང་རང་གི་མཚན་ཉིད་ཀྱིས་མ་གྲུབ་བཞིན་དུ་གྲུབ་པ་ལྟར་སྣང་བའི་ཆོས་ཉིད་གང་ཡིན་པའི་མཚང་རིག་ནས་སྒྱུ་མ་ལྟ་བུར་མངོན་སུམ་དུ་མཐོང་བ་ནི་སངས་རྒྱས་མི་བསྐྱོད་པའི་དེ་ཁོ་ན་ཉིད་དང༌། རྣམ་ཤེས་དེ་ལས་རྐྱེན་གྱིས་མཆེད་པའི་ཞེ་སྡང་ཉིད་ཀྱང་གློ་བུར་དུ་བློས་འཁྲུལ་པས་བརྟགས་པ་མ་གཏོགས་ཡུལ་རང་ངོས་ནས་མ་གྲུབ་པ་གང་ཞིག་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་ཀྱི་མཁྱེན་ཆ་ཙམ་དུ་ཇི་སྙེད་པའི་ཆོས་སྟོན་པར་མཛད་པའི་ཐུགས་ཀྱི་ཆ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་རྣམ་གྲངས་བའི་དོན་དམ་གྱིས་བཏགས་པ་ནི་གནས་སྐབས་ཀྱི་སྦྱང་གཞི་སྦྱོང་བྱེད་ཡིན་ལ། དེ་ལས་མཐར་གཏུགས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའམ། རབ་ཏུ་མི་གནས་པར་གྲུབ་པས་སྦྱང་གཞི་དང་སྦྱངས་འབྲས་གཉིས་ཀར་བཞག་ཏུ་མེད་དེ། རེ་ཞིག་བྱིས་པ་སྐྲག་པ་སྤང་ཕྱིར་རིགས་ལྔ་དང་ཡེ་ཤེས་ལྔའི་རྣམ་པར་གཞག་པ་ཙམ་ལས་བློའི་ངོ་ནས་གཞལ་


JLAZ003_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡུལ་ལས་འདས་པའི་ཕྱིར་སློབ་དཔོན་འཕགས་པས། དེ་ཕྱིར་གཞན་པས་ཆོས་འདི་དག །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །ཞེས་གསུངས་སོ། ། ཚུལ་འདི་ལྟ་བུ་མ་ཤེས་ན་རྡོ་རྗེ་ཐེག་པའི་ལམ་ནི་དྲང་དོན་གྱི་ཁ་དྲང་བ་ཙམ་མ་ཡིན་པར་རྒྱ་ཆེ་བའི་རང་བཞིན་དུ་བཤད་པ་དག་ཀྱང་ཟབ་མོའི་དེ་ཁོ་ན་ཉིད་འབའ་ཞིག་ཏུ་འབབ་ཅིང་དེའི་ལམ་གྱི་ལུས་མ་ལུས་ཤིང་ལུས་པ་མེད་པ་ཡང་དབང་གི་རང་བཞིན་ལ་རྫོགས་པ་ཁོང་དུ་མི་ཆུད་དོ། །དེ་ལྟར་རིག་པའི་དབང་ལྔའི་སྟེང་དུ་དྲི་མ་དང་བཅས་པའི་ཡེ་ཤེས་ཀྱི་ཁམས་རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་དུ་སྦྱང་བའི་ཕྱིར་ཐ་མལ་གྱི་སྤྱོད་པ་བརྟུལ་ནས་རྡོ་རྗེ་སེམས་དཔའི་ཁྱད་པར་གྱི་སྤྱོད་པའི་ཚུལ་འཇུག་པ་བརྟུལ་ཞུགས་ཀྱི་དབང་ལུང་བསྟན་དང༌། དབུགས་དབྱུང་དང༌། རྗེས་གནང་དང་བཅས་པའི་སློབ་མའི་དབང་དྲུག་གོ །དེའང་ཐབས་དེ་ལས་བྱུང་བ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་སྟེ། སློབ་དཔོན་དུ་འོས་པ་གང་ཞིག་ལ་སྔར་ལྷག་གནས་ཀྱི་སྐབས་སུ་སློབ་དཔོན་ཀྱི་སྡོམ་པ་བྱིན་ན་དེས་འཐུས་ལ། མིན་ན་གནས་སྐབས་འདིར་བསྒྲག་པར་བྱ་སྟེ་གཞན་དོན་ལ་རྗེས་སུ་གནང་བའི་མཐུ་བསྐྱེད་པའི་ཕྱིར་བུམ་པའི་བྱ་བ་གཙོ་བོར་བྱ་བ་དང༌། དམ་


JLAZ003_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གསུམ་འཛིན་པ་གཙོ་བོར་བྱ་བ་གཉིས་ལས། ཕྱི་མའི་དོན་གྱི་སློབ་དཔོན་གྱི་དབང་ཞེས་གསུངས་ཀྱིས། དེ་ཡང་འབྲས་བུ་ལ་ལྟོས་ནས་ཕྱིར་མི་ལྡོག་པའི་དབང་ཞེས་ཀྱང་བྱ་སྟེ་དཔེར་ན་མདོ་ལམ་དུ་མ་ངེས་པའི་རིགས་ཅན་ཡང་སྦྱོར་ལམ་ཐོབ་པ་ན་ཕྱིར་མི་ལྡོག་པར་བཤད་པ་བཞིན་ནོ། །དེ་སྐད་དུ་བརྟག་གཉིས་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །ཅེས་རྡོ་རྗེ་ཐུགས་ཀྱི་དམ་ཚིག་གསོར་བ་དང༌། དྲིལ་བུ་གསུང་གི་དམ་ཚིག་འཁྲོལ་བ་དང༌། གཉིས་ཀས་འཁྱུད་པ་ཕྱག་རྒྱའི་དམ་ཚིག་གསུམ་ལས་བྱུང་བའི་བདེ་སྟོང་གི་ཏིང་ངེ་འཛིན་གྱི་ཁྱད་པར་རིག་དབང་ལྔ་ལྟ་བུའི་རིགས་ཉི་ཚེ་བའི་འཁྱུད་རྒྱའི་རྣམ་པ་ཙམ་གྱི་བདེ་བ་མ་ཡིན་པར་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་དྲུག་པ་རྡོ་རྗེ་འཆང་དང་རྡོ་རྗེ་སྙེམས་མ་སྦྱོར་བའི་བདེ་སྟོང་གི་ཡེ་ཤེས་ལ་ཡབ་ཀྱིས་བལྟ་བ་དང་ཡུམ་གྱིས་དགོད་པའི་སྒོ་ནས་སེམས་གཏད་པ་ནི་རྣལ་འབྱོར་བླ་མེད་ཀྱི་ཁྱད་པར་དུ་བྱས་པའི་བསྐུར་ཚུལ་ཏེ་དབང་སྟེགས་ལ་བཞག་ནས་རྣལ་འབྱོར་ཆེན་པོའི་ལྷ་ལུས་ལ་བཀོད་དེ་དམ་ཚིག་གསུམ་གཟུང་བ་ལ། དབང་ལྷ་སྤྱན་དྲངས་ནས་རང་རིགས་ཀྱི་བུམ་པའི་ཆུས་དབང་བསྐུར་རྗེས་


JLAZ003_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྷ་བསྟིམ་ནས་རིགས་བདག་གི་རྒྱས་འདེབས་བྱས་ལ་མཆོད་པས་ཞལ་བསྲོ། ལྷ་དང་གཞལ་ཡས་ཁང་དང་སློབ་དཔོན་གྱི་དེ་ཁོ་ན་ཉིད་བསྟན། སྔགས་དང༌། ཕྱག་མཚན་དང༌། མིང་དབང་བསྐུར་ནས་མིག་ཐུར་དང་མེ་ལོང་ལ་སོགས་པའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི་རྗེས་གནང་དང༌། རང་རང་གི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་གནང་བ་ལ་སོགས་པ་ནི་དེའི་ཡན་ལག་ཡིན་ལ། དེ་ཡང་སམ་བུ་ཊར། ཧཱུྃ་རྡོ་རྗེ་གསོར་བ་མཛེས་པ་སྟེ། །སེམས་ཅན་ཐམས་ཅད་བསྒྲལ་བར་བྱ། །རྣམ་ཐར་ཆོས་སུ་བྱེད་པ་སྟེ། །སྙིང་པོ་མཆོག་གི་རྡོ་རྗེ་ཟུང༌། །ཞེས་ཐུགས་ཀྱི་རང་བཞིན་བརྗོད་པ་དོན་གྱི་ཨེ་ཝཾ་དང༌། ཨཱཿཤེས་རབ་ཐབས་ཀྱི་ཆོ་ག་ནི། །འགྲོ་བ་རྣམས་ནི་སད་པའི་བདག །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་དོན་ཕྱིར་དཀྲོལ་པར་བྱ། །ཞེས་དྲིལ་བུའི་སྒྲ་ལས་ཐམས་ཅད་མཁྱེན་པའི་བརྗོད་པ་རྫོགས་པ་སྒྲའི་ཨེ་ཝཾ། ཨོཾ་ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །མཉམ་པར་བཞག་པ་ཧཱུྃ་གི་ལས། །ཕྱོགས་བཅུ་ཀུན་ཏུ་བསྒྲག་བྱ་སྟེ། །ཤེས་རབ་ཐབས་ཀྱི་སྒྲ་སྒྲོག་བྱ། །ཞེས་ཁ་སྦྱོར་གཟུགས་ཀྱི་ཨེ་ཝཾ་གྱི་རང་བཞིན་གང་ཡིན་པའི་ངེས་པ་མངོན་སུམ་པ་རྟོགས་ན། དམ་ཚིག་གསུམ་སྒྲ་ཇི་བཞིན་པར་གྱུར་ནས་བུམ་དབང་ཉིད་དུ་དབང་བཞིའི་ཟབ་གནད་རྫོགས་པར་དོན་གྱིས་


JLAZ003_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བས། རབ་ཏུ་གནས་པས་ལྷ་ལ་ཡེ་ཤེས་པ་གཞུག་པ་དང༌། དབང་གི་ཆོ་གས་གཞན་རྗེས་སུ་འཛིན་པ་དང༌། རྒྱུད་བཤད་པ་དང༌། ཚོགས་ཀྱི་འཁོར་ལོའི་དཔོན་དུ་འགྱུར་བས་ན། སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་བྱུང་བ་ཡིན་ལ། འོན་ཀྱང་དེ་ལྟར་རྟོགས་པར་བྱེད་པ་ལ་རྒྱུད་སྡེ་ཆེན་པོ་གཞན་དང་གཞན་དག་གི་དབང་བཞིའི་རིམ་པ་ལ་ནང་བྱན་ཆུད་པའི་གང་ཟག་དབང་པོ་རབ་ཏུ་གྱུར་པ་འགའ་ཙམ་ལས་ཐམས་ཅད་ནས་ཐམས་ཅད་ལ་དོན་དུ་མི་འགྱུར་བའི་ཕྱིར་འཆད་ཚུལ་དེ་ནི་རྒྱུད་སྡེ་ཕྱོགས་རེ་བའི་དགོངས་པར་བྱས་ནས་དབང་གོང་མ་གསུམ་མ་ཐོབ་པར་བླ་མེད་ཀྱི་རྒྱུད་རྫོགས་པར་ཉན་བཤད་དང་རྫོགས་རིམ་ཟབ་མོ་བསྒོམ་པ་ལ་མི་དབང་བར་འདོད་པ་ནི་དཔྱད་བཟོད་པ་ཉིད་དེ། དེ་དག་ལ་བུམ་དབང་གི་དངོས་བཞི་བདུན་ཞེས་གྲགས་སོ། །དེ་ལྟ་བུའི་བུམ་དབང་ནི་རི་མོ་དང་ལུས་ཀྱི་དཀྱིལ་འཁོར་གཉིས་སུ་འཐོབ་པ་ཡིན་ཏེ། སྦྱོར་བ་བདུན་པ་ལས། རི་མོ་དང་ནི་ལུས་ཀྱི་ལས། །དཀྱིལ་འཁོར་དུ་ནི་དེ་ཉིད་འཐོབ། །ཅེས་སོ། །སྒྲིབ་པ་གང་འདག་ན་སྲོག་གཅོད་པ་ལ་སོགས་ཏེ་ལུས་ཀྱི་ལས་སྔར་བསགས་སྦྱངས་ཤིང་རང་གི་དམ་ཚིག་ལས་འདའ་བར་མི་རུང་བས་ཕྱིན་ཆད་ཀྱི་རྒྱུན་ལམ་གཅོད། ལས་ཀྱི་སྒྲིབ་པ་འདག གནས་སྐབས་བཞི་ལས་སད་པའི་གནས་སྐབས་དང༌། དེའི་སྣང་བ་


JLAZ003_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་ཕུང་པོ་སོགས་ཤིན་ཏུ་རགས་པ་ཅན་ཡིན་པས་ལུས་ཀྱི་ཐིག་ལེའི་སྒྲིབ་པ་འདག ཕུང་པོའི་བདུད་འཇོམས་པ་སྟེ། སྲོག་གཅོད་ལ་སོགས་སྔ་ཕྱི་ཡི། །དག་དང་ཉེས་པར་མི་འགྱུར་རོ། །ཞེས་སོ། །དབང་བའི་ཆ་ནས་ནི་བསྐྱེད་རིམ་སྒོམ་པའི་སྣོད་དུ་རུང་ཞིང༌། གཟུགས་སོགས་ཕུང་ཁམས་སྐྱེ་མཆེད་ལ་རང་རྒྱུད་དུ་བལྟ་བ་ལས་གྲོལ། སྣང་སྲིད་དུ་སྣང་བའི་ཆོས་ཅན་ཀུན་རྫོབ་པ་ལས་དབེན་པར་བྱེད་པ་དང༌། སྦྱིན་སྲེག་ལ་སོགས་པའི་ཕྲིན་ལས་ཀྱི་ཡན་ལག་ལ་དབང་བ་སྟེ། སྦྱོར་གསུམ་ཡན་ལག་བཅས་པ་རུ། །གཟུགས་ལ་སོགས་པའི་ཡུམ་རྣམས་ཀྱི། །སྣང་སྲིད་དབེན་པས་རྟོགས་པའོ། །ཞེས་སོ། །དེའང་རང་གི་ལུས་ཕུང་པོ་ལྔ་དང་འབྱུང་བ་ལྔའི་རང་བཞིན་སངས་རྒྱས་རིགས་ལྔ་ཡབ་ཡུབ་གྱི་ངོ་བོ་ལ། རྟོག་ཚོགས་བྱང་ཆུབ་སེམས་དཔའ་བཅུ་དྲུག་ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་ཁྲོ་མོར་གྱུར་པའི་གདན་གསུམ་དང༌། དེ་ལས་འཕྲོས་པ་རྡོ་རྗེ་དབྱིངས་ཀྱི་ལྷ་ལྔ་བཅུ་དང༌། དམ་པ་རིགས་བརྒྱ་ལ་སོགས་པ་རྒྱུད་སྡེ་སོ་སོའི་གཞུང་ནས་འབྱུང་བའི་དག་བྱ་དག་འབྲས་ཀྱི་ལྷའི་འཁོར་ལོ་དབྱིབས་ཀྱི་ལམ་དུ་བསྒོམས་པས་གཟུགས་ཐམས་ཅད་སྣང་སྟོང༌། སྒྲ་ཐམས་ཅད་གྲགས་སྟོང༌། སེམས་ཐམས་ཅད་རིག་སྟོང་ཟུང་འཇུག་སྒྱུ་མའི་


JLAZ003_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རོལ་དུ་ཤར་བ་དེའང་གསལ་བ་ཙམ་གྱི་ཆ་ནས་སྣང་ཕྱོགས་ཀྱི་ངོ་བོ་བསྐྱེད་པ་དང་རང་བཞིན་མེད་པའི་ཆ་ནས་སྟོང་ཕྱོགས་ཀྱི་ངོ་བོ་རྫོགས་པ་དང༌། ལྷུན་གྱིས་གྲུབ་པའི་ཆ་ནས་ཟུང་འཇུག་གི་ངོ་བོ་བསྐྱེད་རྫོགས་བདེ་བ་དབྱེར་མེད་ཆེན་པོར་བལྟ་བའི་ལྟ་བ་ངོ་བོ་ཉིད་གསུམ་གྱི་ཕྱི་དོན་དུ་འཛིན་པའི་རྣམ་རྟོག་དང༌། དཀྱིལ་འཁོར་རང་གནས་ལ་སྒྲིབ་པའི་མུན་པ་བསལ་བ་སྟེ་འདོད་པའི་ཡོན་ཏན་ཐམས་ཅད་ཀྱང་ཐ་མལ་རང་རྒྱུད་དུ་མ་གོལ་བར་ཡུལ་དུ་སྣང་བ་ཡུམ༌། བཟའ་བཏུང་དང་རྒྱན་གོས་ལ་སོགས་པ་ཡབ་ཏུ་སྣང་བ་ཟུང་དུ་འཇུག་པའི་ཚུལ་གྱིས་དང་དུ་བླང་བར་བྱ་སྟེ། སྒྱུ་འཕྲུལ་ལས། གཟུགས་སྒྲ་དྲི་རོ་ལ་སོགས་པའི། །རྣམ་སྨིན་ཡུམ་དུ་ཤེས་པས་སྤྱད། །ཅེས་དང༌། གསང་བ་གྲུབ་པ་ལས། ཐ་མལ་པ་ཡི་ལུས་སྤངས་ནས། །ལྷ་རྫས་ང་རྒྱལ་ལྡན་ཡིད་ཀྱིས། །ཏིང་འཛིན་མཆོག་ལ་རྣམས་གནས་ན། །དེ་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་བུམ་དབང་གི་བྱེད་པས་ལུས་རགས་པ་སྐྱེད་བྱེད་ཀྱི་རྩའི་འགྲོས་རྣམས་དག་པས་ལུས་ཤིན་ཏུ་སྤྱངས་པའི་ཡོན་ཏན་འཐོབ་ནས་རྡོས་བཅས་ལ་ཐོག་པ་མེད། རྩ་ནང་དུ་རྒྱུ་བའི་ཁམས་ལྡོག་པས་ཆུ་བོ་གྱེན་ལ་ལྡོག རྡུལ་དབུ་མར་ཆིངས་པས་ཉི་མ་གཏེ་པར་འཛིན་


JLAZ003_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནི་དུ་མ་དང༌། དུ་མ་ནི་གཅིག་ཏུ་བྱེད་པར་ནུས། སྟོང་གསུམ་ཡུངས་འབྲུར་ཆུད་པ་སྟེ་འཇིག་རྟེན་ལས་འདས་པའི་ས་དྲུག་དང་གྲུབ་མཐའ་འཁོར་འདས་གཉིས་མེད་ལ་དབང་བསྒྱུར་བ་ཡིན་ལ། གལ་ཏེ་གྲུབ་མཐའ་མ་སྙོགས་ན་སྣང་བ་བསྒྱུར་བའི་འདའ་ཀ་མ། འོད་ཀྱི་གོང་བུའི་འདའ་ཀ་མ། སྒྲས་འཕོ་བའི་འདའ་ཀ་མ་གསུམ་གྱིས་འཕོ་བའི་ཕྱི་མ་དངོས་སུ་སྨོས་པ་སྟེ། མཐར་ཐུག་གི་འབྲས་བུ་ནི་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ལ་སྦྱོར་བའི་ཚུལ་གླང་པོ་རབ་འབོགས་ལས། རྩ་ཡི་འགྲོས་ཐིམ་དབྱིངས་ཀྱི་ལམ་དག་པ། །ལུས་ཀྱི་སྒྲིབ་བྱང་བསྐྱེད་རིམ་སྤྲུལ་པའི་སྐུ། །ཞེས་དང༌། སྦྱོར་བ་བདུན་པ་ལས། དེ་ཡི་རང་བཞིན་ངོ་བོ་ནི། །སྐུ་ཡི་རྡོ་རྗེ་རང་བཞིན་ནོ། །ཞེས་སོ། །བུམ་དབང་གི་དམ་ཚིག་ནི་རྩ་ལྟུང་བཅུ་བཞི་དང༌། སྦོམ་པོ་བརྒྱད་བསྲུང་བ་ཡིན་ནོ། །གཉིས་པ་གསང་དབང་སྟོན་པའི་ཕྱིར། བྷ་གའི་དཀྱིལ་འཁོར་ལ་བརྟེན་གསང་དབང་བསྐུར། །དགོད་པས་ཚིམ་པ་འཕྲུལ་དགའི་འདོད་ཆགས་དང༌། །ངག་གི་སྒྲིབ་སྦྱངས་བདག་བྱིན་རློབ་པའི་ལམ། །གཏུམ་མོས་གཟུང་འཛིན་རོ་རྐྱང་དབུ་མར་འཛུད། །རང་བྱུང་ཡེ་ཤེས་གྲུབ་མཐའ་མ་འདྲེས་རྫོགས། །འདའ་ཀ་དཔེ་ཡི་འོད་གསལ་ཆེན་པོའི་ངང༌། །ཡི་གེའི་འགྲོས་ཐིམ་


JLAZ003_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་པའི་སྐུ། །ཡན་ལག་དྲུག་ཅུར་རྫོགས་པའི་གསུང་རྡོ་རྗེ། །ཞེས་སྨོས་ནས། འདི་ལྟར་དགོད་པས་ཚིམ་པའི་འདོད་ཆགས་ནི་འཕྲུལ་དགའ་བ་ལ་ཡོད་པས། དག་བྱ་དེའི་གཉེན་པོར་དག་བྱེད་གསང་བའི་དབང་ནི་ཤེས་རབ་མའི་བྷ་གའི་དཀྱིལ་འཁོར་གྱི་ཐབས་ལ་བརྟེན་ནས་བསྐུར་བ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་དང༌། དུས་ཀྱི་འཁོར་ལོ་གཉིས་ཆར་ལས་གསུངས་ལ། དེ་སྐད་དུ་ཀློང་གསལ་ལས་ཀྱང༌། ཡུམ་མཁའ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་ཟབ་མོའི་དཀྱིལ་འཁོར་ཏེ། །ཡེ་ཤེས་བཞི་ཡི་རང་བཞིན་དུ། །གཉིས་སུ་མེད་པར་དབང་བསྐུར་རོ། །ཞེས་པ་ལྟར་རོ། །འཐད་པ་ནི་འདི་ལྟར་དངུལ་ཆུ་བཞུ་བཏུལ་གྱི་སྦྱོར་བ་མེད་པར་གསེར་འགྱུར་མི་འགྲུབ་པ་ལྟར་ཞུ་བ་མེད་པའི་བདེ་བ་དང༌། བདེ་བ་མེད་པའི་ཞུ་བ་ཡང་མེད་ལ། ཀུནྡ་ནི་རྩ་རྣམས་ཀྱིས་བསྡམས་པ་ལྟར་གནས་ཤིང༌། དེ་འཇུ་བ་ནི་རྗེས་ཆགས་ཀྱི་རྐྱེན་ལ་ལྟོས་དགོས་པས། ཚངས་པ་ལ་སོགས་པ་གཟུགས་ཁམས་པ་རྣམས་ཀྱི་ལུས་ཀྱི་བདེ་བ་ཡང་ཡིད་ལས་བྱུང་བའི་ཆུའི་བུ་དང་བུ་མོ་ལ་སོགས་པའི་རྐྱེན་གྱིས་ཀུནྡ་དངས་མའི་བདེ་བ་ཉམས་སུ་མྱོང་བའི་ཕྱིར་ན། མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་བྱེད་པ་ལ་ཞུ་བདེ་ལམ་དུ་བྱེད་དགོས་པས་


JLAZ003_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཐབས་སུ་འགྱུར་བ་ནི་རྣམ་པར་སྨིན་པའི་ལུས་ཀྱི་བདག་ཉིད་ཅན་གཞོན་ནུ་མ་ལང་ཚོ་དང་ལྡན་པའི་ཆུ་སྐྱེས་ཀྱི་དཀྱིལ་འཁོར་ལས་གཞན་མེད་དེ་གཏུམ་པོའི་རྒྱུད་ཀྱི་རྩ་བ་ལས། ཨེ་མ་བདེ་བ་སྐྱེས་ཙམ་གྱི། །བྱང་ཆུབ་མཆོག་ནི་ཐོབ་བྱེད་པའི། །བྱེད་པོ་བུད་མེད་དང་སྦྱོར་ལས། །གཞན་དུ་ནམ་ཡང་མ་ཡིན་ནོ། །སྒྱུ་མའི་དེ་ཉིད་ཐམས་ཅད་ལས། །བུད་མེད་སྒྱུ་མའི་དེ་ཉིད་བསྔགས། །ཞེས་སོགས་རྒྱ་ཆེར་ཡོད་དོ། །དེ་ཡང་སློབ་དཔོན་ཡབ་ཡུམ་གྱི་ལུས་དཀྱིལ་ལ་བརྟེན་པར་བཤད་པ་ནི་དངོས་གཞི་ལ་ལྟོས་ནས་དེ་གཉིས་ཀྱི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་རྫས་ཀྱི་དཀྱིལ་འཁོར་ཡིན་པའི་ཕྱོགས་ནས་བཤད་པའོ། །དེ་བས་ན་དབང་རྟེན་མཚན་ཉིད་དང་ལྡན་པ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུའི་ངོ་བོ་བླ་མ་ལ་དབུལ་བར་བྱ་སྟེ། ཕྱག་ཆེན་ཐིག་ལེ་ལས། བཞིན་བཟང་མིག་ནི་དཀྱུས་རིང་བ། །གཟུགས་བཟང་ལང་ཚོས་བརྒྱན་པ་ནི། །བཅུ་གཉིས་ཡང་ན་བཅུ་དྲུག་གམ། །མ་སྙེད་ཉི་ཤུ་ལོན་པའང་རུང༌། །ཉི་ཤུ་ཡན་ཆོད་ཕྱག་རྒྱ་གཞན། །དེས་ནི་དངོས་གྲུབ་ཐག་རིང་བྱེད། །སྲིང་མོ་ཡང་ནི་བུ་མོའམ། །ཆུང་མ་བླ་མ་ལ་དབུལ་བྱ། །ཞེས་སོ། །དེ་ཡང་ལང་ཚོ་དང་རྩའི་ཡོན་ཏན་ཁྱད་པར་བ་དང་ལྡན་པ་ནི་


JLAZ003_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བསལ་ཡིན་པས་མཐའ་གཅིག་ཏུ་མི་བཟུང་ལ། ཇི་ལྟར་ཡང་དེའི་རྒྱུད་སྦྱངས་ནས་གསང་སྒྲོག་ཏུ་མི་འགྱུར་བ་ནི་ངེས་པར་གལ་ཆེ་བ་ཡིན་ནོ། །དེ་ནས་ནམ་ཕྱེད་ཀྱི་ཚེ་ཡོལ་བའི་རིམ་པ་ལ་སོགས་པས་ཀྱང་གསང་བ་བསྲུངས་ཏེ་སློབ་མ་ལ་མིག་དར་བཅིངས་ནས་དེས་གསོལ་བ་གདབ། གསང་དབང་གི་རྫས་ཞུ་བདེའི་རྐྱེན་གྱིས་བསྒྲུབ་པའི་ཕྱིར་སློབ་དཔོན་ཡབ་ཡུམ་གྱི་ཕུང་ཁམས་སྐྱེ་མཆེད་གདོད་ནས་ལྷའི་དཀྱིལ་འཁོར་དུ་རྫོགས་པའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ནོར་བུའི་རྩེ་མོར་ཟླ་བའི་སྟེང་ན་ཧཱུྃ། ཡུམ་མཁའ་ཨཱཿལས་པདྨ་འདབ་མ་བརྒྱད་པའི་ཟེ་འབྲུར་ཉི་མའི་སྟེང་དུ་མཱུཾ། དེ་ནས་ས་མ་ཡ་ཧོ་ལ་སོགས་པའི་བརྡའ་དང་བརྡའ་ལན་གྱི་སྦྱོར་བ་བསྐུལ་ཏེ་ཡབ་ཡུམ་སོ་སོའི་ཐལ་གོང་དང༌། རྐེད་སྐབས་དང༌། དབང་པོའི་སྒོ་གཉིས་རེག་པའི་བདེ་བ་ཉམས་སུ་མྱོང་བ་སྟེ་ཕྱག་རྒྱ་བཞི་དང༌། འདུ་ཤེས་གསུམ་ལྡན་གྱི་ངང་ནས་སྙོམས་པར་འཇུག་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ། ཞེས་བརྗོད་ཅིང་དེ་བཞིན་གཤེགས་པ་ལྔས་མཚོན་པའི་སངས་རྒྱས་ཐམས་ཅད་ནམ་མཁའ་གང་བར་སྤྱན་དྲངས། རིགས་ཀྱི་ཡུམ་དང་སྙོམས་པར་ཞུགས་པ་བདག་ཉིད་ལ་བསྟིམ་


JLAZ003_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདོད་ཆགས་རྡོ་རྗེའི་རོས་ཚིམ། རྗེས་སུ་ཆགས་པ་ཆེན་པོའི་མེས་བཞུ་ནས་གནས་སོ་སོར་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང༌། དབུ་མའི་ལམ་ནས་རྡོ་རྗེ་ནོར་བུར་བརྟཻན་པའི་ལྷན་སྐྱེས་ཀྱི་བདེ་བ་ལ་མཉམ་པར་ཡང་ཡང་བཞག་ནས་རྩ་ཁམས་ཀྱི་དཔའ་བོ་མཁའ་འགྲོ་མཉེས་པར་བྱས་ཏེ་མཐར་སློབ་མ་ལ་དབང་བསྐུར་བའི་དོན་དུ་གནང་བ་ཞུས་ལ་ཡུམ་གྱི་ཆུ་སྐྱེས་སུ་དཔའ་བོ་མཁའ་འགྲོའི་ཚོགས་སྤྲིན་ལྟར་གཏིབས་པ་ལ་མཆོད་པའི་སྤྲིན་དུ་སྤྲོ་བར་བྱ་སྟེ་གསང་བ་འདུས་པ་ལས། རྡོ་རྗེ་པདྨའི་སྦྱོར་བ་ཡི། །རྡོ་རྗེ་ཅན་གྱི་ཡང་དག་བསྡུ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡི། །དེ་དག་ཐམས་ཅད་སྙིང་གར་བསྡུས། །རྡོ་རྗེའི་ལམ་ནས་ཕྱུང་ནས་ནི། །སློབ་མའི་ཁར་ནི་དབབ་པར་བྱ། །ཞེས་སོ། །དེ་ལྟ་བུའི་བདུད་རྩི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་ཞུ་བའི་ཁུ་བ་ཡིན་པས་སྐལ་མེད་ལ་བསྟེན་པ་ལྟ་ཅི། ཐོས་སུ་ཡང་མི་རུང་བས་གསང་བའི་སྒྲ་ཞུགས་ལ། སྐལ་ལྡན་གྱི་སློབ་བུའི་ལྕེ་ཐོག་ཏུ་བྱིན་པས་དག་བྱ་ངག་གི་རྩ་བ་དང༌། རྣམ་པར་ཤེས་པའི་རྟེན་དུའང་གྱུར་པའི་ནང་གི་འབྱུང་བ་རླུང་གི་ཁམས་ལ་འདྲེས་པས་ཆན་ལ་ཕབས་ཀྱིས་ཐེབས་པ་ལྟར་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུའི་སྤངས་རྟོགས་ཀྱི་ནུས་པ་ཁྱད་པར་ཅན་བཞག་པས་ན་དབང་ཞེས་བྱའོ། །


JLAZ003_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཡབ་ལས་ཐོབ་པ་ཐབས་བདེ་བ་ཆེན་པོའི་གསང་དབང་དང༌། ཡུམ་ལས་ཐོབ་པ་ཤེས་རབ་སྟཽང་པ་ཉིད་ཀྱི་གསང་དབང་དང༌། གཉིས་ཀ་ལས་ཐོབ་པའི་གཉིས་མེད་བདེ་བ་ཆེན་པོའི་གསང་དབང་རྣམ་པ་གསུམ་དུ་ཕྱེ་ན། དང་པོ་ནི་ཡུམ་གྱི་མཁའ་ནས་ཡབ་ཀྱི་ལྕེས་བླངས་པའམ། ཡང་ན་ཕྱག་ཆེན་ཐིག་ལེ་ལས། སྦོམ་པོ་ཐ་ལྟག་སྦྱར་བ་ཡིས། །ལོངས་སྤྱོད་ནང་དུ་གཞུག་པར་བྱ། །དེ་ཚེ་ཡང་དག་ཡེ་ཤེས་སྐྱེ། །བུ་མོའི་བདེ་བ་ཇི་ལྟ་བུ། །ཞེས་མཐེབ་སྲིན་འོད་དཔག་མེད་ཡབ་ཡུམ་དུ་མོས་པས་བླངས་ནས་སམ། བདུད་རྩི་ཟགས་ཀྱིས་དོགས་ན་མེ་ལོང་ཡུ་བ་ཅན་ནམ་ཉ་སྐྱོགས་མཐེབ་སྲིན་གྱིས་བཟུང་ནས་བླངས་པ་བདུད་རྩི་དང་སྦྱར་ནས་སླཽབ་མ་གདོང་གཡོགས་བཅིངས་བཞིན་པ་ལ་སྟེར་བ་ནི། དེའི་གཙང་རྨེའི་རྟོག་པ་འགོག་པའི་སླད་དུ་ཡིན་ཏེ། མིག་དང་ལག་པའི་ཡུལ་མིན་པར་བཤད་པའི་ཕྱིར་རོ། །གཉིས་པ་ནི་རིག་མས་ཀྱང་གཅེར་བུར་བྱས་ནས་ལངས་ཏེ་ཆུ་སྐྱཻས་ན་གནས་པའི་བདུད་རྩི་སློབ་མའི་ལྕེ་ཐོག་ཏུ་བླུགས་ཤིང༌། དེས་ཀྱང་པདྨའི་སྣ་རྩེ་ནས་གཞིབས་ཏེ་བཏུང་ངོ༌། །གསུམ་པ་ནི་ཡབ་ཡུམ་གཉིས་ཀ་སྙོམས་འཇུག་ཏུ་གནས་པའི་མཁའ་གསང་ལས་སློབ་བུའི་ལྕེས་ལེན་པ་སྟེ། དབང་མཛོད་ལས། བ་དང་བེའུའི་ཚུལ་དག་གམ། །


JLAZ003_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་བུང་བ་སྦྲང་རྩིའི་ཚུལ། །ཡང་ན་བྱ་དང་བྱིའུའི་ཚུལ། །ཞེས་སོ། །གང་གི་ཚེ་ཡང་བླ་མ་ཡབ་ཡུམ་གྱིས་ཤིས་པ་བརྗོད་པའི་མཐར། གཙོ་བོའི་སྔགས་བརྗོད་པ་དང་ལྷན་ཅིག་སློབ་མའི་ལྕེ་ལ་དབབ་པར་བྱ་ཞིང༌། སློབ་མས་རྣམ་སྣང་ལ་སོགས་དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བའི་ཁུ་བར་མོས་ནས་གསུང་རྡོ་རྗེ་འོད་དཔག་མེད་པའི་ང་རྒྱལ་འཛིན་བཞིན་པས་ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་དང་དུ་བླང་བར་བྱའོ། །དེ་ལྟ་མོད་ཀྱི་བསྐྱེད་རྫོགས་ལ་ནུས་པ་མི་བརྟན་པས་གསང་དབང་ཙམ་པོ་པ་ལས་མི་བསྐུར་རོ། །དེ་ཡང་ཐལ་རྒྱུད་ལས། ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས། །སོར་བཞིའི་ཚད་དུ་རང་བཞིན་གནས། །བདེ་བའི་ཡེ་ཤེས་ཐུགས་དཀྱིལ་འཁོར། །ཁ་དོག་དབྱིབས་དང་ལྡན་པར་བྱ། །ཐབས་ཀྱི་རབ་གནས་ཆོ་གར་ལྡན། །ཞེས་པ་ལ་བརྟེན་ནས་གསང་དབང་གི་དཀྱིལ་འཁོར་དངོས་བསྟན་དུ་འདོད་པ་རྒྱུད་འགྲེལ་རྣམས་ལས་འབྱུང་ཡང་ངེས་པའི་དོན་དུ་ནི་ཚད་དང་མཚན་ཉིད་དེ་ཡང་དག་པ་མ་ཡིན་ཏེ། འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི་བདེ་བ་ཆེན་པོ་གཉིས་སུ་མེད་པའི་རང་བཞིན་ཡིན་ལ། དེ་ལ་དགའ་བ་ལ་སོགས་པ་རྣམ་པ་བཞི་ཡོད་པས་དེའི་མཚན་དོན་དུ་སོར་བཞི་པའི་བརྡས་སྨོས་ཤིང༌། དེ་རྟོགས་པར་བྱེད་པ་ནི་རིག་མ་ལ་བརྟེན་དགོས་པ་དེའི་རྒྱུད་དག་པ་


JLAZ003_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཚངས་པའི་ཐིག་གིས་མཚོན་ལ། རྩ་བཙལ་བ་ལ་སོགས་པ་ནི་ཐིག་གི་ཆོ་ག་སྤྱི་ལ་བརྗོད་ཅིང༌། ལྔ་ཚན་ལྔའི་རྡུལ་ཚོན་ནི་དུག་ལྔ་ཡེ་ཤེས་ལྔར་གནས་དག་པ་སོགས་ལ་བཏགས་ནས་དཀྱིལ་འཁོར་གྱི་མིང་དུ་སྨོས་པ་ཉིད་ཡིན་ནོ། །དེ་ལྟ་བུའི་གསང་དབང་ཐོབ་པས་བྱ་བའི་ལས་གང་ལ་དབང་ན་དྲང་དོན་དུ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་བཟའ་བ་དང༌། སྦས་དོན་དུ་འབར་འཛག་གི་འགྲོས་ལས། ཁམས་ཀྱི་དངས་མ་སྒྲིབ་བྲལ་དུ་ཟ་བ་ལ་དབང་སྟེ་སྡོམ་འབྱུང་ལས། ཨེ་མ་ཧོ་ཇི་ལྟ་ཇི་ལྟར་བཟའ། །སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་བཟའ། །ཞེས་སོ། །དེ་ཡང་གཡོ་བའི་རླུང་དག་ནས་ངག་དབེན་པར་བྱེད་པ་རྡོ་རྗེའི་བཟླས་པ་དང༌། སྲོག་རྩོལ་འགོག་པ་རླུང་གི་རྣལ་འབྱོར་དང༌། སྒྱུ་ལུས་བསྒོམ་པ་ལ་དབང་སྟེ་སྦྱོར་བ་བདུན་པ་ལས། རྡོ་རྗེ་བཟླས་པའི་ངོ་བོ་ཡིས། །སྒྱུ་དྲའི་ཏིང་འཛིན་བརྟན་པར་བྱ། །མིག་སོགས་ནང་གི་ཆོས་རྣམས་ཀྱི། །སྣང་སྲིད་དབེན་པར་རྟོགས་པའོ། །ཞེས་སོ། །སྒྲིབ་པ་གང་འདག་ན་རྫུན་ལ་སོགས་པ་ངག་གི་ལས་སྔར་བསགས་སྦྱངས་ཤིང་རང་གི་དམ་ཚིག་ལས་འདའ་བར་མི་རུང་བས་ཕྱིན་ཆད་ཀྱི་རྒྱུན་ལམ་གཅོད། ཉོན་མོངས་པའི་སྒྲིབ་པ་འདག གནས་སྐབས་བཞི་ལས་རྨི་ལམ་དང༌། དེ་ཡི་ངོར་སྣང་བས་ཕྲ་ཞིང༌། ཡི་གེའི་ཐིག་ལེ་རླུང་གིས་བསྐྱོད་


JLAZ003_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བརྗོད་འདོད་ཀྱི་ངག་ཏུ་འབྲེལ་བའི་ཚུལ། དགོངས་པ་ལུང་སྟོན་ལས། ཐུང་ངུ་མ་ལུས་ངག་ཏུ་འགྱུར། །ཞེས་ཡི་གེ་ལས་མིང༌། མིང་ལས་ཚིག་གམ། ལུང་སྟོན་པའི་སྒྲར་འགྱུར་བའི་ངག་གི་ཐིག་ལེ་དག་ཅིང་རང་བཞིན་བརྒྱད་ཅུའི་རྟོག་པ་འགག་ཉོན་མོངས་པའི་བདུད་འཇོམས་པ་སྟེ་སྦྱོར་བ་བདུན་པ་ལས། དེ་ཡི་རང་གི་ངོ་བོ་ནི། གསུང་གི་རྡོ་རྗེའི་རང་བཞིན་ནོ། །རྫུན་ལ་སོགས་པ་སྔ་ཕྱི་ཡི། །ངག་དང་ཉེས་པར་མི་འགྱུར་རོ། །ཞེས་སོ། །དེ་ལྟར་གསང་དབང་གི་ལམ་ནི་བདག་བྱིན་རློབ་པ་ཀུན་རྫོབ་སྒྱུ་མའི་རྫོགས་རིམ་ཙཎྜ་ལཱིའི་རྣལ་འབྱོར་ལམ་དུ་བྱ་བ་ཡིན་ཏེ། དེ་ཡང་རླུང་བཟུང་བས་རྣམ་པར་ཤེས་པ་ཟིན་པ་ཡིན་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་སྐྱེས་བུ་འཕྱེའོ་ལྟ་བུ་ཡིན་པས་འགྲོ་འོང་གི་ནུས་པ་ཅན་མ་ཡིན་ཀྱང༌། དེའི་བཞོན་པར་གྱུར་པའི་ལས་ཀྱི་རླུང་ཞེས་བྱ་བ་གནས་པ་དང༌། རྒྱུ་བ་དང༌། ལྡང་བ་དང༌། འཇུག་པའི་བདག་ཉིད་ཅན་དེས་ཁུར་ནས་སེམས་ཀྱི་རྒྱུད་ཀུན་ཏུ་འགྲོ་བར་བྱེད་པ་ཡིན་ཏེ། རྒྱུད་ལས། འདི་ནི་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་བཞོན་པ་ཡིན། །ཞེས་སོ། །དེའང་བྱེད་ལས་ཀྱི་སྒོ་ནས་རླུང་བཅུར་དབྱེ་བ་ནི་འོག་ཏུ་འཆད་པར་འགྱུར་ལ། འདིར་ནི་བཞི་པོའི་བྱེད་ལས་འདོད་རྒྱལ་དུ་བཤད་ན། ཐོག་མར་སྐྱེ་


JLAZ003_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་འཛིན་པའི་དུས་ན་རྣམ་པར་ཤེས་པ་རླུང་ལ་ཞོན་ཏེ་མངལ་དུ་ཞུགས་པ་གང་ཞིག་ཁུ་ཁྲག་ལ་བརྟེན་ནས་གནས་པར་གྱུར་པས་རྣམ་པར་ཤེས་པ་ཡང་བརྒྱལ་ལོ། །དེའི་ཚེ་ཡེ་ཤེས་ཀྱི་རླུང་གི་བདག་ཉིད་དུ་གནས་པ་ཡིན་ནོ། །དེ་ནས་སྲོག་གི་རླུང་ནས་བརྩམས་ཏེ་རླུང་བཅུ་རིམ་གྱིས་སྐྱེས་པས་ལུས་རྒྱས་པར་བྱེད་ལ། རྒྱས་པ་དེ་རྒྱུ་བའི་རླུང་གིས་ཇི་སྲིད་གསོན་པའི་བར་དུ་རུལ་མྱགས་སུ་མི་འགྱུར་བའི་བྱ་བ་བྱེད་དོ། །དེ་ཡང་ལྡང་བ་དང་འཇུག་པའི་སྒོས་དྲན་བསམ་དང་ཚོར་བ་སྣ་ཚོགས་སུ་བསྐྱེད་པར་བྱེད་པས། ལམ་དུས་སུ་རྣལ་འབྱོར་གྱི་ལས་ཀྱང་དེས་བྱེད་པ་ཡིན་ལ་འཆི་བའི་དུས་སུ་ནི་རླུང་དེ་དག་འགགས་པས་སྲིད་པ་དེ་ཉིད་ཞིག་པ་ཞེས་བྱའོ། །དེ་ཡང་སྤྱིར་རླུང་བཅུ་པོ་རང་རང་གི་གནས་ནས་རང་རང་གི་བྱ་བ་བྱེད་པ་དག་ཀྱང་རླུང་རྒྱུ་བའི་རང་བཞིན་ཡིན་མོད་ཀྱིས། རེ་ཞིག་སྲོག་རྩོལ་རྒྱུ་བའི་དབྱེ་བས་འཇུག་པ་དང༌། གནས་པ་དང༌། ལྡང་རྒྱུའི་སྦྱོར་བ་རྣམ་པ་གསུམ་གྱིས་དབྱེ་བས་བཞག་པ་ནི་རྒྱུད་ལས། གསུམ་ཉིད་སྦྱོར་བ་རྣམ་པ་གསུམ། །རྣམ་གསུམ་དབྱེ་བས་རྣམ་པར་གནས། །ཞེས་སོ། །དེ་ལ་སྲོག་གི་རྒྱུ་བ་ནི། སྣ་སྒོ་ཁོ་ན་ཡིན་ཏེ། སྣ་ཡི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བའི་རྒྱུ་བ་དག །དུས་ཀུན་ཏུ་ནི་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་


JLAZ003_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །ཅེས་སོ། །རྣམ་ཤེས་ཀྱི་རླུང་ནི་ཡེ་ཤེས་ཀྱི་རླུང་གི་བདག་ཉིད་དེ། མཐར་ཐུག་དེ་ལ་རྒྱུ་བ་མེད་པའི་ཆ་ནས་གནས་པ་ཉིད་དུ་བཤད་ཀྱང་དུས་ཀྱི་འཁོར་ལོ་ལས་བྱེད་བཅས་སོ་གཉིས་ཀྱི་མཚམས་སུ་རྒྱུ་བར་བསྟན་པ་བཞིན་རྡོ་རྗེ་ཕྲེང་བ་ལས་ཀྱང༌། ཐུན་བཞིའི་མཚམས་སུ་རྒྱུ་བར་བཤད་དོ། །ནམ་མཁའི་རླུང་ནི་ད་ལྟ་ཁྱབ་པའི་ཚུལ་གྱིས་རྒྱུ་ཞིང༌། དངོས་སུ་རྒྱུ་བ་ནི་འཆི་བའི་གནས་སྐབས་ཁོ་ན་སྟེ་དེངས་པའི་ཚུལ་གྱིས་སོ། །དེ་སྐད་དུ་ཕྲེང་བ་ལས། ད་ལྟ་ཁྱབ་པའི་ཚུལ་གྱིས་རྒྱུ། །ཞེས་སོགས་པས་བསྟན་ནོ། །དེ་ལ་ཡེ་ཤེས་ཀྱི་རླུང་ནི་དྷཱུ་ཏིའི་མར་སྣའི་ཨ་ཐུང་གི་དབུས་ན་གནས་པ་ལས། དེ་གཟུང་འཛིན་གྱི་རྩ་གཉིས་ཀྱི་དབང་ལས་སྲོག་དང་རྩོལ་བ་གཉིས་སུ་བྱུང༌། དེ་འཁོར་ལོ་བཞིའི་རྩ་འདབ་རྣམས་ལས་རིམ་པ་བཞིན་ནང་གི་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པར་འབྱུང་སྟེ། སྲོག་གི་རླུང་གི་དབང་བྱས་པས་སྣ་སྒོ་ལ་རྒྱུ་བ་ཡིན་ནོ། །དེའང་ཕྱི་ནང་གནད་གཅིག་པ་ཡིན་པས་ཕྱི་རོལ་དུ་དབྱུག་གུའམ་ཆུ་ཚོད་བྱ་བ་དང༌། འཕོ་བ་བཅུ་གཉིས་དང༌། ཉིན་ཞག་དང༌། ཚེས་ཞག་དང༌། ཁྱིམ་ཞག་ལ་སོགས་པའི་དབྱེ་བ་ཡོད་པ་ལྟར། ནང་དུའང་ཉིན་ཞག་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་ངེས་ཅན་དུ་རྒྱུ་སྟེ། ཉི་


JLAZ003_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་དང་ནི་ཆིག་སྟོང་དང༌། །དེ་བཞིན་གྲངས་ནི་བརྒྱ་ཕྲག་དྲུག །ཉིན་དང་མཚན་མོ་ངེས་པར་རྒྱུ། །ཞེས་སོ། །དེ་ལྟར་རྒྱུ་བ་དེ་གཟུང་བས་ལམ་དུ་ཇི་ལྟར་འགྱུར་ན། དཔེར་ན་རླུང་བཅིངས་པས་ག་བུར་སྡོད་པ་བཞིན་སྣ་སྒོར་རྒྱུ་བའི་སྲོག་གི་རླུང་བཅིངས་པས་རྣམ་པར་ཤེས་པ་ཟིན་ནས་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་ཞིང༌། དེ་ཐབས་དང་མན་ངག་གིས་ཟིན་པའི་ཚེ་འབྱུང་འཇུག་གནས་གསུམ་བགྲངས་པ་ཡང་རྡོ་རྗེའི་བཟླས་པར་གྱུར་ནས་སྒྲིབ་པ་ཟད་པར་བྱེད། ཟད་པར་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་དང༌། ཕྲིན་ལས་རྣམ་པ་བཞི་འགྲུབ་པར་བྱེད་ཅིང༌། མཐར་གྱིས་ལས་རླུང་ཐམས་ཅད་འགགས་ནས་ཡེ་ཤེས་ཀྱི་རླུང་མངོན་དུ་བྱས་པའི་དུས་ན་ས་དང་ལམ་གྱི་ཡོན་ཏན་མ་ལུས་པ་ཆིག་རྫོགས་སུ་འགྱུར་བས་ན་ཐབས་ཀྱི་ལམ་ཞེས་བྱའོ། །དེ་ལྟར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྱུ་བ་དེ་ལྡང་བ་དང༌། འཇུག་པ་དང༌། གནས་པ་དང༌། ཐམས་ཅད་བསྡོམ་པ་བཞིས་ལམ་དུ་བྱ་བ་ལ་སྲོག་རྩོལ་འགོག་པ་ཞེས་བྱ་སྟེ། དེ་ལ་ལྡང་བ་ལམ་དུ་བྱེད་པ་ཕྱིར་དབྱུང་བའི་མན་ངག་གསུམ་ནི། རྩོལ་བ་བཞག་སྟེ་སྲོག་ནས་བཏང་བ། ཤེད་སྐྱེད་དེ་གཉིས་ཀ་ནས་བཏང་བ།


JLAZ003_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དང་བཅས་ཏེ་ཁ་སྒོ་ནས་བཏང་བའོ། །འཇུག་པ་ལམ་དུ་བྱེད་པ་དགང་བའི་མན་ངག་གཉིས་ནི། རྩོལ་བ་བཞག་སྟེ་སྲོག་ནས་དགང་བ། སྒྲ་བཅས་མ་ཡིན་པ་ཁ་ནས་དགང་བའོ། །གནས་པ་ལམ་དུ་བྱེད་པ་ནི་ཐུར་སེལ་གྱི་སྟེང་དུ་སྲོག་སྦུབ་ལ་སྦྱར་ནས་རོ་རྐྱང་གི་རླུང་དབུ་མར་འཛུད་པའི་ཐབས་ལ་མཁས་པས་ཡི་གེའི་འགྲོས་ཐིམ་སྟེ་རྣམ་གྲངས་བདུན་པོ་གནད་བཞི་ལ་བརྟེན་ནས་བསྒོམ་པར་བྱེད་པའོ། །དེ་ལྟར་རླུང་གི་གནད་བཞི་དང་བསྟུན་ནས་ནང་དུ་འཁོར་ལོ་ལ་མ་བརྟེན་པ་སྲུབ་ཤིང་གི་འཁྲུལ་འཁོར་ལ་སོགས་པ་ལྔའམ། རྩ་གསུམ་དང་འཁོར་ལོ་ལྔ་ལ་བརྟེན་པ་གཅིག་དང༌། གཉིས་དང༌། བཞི་དང༌། ལྔའམ་དྲུག་ལ་སོགས་པའི་རྩའི་རྣལ་འབྱོར་རྒྱུད་སྡེ་སོ་སོའི་རང་ལུགས་དང་བསྟུན་ལ་ཐིག་ལེའི་འཐབ་མོ་དང༌། རྣལ་འབྱོར་བཞི་ལ་སོགས་པ་མྱུར་བ་བདུན་གྱི་མན་ངག་མེའི་འཁོར་ལོ་སོགས་ལ་བརྟེན་ནས་ཉམས་སུ་བླངས་པས་རླུང་ལ་བརྟེན་ནས་རྩ་མདུད་གྲོལ། གཏུམ་མོ་ལ་བརྟེན་ནས་བྱང་སེམས་ཞུ། འཁྲུལ་འཁོར་ལ་བརྟེན་ནས་རྩ་གནས་ཐམས་ཅད་བྱང་སེམས་ཀྱིས་ཁྱབ་པས་ཡི་གེའི་འགྲོས་ཐིམ། ལྟ་བ་རང་བྱུང་གི་ཡེ་ཤེས་སྐྱེ། དེ་ཡང་ཤེས་སྒྲིབ་དང་བཅས་པའི་ཆ་ནས་ཏིང་ངེ་འཛིན་ནམ་སྣྲེལ་ཞི་ལ་སོགས་པའི་རང་བྱུང་གི་བསམ་གཏན་བཞིའི་


previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next