Nitartha Digital Library
Tibetan
 
previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


JLAZ003_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དུ་འཆད་པ་ཡིན་ནོ། །དེའི་གྲུབ་མཐའ་མ་འདྲེས་ཡོངས་སུ་རྫོགས་པ་ནི། ས་བདུན་པ་ནས་བཅུ་པའི་བར་བཞི་པོ་ལ་ངག་དག་པ་ཨཱ་ལི་ཀཱ་ལི་ལ་དབང་བས་འགྲོ་དྲུག་གི་སྐད་དང་བརྡའ་འཕྲོད་ཆོས་ཀྱང་དེའི་སྐད་དུ་སྟོན། དགུ་པར་སོ་སོ་ཡང་དག་རིག་བཞི་ལ་དབང་ཐོབ་པས་ཆོས་ཐམས་ཅད་ཀྱི་དེ་ཉིད་རིགགལ་ཏེ་གྲུབ་མཐའ་མ་སྙོགས་ན་འདའ་ཀ་མ་དཔེའི་འོད་གསལ་ནི། འཆི་ཁའི་སྡུད་རིམ་གྱི་རྐྱེན་བྱས་ཏེ་རླུང་ཐམས་ཅད་དབུ་མར་ཚུད་ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་ཞིང་ཡི་གེའི་འགྲོས་ཐིམ། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པ་འགྲུབ་པ་སྟེ། གླང་པོ་རབ་འབོགས་ལས། ཡི་གེའི་འགྲོས་ཐིམ་སྔགས་ཀྱི་ལམ་དག་པ། །ངག་གི་སྒྲིབ་དག་རྫོགས་རིམ་ལོངས་སྤྱོད་རྫོགས། །ཞེས་སོ། །གསང་དབང་གི་དམ་ཚིག་ཏུ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་བསྟེན་ཞིང༌། རིག་མ་མི་སྤང༌། སྲོག་ཆགས་མི་གསད། བླ་མ་མི་བསྐུར་བ་རྣམས་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་སྟོན་པའི་ཕྱིར། གདན་གསུམ་མངོན་རྟོགས་ངོམ་པའི་མཛེས་མ་ཡི། །གསང་བའི་དཀྱིལ་འཁོར་ལ་བརྟེན་ཤེར་དབང་གིས། །ལག་བཅངས་ཚིམ་པ་དགའ་ལྡན་འདོད་ཆགས་དག །ཡིད་ཀྱི་སྒྲིབ་སྦྱང་སྣང་མཆེད་ཐོབ་གསུམ་དང༌། །དགའ་


JLAZ003_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ཡེ་ཤེས་ཁམས་ཀྱི་ཞུ་བདེས་འགྲུབ། །གྲུབ་མཐའ་བདེ་སྟོང་དབྱེར་མེད་ཉམས་སུ་མྱོང༌། །འདའ་ཀ་དེར་སྣང་མ་གྲུབ་རྡོ་རྗེ་སེམས། །སྙིང་གའི་རྩ་མདུད་གྲོལ་བ་དཔེའི་ཡེ་ཤེས། །མཁའ་ཁྱབ་ཐུགས་ཀྱི་རྡོ་རྗེ་དངས་མའི་སྐུ། །དེ་ལ་དགའ་ལྡན་པ་རྣམས་ནི་ལག་བཅངས་ཀྱི་འདོད་པས་གདུང་བར་བྱེད་པས་དེའི་གཉེན་པོར་དབང་གསུམ་པ་བསྟན་ལ། དེ་ཡང་རིག་མའི་ཐབས་ཀྱི་ཆོ་ག་སྒྲ་ཇི་བཞིན་པ་ལམ་དུ་ལྷོངས་ཤིང་དེ་ཉིད་རིག་པ་རྣམས་ལ་ནི་སངས་རྒྱས་ཀྱི་ཡེ་ཤེས་མ་ནོར་བ་མངོན་སུམ་དུ་མཐོང་ཞིང་སྟོན་པའི་ཐབས་ཀྱི་མཐར་ཐུག་པ་འདི་ལས་གཞན་དུ་མེད་དེ་སྒྲོལ་མ་རྣལ་འབྱོར་མའི་རྒྱུད་ལས། ཤེས་རབ་རྟོགས་པར་བྱེད་པ་ཐབས། །ཤེས་རབ་མེད་ལ་ཐབས་མཁས་མེད། །རྡོ་རྗེ་པདྨ་རྒྱས་བྱེད་ཀྱི། །པདྨས་རྡོ་རྗེ་འབྱེད་པར་བྱེད། །སྤྲུལ་པ་བདེ་ཆེན་འཁོར་ལོས་ཀྱང༌། །ཆོས་དང་ལོངས་སྤྱོད་རྣམ་པར་འབྱེད། །དེ་ལྟས་འདི་ནི་གསང་ཆེན་ཏེ། །རྒྱུད་གཞན་དུ་ནི་འབད་པས་སྦས། །ཞེས་སོ། །དེ་ཡང་གཞན་གྱིས་མ་མཐོང་བ་བྱས་ལ་བསྟེན་པའི་ཚུལ་ཁང་བུ་བརྩེགས་པའི་རྒྱུད་ལས། ཕྱག་རྒྱ་མཐོང་ན་དངོས་གྲུབ་མེད། །དེས་ན་མཐོང་བ་མེད་པར་བསྟེན། །ཞེས་སོ། །དེ་བས་ན་བདེ་བ་མི་བསྟེན་པའི་གནས་སྐབས་ན་ཡོན་གྱིས་མགུ་བར་བྱས་ལ་རང་གི་གནས་སུ་


JLAZ003_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ངོ༌། །དེ་ལྟ་ནའང་ཚངས་སྤྱོད་ཀྱི་རྟེན་ལྡན་ལ་སོགས་པ་རང་བཞིན་མ་བརྟགས་པས་འདོད་རྒྱལ་དུ་སྤྱོད་པ་རྣམས་ལ་ཉེས་སྤྱོད་ཆེན་པོའི་གཡང་ས་ཡང་འདི་ཡིན་ནོ། །ཡོན་ཏན་གྱི་ཆ་ནས་ཕྲ་ཞིང་རྟོགས་པར་དཀའ་ལ་མ་རྟོགས་ནས་ལམ་དུ་མ་ལྷོངས་ནའང་ཉེས་དམིགས་ཆེན་པོ་ཡིན་པས་ན་རྡོ་རྗེ་མཁའ་འགྲོ་ལས། གང་ཞིག་དགེ་སློང་དངོས་གནས་པ། །དེ་ལ་དེ་ཉིད་བསྟེན་མི་བྱ། །ཞེས་དང༌། ལམ་སྒྲོན་ལས། གསང་བ་ཤེས་རབ་དབང་བསྐུར་ནི། །དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་བསྐྱེད་རྫོགས་གོང་མའི་དེ་ཁོ་ན་ཉིད་ལ་ནང་བྱན་མ་ཆུད་ཅིང༌། རང་ལམ་གྱི་བརྟུལ་ཞུགས་ལ་མཆོག་ཏུ་འཛིན་པས་དབང་དེ་གཉིས་བླངས་ན། ངོ་ཚ་དང་ཁྲེལ་ཡོད་གཉིས་ལྡན་རྣམས་ནི་བརྟུལ་ཞུགས་དེ་ཉམས་སོ་སྙམ་ནས་འགྱོད་པར་འགྱུར་ཏེ། དཔེར་ན་ཤེར་ཕྱིན་ཉན་པས་ཉན་ཐོས་མང་པོ་ཁ་ནས་ཁྲག་སྐྱུགས་ཏེ་ཤི་བ་བཞིན་ནོ། །གཉིས་དང་མི་ལྡན་པ་རྣམས་ནི་གསང་སྔགས་ཀྱི་གཟུགས་བརྙན་ལ་ཕས་ཕམ་པའི་ཆོས་ཉམས་སུ་མྱོང་ནས་ངན་སོང་དུ་འགྲོ་བས་ན་སྤྱོད་པ་དུས་ཚོད་དང་འབྲེལ་བ་ཤིན་ཏུ་གལ་ཆེ་བ་ཡིན་ལ། འོན་ཀྱང་ཡིད་ཀྱིས་བཏགས་པ་ཙམ་


JLAZ003_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་འགོག་པས་ཚིག་ཙམ་གྱིས་དབང་བསྐུར་བར་བྱང་ཆུབ་སེམས་འགྲེལ་ལས་བཤད་དོ། །ཡང་ཁ་ཅིག་ལུང་དེ་གཉིས་ལ་བརྟེན་ནས་སོ་སོར་ཐར་པའི་རྟེན་ཁྱད་པར་ཅན་ལ་དགག་བྱ་དམིགས་བསལ་མེད་བཞིན་དུ་དབང་གོང་མ་གཏན་འགོག་པའང་རིགས་པ་མ་ཡིན་ཏེ། དེ་ལྟ་ན་རབ་བྱུང་གི་སྡོམ་པས་རྡོ་རྗེ་ཐེག་པའི་ཟབ་ལམ་བཀག་པས་སྡོམ་པ་གསུམ་གནད་ཀྱིས་མི་འགལ་བ་ཡར་ལྡན་དུ་འགྱུར་བ་ལས་ལོག་སྟེ། ཐེག་པ་ཡན་མན་དགྲ་གཤེད་ལྟར་འགྱུར་བའི་ཕྱིར་དང༌། དུས་འཁོར་གྱི་དབང་གོང་མའི་སྐབས་སུ་དགེ་སློང་ལ་སྣ་ཚོགས་གཟུགས་ཅན་གྱིས་འཁྱུད་པའི་དབང་ཤིན་ཏུ་གསལ་པར་གསུངས་པ་དང་མཐུན་པར། ཚངས་པར་སྤྱོད་པའི་རྟེན་ཁྱད་པར་ཅན་ནི་དབང་གོང་མའི་སྣོད་ཡིན་པར། རྡོ་རྗེ་གདན་པས། དགེ་སློང་ལུས་ལ་ཕྱག་རྒྱ་བསྟེན། །ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །པདྨ་ཀ་ར་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་དང༌། དགེ་ཚུལ་ལུས་ལ་གདོལ་བའི་རིགས། །ཕྱག་རྒྱ་མ་དང་དངོས་གྲུབ་བརྙེས། །ཀུ་ཀུ་རི་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། དེ་བཞིན་དུ་དགེ་སློང་རྡོ་རྗེ་འཛིན་པ་ཉིད་སྔགས་འཆང་གི་དང་པོར་གསུངས་པ་དེ་ཡང་བུམ་དབང་འཁོར་བཅས་ཙམ་ཐོབ་པས་ནི་མ་ཡིན་ཏེ་དེ་ཙམ་གྱིས་


JLAZ003_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་ཟབ་མོ་ཉན་བཤད་དང༌། རྫོགས་རིམ་ཟབ་མོའི་སྣོད་ལ་མི་དབང་བའི་ཕྱིར་དེ་ལྟར་གསུངས་པའི་དོན་ཡང་ལྡོག་པར་འགྱུར་ཞིང༌། རབ་ཏུ་བྱུང་བ་ཐམས་ཅད་བླ་མེད་ཟབ་ལམ་གྱི་སྣོད་མ་ཡིན་པར་སོང་བས་འཛམ་བུའི་གླིང་གི་རྒྱན་དྲུག་གི་གཙོ་བོ་སློབ་དཔོན་འཕགས་པ་དང༌། ཀླུ་བྱང་དང༌། ཟླ་བ་གྲགས་པ་དང༌། ཤཱནྟི་པ་དང༌། སངས་རྒྱས་ཡེ་ཤེས་ལ་སོགས་པའང་སྔགས་ཀྱི་ལམ་ནས་དངོས་གྲུབ་བརྙེས་ནས་གྲུབ་བརྒྱའི་གྲལ་དུ་བཞུགས་པའང་སྡིག་ཅན་དུ་འགྱུར་བས་སོ། །དེ་བས་ན་འདུ་ཤེས་གསུམ་དང་མི་ལྡན་པ་ལ་གསང་དབང་བཀག་ལ། དེའི་སྟེང་དུ་འཛག་པའི་གཉེན་པོ་མེད་པ་ལ་ཤེར་དབང་བཀག་གིས། གལ་ཏེ་བཟོད་པ་ཆུང་ངུ་ཐོབ་ཀྱི་བར་བསྲིང་དགོས་ན་དེའི་ལམ་རྟགས་མངོན་སུམ་དུ་སྐྱེས་པ་འཇིག་རྟེན་ན་དཀོན་པས་རབ་བྱུང་ཐམས་ཅད་བླ་མེད་ཟབ་ལམ་གྱི་སྣོད་མ་ཡིན་པར་འགྱུར་བས་རྩ་ལྟུང་ལ་རིན་ཐང་ཆེན་པོ་བྱེད་པ་ཉིད་དོ། །དེ་ལ་གསུམ་པའི་དབང་ནི་ཤེས་རབ་མའི་བྷ་གའི་དཀྱིལ་འཁོར་དུ་བསྐུར་བ་ཡིན་པས་དེའི་རྣམ་པར་གཞག་པ་ལ་བདུན། རིག་མ་བརྟག་ཅིང་དགུག་པ་དང༌། བྱང་ཆུབ་ཀྱི་སེམས་རྒྱས་པར་བྱ་བ་དང༌། བསླབ་བྱའི་སྒོ་ནས་སྣོད་ལྡན་དུ་བསྒྲུབ་པ་དང༌། སློབ་མ་ལ་གཏད་ནས་གོ་


JLAZ003_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བ་དང༌། རྩ་བསླང་ནས་སྦྱོར་ཐབས་བཤད་པ་དང༌། བལྟ་བ་བཞི་དང་སྦྱར་ནས་དབང་དོན་ངོས་བཟུང་བ་དང༌། འཕོ་མེད་ཀྱི་དོན་ལ་སྦྱར་ནས་ཡིན་ཚུལ་ལྟར་ལྡོག་ཅིང་དགྲམ་པའོ། །དང་པོ་ནི་དབང་བཀོད་པ་ཆེན་པོ་ལས། སངས་རྒྱས་རིགས་ཀྱང་བྱེ་བྲག་ལས། །རིག་མའང་དེ་བཞིན་བྱེ་བྲག་འགྱུར། །ཞེས་པས་རིགས་སོ་སོ་དང་མཐུན་པའི་རིག་མ་མེད་ན་མི་འགྲུབ་པས་རིགས་བརྟག་པ་འདི་གལ་ཆེ་ལ། དེ་ལ་ཕྱི་ནང་གསང་གསུམ་ལས་ཕྱི་ལྟར་དུ་རྒྱལ་རིགས་ཀྱིས་དེ་བཞིན་གཤེགས་པ། རྗེའུ་རིགས་ཀྱིས་རྡོ་རྗེ། དམངས་རིགས་ཀྱིས་རིན་པོ་ཆེ། བྲམ་ཟེ་པདྨ། གདོལ་བས་ལས་ཀྱི་རིགས་ཀྱི་སངས་རྒྱས་འགྲུབ་པ་ཡིན་ནོ། །ནང་ལྟར་ན་ཀྱེ་རྡོ་རྗེ་མཁའ་འགྲོ་སྡོམ་པ་ལས། ལྷ་དང་ལྷ་མིན་མི་རྣམས་དང༌། །གནོད་སྦྱིན་མིའམ་ཅི་ལས་ཀྱང༌། །ཕྱག་རྒྱ་བཀུག་ལ་རབ་ཏུ་བརྟག །ཅེས་པས་རྫུ་འཕྲུལ་ཐོབ་པའི་སློབ་དཔོན་བཛྲ་ཧེ་དང༌། དཔལ་ལྡན་བདེ་ཆེན་ལ་སོགས་པ་བཞིན་ལྷ་དང་ལྷ་མིན་ལ་སོགས་པའི་བུ་མོ་དགུག་པར་ནུས་པ་རྣམས་ལ་དངོས་བསྟན་ལྟར་ཡིན་ལ། གཞན་དུ་ལོ་གྲངས་དང་རིགས་ཀྱི་སྒོ་ནས་དེ་དག་ཏུ་གདགས་པར་ཡང་བཤད་དོ། །སྤྱིར་བུད་མེད་ཐམས་ཅད་རིགས་ཅན་ལྔའི་རྩ་དང་ལྡན་པ་སྟེ། སྔ་མའི་འཕྲོར། བུད་མེད་


JLAZ003_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རིགས་ཅན་ལྔ། །དེ་ཡི་བཀོད་པ་བདེ་བ་ཆེ། །རྣལ་འབྱོར་དངོས་གྲུབ་རྫོགས་པའོ། །ཞེས་པས་རིགས་ཅན་ལྔར་མ་འདུས་པ་མེད་ཅིང་རྩ་ལྔ་པོ་དེས་བསྟུམས་པས་བྱང་སེམས་དཀར་པོའང་དངོས་སུ་མི་འབྱུང་ངོ༌། །སྐྱེས་པ་རྣམས་ལ་ནི་རྩ་ལྔ་པོ་མེད་པས་ཁུ་བ་དངོས་སུ་འཐོན་ལ། རྡུལ་འབྱུང་བའི་རྩ་ཁ་ཁྱད་པར་གྱི་གནས་འགྱུར་བ་མེད་པས་བྱང་སེམས་དམར་པོ་ཐུར་དུ་མི་འབབ་ཀྱང༌། རྩ་གྱེན་རྒྱུག་ཏུ་ཡོད་པས་སྣ་སྦུག་གཡས་པ་ནས་རྐྱེན་དང་འགྲོགས་པའི་ཚེ་འབབ་པའོ། །དེ་ལས་གསང་བ་ལྟར་བརྟག་པ་ནི། རྡོ་རྗེ་མཁའ་འགྲོ་ལས། རི་མོ་ཅན་ནི་སེམས་གཡོ་ཞིང༌། །འོ་མ་འཛིན་སྦོམ་པདྨ་ཅན། །ལྟེ་བ་དུང་འདྲ་དུང་ཅན་མ། །དེ་དག་རིམ་པ་བཞིན་དུ་བརྗོད། །ཅེས་སོ། །རང་བཞིན་གསལ་བར་སྟོན་པ་ནི་དབང་བཀོད་ལས། པདྨའི་རིགས་དང་དུང་ཅན་ཏེ། །རི་མོ་ཅན་དང་ཧ་སྟིའོ། །རིགས་ནི་དེ་དག་བརྟག་པ་སྟེ། །ཁ་དོག་འགྲོས་དང་སྐད་ཀྱིས་བརྟག །ཁ་དོག་བརྟག་པ་འདི་ལྟ་སྟེ། །པདྨའི་རིགས་སུ་གང་འདོད་པ། །བྱད་ནི་ཟླུམ་ཞིང་ཤ་མདོག་སྨུག །སྐད་ཕྲ་ཡིད་དུ་འོང་སྨྲ་ཞིང༌། །གཟུགས་དང་བོངས་ནི་ཆུང་ཞིང་སྦོམ། །ཡིད་དུ་འོང་ཞིང་ཆགས་པ་སྐྱེ། །སྐྲ་ཡི་མདོག་སེར་ལི་ལ་འཇམ། །སེན་མོའི་འོད་ཀྱང་


JLAZ003_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ལ་དངས། །སྨིན་མཚམས་བར་ཡང་མ་ཆད་དེ། །ལོ་ནི་བཅོ་ལྔ་ཉིད་ལོན་པ། །པདྨའི་མཚན་ཉིད་ཡིན་པར་འདོད། །དུང་ཅན་དག་གི་མཚན་ཉིད་ནི། །བྱད་ཉིད་ཆེ་ཆུང་སྙོམས་པ་སྟེ། །ཁ་དོག་དཀར་ཞིང་སོ་ཡང་དཀར། །ལུས་ནི་རགས་ཤིང་དཔའ་བརྟུལ་ཆེ། །གཟུགས་བཟང་ཡིད་དུ་འོང་བ་སྟེ། །མིག་རྩ་ཡིད་ཙམ་དམར་བ་ལ། །སྐྲ་ཡང་གནག་ཅིང་འཛུམ་ཁ་སྙི། །སོར་མོ་ཕྲ་ཞིང་མཉེན་ལྕུག་ཆེ། །སེང་གེ་ལྟ་བུའི་འགྲོས་དང་ལྡན། །སྐད་ནི་ཚངས་པའི་དབྱངས་དང་མཚུངས། །བཅུ་དྲུག་ལོ་དང་ལྡན་པ་ནི། །དུང་ཅན་ཡིན་པར་རབ་ཏུ་བཤད། །རི་མོ་ཅན་གྱི་མཚན་ཉིད་ནི། །ཁ་ཉིད་ཆུང་ཞིང་ཤ་ཡང་སེར། །བྱད་ཀྱི་དཀྱུས་ཀྱང་རིང་བ་སྟེ། །གཟུགས་ཉིད་ཕྲ་ཞིང་སྨྲ་བ་ཉུང༌། །དཔའ་བརྟུལ་ཆེ་ཞིང་ཞུམ་པ་ལྟར། །མིག་གི་འབྲས་བུ་དཀར་ནག་ཕྱེད། །སྐད་ཀྱི་ང་རོ་ཆུང་བ་སྟེ། །ཤ་སྲབ་མཚན་སྤུ་གསལ་བ་དང༌། །ཡིད་དུ་འོང་ཞིང་གླང་ཆེན་འགྲོས། །བཅུ་བཞི་ལོ་དང་ལྡན་པ་སྟེ། །རི་མོ་ཅན་དུ་ཡང་དག་འདོད། །ཧ་སྟི་མ་ཡི་མཚན་ཉིད་ནི། །བྱད་དཀྱུས་དག་ནི་རིང་པ་ལ། །ཤ་ཡི་མདོག་ནི་ཡིད་ཙམ་སྔོ། །སོ་དཀར་མིག་གི་འབྲས་བུ་གནག །གཟུགས་ཆེ་སྐེད་སྐབས་ཕྱེད་པ་སྟེ། །སྣ་རྒྱུད་བཟང་ཞིང་སྨིན་མ་བཟང༌། །སྐབས་སྐབས་སྐད་ཀྱང་མཛེར་བར་བྱེད། །


JLAZ003_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དལ་ལ་ཚིག་འཇམ་སྨྲ། །བ་གླང་འགྲོས་འདྲ་བརྟུལ་ཞུགས་ཆེ། །སུམ་ཅུ་མན་ཆད་ལོ་རྣམས་སོ། །དེ་ལྟར་མཚན་དང་ལྡན་པས་ན། །ཧ་སྟིའི་རིགས་སུ་ཡང་དག་འདོད། །གསང་བའི་ཡུམ་དེ་རེ་རེ་ཡི། །འབྲས་བུ་རེ་རེ་ཐོབ་པ་སྟེ། །རི་མོ་ཅན་དང་ཧ་སྟི་མཆོག །ཡང་ན་བུ་མང་ལོངས་སྤྱོད་ལྡན། །ལོ་ཚད་ངེས་པ་མེད་པར་བསྟན། །ཡང་ནི་ཡིད་འོང་གཞོན་ནུ་མ། །སྐྱེས་པས་མ་གཙེས་བརྟུལ་ཞུགས་ལྡན། །བཅུ་བཞི་ལོ་དང་ལྡན་པའོ། །དེ་ལྟར་བསྟེན་པའི་ཡུམ་ལ་ཡང༌། །སྦྱར་བས་འགྲུབ་དང་བསྟེན་པས་འགྲུབ། །བསམ་པས་འགྲུབ་དང་མཐོང་བའོ། །རི་མོ་ཅན་ལ་སྦྱར་བས་ཏེ། །དུང་ཅན་བསྟེན་པའི་སྟོབས་ཀྱིས་འགྲུབ། །པདྨའི་རིགས་ནི་བསམ་པར་བྱ། །ཧ་སྟི་མཐོང་ཞིང་རེག་པས་སོ། །དབང་ཉིད་རྒྱས་པར་བྱེད་པ་ན། །རིགས་ནི་བཞི་ཀ་ཚང་བར་བྱ། །དེ་མེད་ནའང་སོ་སོ་བཤད། །སྦྱར་བར་བྱས་ན་དངོས་གྲུབ་རབ། །བསྟེན་པས་དངོས་གྲུབ་འབྲིང་དུའོ། །བསམ་པས་འགྲུབ་པ་ཐ་མའོ། །མཐོང་བས་གསུམ་ཀའི་གྲོགས་སུ་བསྟེན། །ཞེས་སོ། །དེ་བཞིན་དུ་སྡོམ་འབྱུང་གི་སོ་གཅིག་པ་ལས། ལཱ་མ་དང༌། ཁཥྟ་རོ་ཁ་ལ་སོགས་པའི་མིང་གཞན་གྱིས་བཤད་དོ། །དེ་ཡང་


JLAZ003_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་རྩའི་སྒོ་ནས་བརྟག་པ་སྟེ། པདྨ་ཅན་ནི་པདྨ་རྒྱས་པ་ལྟ་བུའི་རྩ་དང་ལྡན་པས། དེ་ལ་རྩ་ཁ་འབྱེད་པའི་གདམས་ངག་གལ་ཆེ་ཞིང་བདེ་བའི་ཡེ་ཤེས་སྟེར་བས་ཆོས་ཉིད་གསལ་བའི་གྲོགས་ཞེས་བྱའོ། །དུང་ཅན་མ་ནི། རྩ་ཁ་དུང་གི་ཁ་སྒོ་ལྟར་འཁྱིལ་ནས་ཡོད་པས་དེ་ལ་རྩ་གཅུད་པའི་མན་ངག་གཙོའོ། །རི་མོ་ཅན་ནི་རི་དྭགས་ཅན་དང་མཚུངས་པས། །རི་དྭགས་ཨེ་ན་ཡའི་བྱིན་པ་ལྟར་རྩ་མཇུག་ཕྲ་ལ་གྲིམས་པ་སྟེ། དེ་ལ་རྩ་སློང་བའི་མན་ངག་གཙོ་ཆེའོ། །ཧ་སྟི་མ་ནི་གླང་སྣ་ཅན་ཏེ་གླང་པོའི་སྣ་ལྟར་གྱེན་ལ་གདེངས་པས་འདི་ལ་རྩ་འགུགས་པའི་མན་ངག་གཙོ་ཆེའོ། །བ་གླང་ཅན་ནི་འདིར་མ་སྨོས་པ་སྟེ། རྩ་བག་ལ་ཉལ་དང༌། ཤེས་པ་ལ་སྒྲིན་པ་མེད་པས་ཡོན་ཏན་ཆུང་བའོ། །དེ་ལ་རྩ་སྦྱང་བའི་མན་ངག་གཙོ་ཆེ་བ་ཡིན་ནོ། །དེའང་རྩ་སྣ་རིང་བ་དང༌། ཐུང་བ་དང༌། འབྲིང་པོ་གསུམ་ལས་རིང་བ་ནི་བདེ་བ་ཁ་སྲ་ལ་ཕྱི་ནས་ལྷག་པར་སྐྱེ། ཐུང་བ་ནི་བདེ་བ་ཁ་སྙི་ལ་ཡུན་ཐུང༌། འབྲིང་པོ་ནི་རྣམ་ཤེས་མེད་པ་དང་འདྲ་བར་རིགས་པར་བྱའོ། །རྩ་སོ་སོའི་བྱེད་ལས་ཀྱི་དབང་དུ་ན། རི་དྭགས་ཅན་གྱིས་ལུས་སྤེལ་བའི་ལས་འགྲུབ། དུང་ཅན་མས་ངག་སྤེལ་བའི་ལས་འགྲུབ། གླང་སྣ་མས་ཡིད་སྤེལ་བའི་ལས་འགྲུབ། བ་གླང་ཅན་མས་སེམས་སྤེལ་བའི་


JLAZ003_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འགྲུབ། པདྨ་ཅན་གྱིས་བདེ་བ་ལུས་ལ་རྒྱས་པའི་ལས་འགྲུབ་པའོ། །ཡང་ཞིང་སྔགས་ཀྱི་རིགས་ཅན་མཆོག་དམན་གཉིས་ཀྱི་སྒོ་ནས་བརྟག་པ་ལ། མཁའ་འགྲོ་མ་ནི། སྐྲ་གྱེན་དུ་གཡེངས་པ། འགྲམ་ཡངས་ལ་ཡན་ལག་ཕྲ་བ། མིག་དཀྱུས་རིང་བའོ། །ཕལ་པའི་རིགས་ནི་མིག་ཡངས་པ། །སྐྲ་གཡས་སུ་འཁྱིལ་བ། ཡ་སོ་ལྷག་པ། གཡོན་ནས་བལྟས་ན་དགྱེ་ལ། གཡས་ནས་བལྟས་ན་དགུ་བའོ། །ཐད་ཀ་ནས་བལྟས་ན་རབ་ཏུ་དྲང་བ་སྟེ། དཔལ་རྡོ་རྗེ་མཁའ་འགྲོ་ལས། ཐ་མལ་སྔགས་ཀྱི་ལུས་ཅན་དང༌། །ཞིང་སྐྱེས་མ་ནི་གང་ཡང་རུང༌། །ཞེས་སོ། །དེའང་རིག་མའི་ངེས་ཚིག་ནི། རིག་པའི་ཡེ་ཤེས་མངོན་དུ་བསྐྱེད་པས་རིག་པ་དང༌། དེ་ལ་མ་བརྟེན་ན་སངས་རྒྱས་ཀྱི་ཡེ་ཤེས་མི་རྟོགས་པས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ས་གཞི་ལྟར་སྐྱེད་བྱེད་འགྲུབ་པའི་ཆ་ནས་མ་ཞེས་བྱ་ལ། ཡང་ན་བདེ་བའི་གཟུངས་དང་ལུས་ཀྱི་གཟུངས་དེའི་ལུས་ལ་བརྟེན་ནས་སྐྱེ་བས་ན་གཟུངས་དང༌། མ་ནི་ནམ་མཁའ་དང་འདྲ་བར་འདོད་པའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་གཟུངས་མ་ཞེས་འབྱུང་ངོ༌། །ཡང་ན་འཁོར་བ་ལས་སངས་རྒྱས་ཀྱི་སར་འཛིན་པར་བྱེད་པས་ཕྱག་དང༌། དེ་ལས་བྱུང་བའི་ཡེ་


JLAZ003_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་འཁོར་བའི་རང་བཞིན་སངས་རྒྱས་སུ་རྒྱས་འདེབས་པར་བྱེད་པས་རྒྱ་དང༌། མ་ནི་རྟོགས་པའི་ཡོན་ཏན་དེ་ལས་འབྱུང་བས་སྤང་དུ་མི་རུང་བའི་ཕྱིར་ཕྱག་རྒྱ་མ་ཞེས་བྱ་སྟེ། སྒྲོལ་མ་རྣལ་འབྱོར་མའི་རྒྱུད་ལས། རྩ་ཡི་དྲ་བ་ལྷ་མོ་སྟེ། །དེ་བཞིན་ཁམས་དང་གཉེར་བཅས་པ། །བུད་མེད་རྣལ་འབྱོར་མའི་དཀྱིལ་འཁོར། །སྤངས་ནས་རི་མོ་སུ་ཞིག་ལེན། །ཞེས་སོ། །སྤྱི་མཚན་དུ་དབྱིབས་དང༌། ཁ་དོག་དང༌། སྤྱོད་ལམ་གསུམ་གྱི་སྒོ་ནས་བརྟག་པ་ནི། རྐེད་པ་ཕྲ་བ་དང༌། རང་བཞིན་ལྡེམ་པ་དང༌། ཡན་ལག་ལྕུག་ཅིང་སེན་མོ་དམར་བཀྲག་ཆེ་བ་དང༌། ལུས་བོང་འཚམས་པ་དང༌། ཧ་ཅང་དཀར་བ་དང༌། གནག་པ་མ་ཡིན་པ་དང༌། དེ་བཞིན་སེར་བ་དང༌། དམར་བའི་མཐའ་གཉིས་སྤངས་པས་སྔོ་སང་དུ་འཇུག་པ་དང༌། མིག་ཡངས་པས་སྨིན་མཚམས་འབྲེལ་བ་དང༌། སོ་དཀར་ལ་ཐགས་དམ་པ་དང༌། སྤྱོད་ལམ་དལ་བ་དང༌། འགྲོ་ན་གཡས་སུ་འགྲོ་ཞིང་ངང་པའི་འགྲོས་འདྲ་བ་དང༌། ངག་སྙན་ལ་བག་ཆེ་བ་དང༌། སྨྲ་བ་ཉུང་ཞིང་སོས་དལ་བ་དང༌། གཡོན་པའི་ཀུན་སྤྱོད་བྱེད་པ་དང༌། སེམས་རྒྱུད་འཇམ་ཞིང་ངོ་ཚ་ཆེ་བ་དང༌། ཐབས་ལ་གུས་ཤིང་ཕྲག་པ་ཡངས་པ་སྟེ། དེ་ལྟ་བུ་ལ་བརྟེན་ན་ཆོས་ཉིད་རྣམ་པར་མི་


JLAZ003_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་འགྲུབ་པའི་ཚུལ་ཡང༌། བུ་མོའི་ལོངས་སྤྱོད་བདེ་བ་ཡིས། །རྣམ་པར་མི་རྟོག་གཉིས་མེད་འགྲུབ། །རི་བོ་ཉམས་ནི་དགའ་བ་དང༌། །ནགས་ཚལ་དབེན་པའི་ས་ཕྱོགས་སུ། །མིག་བཟང་བརྟན་པའི་བློ་ལྡན་བཟུང༌། །ཞེས་སོ། །ཞར་ལ་དགུག་པའི་མན་ངག་ཀྱང༌། །ལྟོ་འགྲོས་ལག་འགྲོ་བཟུང་བ་ན། །དེ་དག་དུད་མེད་ཐལ་བར་བྱ། །སྦྲང་རྩི་སྦྱར་བ་མཆན་ཁུང་དུ། །ཐིག་ལེ་བྱས་ན་འགུགས་པར་འགྱུར། །མི་ཚིལ་མི་ཡི་ཐོད་པར་བཞག །ན་རྨའི་བལ་གྱི་སྡོང་བུར་བྱ། །གཟུགས་འཚང་ཐོད་པ་དག་ལས་ནི། །སྣག་ཚ་བླངས་ཏེ་བུ་མོ་ལ། །ཐིག་ལེ་བྱས་ན་འགུགས་པར་འགྱུར། །ཞེས་སོ། །གཉིས་པ་ནི། རྡོ་རྗེ་མཁའ་འགྲོའི་སོ་བརྒྱད་པ་ལས། ཏིལ་དཀར་པོ་དང༌། ན་ག་གེ་སར་དང༌། དཔའ་བོའི་ཚིག་འགྲེང་གི་རྩ་བ་རྣམས་བཏགས་ཏེ། སྦྲང་རྩི་དང་མ་ཧེའི་མར་དང་ལྷན་ཅིག་ཏུ་སྦྱར་ཏེ་བསྐུས་ན་བྷོ་ལ་རེངས་ཤིང་འདོད་པའི་བདག་ཉིད་ཅན་རྣམས་ཡིད་འཕྲོག་པར་འགྱུར་ཞེས་སོགས་པས་བསྟན་ཏོ། །གསུམ་པ་ནི་དེ་ལ་ལས་རྒྱུ་འབྲས་ཀྱི་ཆོས་བསྟན་ལ་སྲིད་པ་ལ་བློ་ལོག་པར་བྱ། རབ་ཏུ་དབང་བསྐུར་ནས་མན་ངག་སྦྱིན་པ་དང༌། ཐ་ནའང་དགེ་བསྙེན་གྱི་སྡོམ་པ་སྦྱིན་པ་ལ་སོགས་པས་རྒྱུད་དག་པར་བྱ་སྟེ། སྒྲོལ་མ་རྣལ་འབྱོར་མ་ལས། དང་པོར་འདུས་པ་བྱས་ནས་ནི། །རྡོ་རྗེ་


JLAZ003_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་རབ་ཏུ་བསྒྲུབ། །དེ་བཞིན་གཤེགས་པའི་བཙུན་མོའི་མཆོག །དམ་ཚིག་ཆེན་པོར་བྱིན་གྱིས་བརླབ། །ཅེས་སོ། །བཞི་པ་ནི། སློབ་མས་གསོལ་བ་བཏབ་པའི་རྗེས་ལ། སློབ་དཔོན་ཉིད་དཀྱིལ་འཁོར་གྱི་བདག་པོར་གསལ་ཞིང༌། སློབ་མ་འདོད་ཆགས་རྡོ་རྗེའི་ངོ་བོ་ཉིད་འོད་དཔག་མེད་དུ་བསྐྱེད་དུ་བཅུག་པའི་ལག་པ་གཡོན་པར་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་བདག་ཉིད་རིགས་ཀྱི་ལྷ་མོའི་སྙིམ་པ་གཡས་པར་སྦྱིན་པ་ལ་བཅངས་ནས། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པ་སློབ་མའི་སྤྱི་བོར་བཞག་སྟེ། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱ་ལོངས། །བུ་ཡིས་བླ་མེད་མཆོད་པ་གྱིས། །ཞེས་གནང་བ་བྱིན་པས། སྣ་ཚོགས་ལུས་ཅན་མས་ཀྱང་གུར་གུམ་ལ་སོགས་པ་དྲི་ཞིམ་པོས་ལུས་ལ་བགོས། རྒྱན་གྱི་བྱེ་བྲག་དུ་མས་བརྒྱན་ནས་དམ་ཚིག་དྲི་བའི་ཕྱིར། དཔའ་བོ་བྱང་ཆུབ་སེམས་ཟ་བར། །ཁྱོད་ནི་སྤྲོ་བ་ཡིན་ནམ་ཅི། །རིགས་ལྔ་ལས་ནི་རབ་བྱུང་བའི། །རིག་མ་མཆོད་པ་ལ་གུས་སམ། །དྲི་ཆེན་དྲི་ཆུ་སྟོབས་དྲག་སོགས། །ཟ་བ་རང་ལྟ་ཡིད་ཆེས་སམ། །རྗེས་སུ་མཐུན་སྨྲོས་དམ་ཚིག་བཟང༌། །ཇི་ལྟར་དགའ་བ་སྨོས་ཤིག་བུ། །ཞེས་བརྗོད་པས་སློབ་མས་ཕྱག་འཚལ་


JLAZ003_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མེ་ཏོག་འཐོར་བ་དང་བཅས་སྤྲོ་བ་དྲིས་པ་དང་དུ་བླང་བའི་ཕྱིར། ཇི་ལྟར་གསུངས་པའི་དམ་ཚིག་སོགས། །ལྷ་མོ་བདག་ནི་ཅིས་མི་སྤྲོ། །བུད་མེད་རྟག་གུས་ཅིས་མི་བྱ། །པདྨ་མཆོད་པར་ཅིས་མི་བགྱིད། །ཅེས་ལན་གདབ་བོ། །དེ་ནས་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲ་དང་འོད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འདོད་ཆགས་རྡོ་རྗེའི་རྣམ་རོལ་ཅན་དུ་བཀུག་སྟེ། མདུན་གྱི་ནམ་མཁར་སྟོང་གསུམ་གཡོ་བ་ཙམ་གྱིས་རྗེས་ཆགས་མཛད་པས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་ངོ་བོ་འོད་དུ་ཞུ་ནས་དབང་རྟེན་དང་སློབ་མ་ལ་ཐིམ་པར་བསྒོམ་དུ་བཅུག་པས་དེ་གཉིས་ཀྱང་ཆགས་པའི་སེམས་ཀྱིས་མྱོས་པར་གྱུར་པ་ལས། ཁྱད་པར་རིག་མ་ཉིད་ཀྱི་ཐ་མལ་དུ་རྟོག་པའི་ཀུན་དུ་རྟོག་པ་རང་འགགས་ནས་སྐྲ་གྲོལ་ལུས་གཅེར་བུར་ཕྱུང༌། འཛུམ་པ་དང་བཅས་པའི་ཟུར་མིག་གི་མདས་དཔའ་བོའི་སྙིང་ལ་འབིགས་པ་དང་ཆབས་ཅིག་གཡོན་པ་རང་ཉིད་ཀྱི་པདྨའི་གཡོན་གྱི་ཆར་སོན་པའི་རྩའི་ཐད་དུ་ཁུ་ཚུར་དང་བཅས་པའི་མཐེ་བོང་བསྣུན་ནས་བདེ་བ་འབབ་པའི་རྩ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟོན་ཅིང༌། གསང་བའི་ཆུ་སྐྱེས་དངོམ་པ་གང་ཞིག་དངོས་གྲུབ་ཆེན་པོའི་འབྱུང་གནས་ཡིན་པར་ངོ་སྤྲད་ནས་


JLAZ003_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་བསྐྱེད་པ་ནི། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཅི་སྟེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་འདུག་སྟེ། །སངས་རྒྱས་མཉེས་པ་ལ་སོགས་པའི། །བྱ་བ་པདྨ་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་དེ། །འདི་ཉིད་ན་ནི་རྟག་ཏུ་བཞུགས། །རྨོངས་པ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །པདྨ་བྷཉྫ་མོ་ཀྵ་ཧོཿ ཞེས་བརྗོད་དེ་ཐབས་ཀྱི་པང་དུ་ཕྱིན་ནོ། །དེ་ལ་པདྨ་ནི་ཐབས་དེའི་དཀྱིལ་འཁོར་གྱི་མིང་སྨོས་པ་ཡིན་ལ། བྷཉྫ་ནི་བསྟེན་ཅིག་པ་སྟེ། གང་བསྟེན་ན་མོཀྵ་སྟེ་ཐར་པའི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །ལྔ་པ་ནི་ཕྱག་ཆེན་ཐིག་ལེ་ལས། གཟུགས་བཟང་བཅུ་དྲུག་ལོན་པ་དང༌། །སིཧླ་ག་བུར་ཡོད་པ་ཡི། །ཕྱག་རྒྱ་གཅེར་བུར་བྱས་ནས་ནི། །ལེགས་དགྱེས་དབྱངས་ཀྱིས་མཆོད་པར་བྱ། །པདྨ་ཁ་སྦྱར་སྦྱོར་བ་ཡིས། །ཡང་དང་ཡང་དུ་འདོད་པ་བྱ། །ཞེས་པ་ལྟར་ཐབས་ཀྱི་པང་དུ་ཕྱིན་ནས། ཐབས་ཤེས་གཉིས་ཀ་ལྷར་འདུ་ཤེས་པའི་གནས་གསུམ་དུ་ཡི་གེ་གསུམ་དང༌། ཐབས་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་ལྔ་པའི་རྩེ་མོར་ཨོཾ་གྱིས་མཚན་ལ། ཤེས་རབ་ཀྱི་པདྨ་ཨཱཿལས་པདྨ་འདབ་མ་དམར་པོ་འདབ་མ་བཞི་པའི་ཟེ་འབྲུར་ཧྲཱིཿས་མཚན་པས་ཡི་གེར་འདུ་ཤེས་


JLAZ003_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཐབས་ཀྱི་ནང་ནས་ཐབས་མཆོག་ཏུ་གྱུར་པ་འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པའི་སེམས་བསྐྱེད་པ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་དང་ལྡན་པའི་ངང་ནས་ཧཱུྃ་ཧཱུྃ་ལ་སོགས་པས་དབུ་མའི་མར་སྣེར་བདེ་བ་མངོན་དུ་རྒྱུ་བའི་རྩ་གཟུང་འཛིན་དང་བྲལ་བའི་བདག་ཉིད་ཅན་བཙལ་བཞིན་པས་སྙོམས་པར་འཇུག་པར་བྱ་སྟེ། ཕྱག་ཆེན་ཐིག་ལེ་ལས། པདྨའི་སྙིང་པོའི་དབུས་ན་ནི། །རྡོར་དབྱིངས་དབང་ཕྱུག་མ་ནི་བཞུགས། །དེ་མ་རྙེད་པའི་བར་དུ་ནི། །ཐབས་གཞན་ལས་ནི་བྱང་ཆུབ་མེད། །དེ་ནི་རང་གི་དགའ་བའི་གཟུགས། །ཕྲ་མོའི་ཕྲ་མོ་ཡང་དག་མཆོག །ཅེས་སོ། །འཚོལ་བའི་ཚུལ་ནི་སོར་མོས་གོ་བར་བྱ་བ་སྟེ་མཛུབ་མོའི་རྩེ་དང་ལྕེ་རྩེ་ལ་འདོད་ཆགས་རྡོ་རྗེའི་ངོ་བོ་ཡི་གེ་ཧྲཱིཿཡིག་དམར་པོ་བསམས་ལ་ཤཱི་ཏཱ་བརྗོད་པ་སྔོན་དུ་འགྲོ་བས་ཡང་དག་པར་བསྐུལ་ནས་རྩ་བྱ་རོག་གདོང་དང་ཕྲད་པར་བྱས་ཏེ། ཨཱོཾ་ཤཱི་ཤཱི་ཤཱི་ཧ་ཧ་ཧ་སྭཱ་ཧཱ་ཞེས་དང༌། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ལ་སོགས་པའི་སྔགས་དོན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ་སྙམ་པའི་རྗེས་ཆགས་དང་ལྡན་པས་རྣམ་པར་


JLAZ003_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དང་འཁྱུད་པའི་སྟབས་བརྒྱད་ལ་མཁས་པར་བྱ་སྟེ། དོན་དམ་པ་འདུས་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་ལས། ཁྱོགས་དང་བླ་ཞེས་བྱ་བ་དང༌། །དེ་བཞིན་ཤིན་ཏུ་བརྐྱང་བ་དང༌། །ཁབ་དང་གྲུ་མོའི་མཚན་ཉིད་བྱ། །བུང་བ་ལྟ་བུར་ཨི་ཡི་སྒྲ། །ངེས་པར་བློ་དང་ལྡན་པས་བསྐུལ། །སྒེག་འཆོས་སྟབས་ཀྱིས་འཁྱུད་ནས་ནི། །མགོ་བོའི་སྐྲ་བཟུང་ལྐོག་མ་གཟིར། །མ་མཆུའི་སྦྲང་རྩི་གཞིབས་པར་བྱ། །རྡོ་རྗེ་འཁྱུད་པས་འཁྱུད་པ་དང༌། །རྡོ་རྗེ་འོ་ཡིས་འོ་གདབ་ཅིང༌། །སོ་དང་སེན་མོ་བསྣུན་པར་བྱ། །རྡོ་རྗེ་པདྨར་རབ་འཇུག་ཅིང༌། །སཱིཏ་ཀྱི་སྒྲ་རྣམས་འབྱེད་པ་དང༌། །ནུ་མ་འཚིར་དང་སྐྱེས་པའི་ཚུལ། །སྦྱོར་བ་ཐམས་ཅད་བྱ་བར་བྱ། །ནུ་མ་སོར་མོ་སྐེ་དང་མ་མཆུ་དང༌། །རྣ་བ་མིག་དང་སྤྱི་བོ་བྷ་ག་དང༌། །འོ་བྱ་རྣ་བ་མཆན་ཁུང་སྐེ་དང་ལྟག །སེན་མོས་བཏབ་བྱ་ནུ་མ་མཆན་ཁུང་དང༌། །མཁུར་ཚོས་འགྲམ་དང་རྐང་ལག་མཐིལ་དག་ཏུ། །ཉེད་པར་བྱ་ཞིང་འཁྱུད་པའི་སྟབས་བརྒྱད་བྱ། །སོར་མོ་ལིངྒ་ལྕེ་དང་ལྕེས་བསྐྱོད་ནས། །པདྨ་བསྐུལ་ཞིང་རྩ་མཆོག་གསད་པར་བྱ། །ཞེས་སོ། །དེའི་ཚེ་བདེ་བ་བརྟེན་པར་བྱེད་པའི་མན་ངག་ནི། རྡོ་རྗེ་མཁའ་འགྲོ་ལས། འབྱུང་པོའི་ཤིང་གི་རྩ་བ་འབད་པས་ཁར་བཅུག་ན་ཇི་སྲིད་དུ་བུ་མོའི་བདེ་བ་རྙེད་པ་དེ་སྲིད་ཀྱི་བར་དུ་སྔགས་པས་


JLAZ003_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པར་འགྱུར་རོ། །གཞན་དུ་ཤ་དང་ལཀྵ་ནའི་སྨན་བཏགས་ཏེ་ཏིལ་མར་དུ་བཙོས་ལ་རྐང་པ་ལ་བསྐུས་ན་ཡང་འདོད་པ་ལ་སྤྱོད་པ་རྣམས་ཀྱིས་བསྔགས་སོ། །ཞེས་སོ། །དྲུག་པ་ནི། དགའ་བ་བཞིའི་ཡེ་ཤེས་ལ་བརྟེན་ནས་དབང་དོན་ཤེས་པར་བྱ་བ་སྟེ། དེ་ཡང་རྟེན་ཤེས་རབ་མ་ལས་བརྟེན་པ་དགའ་བཞིའི་ཡེ་ཤེས་བསྐྱེད་པའི་ཚུལ་རྣམ་གྲངས་ཀྱི་སྒོ་ནས་ཕྱེ་ན་གོམས་པ་ལ་ལྟོས་པའི་དགའ་བ་བཞི། སྤང་བྱ་ལ་ལྟོས་པའི་དགའ་བ་བཞི། རང་གི་ངོ་བོ་ལ་ལྟོས་པའི་དགའ་བ་བཞི། གནས་ལ་ལྟོས་པའི་དགའ་བ་བཞི་ལས་རྟེན་ཅན་གྱི་ལམ་གྱི་གཙོ་བོ་ནི་ཐོག་མར་རྩ་རླུང་ཐིག་ལེ་གསུམ་གྱི་མན་ངག་ལ་ལྟོས་པའི་ཚུལ་གཏུམ་པོའི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །རྐྱང་མ་ཤེས་རབ་རང་བཞིན་ཏེ། །གཡོན་པའི་རྩ་རུ་རབ་ཏུ་གྲགས། །རོ་མ་ཐབས་ཀྱི་རང་བཞིན་གྱི། །གཡས་པ་ལ་ནི་ཡང་དག་གནས། །རྐྱང་མ་རོ་མའི་དབུས་དག་ལ། །ཀུན་འདར་མ་ནི་རབ་ཏུ་གསུངས། །གང་ཚེ་ཨ་ཝ་དྷཱུ་ཏིར་རླུང༌། །ཁུ་བ་དང་ནི་རོ་གཅིག་འགྱུར། །ཞེས་དང༌། ལྟེ་བར་གནས་པའི་ཙནྡ་ལཱི། །མར་མེ་ལྟར་འབར་དེ་ཡིས་ནི། །ཞུ་བའི་ཁུ་བ་མཆོག་ལ་ནི། །དེ་ལས་སྐྱེས་པའི་བདེ་བ་ལ། །ཞེས་ཞུ་བདེ་ལ་བརྟེན་ནས་ཡེ་ཤེས་འདྲེན་


JLAZ003_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་གང་ཞིག་གནས་ཀྱི་སྒོ་ནས་ངོས་བཟུང་བའི་ཁྱད་པར་ལ་དུས་འཁོར་ལྟར་ན། གཙུག་ཏོར་ནས་ནི་མཛོད་སྤུ་ཡི། །པདྨ་ཁུ་བར་འོངས་དགའ་བ། །མགྲིན་པ་སྙིང་གར་མཆོག་དགའ་བ། །ཁྱད་པར་དགའ་བ་དེ་ནས་འགྱུར། །སྣ་ཚོགས་དགའ་བྱེད་ལྟེ་བར་ཏེ། །གསང་བའི་པདྨའི་གང་འོངས་པའོ། །གསང་གནས་རྡོ་རྗེ་ནོར་བུའི་བར། །ལྷན་སྐྱེས་དགའ་བ་མི་འཕོ་བའོ། །ཞེས་འདོད་ལ། ཁ་ཅིག་ཏུ་སྙོམས་འཇུག་གི་དང་པོ་བལྟ་བ་ལ་སོགས་པའི་དུས་སུ་དགའ་བ། རྡོ་རྗེའི་རྩ་བར་ཐིག་ལེ་གཡོས་པས་མཆོག་དགའ། བདེ་བ་ཕྱིར་འབྱུང་བ་ལ་ཐུག་པ་ཁྱད་དགའ། འཛག་བདེ་བཀག་པ་ཡུན་རིང་དུ་གོམས་པ་ལས་རྡོ་རྗེ་ནོར་བུར་བྱང་སེམས་བརྟན་ཅིང་སྣང་བ་གསུམ་དང༌། འོད་གསལ་གྱི་རྟགས་ཤར་བ་ལྷན་ཅིག་སྐྱེས་དགར་འདོད་པའང་ཡོད་དེ་ཉམས་སུ་མྱོང་བའི་ལུགས་སུ་སྣང་ངོ༌། །སྤྱི་མཚན་དུ་ནི་ཕྱག་ཆེན་ཐིག་ལེ་ལྟར་གྲགས་པ་བརྟན་པ་ཡིན་ཏེ། ཚངས་བུག་ནས་ནི་མགྲིན་གནས་སུ། །དེ་ཙམ་དུ་ནི་ཐིག་ལེ་བཞི། །དེ་ཡི་གནས་སུ་དགའ་བ་བཞི། །རོ་གཉིས་དང་ནི་ལྡན་པའོ། །མགྲིན་པ་ནས་ནི་སྙིང་གར་གནས། །ཡང་ནི་དེ་ཙམ་བཞི་ཡིན་ནོ། །མཆོག་གི་དགའ་བའི་བཞི་ཡིན་ཏེ། །རོ་གཉིས་དང་ནི་ལྡན་པའོ། །སྙིང་གའི་གནས་


JLAZ003_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རིན་ཆེན་སྐེར། །ཡང་ནི་དེ་ཙམ་བཞི་ཡིན་ནོ། །དགའ་བྲལ་དགའ་བའི་བཞི་ཡིན་ཏེ། །རོ་གཉིས་དང་ནི་ལྡན་པའོ། །རིན་ཆེན་སྐེད་ནས་སྟེང་མི་གནས། །ཡང་ནི་དེ་ཙམ་བཞི་ཡིན་ནོ། །ལྷན་ཅིག་སྐྱེས་དགའ་བཞི་ཡིན་ཏེ། །རོ་གཉིས་དང་ནི་ལྡན་པའོ། །དགའ་བ་བཅུ་དྲུག་ཐིག་ལེ་སྟེ། །ཐིག་ལེ་ཟླ་བའི་ཆ་རུ་དྲན། །ཨཱ་ལི་ཐིག་ལེར་ཤེས་པར་བྱ། །འཁོར་ལོ་བཞི་ཡི་རིམ་པས་སོ། །ཞེས་འཁོར་ལོ་བཞི་སོ་སོར་དགའ་བཞིའི་འགྲོས་རེ་རེ་ལ་དགའ་བ་བྱེ་བྲག་པ་བཞི་བཞིར་ཕྱེ་བའི་བཅུ་དྲུག་ཏུ་བསྟན་པ་ཡིན་ནོ། །དེ་ཡང་རྣམ་རྟོག་ཤིན་ཏུ་རགས་པ་ཆོད་པས་དགའ་བ་དང༌། ཆེན་པོ་ཆོད་པས་མཆོག་དགའ་དང༌། འབྲིང་པོ་ཆོད་པས་ཁྱད་པར་གྱི་དགའ་བ་དང༌། རགས་པའི་ཆ་མེད་པས་ལྷན་སྐྱེས་ཀྱི་དགའ་བ་སྟེ་བཞི་པོ་དབང་བཞི་དང་སྦྱར་ན་སྔ་མ་གསུམ་རྟོག་བཅས་ཀྱི་དགའ་བ་ཡིན་ཏེ། དང་པོས་འཇུག་པའི་ཡེ་ཤེས་རླུང་གི་འཕེན་སྡུད་ལ་སྤྱོད། གཉིས་པས་ཚོར་བ་སྟེ་མྱོང་བའི་དངོས་རྗེས་ལ་སྤྱོད། གསུམ་པས་བདེ་བ་སྟེ་སེམས་དང་ཡེ་ཤེས་འཁྲུག་པའི་ས་གསུམ་གྱིས་བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་དང༌། ཕྱི་མ་ནི་མྱོང་བ་སྟེ་སེམས་དང་ཡེ་ཤེས་དབྱེར་མི་ཕྱེད་པ་རྟོག་


JLAZ003_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལྷན་ཅིག་སྐྱེས་པའི་དགའ་བས་དབང་བཞི་དཔེའི་ཡེ་ཤེས་སུ་མཚོན་ནས་དོན་གྱི་ཡེ་ཤེས་བཞི་པའི་དུས་ན་སེམས་དང་ཡེ་ཤེས་གང་དུ་ཡང་མ་ཕྱེད། མི་འབྱེད་མཐའ་གཉིས་ལས་འདས་པར་སྦྱོར་བ་ལ་ལྔ་པའི་ཐ་སྙད་ཀྱིས་བསྟན་པའང་ཡོད་དེ་ཁང་བུ་བརྩེགས་པའི་རྒྱུད་ལས། དང་པོ་དགའ་བ་ཙམ་ཉིད་ལས། །གཉིས་པ་ཚོར་བ་མྱོང་རིག་ལ། །གསུམ་པ་བདེ་བ་ཉིད་ཅེས་བྱ། །བཞི་པ་མྱོང་བས་ལྷན་ཅིག་སྐྱེས། །ལྔ་པ་སྟོང་པ་ཉིད་ཅེས་སོ། །ཞེས་སོ། །དེ་དག་དབང་བཞི་དང་སྦྱར་བའི་ཚུལ་ཕྱག་ཆེན་ཐིག་ལེ་ལས། གནས་བཞི་ལ་ནི་དབང་བཞི་སྟེ། །ལེགས་སྐྱེས་དབང་མོར་ཤེས་པར་བྱ། །རྒྱུ་དང་འབྲས་བུའི་རིམ་པ་ཡི། །མདོར་བསྡུས་པ་ནི་བཞི་ཡིན་ཏེ། །སྤྲུལ་དང་ཆོས་དང་ལོངས་སྤྱོད་དང༌། །བདེ་བ་ཆེན་པོ་བཞི་པའོ། །དེ་དག་སྐུ་ནི་བཞི་ཡིན་ཏེ། །དོན་དམ་པར་ནི་ཤེས་པར་བྱ། །ཞེས་སོ། །དེ་ཡང་གསང་དབང་གི་ལམ་ལ་གོམས་པ་དང༌། སྔོན་གྱི་སྦྱངས་སྟོབས་ཅན་ལ་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པའི་རིམ་པ་དང་བསྟུན་ནས་ངོས་འཛིན་པ་ཡིན་ནོ། །ཇི་ལྟར་ཡང་དེའི་ཚེ་སྣང་མཆེད་ཐོབ་གསུམ་གྱིས་བསྡུས་པའི་འོད་གསལ་ནི། མཆེད་པ་ལ་བདེ་བ་ཤས་ཆེ་བས་ཆགས་པ་ཆེན་པོ། ཉེར་ཐོབ་ལ་བདེ་བ་དང་


JLAZ003_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཆ་མཉམ་པས་ཆགས་པ་བར་མ། སྣང་བ་ལ་སྟོང་པ་ཤས་ཆེ་བས་ཆགས་བྲལ་ཞེས་གོ་རིམ་མ་ངེས་པ་དང༌། དེ་ཡང་སྣང་བའི་དུས་ན་རང་བཞིན་བརྒྱད་ཅུའི་རྟོག་པ་སྐྱེད་བྱེད་ཀྱི་རླུང་དང་བཅས་པ་རང་དག་པས་སྟོང་པ། མཆེད་པའི་དུས་ན་སྣང་བ་སྐྱོད་བྱེད་ཀྱི་རླུང་དང་བཅས་པས་སྟོང་པས་ཤིན་ཏུ་སྟོང་པ། ཉེར་ཐོབ་ཀྱི་དུས་ན་མཆེད་པ་རླུང་དང་བཅས་པས་སྟོང་པས་ན་སྟོང་པ་ཆེན་པོ། དེ་ཡང་རགས་པའི་རླུང་སེམས་ཀྱི་ཆས་ཁུར་བའི་བསླད་པ་ཐམས་ཅད་དང་བྲལ་བས་སྟོང་པ་འོད་གསལ་ཞེས་བྱ་སྟེ་དོན་དམ་པའི་རྫོགས་རིམ་གྱིས་སྙིང་གའི་རྩ་མདུད་གྲོལ་བ་ལ་བརྟེན་ནས་འབྱུང་བས་དཔེའི་ཡེ་ཤེས་ཉིད་དེ། བདེ་བས་ཐབས་བྱས་པའི་སྟོང་པ་ཡིན་པས་སོ། །དེ་དུས་གང་གི་ཚེ་སྐྱེ་ན། །རིན་ཆེན་སྐེ་ནས་སྟེང་གི་གནས། །ཞེས་པས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྡོ་རྗེ་ནོར་བུར་སླེབ་ནས་ཕྱིར་མ་འཕོས་པའི་དུས་ན་དགའ་བ་བཅུ་དྲུག་པོའི་ཡང་མཐར་ཐུག་པས་གནས་སྐབས་དེ་ཉིད་དབང་གསུམ་པའི་ཡེ་ཤེས་སུ་འདོད་དགོས་པ་ཡིན་ཏེ། ཕྲིན་ལས་ཀྱི་རྒྱུད་ལས། རྟོག་པའི་བག་ཆགས་འཇོམས་པར་བྱེད། །དབང་གསུམ་འབྲས་བུ་དེ་བཞིན་ནོ། །ཞེས་དང༌། ཕྱག་ཆེན་ཐིག་ལེ་ལས། ཤེས་རབ་ཡེ་ཤེས་བདག་གིས་བཤད། །


JLAZ003_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་མྱ་ངན་འདའ་ཞེས་བཤད། །ཡེ་ཤེས་སྲིད་པ་ཞེས་བྱར་དྲན། །འཁོར་བ་འདི་ནི་མཆོག་དགའ་བ། །མྱ་ངན་འདས་པ་དགའ་བྲལ་དྲན། །ཡང་ན་མྱ་ངན་འདས་གྲགས་པ། །སངས་རྒྱས་རིན་ཆེན་པདྨའི་སྣོད། །བུད་མེད་བྷ་གའི་ཕྱག་རྒྱའོ། །དེ་ནི་ཤེས་རབ་ཅེས་བྱར་དྲན། །ཡེ་ཤེས་སྣོད་ནི་ཡིན་པར་གྲགས། །ཐམས་ཅད་བདེ་བའི་མཆོག་གི་གནས། །ཁུ་བ་ཤེས་རབ་ཅེས་སུ་ཤེས། །ཡེ་ཤེས་བདེ་བ་ཞེས་སུ་དྲན། །དབང་བསྐུར་འོད་དུ་ཞུ་བར་འགྱུར། །ཡེ་ཤེས་དུས་ལས་གཞན་པའོ། །དེ་ནི་འགོག་པ་བཞི་པ་སྟེ། །རང་བཞིན་ཡེ་ཤེས་མཚན་ཉིད་དོ། །ཞེས་སོ། །འོ་ན་འདི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་བཞི་པ་དང་མཚུངས་སམ་ཞེ་ན། ལམ་ལ་བཀྲི་ཚུལ་གྱི་ཆ་ནས་མི་མཚུངས་པས་དབང་གི་གོ་རིམ་སོ་སོར་བྱུང་ལ། དེ་ལྟ་ནའང་དབང་གསུམ་པའི་ཡེ་ཤེས་མཐོང་ལམ་དུ་གྲུབ་ཆེན་མཻ་ཏྲི་པས་ཀྱང་འདོད་ཅིང༌། ཁྱད་པར་ཌོམ་བྷི་ཧེ་རུ་ཀས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཕྱག་རྒྱའི་རྐྱེན་ཀྱིས་རྟོགས་པ་ཡིན། །མངོན་སུམ་ལམ་དུ་གྲགས་པ་སྟེ། །བྱིན་རླབས་ལམ་དུ་གྱུར་པ་ཡིན། །ཞེས་དང༌། ཁ་ཅིག་དཔེ་ཞེས་ཟེར་བ་ནི། །ཡང་དག་དོན་ལ་རྒྱབ་ཕྱོགས་པའི། །བྱིས་པ་རྣམས་


JLAZ003_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྨྲ་བ་ཡིན། །དེས་ནི་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་མིང་ཙམ་ཐོས་པར་ཟད། །ཅེས་སོགས་དགག་བསྒྲུབ་རྒྱ་ཆེར་འབྱུང་མོད། དེ་ལྟ་ནའང་སྙེ་མ་ལྔ་པ་ལས། དེ་ཅི་འདི་མཐོང་བའི་ལམ་ཡིན་ནམ་ཞེ་ན། དེ་ལྟ་མ་ཡིན་ཏེ་ཞེས་པ་ལ་སོགས་ཀྱིས་དེ་ལྟར་འདོད་པ་བཀག་པས་ཕྱོགས་གཉིས་སུ་འཛིན་པའི་རྟོག་གེའི་རིགས་པ་འབའ་ཞིག་གིས་སྔགས་ལམ་འགྲེལ་ཞིང་སྐྱེ་འགག་ཏུ་འཛིན་པ་རྣམ་གྲངས་པའི་དོན་དམ་ཀྱིས་ཡེ་ཤེས་ཀྱི་རང་བཞིན་གཞལ་བ་རྣམས་ཀྱི་དགག་བསྒྲུབ་ནི་བྱིས་པ་འདྲིད་པའི་ཚིག་བླ་དྭགས་ཙམ་དུ་གོ་ལ། སྤྱིར་གང་ཟག་གི་སྦྱངས་པ་དང་དབང་པོའི་རིམ་པ་ལ་ལྟོས་ནས་དབང་ཐོབ་ལུགས་ནི་མང་དུ་སྣང་བས་གྲུབ་ཆེན་དེ་གཉིས་ལྟ་བུའི་ངོས་ནས་དབང་འོག་མ་གཉིས་ཀྱི་འབྲས་བུའི་གོ་འཕང་གང་ཡིན་པ་མངོན་དུ་གྱུར་པའི་ཚེ་དབང་གསུམ་པ་མཉན་པས་དེའི་ལྷན་སྐྱེས་ཉམས་མྱོང་གི་ཟག་པ་དང་བྲལ་བ་གཅིག་ཅར་དུ་མཐོང་ན་བཞི་པའི་ཡེ་ཤེས་དཔེ་ལ་མ་ལྟོས་པ་ཐོད་རྒལ་དུ་སྐྱེས་པའི་མཐའ་ཡང་འགོག་པར་མི་ནུས་ཏེ། འདི་ལྟར་རྒྱུད་ལས་དགའ་བཞིའི་རིམ་པ་དང༌། དབང་བཞི་སྦྱར་བའི་ཕྱིར་དང༌། ཁྱད་པར་རྡཽ་རྗེ་ཐེག་པའི་ལམ་ནི་བྱང་ཆུབ་ཀྱི་སེམས་མི་ཤིགས་པ་བདེ་བར་གཤེགས་པའི་


JLAZ003_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཅན་ཡིན་ལ་མི་ཤིགས་པ་ཉིད་ཀྱིས་མི་འགྱུར་བའི་བདེ་བ་མངོན་དུ་བྱས་པ་འབྲས་བུ་ཡིན་ན་ལམ་དེས་དེ་འཐོབ་པ་འོག་ཏུ་བསྟན་པའི་ཕྱིར་རོ། །ཡང་དབང་པོ་ཤིན་ཏུ་རྟུལ་པོས་ཐབས་ལམ་ཟབ་མོའི་ཆོ་ག་ལ་བརྟེན་ནས་བདེ་བ་དང་བཅས་པའི་མི་རྟོག་པ་ཡུད་ཙམ་ཉམས་སུ་མྱོང་བའི་ཚེ་རྟོག་པ་རགས་པ་མང་པོ་ཞིག་འགགས་པ་ཡོད་ཀྱང་འདོད་ཆགས་བདེ་ཆེན་དུ་འཆིང་མ་ནུས་ན་རང་བཞིན་སྙོམས་འཇུག་གི་གནས་སྐབས་ལྟར་སྣང་བ་ཙམ་སྟེ་དེ་ནི་གཤིས་ཀྱི་གནས་ཚུལ་གཏན་མ་རྟོགས་པའི་གང་ཟག་ལའང་སྐྱེ་མོད་ཀྱིས། དེས་མཐོང་ལམ་གྱི་བདེན་པ་མཐོང་བ་མ་ཡིན་ནོ། །དེ་བས་ན་དབུས་མཐའ་ལས་སེམས་མེད་པའི་གནས་སྐབས་ལྔར་ཆོས་སྐུ་ཉམས་སུ་མྱོང་བར་བཤད་པའི་དོན་ནི་སྣང་ཡུལ་མི་འཛིན་པའི་ཆ་ལ་བཏགས་པ་ཙམ་ཡིན་པ་ལྟར། འདིར་སྙོམས་འཇུག་གི་རྐྱེན་ལས་སོ་སོ་རང་རིག་གིས་རིག་ཆ་དང་འགལ་བའི་རྟོག་མེད་ཙམ་སྐྱེས་པ་གང་ཞིག་མས་བརྟན་གྱི་དགའ་བ་ལ་བརྟེན་ནས་འདོད་ཆགས་བདེ་ཆེན་དུ་འཆིང་མི་ནུས་པ་རྣམས་ལ་ནི་དཔེར་ཡང་རུང་བ་དཀའ་སྟེ་འཕོ་མེད་ཀྱི་བདེ་བ་ལ་ཡུན་དུ་གོམས་ནས་དེའི་རང་བཞིན་ཤེས་དགོས་པའི་ཕྱིར་རོ། །འདི་ལྟར་སྔགས་ནི་མངོན་སུམ་གྱི་ལམ་ཡིན་པས་རྗེས་དཔག་དང་འགལ་བའི་ཕྱིར་གང་


JLAZ003_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་རིམ་གྱིས་པ་རྣམས་ལ་སྔ་ཕྱི་རྒྱུ་འབྲས་ཀྱི་ཚུལ་དུ་གནས་པས་གསུམ་པའི་ལམ་དུ་དཔེའི་ཡེ་ཤེས་ཞེས་བྱ་བ་ཆོས་ཐམས་ཅད་བསམ་དུ་མེད་པ་དེ་ཁོ་ན་ཉིད་ཀྱི་གཟུགས་བརྙན་བདེ་བས་ཐབས་བྱས་པའི་ལྷན་ཅིག་སྐྱེས་དགའི་ཤེས་རབ་ལ་གོམས་པར་བྱས་པ་ལས་བཞི་པའི་དུས་ན་རང་བཞིན་ཅི་ཡིན་པ་མཐོང་བའི་ཐབས་བྱུང་འབྲས་བུའི་ལྷན་སྐྱེས་མངོན་སུམ་དུ་སྐྱེ་བ་ཡིན་ཏེ། རྡོ་རྗེ་ཁྲོས་པའི་རྩ་རྒྱུད་ལས། དེ་ཡི་ཤེས་རབ་ཡེ་ཤེས་ཀྱི། །དབང་གི་རྡོ་རྗེ་ཐུགས་ཉིད་དག །རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །སེམས་ཉིད་མཁའ་དང་མཚུངས་པར་མཐོང༌། །ཞེས་སོ། །རྒྱུ་མཚན་དེས་དབང་འདི་ནི་གསང་དབང་གི་ཉམས་སུ་མྱོང་བ་བརྟན་པ་དག་ལས་གཞན་དུ་སྦྱིན་པར་བྱ་བ་མ་ཡིན་པའང་ཤུགས་ལ་ཤེས་པར་འགྱུར་ལ། དེ་བས་ན་འཕོ་མེད་ཀྱི་བདེ་བ་ལྷག་མཐོང་གིས་ཟིན་པ་ལས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་འགྱུར་བའི་ཚུལ་ཡང་དབང་མདོར་བསྟན་ལས། ཇི་ལྟར་ལྕགས་ཀྱིས་ཕུག་པའི་ལྕགས། །ལྕགས་ཉིད་དུ་ནི་རྗེས་འགྲོ་མིན། །དེ་བཞིན་བདེ་བས་ཕུག་པའི་སེམས། །སྡུག་བསྔལ་ཉིད་དུ་རྗེས་འགྲོ་མིན། །ཆགས་བྲལ་ལས་གཞན་སྡིག་པ་མེད། །བདེ་བ་ལས་གཞན་བསོད་ནམས་མེད། །


JLAZ003_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་འགྱུར་མེད་བདེ་བར་སེམས། །ཞེས་དང༌། གཞོན་ནུ་མ་ཡི་དགའ་བ་ནི། །མེད་པར་དགའ་བ་སྨྲ་མི་ནུས། །བདེ་བ་ཆེན་པོ་རང་གིས་རིག །དེ་བཞིན་ཏིང་འཛིན་དང་བྲལ་བའི། །བདེ་བ་སྨྲ་བ་ནུས་མ་ཡིན། །འགྱུར་མེད་ཏིང་འཛིན་ཐོབ་པ་ན། །རྣལ་འབྱོར་པ་ཡིས་རང་རིག་འགྱུར། །འགྱུར་མེད་ལས་སྐྱེས་བདེ་རིག་པ། །ཐམས་ཅད་མཁྱེན་ལའང་ཐེ་ཚོམ་ཟ། །དེ་ལྟ་ན་ཡང་ཡིད་བདེ་མིན། །ཆགས་བྲལ་ཉིད་དུ་མི་བྱའོ། །འཕོས་པ་ལས་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ལས་ནི་སྡུག་བསྔལ་འབྱུང༌། །སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད། །ཟད་པ་ལས་ནི་འཆི་བར་བརྗོད། །ཤི་ནས་སླར་ཡང་དེ་རྣམས་ཀྱི། །སྲིད་པའོ་སྲིད་ལས་སླར་འཆི་འཕོ། །དེ་ལྟར་སེམས་ཅན་གྱི་སྲིད་པ། །ཆགས་བྲལ་ལས་བྱུང་གཞན་དུ་མིན། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །འཕོ་བའི་ཆགས་པ་རྣམ་པར་སྤང༌། །གང་གིས་འགྱུར་མེད་བདེ་ཆེན་འགྱུར། །ཞེས་སྲིད་པའི་རྩ་བ་འཛག་བདེ་ཡིན་ན་དེའི་བྱེད་པ་བཅིངས་པ་ལས་གནས་སྐབས་སུའང་སྡུག་བསྔལ་གྱི་རྒྱུ་འབྲས་མཐའ་དག་འགོག་ཅིང་དཔེ་ལ་བརྟེན་ནས་དོན་ཤེས་པས་མས་བརྟན་གྱི་ཡེ་ཤེས་ལུགས་ལས་ལྡོག་པ་ཉམས་སུ་མྱོང༌། དེའི་ཚེ་དབང་པོ་རབ་ཏུ་གྱུར་པས་དེ་ཉིད་དུའམ། འབྲིང་གིས་ཀྱང་གོམས་


JLAZ003_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤིན་ཏུ་བརྟན་པའི་ཚེ་ཁམས་ཀྱི་སྙིགས་མ་མཐའ་དག་སྦྱངས་ནས་མཐར་ཐུག་གི་འབྲས་བུ་འགྱུར་བ་མེད་པའི་བདེ་བ་ཆེན་པོ་འཐོབ་པར་འགྱུར་བ་ནི་དབང་གསུམ་པའི་བྱེད་ལས་ཐུན་མོང་མ་ཡིན་པ་ཉིད་དང༌། སྐབས་འདིར་ནི་རྣལ་འབྱོར་མ་ལས། སྐྱེས་པ་གཅིག་གི་འདོད་ཆེན་གྱི། །མི་ཡི་བུ་མོ་ཁྲི་ཕྲག་དང༌། །ཉིན་རེར་ལྷ་དང་ལྷ་མིན་མོ། །བུད་མེད་འབུམ་ཕྲག་ཟིལ་གནོན་པ། །ཁུ་བ་རེངས་པའི་བྱེད་པ་ལས། །གཅིག་གིས་ཐམས་ཅད་འདོད་སྤྱོད་ལ། །རྡོ་རྗེར་བྱེད་པ་རབ་ཏུ་བཤད། །ཅེས་པ་ལྟར་ཞུ་བ་རྗེས་སུ་དྲན་པ་ལས་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་བརྟན་པར་བྱ་བའི་ཐབས་ཀྱི་སྒོ་ནས་གནས་སྐབས་ཀྱི་རང་འབྲས་བདེ་བའི་ཆ་མི་བསྐྱོད་པའི་དབུགས་དབྱུང་དང༌། རྟོགས་པའི་ཆ་རྡོ་རྗེ་འཆང་གི་དབུགས་དབྱུང་གཉིས་ཉམས་སུ་མྱོང་པར་འགྱུར་ཏེ། ཐབས་དང་ཐབས་བྱུང་དབྱེ་བ་ཡིས། །བཞི་པའི་དོན་ནི་རྣམ་པ་གཉིས། །འདོད་གཅིག་དེ་བཞིན་གཤེགས་དངོས་གྲུབ། །གཞན་ནི་རྡོ་རྗེ་འཛིན་པར་འདོད། །ཅེས་པས་དགའ་བ་བཞི་པའི་དོན་གྱི་བལྟ་བ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ལ་གོམས་པར་བྱེད་པ་དབང་གསུམ་པའི་དོན་པོ་ཡིན་ནོ། །དེ་བལྟ་བ་བཞི་དང་སྦྱར་ནས་ངོ་སྤྲད་པ་དངོས་ནི། གཞན་ལུས་ལ་བརྟེན་པའི་བདེ་བས་སེམས་


JLAZ003_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོར་བ་གཟིར་ནས་སྡུག་བསྔལ་གྱི་ཆ་ལས་ལོག་པ་ནི་བལྟ་བ་གཡོ་བའི་དུས་ཞེས་བྱ་སྟེ་དགའ་བའི་ཡེ་ཤེས་སོ། །བདེ་བའི་ཚོར་བ་དེས་ཐ་མལ་གྱི་རྟོག་པ་ཤིན་ཏུ་རགས་པའི་ཆ་རྣམས་རང་འགགས་པས་སེམས་སྟོང་པ་ཙམ་དུ་ཤེས་ཀྱང༌། སྟོང་ཉིད་རང་བཞིན་དང་མ་འདྲེས་པའི་དུས་ན་བལྟ་བ་ཐོབ་པ་ཞེས་བྱ་སྟེ་མཆོག་དགའི་ཡེ་ཤེས་སོ། །དེ་ནས་ཞུ་བདེའི་ཉམས་ཆེར་རྒྱས་ནས་རྟོག་པ་ཕལ་ཆེར་འགགས་ཀྱང༌། སེམས་དང་སེམས་བྱུང་འབྲེལ་མ་ཆོད་པའི་ཆ་ནས་མྱོང་བ་ལ་ཐོབ་ཤོར་ཅུང་ཟད་འཆར་བའི་དུས་ན་ལྟ་བ་གོམས་པ་ཞེས་བྱ་སྟེ་ཁྱད་པར་གྱི་དགའ་བའི་ཡེ་ཤེས་སོ། །དེ་ནས་ལུས་སེམས་གཉིས་མེད་བདེ་བའི་རོས་མྱོས་ནས་རྣམ་པར་མི་རྟོག་པ་ཉག་གཅིག་ཏུ་ཤར་ཡང༌། དེའི་རང་བཞིན་ཉམས་སུ་མྱོང་བ་ཟག་པ་དང་བཅས་པ་རྐྱེན་ལས་སྐྱེས་པའི་རེས་འགའ་བ། གློག་འགྱུ་བ་ལྟར་སྐད་ཅིག་ཙམ་པ་འཇིག་རྟེན་པ་ཀུན་རྫོབ་པའི་ཆ་དང་བཅས་པ་ནི་བཅོས་མ་ཉིད་ནའང་བལྟ་བ་བརྟན་པ་ཞེས་བྱ་སྟེ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཡིན་ལ། གལ་ཏེ་ལྷན་སྐྱེས་ལྟར་སྣང་བ་དེ་གོམས་པའི་མཐུ་ལས་རང་ངོའི་ཉམས་སུ་མྱོང་བ་རྒྱུ་མཐུན་པ་དང་བཅས་པའི་དྲི་མ་དག་ནས་སོ་སོ་རང་གིས་རིག་པ་རྣམ་པར་མི་རྟོག་པ་དམིགས་བྱ་དམིགས་བྱེད་ལས་འདས་པ་སྟེ་ཁྱད་ཆོས་གསུམ་ལྡན་གྱི་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་


JLAZ003_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེ་ཁོ་ན་ཉིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཐོང་ན་རང་གི་ངོ་བོས་རྟོགས་པའི་འབྲས་བུའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཡིན་པས་དེ་ལྟར་དུ་ངོ་སྤྲད་པར་བྱའོ། །བདུན་པ་ནི། དེའི་ཚེ་མས་བརྟན་གོམས་པར་བྱ་བའི་ཐབས་ལ་བསླབ་དགོས་ཏེ། སྒྲོལ་མ་རྣལ་འབྱོར་མའི་རྒྱུད་ལས། ཧཿཞེས་བྱ་བ་མཆོག་ཏུ་དགའ་བའི་ཚེ་བཅིང་བར་བྱའོ། །ཡང་ན་ཧཱུྃ་ཞེས་བྱ་བ་སྙིང་ག་ལ་གནས་པའི་སྒྲ་ཡིས་སོ། །ཡང་ན་ཧྲིཾ་ཧ་ཞེས་བྱ་བ་མགྲིན་པ་ལ་གནས་པའི་སྒྲ་ཡིས་སོ། །ཧཱུྃ་དང་ཕཊ་ཀྱི་བྱ་བ་དང༌། མདའ་བོ་ཆེའི་སྦྱོར་བ་བྱས་ལ་ཁུ་བ་བཅིང་བར་བྱའོ། །གཞན་ཡང་ཆ་བཞི་པའི་ཕྱེད་ཀྱི་མཚམས་སུ་ལྷན་ཅིག་སྐྱེས་པ་བསྒོམ་པར་བྱ་སྟེ། གལ་ཏེ་བྷ་གའི་ཟེ་འབྲུ་ལ་གནས་པའི་ཐིག་ལེ་ཡང་རྡོ་རྗེའི་ཁས་བཏུང་བར་བྱའོ། །བསྐོར་བ་ལ་སོགས་པའི་སྦྱོར་བ་དང༌། རླུང་གིས་སྦྱོར་བ་མཉམ་པར་བྱའོ། །ཞེས་དང༌། དེ་ལས་དགའ་བ་བཞིའི་དབྱེ་བས་སྒྲུབ་པ་པོ་ལ་རེངས་པ་དང༌། རྔུལ་བ་དང༌། བ་སྤུ་ལྡང་བ་དང༌། དབུགས་འགྱུར་བ་དང༌། འདར་བ་དང༌། ཁ་དོག་ལོག་པ་དང༌། མཆི་མ་འབྱུང་བ་དང༌། ཐིམ་པ་ཞེས་བྱ་བ་སྙིང་སྟོབས་བརྒྱད་འབྱུང་ངོ༌། །བུ་མོས་ཡེ་ཤེས་ཐོབ་པ་ནི། །སྙིང་ནི་འགུལ་ཞིང་བསྐྱོད་པ་དང༌། །འདར་དང་དྲན་པ་ཉམས་པ་དང༌། །སྐྲ་གྲོལ་གཅེར་བུ་གཤེར་བས་


JLAZ003_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ། །མདོག་དམར་རབ་ཏུ་ཕྲ་བའི་མིག །ཡེ་ཤེས་ལྔ་ཡི་རྣམ་པར་འཕྲུལ། །བུད་མེད་ཤེས་རབ་ཡེ་ཤེས་ཏེ། །དེ་ལས་ཡེ་ཤེས་ལྔ་ཐོབ་འགྱུར། །རྡོ་རྗེ་ཆུ་སྐྱེས་སྦྱོར་ལྡན་པ། །སྐུ་ཡི་རྡོ་རྗེ་སྙན་པར་བརྗོད། །རླུང་ནི་མཉམ་པར་གྱུར་པ་དང༌། །སཱིཏ་ཀྱི་སྒྲ་དང་སྐད་འགྱུར་བ། །གསུང་ནི་ཉེ་བར་བསྒྲུབ་པའོ། །བསྐྱོད་པ་ལས་ནི་རབ་ཞུ་བ། །ནོར་བུ་བཅུ་དྲུག་ཆ་བབས་ཏེ། །ཡིད་ཀྱི་བདེ་བས་གཉིས་འགགས་པ། །ཐུགས་ཀྱི་དེ་ཉིད་བསྒྲུབ་པར་བརྗོད། །གཞུ་ཡི་གཟུགས་ཅན་རབ་སྦྱོར་བས། །དུང་དང་ཀུནྡ་ལྟར་ཐིག་ལེ། །སྡོམ་བརྩོན་བདེ་བས་གཟུང་བར་བྱ། །རང་གི་རིག་པའི་ཡེ་ཤེས་མཆོག །བསྒྲུབ་པ་ཆེན་པོ་དེ་ཉིད་སྟེ། །རྣམ་ཤེས་ཡེ་ཤེས་དག་པར་བྱེད། །འདི་ཡི་རྡོ་རྗེ་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོ་འགྲུབ་པར་འགྱུར། །ཡེ་ཤེས་ཆེན་པོ་རབ་སྦྱོར་བས། །ཤིན་ཏུ་རྣལ་འབྱོར་མཁས་པས་བསྟོད། །བུད་མེད་སྒྱུ་མའི་ཕྱག་རྒྱ་འདི། །དམ་ཚིག་རྣམས་ཀྱི་མཆོག་གི་མཆོག །ངན་ཟོས་ངན་སྤྱོད་ཐམས་ཅད་ཀྱིས། །སྒྲིབ་པ་དག་ཏུ་ཡོངས་མི་འགྱུར། །ཞེས་སོ། །རྒྱ་ལ་ཀུནྡ་ནོར་བུའི་ལམ་ནས་ཐལ་བ་སྲིད་ན་ཆུ་སྐྱེས་ཉིད་ལས་རོ་འཛིན་གྱིས་བླངས་ཏེ་དམ་ཚིག་གི་ངོ་བོར་མོས་ནས་བཏུང་བར་བྱ་སྟེ། དབང་མདོར་བསྟན་


JLAZ003_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལས། འཇིག་དང་འཛག་འགྱུར་དེ་ནས་འཛག །ཅེས་སོ། །དེ་ལྟ་བུའི་ཤེར་དབང་ཐོབ་པས་བྱ་བའི་ལས་གང་ལ་དབང་ན། སྦྱོར་བདུན་ལས། ཐབས་ཀྱི་ཁྱད་པར་ཆེ་བའི་ཕྱིར། །རྡོ་རྗེ་ལྟ་བུར་ཡང་དག་གནས། །མཆོག་གི་དངོས་གྲུབ་བསྒྲུབ་པའི་ཕྱིར། །བརྟུལ་ཞུགས་ཆོ་ག་རིམ་པ་བསྟན། །གཟུང་དང་འཛིན་པའི་ངོ་བོ་ཡིད། །ཆོས་ཀུན་རྟོགས་པར་བྱ་བའོ། །ཞེས་དྲང་དོན་དུ་སྣ་ཚོགས་གཟུགས་ཅན་མ་བརྟེན་ནས་ཕོ་ཉའི་ལམ་བསྒོམ་པ་དང༌། སྦས་དོན་དུ། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །ཞེས་པའི་དགའ་སྦྱིན་ནི་གཉིས་ཤོར་ཞུ་བ་དང༌། གནས་སྦྱིན་ནི་འཕོ་མེད་དུ་བཅིངས་པའི་མཉམ་གནས་སྦྱིན་པ་ལས་ཕྱག་རྒྱ་ཆེན་པོ་དང་སྦྱོར་བའི་ཁ་སྦྱོར་གྱི་ཐིག་ལེ་ནོར་བུའི་ལམ་ནས་གཙུག་ཏོར་གྱི་རྩེར་འཁྱེར་བ་ལ་དབང༌། ཡིད་དག་པ་ཐུགས་རྡོ་རྗེའི་སྤངས་རྟོགས་ཁྱད་པར་ཅན་རྒྱུད་ལ་བཞག་པ་ནི་དབང་གི་ངོ་བོ་སྟེ། སྦྱོར་བ་བདུན་པ་ལས། དེ་ཡི་རང་གི་ངོ་བོ་ནི། །ཐུགས་ཀྱི་རྡོ་རྗེའི་རང་བཞིན་ནོ། །ཞེས་སོ། །སྒྲིབ་པ་གང་འདག་ན་བརྣབ་སེམས་ལ་སོགས་པ་འདག་ཚུལ་སྔར་བཞིན་དང༌། ཡེ་ཤེས་ཀྱི་སྒྲིབ་པ་སྟེ་ཤེས་སྒྲིབ་རགས་པ་དང༌། གནས་སྐབས་བཞི་ལས་གཉིད་འཐུག་གི་དང༌། དེ་ཚོགས་དྲུག་རགས་པ་


JLAZ003_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པའི་རྣམ་རྟོག་ཡིན་པས་ཡིད་ཀྱི་ཐིག་ལེ་དང༌། འཆི་བདག་གི་བདུད་ལ་སོགས་ཉེས་པའི་ཚོགས་འཇོམས་པ་སྟེ། སྦྱོར་བ་བདུན་པ་ལས། བརྣབ་སེམས་ལ་སོགས་སྔ་ཕྱི་ཡི། །ངག་དང་ཉེས་པར་མི་འགྱུར་རོ། །ཞེས་སོ། །ལམ་གྱི་གནས་སྐབས་སུ་དེ་ལྟར་གོམས་པ་ལས་ཡུམ་གྱི་རྩ་འབྱོངས་པའི་ཚད་ནི་སྙོམས་འཇུག་བྱས་མ་བྱས་འདྲ་བར་བདེ་བའི་རང་བཞིན་དང་མི་འབྲལ་ཞིང༌། རྩ་ནང་ནས་ཁྲག་དང་ཆུ་སེར་མི་རྒྱུ། ནད་དང་སྡུག་བསྔལ་ལས་གྲོལ། རྩའི་ནང་སྟོངས་ཏེ་ཁ་བྱེ་ནས་ཡེ་ཤེས་ཀྱི་རླུང་གིས་དབང་བྱས་པས་མི་རྟོག་པའི་ཡེ་ཤེས་ལ་རྒྱུན་དུ་གནས་པའོ། །ཡབ་ཀྱི་ཐིག་ལེ་འབྱོངས་པའི་ཚད་ནི་བྷ་གའི་ནང་ནས་དྭངས་མ་ཚུར་འཕྲོག་པར་ནུས། ཀུནྡ་ཆུའི་རྣམ་པ་ལྟར་སླ་ཞིང་སྒྲིབ་པ་མེད་པར་མཆེད་པས་ལུས་ཀྱི་ནང་འབྱོངས། ཐིག་ལེ་དངོས་སུ་མཐོང་བའི་དངོས་པོ་མེད་པར་གྱུར་པས་འཁོར་བའི་རྩ་བ་གཅོད། ཕྱི་རུ་ལུས་འབྱོངས་པས་རིམ་པ་དགུ་བརྗེ་ཞིང་སྐྲ་དཀར་དང་གཉེར་མ་མེད་ལ་གཞོན་ཤ་ཆགས་འདུ་བའི་ནད་ཞི་ནས་ཚེ་ཉི་ཟླ་དང་མཉམ་ཐིག་ལེ་རོ་མ་ལ་བཏབ་ན་ཟས་མི་དགོས། རྐྱང་མ་ལ་བཏབ་ན་གོས་མི་དགོས། ཀུན་དྷར་མ་ལ་བཏབ་ན་རི་བྲག་ལ་ཟང་ཐལ། རྩ་ཁམས་དྭངས་མའི་དྭངས་མ་ཆེན་པོའི་ནང་གི་མཁའ་འགྲོ་ཡབ་ཡུམ་ཐམས་ཅད་


JLAZ003_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་འབའ་ཞིག་གི་ཕོ་བྲང་དུ་འདུ་བས། ཕྱི་ཡུལ་མ་དག་པ་གསར་དུ་ཆགས་འཇིག་ཅན་འཛམ་བུའི་གླིང་ལ་སོགས་པའི་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོ་སྤྲུལ་པའི་སྐུའི་བདག་ཉིད་ཅན་རྣམས་ནང་གི་རྩ་ཁམས་ཤིན་ཏུ་རྣམ་པར་དག་པའི་ཡུལ་ཉི་ཤུ་རྩ་བཞི་ལ་འདུས་པས། གསང་བ་མཁའ་ཁྱབ་ལོངས་སྐུའི་ཞིང་གི་ཡུལ་ཉེར་བཞིའི་ཞིང་གི་དཔའ་བོ་མཁའ་འགྲོ་དང༌། དོན་དམ་པར་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཐམས་ཅད་ཀྱང་རྡོ་རྗེའི་ལུས་ལ་ཐ་མི་དད་པའི་ཚུལ་གྱིས་བཞུགས་ནས་བྱིན་གྱིས་བརླབས་པར་བྱེད། དེའི་གྲུབ་མཐའ་ནི་བདེ་སྟོང་དབྱེར་མེད་དུ་རྟོགས་པ་ས་བཅུ་གཅིག་པ་དང་བཅུ་གཉིས་པའི་གནས་སྐབས་དང་སྐལ་བ་མཉམ་ཞིང༌། གྲུབ་མཐའ་མ་སྙོགས་ན་འདའ་ཀའི་ཚེ་སྡུད་རིམ་གྱིས་རྐྱེན་བྱས་ནས་རྩ་མདུད་དྲལ་བས། དོན་དམ་པའི་བྱང་ཆུབ་སེམས་ཀྱི་རྟེན་ཁམས་ཀྱི་ཐིག་ལེ་ཀུན་རྫོབ་པ་རྣམས་ལྷན་ཅིག་ཏུ་ཚོགས་ཤིང༌། དབུ་མར་ཅུང་ཟད་ཞུགས་པས་དེར་སྣང་མ་གྲུབ་པའི་རྡོ་རྗེ་སེམས་དཔའ་མཐོང་བར་འགྱུར་ཏེ། དེ་ལ་རྡོ་རྗེ་ནི་སྟོང་པ། སེམས་དཔའ་ནི་བདེ་བ་སྟེ་རྡཽ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བདེ་སྟོང་ཉམས་སུ་མྱོང་ནས་བར་དོ་མེད་པ་མཐར་ཐུག་གི་འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུའི་རང་བཞིན་འགྲུབ་པ་སྟེ། གླང་པོ་རབ་འབོགས་


JLAZ003_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བདུད་རྩི་ཁམས་ཀྱི་དངས་མ་བཅུད་ཀྱི་ལམ། །སེམས་ཀྱི་སྒྲིབ་སྦྱངས་དང་མ་ཆོས་ཀྱི་སྐུ། །ཞེས་སོ། །དམ་ཚིག་ནི་སྒྲོལ་མ་རྣལ་འབྱོར་མ་ལས། བུད་མེད་བྲལ་ལ་སྡོམ་བརྩོན་མེད། །འདོད་ལྡན་ཚངས་སྤྱོད་ཆེན་པོ་ནི། །ཞི་བའི་དམ་ཚིག་འདོད་ཆགས་སྤོང༌། །ཞེས་དང༌། དམ་ཚིག་ཤིན་ཏུ་འདའ་བར་དཀའ། །པདྨའི་སྙིང་པོ་བདེ་བ་ཅན། །ཇི་སྲིད་མ་རྙེད་འབྲས་བུ་མེད། །ཅེས་སོ། །དེ་བས་ན་བུད་མེད་མཐོང་ན་ཡང་གཡོན་ནས་བསྐོར་བ་གསུམ་བྱེད་པ་སོགས་བཤད་དོ། །བཞི་པ་ཚིག་དབང་རིན་པོ་ཆེའི་རང་བཞིན་སྟོན་པའི་ཕྱིར། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། གསུམ་པའི་ཉམས་མྱོང་ཚིག་གིས་མཚོན་པའི་དབང༌། འཐབ་བྲལ་མན་ཆོད་འཁྱུད་སྦྱོར་འདོད་ཆགས་དང༌། །སྒོ་གསུམ་སྒྲིབ་དག་ཐ་དད་འཛིན་པ་སྦྱང༌། །སྟོང་པའི་ཐིག་ལེ་རིག་པའི་སྙིང་པོ་ཅན། །གྲུབ་མཐའ་བསམ་མི་ཁྱབ་པའི་ཡེ་ཤེས་ཏེ། །འདའ་ཀ་གསང་ཆེན་ཕྱག་རྒྱ་ཆེན་པོ་ལ། །འབྲས་བུ་མཁའ་ཁྱབ་ངོ་བོ་ཉིད་སྐུའོ། །དེ་ལ་འཐབ་བྲལ་མན་ཆོད་ནི་གཉིས་འཁྱུད་ཀྱི་འདོད་པས་གདུང་བར་བྱེད་པས་དག་བྱ་དེའི་གཉེན་པོར་དག་བྱེད་ཚིག་དབང་རིན་པོ་ཆེ་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བསྐུར་བ་སྟེ། དེ་ལ་དངོས་བསྟན་བཤད་


JLAZ003_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། འདོད་པ་གཞན་ཞར་བྱུང་དུ་འགོད་པའོ། །དང་པོ་ནི། དབང་གསུམ་པའི་དུས་ན་སྣ་ཚོགས་གཟུགས་ཅན་མ་ལས་རྙེད་པའི་དཔེའི་ལྷན་སྐྱེས་དེ་ནི་དོན་དམ་པའི་བྱང་ཆུབ་སེམས་ཀྱི་མྱུ་གུ་ལྟ་བུ་ཡིན་ཏེ། དཔའ་བོ་གཅིག་པ་ཉིད་དུ་བསྟན་པའི་གཏུམ་པོའི་རྒྱུད་ལས། མདོ་སྡེ་ཆོས་མངོན་ཐམས་ཅད་ནས། །བུད་མེད་རྣམས་ནི་སྨོད་མཛད་པ། །སྣ་ཚོགས་སློབ་མའི་སྣོད་ཕྱིར་བཤད། །དེ་ཁོ་ན་ཉིད་སྦས་ནས་གསུངས། །ཕུང་པོ་ལྔ་དང་རྣམ་བྲལ་བའི། །མྱ་ངན་འདས་པ་བལྟ་བར་བྱ། །ཞེས་ཕ་རོལ་ཏུ་ཕྱིན་པ་མན་ཆད་དུ་དེ་ཁོ་ན་ཉིད་ཟབ་མོ་རྗེས་དཔག་ཙམ་ལས་སྟོན་པར་མ་ནུས་པ་སྔགས་ལམ་དུ་ཐབས་ལ་བརྟེན་ནས་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་གློ་བུར་དུ་བཅོམ་ནས་སྒྲ་ཇི་བཞིན་པ་ཉིད་མངོན་སུམ་དུ་རྟོགས་པར་འགྱུར་བ་ནི་འཕོ་མེད་ཀྱི་ཞུ་བདེ་ལས་སྐྱེས་པའི་ཡེ་ཤེས་དེས་སྣང་བ་གསུམ་དང༌། འོད་གསལ་ལ་གོམས་པར་བྱས་པས་ཕུང་པོ་ལྔའི་ཉེ་བར་ལེན་པ་མཐའ་དག་དབྱིངས་སུ་དེངས། སྟོང་པ་གཉིས་ཀྱི་ཆགས་པ་ལས་ཀྱང་འདས་ཤིང༌། མུན་ཆེན་གྱི་ཆགས་བྲལ་ཀྱང་མ་ཡིན་པས་མཐའ་གང་དུའང་མ་ལྷུང་ལ། འཛག་མེད་ཀྱི་བདེ་བ་ཆེན་པོའི་རོས་ཡིད་ཀྱི་དྲི་མ་བཀྲུས་


JLAZ003_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པས་དབང་པོའི་སྡུག་བསྔལ་གྱི་གྲོང་ཁྱེར་མཐའ་དག་པ་ནི་བཅོམ་རང་བཞིན་མི་ཤིགས་པ་ཆེན་པོའི་དངས་མས་རྣམ་སྨིན་གྱི་ལུས་ཐམས་ཅད་ཁྱབ་པའི་རྐྱེན་ལས་རྣམ་ཐར་བཞི་ལྡན་གྱི་བདེ་བ་ཆེན་པོའམ་བསམ་གྱིས་མི་ཁྱབ་པའི་དེ་ཁོ་ན་ཉིད་ཀྱི་ལྷུམས་སུ་ཞུགས་པ་ནི་དབང་བཞི་པའི་ངོ་བོ་ཉིད་ཡིན་ཏེ། རྡོ་རྗེ་ཁྲོས་པའི་བཤད་རྒྱུད་ལས། ཆོས་སྐུ་མངོན་སུམ་མཐོང་བའི་ཚེ། །དབང་གི་མཆོག་ཏུ་དེ་ཉིད་ངེས། །ཞེས་དང༌། དེའི་རང་བཞིན་སེམས་ལས་འདས་པའི་ཡེ་ཤེས་ཡིན་པའི་ཚུལ། དབང་མདོར་བསྟན་ལས། ཇི་ལྟར་ཟངས་ཀྱི་དྲི་མ་ནི། །རོ་ཡི་སྦྱོར་བས་ཉམས་པར་འགྱུར། །དེ་ཡི་ཡོད་ཉིད་ཉམས་པ་མེད། །དྲི་མེད་གཉིས་ཀྱིས་ཡང་དག་གནས། །དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་རྣམ་ཉམས་འགྱུར། །དེ་ཡི་ཡེ་ཤེས་ཉིད་ཉམས་མེད། །དྲི་མེད་ཉིད་ཀྱིས་ཡང་དག་གནས། །ཞེས་སོ། །དེ་ཡང་དོན་གྱི་དབང་དུ་ན་སྒྲ་དང་རྟོག་པའི་ཡུལ་དུ་ཡོད་པ་མ་ཡིན་ཏེ། རྒྱུད་ལས། ཡོད་དང་མེད་པ་ལས་གྲོལ་བ། །དེ་ནི་ངག་གི་སྤྱོད་ཡུལ་མིན། །ཞེས་སོ། །དེ་ལྟ་ནའང་རེ་ཞིག་ཚིག་གིས་མཚོན་ནས་དེའི་རང་བཞིན་གོ་བར་བྱ་དགོས་པས་ཚིག་དབང་ཞེས་བྱ་ལ། དེའི་ཕྱིར་ཚིག་ཙམ་གྱི་སྒོ་ནས་བསྐུར་བའི་བརྡའ་ཆད་


JLAZ003_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དབང་གསུམ་པའི་བལྟ་དགོད་ལག་བཅངས་ལ་སོགས་པའི་སྒོ་ནས་རྡོ་རྗེ་ནོར་བུར་བྱང་ཆུབ་སེམས་ཀྱིས་གང་བའི་བར་སྔར་ལྟར་ཉམས་སུ་མྱོང་བ་ལས། ཤེས་རབ་ཀྱི་རྩ་དཔྱིད་ཀྱི་ཐིག་ལེ་ཉི་གཞོན་འཆར་ཀའི་འོད་ཟེར་གྱི་ཕུང་པོ་ཚད་མེད་པ་ཅན་དེ་དང་ཕྲད་པ་ཙམ་གྱིས་ཡས་བབས་ཀྱི་དགའ་བ་རྫོགས་པའི་མཐར་ཐུག་པའི་གནས་སྐབས་ན་མཁས་པ་བཞི་དང་ལྡན་པའི་ཐབས་ཀྱིས་ལྡོག་པ་ལས། མས་བརྟན་གྱི་དགའ་བ་བཞིའི་མཐར་ཉམས་སུ་མྱོང་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀུན་རྫོབ་པ་གང་ཞིག་གི་དྲི་མའི་ཆ་སྤངས་པའི་རང་བཞིན་གྱི་འོད་གསལ་དེ་ཉིད་འབྲས་བུའི་ལྷན་སྐྱེས་སུ་སློབ་དཔོན་གྱི་ཚིག་ཙམ་གྱིས་བརྡའ་ངོ་སྤྲད་ནས་སློབ་མས་གོ་བ་ཚིག་གི་བཞི་པ་ཡིན་ཏེ། ཕྲིན་ལས་ཀྱི་རྒྱུད་ལས། བཞི་པའི་དབང་ནི་བསྐུར་བྱ་བ། །རླུང་གི་རང་བཞིན་ངེས་ཤེས་ཤིང༌། །ཕོ་ལ་ཀ་ཀོ་ལ་སྦྱར་བ། །རང་བཞིན་བདེ་སྟོང་ཕན་ཚུན་འབྱུང༌། །གཟུང་དུ་མེད་དེ་བརྗོད་དུ་མེད། །རྟོག་པ་ཀུན་དང་བྲལ་བ་ཡི། །རང་བཞིན་འོད་གསལ་དེར་གནས་པ། །ཚིག་ཚོགས་དབང་གི་རང་བཞིན་བྱིན། །ཞེས་སོ། །དེའང་ཡས་བརྟན་གྱི་བདེ་བའི་རང་བཞིན་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པར་སྦྱར་བའི་དེ་ཁོ་ན་ཉིད་ལས་སླར་


JLAZ003_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་དུ་བྱེད་ནུས་ན་ཁམས་ཐམས་ཅད་རང་བྱུང་གིས་གྱེན་དུ་འགྲོ་བས་དེའི་སྙིགས་མ་མཐའ་དག་བཟའ་བར་བྱེད་ཅིང༌། དབུ་མར་གཟུང་འཛིན་གཉིས་ཀྱི་རྦ་རླབས་རེངས་པ་གསུམ་གསུམ་ལས་རྫུ་འཕྲུལ་ཡ་མ་ཟུང་དང༌། མངོན་པར་ཤེས་པ་འཆར་ཞིང༌། འཁོར་ལོ་ཐམས་ཅད་དངས་མས་ཁྱབ་པའི་ཐ་མ་གཙུག་ཏོར་དུ་བརྟན་པའི་ཚེ་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་འགྱུར་མེད་ཀྱི་བདེ་བ་ཆེན་པོ་འཐོབ་པ་ནི་མྱ་ངན་ལས་འདས་པའི་དོན་གྱི་བཞི་པ་སྟེ། རྒྱུད་ལས། མྱ་ངན་ལས་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ནི་བཞི་པ་སྟེ། ཞེས་འགྱུར་བ་མེད་པའི་བདེ་བ་ལ་དབང་བཞི་པར་བཞག་གོ །དེ་ལྟ་བུའི་ཡེ་ཤེས་ངོས་མ་ཟིན་ན་ལས་རྒྱ་ལ་བརྟེན་ནས་ཐབས་ཀྱི་ཆོ་གས་ཉམས་མྱོང་འདྲེན་པ་རྟེན་ཅན་གྱི་བཞི་པ་སྟེ། དབང་དེ་དངོས་ལ་བདེ་ཆེན་གྱི་མཚན་ཉིད་མཚོན་བྱེད་དུ་གནས་པའི་ཚུལ་སྦྱོར་བ་བདུན་པ་ལས། འོན་ཀྱང་ཤེས་རབ་ཡེ་ཤེས་ལ། །བདེ་ཆེན་མཚན་ཉིད་གཟུགས་སུ་གནས། །ཞེས་སོ། །དེ་ཉིད་ལམ་དུ་གོམས་པར་བྱས་པས་མཐར་གྱིས་སྒྲིབ་པ་མཐའ་དག་ཟད་ནས། འཇིག་རྟེན་ལས་འདས་པའི་དབང་བཞི་པ་ལ་སྦྱོར་བའི་ཚུལ་དེ་ཉིད་ལས། མི་གནས་ཀྱང་ནི་མི་བསླུའི་ཕྱིར། །བདེ་བ་ཆེན་པོ་ཞེས་སུ་བཤད། །ཅེས་ད་ལྟ་


JLAZ003_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་མི་གནས་ཀྱང་དེ་ཡན་ལག་དང་བཅས་པ་གོམས་པས་འབྲས་བུའི་བདེ་ཆེན་འཐོབ་པ་ལ་མི་བསླུ་བ་ཉིད་དེ། འདི་ལྟར་རྟེན་ཅན་ལ་ལྟོས་ནས་དགའ་བ་བཞི་པོ་རེ་རེ་ལ་བཞི་བཞིར་ཕྱེ་བའི་དང་པོ་བཞིས་ཚོགས་ལམ། ལྔ་པས་སྦྱོར་ལམ། དྲུག་པས་མཐོང་ལམ། བདུན་པ་ནས་བཅོ་ལྔའི་བར་གྱིས་བསྒོམ་ལམ། ཐ་མ་བཅུ་དྲུག་པས་མི་སློབ་པའི་ལམ་ལ་སྦྱོར་བའི་ཚུལ། རྡོ་རྗེ་ལས་རིམ་ལས། གནས་ནི་ཡེ་ཤེས་བཅུ་དྲུག་པོ། །ཚོགས་སྦྱོར་ལ་སོགས་དང་པོ་ནས། །མཐར་ཕྱིན་སངས་རྒྱས་ས་ཉིད་དེ། །གནས་བཞི་དེ་བཞིན་དབྱེ་བ་ལས། །གཉིས་པའི་གཉིས་པ་རབ་དགའ་སོགས། །ཕ་རོལ་ཕྱིན་དང་ས་མཚན་ཉིད། །མཚུངས་ཀྱང་རྫོགས་པར་བཤད་པ་ཡིན། །ཞེས་ཡས་བབས་རྣམས་རྒྱུ་དང༌། མས་བརྟན་རྣམས་འབྲས་བུའི་ས་ལམ་དང་སྦྱར་ཏེ་ལུགས་ལྡོག་གི་བཅུ་དྲུག་པའི་མཐར་ཁུ་རྡུལ་གཉིས་སྟེང་འོག་ཏུ་ཐིམ་པའི་སྐད་ཅིག་མ་ལ་རླུང་འགགས་པས། གསུམ་པོའི་འགྱུར་བ་མྱོང་བའི་ཤེས་རྒྱུན་ཀྱང་ཆད་དེ། སྐུ་བཞི་མངོན་དུ་བྱེད་པ་ནི་འབྲས་བུའི་བཞི་པ་སྟེ། དེ་སྐད་དུ་འགྲེལ་ཆེན་དྲི་མེད་འོད་ལས། ཕྱག་རྒྱ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་མ་རྣམས་ཀྱི་ཐ་མ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་


JLAZ003_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆོད་པ་སྟེ། དེ་བཅོམ་ལྡན་འདས་གང་གིས་བྱང་ཆུབ་ཤིང་དྲུང་དུ་ཐོབ་པ། དེ་ནི་དབང་མཆོག་ཐོབ་པའོ། །ཞེས་སོ། །དེ་ལྟ་བུའི་དབང་བཞི་པ་མ་ཐོབ་ན་སངས་རྒྱས་ཀྱི་ཡེ་ཤེས་ཤེས་པ་མེད་པས་དོན་དང་མི་ལྡན་པའི་ཚུལ་སྔ་མ་ལས། དེ་ལྟར་དབང་བཞི་པ་མ་རྟོགས་པའི་ཕྱིར་དབང་ཐམས་ཅད་དོན་མེད་པར་འགྱུར་རོ། །ཞེས་པས་འཇིག་རྟེན་ལས་འདས་པ་དོན་དམ་པའི་དབང་གི་མཆོག་ཏུ་གྱུར་པ་ཚིག་གི་དབང་ཐོབ་པས་ལྟ་བ་རང་བྱུང་གི་ཡེ་ཤེས་མཐོང་ལམ་གྱི་བདེན་པ་མངོན་སུམ་དུ་སྟོན་པའི་གནས་ལུགས་བསམ་གྱིས་མི་ཁྱབ་པ་དང༌། སྟོང་པ་ཉིད་ཀྱི་ཐིག་ལེ་རིག་པའི་ཡེ་ཤེས་ཀྱི་སྙིང་པོ་ཅན་ཐོད་རྒལ་ལ་སོགས་པ་དོན་དམ་འོད་གསལ་གྱི་རྫོགས་རིམ་བསྒོམ་པ་ལ་དབང༌། སྒྲིབ་པ་གང་འདག་ན་སྒོ་གསུམ་ཐ་དད་དུ་འཛིན་པའི་སེམས་ཀྱི་དྲི་མ་ཤིན་ཏུ་ཕྲ་བ་ཆ་མཉམ་པར་སྦྱོང་ཞིང་ལྷའི་བུའི་བདུད་བཅོམ་གནས་སྐབས་བཞི་ལས་སྙོམས་འཇུག་གི་གནས་སྐབས་དང༌། དེའང་འཛག་བདེའི་སྲེད་པ་ཡིན་པས་ཁུ་རྡུལ་རླུང་གསུམ་ལས་འཁོར་བའི་ལུས་ངག་ཡིད་གསུམ་དང༌། བདེ་སྡུག་བཏང་སྙོམས་གསུམ་འཆར་བས་ཁུ་རྡུལ་རླུང་གསུམ་ལ་ཆ་མཉམ་དུ་འཇུག་པའི་སེམས་དང༌། ཤེས་སྒྲིབ་ཆེས་ཕྲ་བ་འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་ཆ་དང་བཅས་པ་སྦྱོང་བ་ཡིན་ལ། དེའི་གྲུབ་


JLAZ003_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་བསམ་གྱིས་མི་ཁྱབ་པ་ནི་བདེ་སྟོང་གི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ཉིད་དེ། ཕྱེད་བཅས་བཅུ་གསུམ་གྱི་ས་ལ་འཁོར་འདས་ཐམས་ཅད་བདེ་སྟོང་གཅིག་ཏུ་རྟོགས་པས་བླང་དོར་དང་སྤང་གཉེན་མེད་པའོ། །གྲུབ་མཐའ་མ་སྙོགས་ན་འདའ་ཀ་མ་ཕྱག་རྒྱ་ཆེན་པོས་འཕོ་བ་ལ་སྦྱང་བ་དང༌། གོམས་སུ་འཇུག་པ་དང༌། ལས་ལ་སྦྱར་བ་གསུམ་ཡིན་ནོ། །མཐར་ཐུག་གི་འབྲས་བུ་ནི་དབང་གི་ས་བོན་རྒྱུད་ལ་ཐེབས་པ་དེ་རིམ་གཉིས་ཀྱིས་སད་པར་བྱས་པས་མཆོག་ཏུ་མི་འགྱུར་བའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ། ཡེ་ཤེས་ཀྱི་རླུང་རིག་ལས་གྲུབ་པའི་མཚན་དཔེའི་བདག་ཉིད་ཅན་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་བདག་ཉིད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་ཚུལ་གླང་པོ་རབ་འབོགས་ལས། རླུང་གི་འགྲོས་ཐིམ་མི་ཤིགས་རྡོ་རྗེའི་སྐུ། །ལུས་ངག་ཡིད་དག་ངོ་བོ་ཉིད་ཀྱི་སྐུ། །ཞེས་སོ། །གཉིས་པ་འཕྲོས་དོན་ནི། རྒྱུད་སྡེ་ཕལ་ཆེར་ལས་དབང་གསུམ་པ་དཔེའི་ཡེ་ཤེས་སུ་བྱས་ནས། དེ་ལས་བཞི་པའི་དོན་གྱི་ཡེ་ཤེས་མཐོང་བར་བཤད་ཀྱང་བཞི་པའི་རང་བཞིན་ནི་སྒྲ་རྟོག་དང་ཞེན་པའི་ཡུལ་དུ་འགལ་བས་ཚིག་གིས་སྟང་གཅོད་པ་མངོན་སུམ་དུ་མི་གནས་ལ། འདྲ་བའི་ཕྱིར་ན་དངོས་མ་ཡིན་པ་ཉིད་ཀྱིས་འཕགས་པའི་ཡུལ་དུའང་


JLAZ003_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དུ་མར་སྣང་སྟེ། འདི་ལྟར་ནོར་བུར་གནས་པའི་བདེ་བ་གསུམ་པར་བྱས་ནས། དེ་ལས་འཕོས་པ་དང་བྱང་སེམས་ལྕེས་མྱངས་པ་བཞི་པར་བྱེད་པའི་སྒྲོ་བཏགས་དང༌། ཕལ་ཆེར་ཤེས་རབ་ཡེ་ཤེས་ཀྱི་ལྷན་སྐྱེས་བརྫུན་པར་རྟོགས་ནས་དེའི་བདེ་བ་ལ་སྟོང་པའི་རྒྱས་བཏབ་པ་གང་ཞིག་བདེ་སྟོང་དབྱེར་མེད་ཀྱི་བཞི་པར་འདོད་པ་ནི་དེ་ཁོ་ན་ཉིད་ལ་ཤིན་ཏུ་འཁྲུལ་པའི་ཕྱོགས་ཡིན་པས་དུས་འཁོར་འགྲཻལ་ཆེན་ལས། དགོད་པ་དང་བལྟ་བ་དང་ལག་པ་བཅངས་པ་དང་གཉིས་གཉིས་སྦྱོར་བ་ཞེས་པ་དབང་རྣམ་པ་བཞི་ནི་དེ་ཁོ་ན་ཉིད་དུ་མི་འགྱུར་རོ། །འདིར་དེ་ཁོ་ཉིད་ནི་གཉིས་འཁྱུད་པ་མེད་པ་སྟེ་ལས་ཀྱི་ཕྱག་རྒྱའི་རྒྱུ་ལས་སྐྱེས་པ་ན་རྣམ་པར་དཔྱད་ན་གཉིས་སུ་མེད་པའི་ཡེ་ཤེས་སུ་མི་འགྱུར་རོ། །ཞེས་པའི་དགོངས་པ་ཡང་དེ་ཡིན་ནོ། །འདིར་ནི་གསུམ་པའི་ཉམས་མྱོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེའི་ཐབས་ལ་བརྟེན་ནས་གང་ཞིག་རྟོགས་བྱའི་མི་མཐུན་ཕྱོགས་ཤིན་ཏུ་ཕྲ་བའི་རྣམ་རྟོག་ཀུན་ཆོད། ཁུ་རྡུལ་གཉིས་སྟེང་འོག་ཏུ་ཐིམ་ཞིང་འགགས་པའི་མོད་ལ་རང་བཞིན་གྱིས་དག་པར་བྱེད་པས་དབང་བཞི་པའི་དཔེར་རུང་ལ་དོན་དམ་པར་བདག་ཏུ་བལྟ་བ་དང༌། འཁོར་འདས་ཀྱི་ཆོས་སུ་འཛིན་པའི་རྣམ་པར་རིག་པ་ཐམས་ཅད་རང་གི་ངོ་བོས་སྟོང་པའི་དེ་ཁོ་ན་ཉིད་ལ་དབང་བཞི་པའི་བླ་དྭགས་སུ་བཏགས་


JLAZ003_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནས་སྐབས་སུ་ཚིག་ཙམ་གྱིས་མཚོན་པར་བྱེད་ལ། མཐར་ཐུག་དེའི་དོན་གཉིས་སུ་མེད་པའི་ཡེ་ཤེས་གང་ཡིན་པ་ནི་དད་པ་དང་བྱིན་རླབས་ཀྱིས་རྟོགས་པར་བྱ་བའི་དབང་ཡིན་པས་ན། དོ་ཧ་ལས། བླ་མའི་བྱིན་རླབས་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་སོ། །དབང་བཞི་པ་ལ་ཡན་ལག་བདུན་ལ་སོགས་པའི་འབྲས་བུའི་ཕྱོགས་ནས་བསྙད་ན་མཐའ་མི་ཐུག་པར་འགྱུར་བས་འདིར་དེ་ཙམ་མོ། །དབང་བཞི་པའི་དམ་ཚིག་ནི། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །གཞན་གྱི་བུད་མེད་རྣམས་སྤྱད་ནས། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོང༌། །ཐམས་ཅད་ལ་ཡང་བརྫུན་ཚིག་སྨྲ། །ཞེས་སོ། །དེ་ལྟར་དྲི་མ་འཁྲུད་བྱེད་ཀྱི་དབང་བཞི་པོ་ལ། སྒྲ་དོན་སྦྱར་ན་ཨ་བྷི་ཥཱིཉྩའི་སྒྲས། །གློ་བུར་དྲི་མ་གཏོར་དང་ཥེ་ཀ་ཏས། །སྐལ་བ་བླུགས་པ་རྣམ་པ་གཉིས་སུ་འགྲུབ། །ཅེས་སྨོས་ཏེ། དེ་ལ་དབང་གི་སྒྲ་བཤད་ནི། སྣོད་དུ་རུང་བ་དང་ལུགས་སུ་ལུགས་པའི་རྣམ་པ་ལྟར་ལམ་བསྒོམ་རུང་དང༌། འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་རྒྱུད་ལ་བླུགས་པ་ལྟར་འཇོག་པས་ན་དབང༌། དྲི་མ་དག་པར་བྱེད་པས་ན་གཏོར་བའི་དོན་དུ་འཇོག་པ་སྟེ་སྔ་མ་ལས། སྣོད་དུ་རུང་ཕྱིར་བུམ་དབང་སྟེ། །བླུགས་གཏོར་དག་པར་བྱེད་པས་


JLAZ003_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དབང༌། །ཞེས་དང་བརྟག་གཉིས་ལས་ཀྱང༌། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་སོ། །དེ་ལྟ་བུའི་དབང་བཞིའི་རིམ་པ་ད་ལྟ་ནས་རྒྱུ་ལམ་འབྲས་བུའི་རང་བཞིན་དུ་གནས་པའི་ཚུལ། དབང་མཆོག་རང་ལ་གནས་པ་ཁམས་དྲུག་གི ། རྟེན་དང་འབྱོར་པ་རྒྱུ་ཡི་དབང་ཡིན་ཏེ། །སློབ་དཔོན་ཉིད་ཀྱིས་ཆོ་གས་བསྐུར་བ་དང༌། །རང་གི་དམིགས་པས་འདྲིས་པ་ལམ་གྱི་དབང༌། །རྒྱུ་དུས་འོད་ཟེར་ཆེན་པོའི་དབང་བཞིན་དུ། །རང་སེམས་སྐུ་བཞིར་སྨིན་པ་འབྲས་བུའི་དབང༌། །དབང་བཞི་རྫོགས་ཚེ་རིག་འཛིན་སྡོམ་པ་འཐོབ། །དེ་ལ་སེམས་ནི་མིང་བཞིའི་ཕུང་པོ་ཅན་ཡེ་ཤེས་ཀྱི་རྟེན་ཡིན་ལ། ཕུང་པོའི་རྟེན་ནི་འབྱུང་བ་ལྔ། འབྱུང་བའི་རྟེན་རྩ་དང༌། རྩའི་བརྟེན་པ་སྲོག་གི་རླུང༌། རླུང་གི་བརྟེན་པ་བྱང་ཆུབ་ཀྱི་སེམས་ཡིན་པས་དེ་དག་ཀྱང་སྨན་གྱི་རོ་དང༌། ནུས་པ་དང༌། དྲི་དང༌། ཞུ་རྗེས་ལྟ་བུར་གཅིག་ལ་གཅིག་བརྟེན་དུ་ཚོགས་པ་གཅིག་པ་ལས་རང་གི་སེམས་རྒྱུད་དྲི་མས་གོས་མ་མྱོང་བ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ལ་དབང་གི་རང་བཞིན་གདོད་ནས་གནས་པའི་ཚུལ། རྡོ་རྗེ་ཕུར་པའི་བཤད་རྒྱུད་ལས། སེམས་ཉིད་རྟོགས་ན་དབང་ཡིན་ཏེ། །ཐམས་ཅད་རང་རིག་ཕུར་བུ་མཆོག །ཅེས་སོ། །དེའང་འཁོར་བའི་གནས་


JLAZ003_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ན་འབྱུང་བ་ལྔ་དང༌། དེའི་སྟེང་དུ་ཡེ་ཤེས་བསྣན་པས་ཁམས་དྲུག་གི་རྟེན་ཁྱད་པར་ཅན་གྱི་རྐྱེན་དང་འབྱོར་པ་མཚུངས་ལྡན་གྱི་རྒྱུའི་དབང་དུ་གནས་པའི་ཚུལ་ནི། རྡོ་རྗེ་འབར་བའི་རྒྱུད་ལས། སེམས་ནི་མིང་བཞིའི་ཕུང་པོ་སྟེ། །ཕུང་པོའི་རྟེན་ནི་འབྱུང་བ་ལྔ། །འབྱུང་བའི་རྟེན་ནི་རྩ་རྣམས་སོ། །རྩ་རྣམས་བརྟེན་པ་སྲོག་གི་རླུང༌། །སྲོག་རླུང་བརྟེན་པ་བྱང་ཆུབ་སེམས། །ཞེས་པ་ལྟར་ལས་རྒྱུ་དུས་ཀྱི་ཕུང་པོ་ལྔ་རྒྱལ་བ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། སྐྱེ་མཆེད་སེམས་དཔའ་སེམས་མ་ལ་སོགས་གདན་གསུམ་ཚང་བའི་ལྷའི་རྣམ་པར་འགྱུར་བ་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པ་ནི་བུམ་པའི་དབང་གི་རང་བཞིན་དུ་ཡོད་པ་སྟེ་སྡོམ་འབྱུང་ལས། དང་པོ་ལྷ་ཡི་རང་བཞིན་དུ། །རྡོ་རྗེ་སེམས་དཔའ་རྣམ་པར་བཞུགས། །ཞེས་སོགས་པས་བསྟན་ནོ། །དེ་བས་ན་ལམ་བསྒོམ་པའི་སྔོན་དུ་འགྲོ་བ་ཅན་བུམ་དབང་གི་ས་བོན་ལུས་འདིའི་རྩའི་གཙོ་བོ་རྣམས་ཡེ་ནས་སྤྲུལ་སྐུར་གནས་པས་དེའི་གློ་བུར་བའི་དྲི་མ་དག་བྱེད་བུམ་པའི་དབང་བསྐུར་བ་ནི་ལམ་གྱི་དབང་ཡིན་ལ། དེ་བཞིན་དུ་གསང་དབང་གི་ས་བོན་དག་ཡི་གེའི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུར་གནས་པ་དེའི་གློ་བུར་བའི་དྲི་མ་དག་བྱེད་གསང་བའི་དབང་དང༌། ཤེར་དབང་གི་ས་བོན་ཀུན་རྫོབ་


JLAZ003_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་དང་རྟེན་བརྟེན་པར་འབྲེལ་པ་སེམས་ཉིད་བདེ་ཆེན་ཆོས་སྐུའི་རང་བཞིན་དུ་གནས་པ་དེའི་གློ་བུར་བའི་དྲི་མ་དག་བྱེད་ཤེར་དབང་སྟེ་ཤེས་རབ་ནི་ལྷན་ཅིག་སྐྱེས་པའི་ལྟ་བ་དང༌། ཡེ་ཤེས་ནི་དེའི་རང་བཞིན་ཤེས་པའི་ལྷག་མཐོང་ངོ༌། །དབང་བཞི་པའི་ས་བོན་ད་ལྟ་བལྟར་མི་མངོན་ཀྱང་བདེ་སྟོང་གི་མྱོང་ཞེན་དང་བཅས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གནས་པ་དེའི་གློ་བུར་བའི་དྲི་མ་ཚིག་དབང་གིས་དག་པར་བྱེད་པས་རླུང་སེམས་དངས་པའི་ཡེ་ཤེས་རིག་སྟོང་མཐའ་བྲལ་རྣམ་ཐར་གསུམ་གྱི་མཚན་ཉིད་ཅན་གྱི་ནུས་པ་རྒྱུད་ལ་འཇོག་པའི་ལམ་དབང་བཞིའམ། དེའང་གཞན་དུ་ཐོག་མར་ཆོ་ག་ལ་བརྟེན་པའི་བསྐུར་བྱ་སྐུར་བྱེད་ལ་ལྟོས་ཏེ་དབང་གི་བརྡའ་འཕྲོད་པར་བྱེད་པའི་ཆ་ནས་རྒྱུ་དབང་དུའང་བཞག་པ་ཡིན་པས་དེ་ལྟར་བླ་མས་སློབ་མ་ལ་བསྐུར་བ་ནི་གཞི་ལམ་གཉིས་ཀའི་དབང་དུ་བསྡུ་རུང་ལ། དེ་ལས་གཞན་པ་བདག་འཇུག་དང༌། རྣལ་འབྱོར་ཟབ་མོའི་དབང་བཞི་དང༌། བྱིན་རླབས་འཕོ་བའི་རྒྱུན་ལ་གོམས་སུ་འཇུག་ཅིང་དད་པས་ནན་ཏན་དུ་བྱ་བ་ཐམས་ཅད་ལམ་དབང་ཡིན་ལ། རྒྱུ་དུས་ན་རང་གི་རིག་ཆ་ལ་ལྡན་པའི་དབང་གི་དེ་ཁོ་ན་ཉིད་ཉི་མའི་དཀྱིལ་འཁོར་ལྟ་བུ་དེ་འཁོར་བའི་རང་བཞིན་ཀུན་གཞི་ཚོགས་བརྒྱད་དང་བཅས་པའི་དྲི་མ་གློ་བུར་བ་སྤྲིན་སྦུབས་ལྟ་བུས་བལྟར་མི་མངོན་པར་


JLAZ003_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་གང་ཞིག ལམ་དུས་ཀྱི་དབང་མངོན་རྟོགས་རྣམ་པ་བཞིའི་རྩལ་སྣང་རྒྱས་པའི་བྱེད་ལས་ཀྱི་ཐབས་ལ་མཁས་པས་སྤྲིན་སྦུབས་ལྟ་བུའི་དྲི་མ་གློ་བུར་བ་དེ་ཉིད་སྐད་ཅིག་ལ་བསལ་བ་ལས་གནས་སྐབས་ཀྱི་ཡོན་ཏན་རྒྱ་ཆེན་པོ་དང༌། ཕ་རོལ་ཏུ་ཕྱིན་པ་ལས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ས་བོན་ཙམ་དུ་འགྲོ་བའི་རྒྱུད་ལ་ཡོད་པ་རྐྱེན་ཚོགས་གཉིས་ལས་བསྐལ་པ་གྲངས་མེད་གསུམ་དུ་འཕེལ་བ་སློབ་ལམ་རྫོགས་པའི་རྒྱུན་མཐར་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པའི་རྒྱུ་འབྲས་སྔ་ཕྱིར་སྨོན་པ་ལྟར་མ་ཡིན་པར། འདིར་རྒྱུ་དུས་ནས་རང་སེམས་སྐུ་བཞིར་སྦྱོར་བའི་འབྲས་དུས་ཀྱི་དབང་འོད་ཟེར་ཆེན་པོའི་རང་བཞིན་དུ་ཐོབ་པའང་ཡོད་པའི་ཕྱིར་འབྲས་བུའི་དབང་ཞེས་བྱ་བ་ཡིན་ནོ། །དེ་ལྟ་ན་ད་ལྟ་དེ་དང་དེའི་ཡོན་ཏན་དངོས་སུ་མ་སྐྱེས་པས་རྒྱུ་ལ་འབྲས་བུའི་མིང་བཏགས་པ་ཙམ་ལས་ས་ཟིན་གཞན་པ་མེད་དོ་ཟེར་ན། གང་ཟག་དབང་པོ་རབ་ཏུ་གྱུར་པ་དག་ནི་དབང་བསྐུར་ཉིད་ཀྱིས་གྲོལ་བ་ཡང་ཡོད་དེ་གྲུབ་ཆེན་རྣམས་ཀྱི་རྣམ་པར་ཐར་པས་གསལ་ལ། གལ་ཏེ་སྨིན་པའི་ཚད་དེའི་རྒྱུད་ལ་སྔར་མེད་ཀྱྀ་ཡོན་ཏན་ཆེན་པོ་ཐོབ་པས་ཀྱང་མ་ཡིན་པར་གཟུགས་ཀྱི་རྣམ་འགྱུར་གསར་པ་འཐོབ་དགོས་ན། དགྲ་བཅོམ་པ་རྣམས་ཀྱང་ལུས་ཀྱི་རྣམ་པ་མི་འགྱུར་བས་འབྲས་བུ་ཐོབ་པའི་སྟང་གང་གིས་གཅོད། འདི་


JLAZ003_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཡེ་ཤེས་སྐྱེ་བའི་སྣ་འདྲེན་ནི་དབང་གི་ཐབས་ལ་བརྟེན་ནས་བྱེད་པ་ཡིན་པས་ད་ལྟ་མངོན་སུམ་དུ་བལྟར་མི་མངོན་ཀྱང༌། སྨིན་པའི་ཚད་དུ་རུང་བའི་རྒྱུ་མཚན་ནི། ཕར་ཕྱིན་ཐེག་པར་རྟེན་གང་ཞིག་ལ་མཐོང་སྤང་སྤོང་རུང་དང༌། མཐོང་ལམ་སྐྱེ་རུང་ལ་སྨིན་པའི་འཐད་པ་འཇོག་པ་ལྟ་བུ་སྟེ། མདོ་སྡེའི་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གིས། །གཟག་དང་དཔྱད་དུ་རུང་བས་སྨིན་འདོད་ལྟར། །དེ་ཕྱིར་རྟེན་འདིར་ཕྱོགས་གཉིས་ཞི་བ་དང༌། ཡོངས་སུ་དཔྱད་པ་ཉིད་དུ་སྨིན་པར་བསྟན། །ཞེས་པ་ལྟར་རོ། །དེ་བས་ན་སྔགས་ཀྱི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་རྣམས་ནི་རིམ་གཉིས་ཀྱི་རྟེན་འབྲེལ་ལས་འབད་པ་ཆུང་ངུས་ཀྱང་ཚེ་འདི་ཉིད་ལ་དངོས་གྲུབ་ཐོབ་པ་ནི་སྔགས་ཀྱིས་བཏབ་པའི་ས་བོན་ཡུད་ཙམ་ལ་སྨིན་པ་མ་ཤའི་སྦྱོར་བ་བཞིན་ནོ། །དེ་དག་ཀྱང་བསྡུ་ན་རྒྱུ་འབྲས་ཀྱི་དབང་གཉིས་སུ་འདུ་སྟེ། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་གསུམ་ནི་བར་ཆད་ཀྱི་བདེ་བ་དང་བཅས་པས་འཇིག་རྟེན་པའི་དབང་ཞེས་བྱ་སྟེ། དང་པོའི་སངས་རྒྱས་ལས། གསུམ་པོ་འཇིག་རྟེན་ཀུན་རྫོབ་སྟེ། །བཞི་པ་དོན་གྱི་དམ་པ་ཡིན། །ཞེས་སོ། །རྒྱུ་མཚན་འདིས་སྔགས་སུ་བུམ་དབང་གི་འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ལ་བཞག་པ་ལ་སོགས་པའི་རིམ་པས་


JLAZ003_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མདོ་ལམ་གྱིས་དྲང་དོན་ཡིན་པའི་མཚན་ཉིད་ལེགས་པར་ཤེས་ནུས་སོ། །དེ་ནས་མཐའ་རྟེན་དུ་བརྟུལ་ཞུགས་བྱིན་ནས་ལུང་བསྟན་པ་དང༌། རྗེས་གནང་དང་དབུགས་དབྱུང་གཉིས་ལས། དང་པོ་ནི་དབང་རྟེན་གྱི་ལག་པ་སློབ་མར་གཏད་ལ་གཉིས་ཀ་ནས་རང་གི་ལག་གཡོན་གྱིས་བཟུང༌། རྡོ་རྗེ་དང་བཅས་པའི་གཡས་པ་སློབ་མའི་སྤྱི་བོར་བཞག་ལ། དེ་བཞིན་གཤེགས་པ་རྣམས་དཔང་དུ་བཙུགས་ནས། འདིར་ནི་ཁྱེད་རྣམས་དཔང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱེད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་གིས་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ནས་བྱིན་ནོ། །དེ་བཞིན་དུ་སློབ་མ་རྡོ་རྗེ་སེམས་དཔར་བསྐྱེད་ནས་རྡོ་རྗེའི་བརྟུལ་ཞུགས་བྱིན་པ་ནི་ཡེ་ཤེས་ལྔའི་རང་བཞིན་ནང་གི་རྡོ་རྗེ་དང་མི་འབྲལ་བའི་དོན་ཏེ། ཕྲེང་བ་ལས། གང་ཚེ་རྣམ་པར་མི་རྟོག་པའི། །ལས་ཀུན་ཐབས་དང་བཅས་པར་སྤྱོད། །རྣམ་པར་མི་རྟོག་བསྒོམ་པ་ལས། །བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །ཅེས་སོ། །དེ་


JLAZ003_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཁ་ཊྭཱཾ་ག་དང༌། ཅང་ཏེའུ་དང༌། པདྨའི་སྣོད་ལ་སོགས་པ་གཏད་ནས་སྤྱོད་པའི་བརྟུལ་ཞུགས་བྱིན་པ་ཡང༌། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཅང་ཏེའུ་ཤེས་རབ་ཏུ་ནི་བརྟག །སྔགས་ནི་བཏུང་བའི་ཐོད་པའོ། །ཞེས་ཀུན་སྤྱོད་ལས་བཤད་དོ། །གཞན་ཡང་ཁམས་གསུམ་དང་དབྱེར་མེད་པའི་ཆོས་ཉིད་རྟོགས་པར་ནུས་པ་ཁྱོད་ཡིན་ནོ་ཞེས་གཟེངས་བསྟོད་པའི་དོན་དུ་ལུང་བསྟན་པ་ཡང་སངས་རྒྱས་མཉམ་སྦྱོར་ལས། སློབ་མ་དཀྱིལ་འཁོར་བསྡུས་ནས་ནི། །ཡོན་གྱི་མཆོག་དེ་བླངས་ནས་ནི། །རྡོ་རྗེ་མིང་གི་དབང་བསྐུར་བས། །དེ་བཞིན་གཤེགས་པར་དེ་ལུང་བསྟན། །ཕྱག་རྒྱའི་སྦྱོར་བ་འདི་དག་གིས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། །དེ་ནས་སངས་རྒྱས་སྲས་སུ་འགྱུར། །ཞེས་སོ། །གཉིས་པ་ནི། རྣམ་སྣང་མངོན་བྱང་ལས། དེ་ནས་རྐང་པའི་བར་འོག་ཏུ། །ཆོས་ཀྱི་འཁོར་ལོ་བཞག་པར་བྱ། །དེ་ནས་ལག་པ་གཡས་པར་ཡང༌། །ཤིན་ཏུ་བཟང་པོའི་དུང་བྱིན་ཏེ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ཏུ་རྒྱས་པར་བུས་ནས་སུ། །དེ་རིང་ཕྱིན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱི་འཁོར་ལོ་བསྐོར། །སོམ་ཉི་ཡིད་གཉིས་མི་བྱ་ཞིང༌། །དོགས་པ་མེད་པའི་སེམས་ཀྱིས་ཁྱོད། །གསང་སྔགས་སྤྱད་པའི་ཚུལ་གྱི་


JLAZ003_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །འཇིག་རྟེན་འདི་ལ་རབ་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་བྱས་པ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཁྱོད་ལ་རྣམ་པ་ཀུན་ཏུ་བསྲུང༌། །ཞེས་དང༌། རིགས་སོ་སོའི་རྗེས་གནང་གི་ཚིག་སྒྲ་བསྒྱུར་ནས་དཀྱིལ་འཁོར་བྲི་བཤད་བྱེད་པའི་རྗེས་གནང་ཡང་སྦྱིན་པ་ཡིན་ནོ། །དེ་ནས་དབུགས་དབྱུང་བ་ནི། ཁྱོད་ནི་འདོད་པ་ལ་ཉེ་བར་ལོངས་སྤྱོད་ཀྱང་སངས་རྒྱས་ཉིད་ཡིན་ནོ། །ཞེས་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བ་སོགས་ཀྱིས་སངས་རྒྱས་ཐོབ་ནུས་ཀྱི་ས་བོན་འཕེལ་བར་བྱ་བའི་ཚུལ་སློབ་མས་གོ་བར་བྱས་ནས་སློབ་མ་དཀྱིལ་འཁོར་ལ་འབུལ་བའི་ཚུལ། སྤྱི་རྒྱུད་ལས། དེ་ནས་བླ་མ་བདག་ཉིད་ཀྱི། །དེ་ཡི་སྤྱི་བོར་གདུགས་ཀྱང་བཟུང༌། །ཐལ་མོ་སྦྱར་བར་བྱས་ནས་ནི། །དཀྱིལ་འཁོར་ལེགས་པར་བསྐོར་དུ་གཞུག །ཅེས་པ་ལྟར་སློབ་མས་དཀྱིལ་འཁོར་བསྐོར་བའི་མཐར་ཤར་སྒོ་ནས་ལུས་ས་ལ་ཕབ་པའི་ཕྱག་བྱས་ནས་མགོ་བོ་མ་བཏེག་པ་གང་ཞིག་དཀྱིལ་འཁོར་ལ་ཚིག་འདིས་དབུལ་བར་བྱ་སྟེ། རྒྱུད་རྣམས་འཛིན་པར་འགྱུར་བ་ཡིན། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་སོ། །དེ་ནས་དབང་བཞི་ཀ་ཐུན་མོང་དུ་གྱུར་པའི་དམ་ཚིག་ནི་རྡོ་རྗེ་ཕུར་བུའི་རྒྱུད་ལས། བུམ་པའི་དམ་ཚིག་གང་ཡིན་པ། །


JLAZ003_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་རིམ་པ་བརྟག་པ་དང༌། །རྨོངས་པ་རྣམས་ལས་འདའ་བྱ་སྟེ། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༌། །བཅུད་ཀྱི་སེམས་ཅན་ལྷ་ཡི་མཆོག །དེ་ནི་བུམ་པའི་དམ་ཚིག་ཡིན། །གང་ཞིག་གསང་བ་སྟོན་པ་ལ། །གསང་བའི་དམ་ཚིག་འདི་ཡིན་ཏེ། །བུད་མེད་ཤེས་རབ་རང་བཞིན་པས། །ཙཎྜ་ལཱི་ལ་རྟག་ཏུ་བསྒོམ། །ཟས་ལྔ་རྟག་ཏུ་བཟའ་བར་བྱ། །སྤྱོད་པར་བྱ་བའི་མཆོག་ཡིན་ནོ། །ཡེ་ཤེས་ཆེན་པོའི་དམ་ཚིག་ནི། །མོ་རྣམས་ཀུན་ལ་སྤྱད་པ་དང༌། །དགའ་བ་རྟག་ཏུ་བསྟེན་པར་བྱ། །སེམས་ཉིད་དྷཱུ་ཏིར་རབ་ཏུ་བལྟ། །ཡེ་ཤེས་སྙིང་པོའི་དམ་ཚིག་གོ །དེ་ལྟ་བུ་དང་མི་ལྡན་པའི། །དབང་དང་དམ་ཚིག་ཀུན་ལས་འདས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ། །སྔགས་པ་བྱ་བ་གང་ཡང་མེད། །སྔགས་པ་སྔགས་པ་ཞེས་བྱ་བ། །རྩ་བ་དང་ནི་ཡན་ལག་དང༌། །ཁྱད་པར་དམ་ཚིག་གང་ཡིན་དང༌། །ཤིན་ཏུ་དབང་གི་དམ་ཚིག་དང༌། །རྩ་དང་རླུང་གི་དམ་ཚིག་དང༌། །བྱང་ཆུབ་སེམས་ཀྱི་བཞག་ས་རྣམས། །གང་ཞིག་བཞག་པ་སྔགས་པ་ཡིན། །དེ་ལ་མཆོག་གི་དངོས་གྲུབ་འབབ། །ཅེས་སྔགས་སྡོམ་ཐོབ་པ་མི་ཉམས་པའི་ཕྱིར་དུ་བསྒྲག་པ་སྟེ། བསྙེན་པར་རྫོགས་པའི་དངོས་པོ་ཐོབ་ནས་བསླབ་པ་བསྒྲགས་པ་བཞིན་ནོ། །


JLAZ003_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་དབང་བཞི་མཐའ་རྟེན་དང་བཅས་པ་རྫོགས་པའི་དུས་ན་རིག་འཛིན་གྱི་སྡོམ་པའང་ཐོབ་པ་ཡིན་ཏེ། དེའང་སློབ་མའི་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པའི་དུས་ནས་བརྩམས་ཏེ་རྒྱུད་སྡེ་འོག་མ་གསུམ་ལ་རང་ལུགས་ཀྱི་དངོས་གཞི་རྫོགས་ནས་སློབ་དཔོན་གྱི་དབང་བསྐུར་བའི་མཐའ་དང༌། བླ་མེད་ལ་བུམ་དབང་གི་མཐར་བསྐྱེད་རིམ་གྱི་སྔགས་སྡོམ་དངོས་བསྟན་དང༌། དབང་གོང་མ་གསུམ་ལ་དེའི་ལྡོག་ཆས་ཕྱེ་བའི་སོ་སོའི་དམ་ཚིག་གསར་ཐོབ་རེ་རེ་སྟེ། ངོ་བོ་གཅིག་པའི་ཆ་ནས་སྡོམ་པར་ཡང་བཞག་ཏུ་རུང་བ་རྣམས་ཐོབ་པའི་མཚམས་སྐབས་འདི་ཡིན་པས་ན་རང་རང་ལ་ལྟོས་པའི་ཡོན་ཏན་དང༌། རྩ་ལྟུང་གཉིས་ཀ་བསྐྱེད་པའི་རྟེན་དུ་སོང་བ་ཡིན་ནོ། །དེ་ནས་སློབ་མས་སློབ་དཔོན་ལ་ཕྱག་བྱས་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ་སོགས་ལན་གསུམ་གྱིས་དམ་བཅས་ལ། མོས་གུས་ཆེན་པོའི་སེམས་ཀྱིས་བདག་གི་ལུས་དང་ལོངས་སྤྱོད། ས་གཞིས་ཡུལ་འཁོར། བུ་དང༌། བུ་མོ། ཆུང་མ་ནས་ཇི་ལྟར་འབྱོར་བའི་བར་དུ་དབུལ་བར་བྱ་སྟེ། མྱ་ངན་ལས་འདས་པའི་རྒྱུད་ལས། གསེར་ལ་སོགས་པའི་ཡོ་བྱད་དང༌། །རང་གི་ལུས་དང་ནོར་གྱི་དབྱིག །མ་སྲིང་མོ་རྣམས་བརྒྱན་པ་དང༌། །གྲོང་དང་གྲོང་ཁྱེར་བཅས་པ་རྣམས། །དམིགས་པ་


JLAZ003_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སེམས་ཀྱིས་ནི། །དེ་དང་མཉམ་པ་ཁོ་ནར་འབུལ། །ཞེས་དང༌། དཀྱིལ་འཁོར་སོ་སོའི་རིགས་ལ་དམིགས་པའི་ཡོན་ནི་གསང་བའི་དགོངས་རྒྱུད་ལས། བདག་ལུས་སྲོག་དང་ནོར་ལ་སོགས། །བུ་དང་ཆུང་མར་བཅས་པ་རྣམས། །ཞུམ་པ་མེད་པའི་སེམས་ཀྱིས་དབུལ། །རྡོ་རྗེ་རིགས་ཀྱི་ཡོན་ཡིན་ནོ། །བྲན་དང་བཅས་པའི་འདོད་ཡོན་ལྔ། །འཁོར་ལོ་ཅན་གྱི་ཡོན་ཡིན་ནོ། །རིན་ཆེན་སྣ་ལྔ་ལ་སོགས་དང༌། །གླང་པོ་རྟ་དང་མ་ཧེར་བཅས། །རིན་ཆེན་རིགས་ཀྱི་ཡོན་ཡིན་ནོ། །མ་དང་སྲིང་མོ་ཆུང་མ་དང༌། །རབ་ཏུ་བརྒྱན་པ་དགོད་པ་དང༌། །རྒོད་མ་ལ་སོགས་མོ་ཆགས་རྣམས། །པདྨ་རིགས་ཀྱི་ཡོན་དུ་དབུལ། །རྟ་དང་གླང་ཆེན་མ་ཧེ་དང༌། །རྫས་ཀྱི་རྣམ་པ་མང་བཀལ་བ། །ལས་ཀྱི་རིགས་ཀྱི་ཡོན་དུ་དབུལ། །ཞེས་སོ། །རྒྱུ་དེ་ལས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་བླ་མ་མཉེས་པ་ལས་དངོས་གྲུབ་ཐོབ་པའི་ཚུལ་རྒྱུད་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར། །ཞེས་བཤད་དོ། །དབང་ཐོབ་པའི་ཕན་ཡོན་སྟོན་པའི་ཕྱིར། དབང་ཐོབ་སྐྱེས་བུ་ཐ་པའི་སྐྱོན་སྦྱངས་བའི། །ཞིང་སར་ས་བོན་བཞག་པ་ཇི་བཞིན་དུ། །


JLAZ003_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་གཉིས་དག་སྐུ་བཞི་མངོན་དུ་བྱེད། །འདི་ལྟར་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ། ཐར་པ་དང་ཐམས་ཅད་མཁྱེན་པ་འདོད་པའི་བློ་ཅན་གྱི་སློབ་མས་དབང་བསྐུར་བ་རྫོགས་པར་ནོད་པའི་དེ་མ་ཐག་ཐར་པའི་ལམ་སྣ་ཟིན་ཅིང་རྒྱལ་བའི་སྲས་སུ་འགྱུར་བའང་སྒྱུ་འཕྲུལ་ལས། དུས་འདི་མན་ཆད་རྒྱལ་བའི་སྲས། །ཞེས་པས་རིག་པ་འཛིན་པའི་མིང་ཡང་འཐོབ་ཅིང༌། བདེན་པ་མཐོང་ནས་དངོས་གཞི་འཐོབ་པ་ཡིན་ནོ། །དེའང་དངོས་གྲུབ་ཀྱི་རྩ་བ་རྡོ་རྗེའི་བླ་མ་མིག་བཞིན་དུ་བསྟེན་ནས་ཅི་གསུང་གི་བཀའ་ནོད་ཅིང༌། བསྐྱེད་རྫོགས་ཀྱི་སྔོན་དུ་འགྲོ་བའི་བསག་སྦྱངས་ཀྱི་རིམ་པ་མཐའ་དག་པ་དང་འབྲེལ་བར་བསྐྱེད་རིམ་དང་རྫོགས་པའི་རིམ་པ་བསྒོམ་པ་ལ་ཞུགས་པ་ན་རྣམ་པར་སྨིན་པའི་ལུས་ལྷའི་རང་བཞིན་དུ་བལྟ་བ་ལ་སོགས་པའི་དབྱེ་བས་དྲན་པ་ཉེར་གཞག་བཞིའི་དོན་བསྒོམ་པ་ལ་སོགས་པ་ཚོགས་ལམ་དང་མཐུན་ནོ། །དེ་ནས་རིམ་གྱིས་བསྐྱེད་རྫོགས་སོ་སོའི་ཡོན་ཏན་སྟོབས་སུ་གྱུར་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་ལམ་ལ་སྦྱོར་བས་སྦྱོར་ལམ་དང༌། རྒྱུ་དེ་ལས་བལྟ་བ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་ཆོས་ཀྱི་མིག་རྡུལ་དང་བྲལ་བ་མཐོང་བས་མཐོང་ལམ། མཐོང་ཟིན་སྒོམ་པར་བྱེད་པས་བསྒོམ་ལམ། བསླབ་བྱ་མཐའ་དག་པ་ཡོངས་སུ་རྫོགས་


JLAZ003_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སློབ་ཏུ་མེད་པ་མི་སློབ་པའི་ལམ་སྟེ་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་བསྐལ་པ་གྲངས་མེད་གསུམ་གྱིས་ཐོབ་བྱ་ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཆེན་གྱིས། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་བརྩམས་པར་མཛད་ཅེས་བརྗོད། །ཅེས་པའི་ཚད་གཟུང་ཅན་འདིར་གསང་སྔགས་ཕྱི་པའི་ཚུལ་ལས་ཀྱང༌། སྐལ་བ་བར་མ་དང༌། མོས་པ་རབ་དང༌། མཉམ་པར་གཞག་པ། མཆོག་ཏུ་གྱུར་པས་བསྙེན་པ་དང་མཚན་མ་བསྙེན་པར་གྱུར་པ་ལས་མཐོང་བའི་ཆོས་ལ་དངོས་གྲུབ་ཆེན་པོ་འཐོབ་པར་འགྱུར་ལ། དེ་ལྟར་འཐོབ་པས་སངས་རྒྱས་ཀྱི་ཞལ་མཐོང་བར་ནུས་ནས། དེ་ནས་སྐྱེ་བ་གཅིག་གམ། གཉིས་སམ། གསུམ་ལ་སོགས་པའི་རིམ་གྱིས་བླ་མེད་པའི་བྱང་ཆུབ་འཐོབ་ལ། རྣལ་འབྱོར་བླ་ན་མེད་པ་ལས་ནི། སྐལ་བ་ཆུང་བར་གྱུར་ཀྱང་མོས་པ་དང༌། བརྩོན་འགྲུས་དང༌། དགེ་བའི་བཤེས་གཉེན་གྱི་སྟོབས་གསུམ་ཚོགས་ནས་མཐོང་བའི་ཆོས་ལ་རྣམ་པར་སྨིན་པ་དང་ཚེ་ལ་དབང་བའི་རིག་འཛིན་འཐོབ་པར་འགྱུར་ལ། ཚེ་དེས་ཀྱང་མྱུར་དུ་སངས་རྒྱས་ཀྱི་ས་འཐོབ་པའི་ཚུལ་ཡང་འདུས་པ་ལས། འདི་ཡིས་བཅོམ་ལྡན་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོ་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་


JLAZ003_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་འགྱུར། །ཞེས་དང༌། དུས་ཉེ་བ་ནི་གསང་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ན་ནི། །མ་བསྒོམས་པར་ཡང་དངོས་གྲུབ་འཐོབ། །ཅེས་སོ། །དེའང་ངེས་པའི་དོན་དུ་ནི་དུས་ཀྱི་ཚད་གཟུང་བར་མི་རུང་སྟེ། འདི་ལྟར་དུས་ནི་རྟོག་པས་བཏགས་པའི་སྣང་བ་སྟེ། དེ་བས་ན་གང་དུ་སེམས་ལ་རང་དབང་མ་ཐོབ་ཀྱི་བར་དུ་ནི་ཡུལ་དང་དུས་ལ་སོགས་པའང་སོ་སོའི་རང་མཚན་འཛིན་པ་ལྟར་སྣང་ལ། སེམས་ལ་དབང་ཐོབ་ཕན་ཆད་ནི་ཡུལ་དུས་དེ་དག་ཀུན་རྫོབ་པ་ཡིན་ཏེ། འཕགས་པ་དྲི་མ་མེད་པས་བསྟན་པ་ལས། དུས་ཐུང་བར་འདོད་པ་རྣམས་ལ་བསྐལ་པ་མང་པོ་ཞག་བདུན་གྱིས་འདའ་བར་བྱིན་གྱིས་བརླབ་བོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ས་ཐོབ་པའི་ཡོན་ཏན་དང་དབང་ཐོབ་པའི་ཡོན་ཏན་གཉིས་མཐོང་ཆོས་སུ་རྫུ་འཕྲུལ་ལ་སོགས་པ་མི་འདྲ་ཡང༌། སངས་རྒྱས་ཐོབ་པ་ལ་འབྲས་བུ་ལམ་དུ་བྱེད་པའི་ཆ་ནས་འདི་ཉིད་ཉེ་བས་ལམ་ཤིན་ཏུ་ཟབ་པ་ཡིན་ཏེ། འདི་ལྟར་སྔགས་ཀྱི་དབང་ཐོབ་པའི་སྐྱེས་བུ་ནི་ཐ་པ་ལེགས་པར་སྦྱངས་པའི་ཞིང་ས་ལ་ས་བོན་སྐྱོན་མེད་བཞག་པ་བཞིན་དུ། གཞི་དང་པོའི་གནས་ལུགས་ལ་གློ་བུར་བའི་དྲི་མ་གཉིས་ཀྱིས་བསླད་པའི་


JLAZ003_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་གཞི། རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་སྦྱངས་པས། ཟག་པ་དང་བྲལ་བའི་སྐྱེ་མེད་ཀྱི་ཡེ་ཤེས་མཐོང་བའི་འབྲས་བུ་ལ་སྤྱོད་པས་ན་ལམ་ཡང་འབྲས་བུ་དང་མཐུན་པས། འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་སྟེ། དངོས་པོའི་གནས་ལུགས་དང་མཐུན་པར་སྦྱོང་བ་ཡིན་པས་རྒྱུ་ལ་འབྲས་བུས་རྒྱས་གདབ་པའམ། འབྲས་བུ་ལ་རྒྱུས་རྒྱས་གདབ་པའི་ཕྱིར་དབང་བསྐུར་ཁོ་ནས་སྨིན་པ་ཞིག་དགོས་ཀྱིས། དེ་ལྟར་སྨིན་པ་ལ་དབང་གི་དེ་ཁོ་ན་ཉིད་ལེགས་པར་ཤེས་དགོས་པའི་ཚུལ་མཉམ་སྦྱོར་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་དང༌། །དམ་ཚིག་རྣམས་ནི་སྤངས་པ་དང༌། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་དང༌། སངས་རྒྱས་ཐོད་པ་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོངས་པ་ཉིད། །དེ་བཞིན་དབང་དང་བྲལ་བའི་ལུས། །ཡེ་ཤེས་ཀུན་གྱིས་སྟོངས་པ་ཡིན། །དཔེར་ན་པི་ཝང་སྦྱོར་སོགས་ཀུན། །རྒྱུད་དང་བྲལ་ན་བརྡུང་མི་ནུས། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ཞེས་པས་དབང་ནི་ལམ་གྱི་འཇུག་སྒོ་ཙམ་དུ་བལྟ་བ་མ་ཡིན་པར། དཔེར་ན་གསེར་ལ་བསྲེགས་བཅད་བརྡར་བ་ཞེས་བསྲེགས་པས་གསེར་ཡིན་


JLAZ003_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མིན་གྱི་མཚང་བརྟོལ་བ་དང༌། བཅད་པས་གསེར་གྱི་སྲོག་ཤེས་པར་བྱ་བ་དང༌། བརྡར་བས་བསླད་པ་ངན་པ་དང༌། རང་བཞིན་ངན་པའི་བྱེ་བྲག་ཤེས་པར་བྱ་བ་བཞིན་དུ། ཕྱིན་ཅི་མ་ལོག་པའི་རྒྱུད་དང༌། ངེས་པའི་ལུང་དང༌། དངོས་གྲུབ་ཐོབ་ཅིང་མཁས་པར་གྱུར་པའི་བླ་མ་དག་གི་མན་ངག་དང༌། དེ་གཉིས་དང༌། མཐུན་པར་ཞུགས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མངོན་སུམ་དུ་རྟོགས་པར་མ་བྱས་ན་སྔགས་ཀྱི་དོན་ནི་ཟབ་ཅིང་བརླིང་ལ། དཀྱེལ་ཆེ་བས་རྗེས་སུ་དཔགས་པ་ཙམ་གྱིས་དངོས་གྲུབ་ཐོབ་པ་མ་ཡིན་ནོ། །ཅིའི་ཕྱིར་ན་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུའི་ཆོས་སྒོ་མཐའ་དག་པ་ནི། དབང་གི་རང་བཞིན་ལ་ལེགས་པར་རྫོགས་ཤིང་རིམ་པ་གཉིས་ཀྱི་ལམ་ཡང་དེར་འདུ་བ་ཡིན་པས། རྒྱུད་སྡེ་རྣམས་ནས་ཀྱང་དབང་བསྐུར་ཁོ་ནའི་བསྔགས་པ་གསུངས་ལ། དེའང་ཐོག་མར་སྟ་གོན་དང་དཀྱིལ་འཁོར་དུ་གཞུག་པའི་སྐབས་སུ་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། ཐེག་ཆེན་ཐུན་མོང་བ་དང༌། བྱེ་བྲག་པའི་སྡོམ་བཟུང་བསླབ་བྱ་དང་བཅས་པ་ལ་ལེགས་པར་དཔྱོད་ཤེས་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་ལོགས་སུ་བསླབ་མི་དགོས་པའི་ཤུགས་བསྟན་གྱིས་ཉན་ཐོས་ཀྱི་སྡེ་སྣོད་ཀྱང་ཞར་


JLAZ003_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁོང་དུ་ཆུད་ནས་མདོ་སྔགས་རྫས་འགལ་བའི་ལོག་རྟོག་ཀྱང་ལྡོག་པར་འགྱུར་ལ། དངོས་གཞི་དབང་གི་ངོ་བོ་དང༌། དེ་ཐོབ་པས་རྒྱུད་ལ་ནུས་པ་ཇི་ལྟར་འཇོག་དང༌། ལམ་གང་བསྒོམ་པ་ལ་དབང་དང༌། འབྲས་བུ་ཇི་ལྟ་བུ་ཐོབ་པའི་ཚུལ་ཡང་ལེགས་པར་ཤེས་པ་ཡིན་ལ། དེའི་བདག་པོའི་རྐྱེན་དུ་གྱུར་པ་ནི་ཐོག་མར་བླ་མ་ཁོ་ན་ལ་རག་ལུས་པ་ཡིན་པས་དེའི་མཚན་ཉིད་སྔར་ལེགས་པར་བཤད་པ་ལྟར་གྱི་སྟེང༌། དབང་དོན་མི་ཤེས་ན་སྨོས་ཅི་དགོས་ཏེ་ཤེས་ཀྱང་རྩ་ལྟུང་དག་པར་མ་བྱས་པ་དང༌། ཆོ་ག་ལ་ནོར་འཁྲུལ་དང་གཟུ་ལུམ་སླ་ཆོས་འཚལ་བ་དག་གིས་ནི་སློབ་མའི་རྒྱུད་ལ་རིག་འཛིན་གྱི་སྡོམ་པ་གཞག་པར་མི་ནུས་ཏེ། སོ་ཐར་གྱི་ལས་ཆོ་ག་ལ་ནོར་འཁྲུལ་བྱུང་ན་སོ་ཐར་གྱི་སྡོམ་པ་མི་སྐྱེ་བ་བཞིན་ནོ། །དེའང་ལས་ཆོག་ལ་ནོར་འཁྲུལ་བྱུང་ན་དགྲ་བཅོམ་པའི་གོ་འཕང་ལ་བསྒྲིབ་པ་ཙམ་ཡིན་མོད། དབང་ལ་ནོར་འཁྲུལ་བྱུང་ན་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བསྒྲིབ་པས་དེ་གཉིས་ཀྱི་འབྲས་བུ་ལ་རྒྱ་མཚོ་དང་བ་གླང་གི་རྨིག་རྗེས་ཀྱི་ཆུ་ཙམ་མོ། །དེ་བས་ན་བུམ་དབང་གི་ལམ་བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བྱེད་དང༌། གསང་དབང་གི་ལམ་གཏུམ་མོའི་དྲོད་ཙམ་ལ་དམིགས་པ་མུ་སྟེགས་བྱེད་ལའང་ཡོད་མོད་ཀྱི་ནང་དུ་ཡེ་ཤེས་སྐྱེ་བའི་


JLAZ003_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཅིང་འབྲེལ་འབྱུང་ཤེས་པ་དང༌། དབང་གོང་མ་གཉིས་ཀྱི་ཡེ་ཤེས་དམིགས་གཏད་ཅན་ཙམ་སྐྱེས་ནའང༌། ཉོན་མོངས་པ་དང་རྣམ་རྟོག་འབྱེད་པའི་ཐབས་ལ་མི་མཁས་པའི་བླ་མས་ནི་དབང་དོན་ཤེས་པ་མ་ཡིན་པས་དེ་ལྟ་བུ་ལ་སློབ་མས་མོས་པ་བྱས་ཀྱང་གནས་སྐབས་ཀྱི་བདེ་སྐྱིད་ཙམ་དང༌། རིམ་གྱིས་འགྲུབ་པའི་རྒྱུ་ཙམ་དུ་སྲིད་ཀྱིས། གསང་སྔགས་ནས་བླ་མ་སངས་རྒྱས་དངོས་སུ་གསུངས་པའི་བྱིན་རླབས་འབྱུང་བ་མ་ཡིན་པས་ཚེ་འདིའམ་བར་དོར་སངས་རྒྱས་ཀྱི་འབྲས་བུ་སྦྱིན་མི་ནུས་སོ། །ཅིའི་ཕྱིར་ན་ཕ་རོལ་ཏུ་ཕྱིན་པ་མན་ཆད་དུ་བླ་མ་སངས་རྒྱས་སུ་བལྟ་བར་བྱ་ཞེས་གསུངས་ལ། སྔགས་སུ་བླ་མ་སངས་རྒྱས་དངོས་ཡིན་པ་ནི་དབང་བསྐུར་བ་ཚུལ་བཞིན་ཐོབ་པའི་སློབ་དཔོན་གྱི་ངོ་ཁ་ལ་ཡིན་ཏེ། དེ་སྐད་དུ་ཞང་ཞུང་པཎྜི་ཏས། སྐྱོན་ཅན་སྤང་བྱའི་སློབ་དཔོན་གྱིས། །དབང་གི་ཆོ་ག་བྱས་ཀྱང་ནི། །སངས་རྒྱས་ས་བོན་ཚུལ་བཞིན་དུ། །ཐེབས་པར་འགྱུར་བ་མ་ཡིན་ཏེ། །དེ་བརྟེན་གཉིས་ཀ་དམྱལ་བ་རུ། །འདྲེན་པར་བྱེད་པ་གསུངས་པ་ཡིན། །ཞེས་སོ། །དེ་བས་ན་སྒྲིབ་པ་བཞི་དག་ཅིང་འབྲས་བུ་བཞི་མངོན་དུ་བྱེད་པ་དབང་ལ་རག་ལས་པ་ཡིན་པས། དེའང་རྒྱུ་ལ་གནས་ཚུལ་ཤེས་ནས་རྐྱེན་བླ་མ་དང་


JLAZ003_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལས་ཐོབ་པའི་གནད་འཁྲུལ་པ་མེད་པ་ཤེས་པར་བྱས་ནས་འབྲས་བུ་བསྒྲུབ་པའི་ཐབས་ལ་མཁས་པས་ནན་ཏན་དུ་འབད་པར་བྱའོ། །དབང་གི་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ནི་དཀྱིལ་ཆོག་རྣམས་ཀྱིས་ཤེས་པར་སླ་བས་འདིར་མ་བྲིས་སོ། །གཉིས་པ་ལམ་ལ་བསྐྱེད་རྫོགས་རྣམ་གཉིས་ལས། དང་པོ་བསྐྱེད་རིམ་སྐྱེ་གནས་རྣམ་པ་བཞིའི། །བག་ཆགས་སྦྱང་ཕྱིར་དེ་དང་མཐུན་པར་སྟོན། །བསྐྱེད་ཚུལ་འཁོར་བའི་རྣམ་པ་དང་མཐུན་པས། །སྲིད་པ་གསུམ་པོ་མ་ལུས་སྦྱོང་ཞིང་དག །མྱ་ངན་འདས་དང་བཞུགས་ཚུལ་མཐུན་པ་ཡི། །ལྷ་ཡི་རྣམ་པས་འབྲས་བུ་གཞི་ལ་རྫོགས། །གཉིས་ཀའང་རྫོགས་པའི་རིམ་པའི་སྨིན་བྱེད་དུ། །འགྲོ་བའི་དག་རྫོགས་སྨིན་གསུམ་སྤྱི་ལ་གཅེས། །དེ་ལ་ཐེག་པ་ཆེན་པོའི་སྒོར་ཐབས་ཀྱི་སྤྱད་པ་སྤྱོད་པའི་སྐྱེས་བུ་ཆེན་པོ་གཉིས་ཀྱི་དོན་དུ་གཉེར་བྱ་ནི་སེམས་ཅན་གྱི་དོན་དུ་གཟུགས་ཀྱི་སྐུ་བསྒྲུབ་པ་ཁོ་ན་ཡིན་ལ། དེ་འཐོབ་པའི་ཐབས་ནི་སྔགས་ཀྱི་ལམ་དུ་དམ་ཚིག་དང་སྡོམ་པ་རྣམ་པར་དག་པར་བྱས་ནས་འཁོར་བའི་རྣམ་པ་དང་མཐུན་པའི་ལྷའི་རྣལ་འབྱོར་ལམ་དུ་བྱེད་པས་སྲིད་པ་གསུམ་དུ་གོལ་བའི་ཐ་མལ་གྱི་སྣང་ཞེན་མ་ལུས་པ་སྦྱོང་ཞིང་དག་པར་བྱེད་ལ། དེ་ལྟར་དག་པས་མྱང་འདས་དང་བཞུགས་ཚུལ་མཐུན་པའི་


JLAZ003_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་རྣམ་པ་ལམ་བྱེད་ཀྱིས་མཚན་དཔེའི་སྐུ་འགྲུབ་པའི་རྒྱུ་བྱས་ཏེ་དོན་གཉིས་ལྷུན་གྲུབ་ཀྱི་ས་ལ་ཕྱིན་པ་ནི་ཐོབ་བྱ་འབྲས་བུའི་རྒྱུད་གཞི་རྫོགས་ཆེན་པོའང་ཡིན་ལ། དེ་གཉིས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་ཚུལ་དང༌། དག་རྫོགས་སྨིན་གསུམ་གྱི་མཚན་ཉིད་འོག་ཏུ་བཤད་པར་བྱའོ། །དེ་ལྟར་འབྲས་བུའི་རྒྱུད་དེ་མངོན་དུ་བྱེད་པ་ལ་ཉེ་བར་ལེན་པའི་རྒྱུ་དང༌། ལྷན་ཅིག་བྱེད་པའི་རྐྱེན་གཉིས་ཐབས་ཤེས་ལྟ་བུར་ཚོགས་དགོས་པས་ཉེར་ལེན་ནི་གཞིའམ་རྒྱུའི་རྒྱུད་དང༌། བྱེད་ཅན་ནི་ཐབས་སམ་ལམ་གྱི་རྒྱུད་ཡིན་པས་འཁོར་འདས་ལམ་གསུམ་གཞི་ལམ་འབྲས་བུའི་རྒྱུད་དུ་འདུས་པའི་ཚུལ་ཧེ་བཛྲ་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་པས་རང་བཞིན་ལྷན་ཅིག་སྐྱེས་པའི་དུས་ན། གསལ་བ་ནི་འཁོར་བ། སྟོང་པ་ནི་མྱང་འདས། ཉམས་ལེན་གྱི་སྐབས་སུ། སེམས་ནི་འཁོར་བ། རང་བཞིན་མེད་པ་ནི་མྱང་འདས། འབྲས་རྒྱུད་ཀྱི་སྐབས་སུ་ལྷུན་གྲུབ་འཁོར་བ། གནས་འགྱུར་མྱང་འདས་ཏེ། དེ་ཀུན་ལ་ལམ་གྱི་མན་ངག་ཐབས་རྒྱུད་སྦྱར་བས་ཐབས་དང༌། རྒྱུ་དང་འབྲས་བུའི་རྒྱུད་གསུམ་དུ་གནས་པ་ཡིན་ནོ། །དེ་ལ་


JLAZ003_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ལ་རང་ཆས་སུ་ལྡན་པའི་སེམས་ཀྱི་རང་བཞིན་བདེ་བར་གཤེགས་པའི་སྙིང་པོ་མི་ཤིགས་པ་ཁྱད་པར་གསུམ་ལྡན་རྟོགས་ན་མྱང་འདས་དང༌། མ་རྟོགས་ན་འཁོར་བའི་རྒྱུ་བྱེད་པ་གང་ཞིག་འཁོར་འདས་ཐམས་ཅད་དུ་འགྱུར་བ་མེད་པར་རྒྱུན་ཆགས་པས་ན་གཞིའམ་རྒྱུའི་རྒྱུད་ཅེས་བྱ་སྟེ། ངོ་བོ་ཉིད་དང་འཆིང་གྲོལ་མེད་པའི་ཆ་ནས་དོན་གྱི་གནས་ལུགས། རྣམ་པ་དྲི་མ་དང་བཅས་ཀྱང་རང་ངོ་ལ་གོས་མ་མྱོང་བས་བདེ་གཤེགས་སྙིང་པོ། མཚན་ཉིད་མེད་པའི་ཆ་ནས་ཆོས་སྐུ་དང༌། རང་བཞིན་གྱི་གདངས་མ་འགགས་པའི་ཆ་ནས་གཟུགས་སྐུའི་ཡོན་ཏན་གྱི་རྟེན་དུ་གནས་པ་གང་ཞིག་ལམ་དུས་སུ་བྱང་ཆུབ་ཀྱི་སེམས་དང༌། བདེན་པ་དབྱེར་མེད་དང༌། རང་བྱུང་གི་ཡེ་ཤེས་ལ་སོགས་པའི་ཐ་སྙད་སྣ་ཚོགས་སུ་ཆགས་པ་སྟེ། རྟེན་མེད་ཅིང་བདག་ཉིད་ཐོབ་པ་མེད་བཞིན་དུ། རྒྱུད་ལས། རང་བྱུང་ཡེ་ཤེས་གནས་མེད་སྣང༌། །ཞེས་པ་ལྟར་ལྷན་ཅིག་བྱེད་པའི་རྐྱེན་གདམས་ངག་བར་མ་ཆད་པའི་ཐབས་ཀྱི་རྒྱུད་ལ་བརྟེན་ནས་གློ་བུར་གྱི་དྲི་མ་སྦྱངས་པས་ཡོངས་སུ་དག་པའི་ཞིང་ཁམས་ན་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་སྣ་ཚོགས་སུ་སྣང་བ་ནི་གཞན་གྱིས་མི་འཕྲོགས་པ་འབྲས་བུའི་རྒྱུད་ཅེས་བྱའོ། །དེ་ལྟ་བུའི་གཞི་ལམ་འབྲས་བུའི་རྒྱུད་ནི་ཀུན་ཁྱབ་


JLAZ003_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚད་མ་གསུམ་ལ་བརྟེན་ནས་གཏན་ལ་དབབ་དགོས་ཏེ། རྒྱལ་བའི་བཀའ་དྲི་མ་མེད་པའི་ལུང་ཚད་མ་དང༌། མཁས་པས་ཉམས་སུ་བླངས་ཤིང་གྲོལ་བའི་དབང་པོ་ཡོད་པའི་མན་ངག་ཚད་མ་དང༌། གཉིས་ཀ་དང་རྗེས་སུ་མཐུན་པའི་རིགས་པ་ཚད་མ་སྟེ་རྡོ་རྗེ་མེ་ལོང་ལས། ལུང་དང་རིགས་པ་མན་ངག་གིས། །ཚད་མ་དག་གིས་གང་གཞལ་བས། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །ཞེས་སོ། །དེ་ལྟར་ཚད་མ་གསུམ་གྱིས་གཏན་ལ་ཕབ་པའི་ཡིད་ཆེས་རྣམ་པ་གསུམ་ལ་བརྟེན་ནས་རྒྱུད་ཀྱི་དོན་ཁོང་དུ་ཆུད་པར་བྱ་བའང་དུས་ཀྱི་འཁོར་ལོ་ལས། དང་པོར་བླ་མ་ལ་ཡིད་ཆེས་པར་བྱའོ། །དེའི་རྗེས་སུ་རང་ཉིད་ལ་ཡིད་ཆེས་པར་བྱའོ། །དེའི་རྗེས་སུ་རྒྱུད་ཀྱི་རྒྱལ་པོ་ལ་ཡིད་ཆེས་པར་བྱའོ། །དེ་ལྟར་ཡིད་ཆེས་རྣམ་པ་གསུམ་གྱིས་རྒྱུད་དོན་མ་ལུས་པ་རྟོགས་པར་འགྱུར་རོ། །ཞེས་སོ། །དེ་ཡང་སྔགས་རང་གཞུང་གི་གྲུབ་པའི་མཐའ་ལ། ཐོག་མར་རྟོགས་བྱའི་ལྟ་བ་རྒྱུ་རྒྱུད་གནས་ལུགས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་དགོས་ཏེ་རྒྱལ་བའི་ཞབས་ཀྱིས། དེ་ལ་དང་པོར་གནས་ལུགས་ཤེས་པ་གཅེས། །ཐེག་པའི་དབང་གིས་རྣམ་པ་མང་ན་ཡང༌། །ངེས་པའི་སྙིང་པོ་བདེན་པ་དབྱེར་མེད་དེ། །སངས་རྒྱས་རྣམས་ཀྱི་གསང་པའི་མཛོད་ཁང་ཡིན། །ཞེས་གསུངས་ལ། དེ་ཤེས་


JLAZ003_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རྟོག་གེ་རྣམ་པར་འཁྱམས་པའི་ལུང་རིགས་ལྟར་སྣང་བ་ཙམ་གྱིས་གཏན་ལ་མི་ཕེབས་པས་བླ་མ་མཚན་ཉིད་དང་ལྡན་པ་བཙལ་ཏེ་དེ་ལ་སྙིང་ཐག་པ་ནས་ཡིད་ཆེས་པས་སངས་རྒྱས་ཀྱི་འདུ་ཤེས་བཞག མོས་གུས་ཀྱི་ལྕགས་ཀྱུས་བླ་མའི་ཐུགས་ཤིན་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དབང་དུ་བསྡུས་ནས་རང་གིས་མངོན་སུམ་དུ་མཐོང་བའི་ཆོས་ཉིད་ལ་ཐེ་ཚོམ་མི་སྐྱེ་བ་ནི་རང་ལ་ཡིད་ཆེས་པ་ཞེས་བྱའོ། །དེ་སྐད་དུ་བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང༌། །རང་གི་སེམས་ཉིད་ལས་ཤེས་བྱ། །ཞེས་སོ། །དེའི་ཚེ་ཐ་སྙད་ཀྱི་ཤེས་ངོ་ཙམ་མ་ཡིན་པའི་གཤིས་ཀྱི་བཞུགས་ཚུལ་ཇི་ལྟ་བར་རྟོགས་པས་ཆོས་ཐམས་ཅད་དོན་དམ་པར་སྐྱེ་འགག་མེད་པ་དང༌། ཀུན་རྫོབ་ཏུ་སྒྱུ་མ་ཙམ་དུ་མི་འགག་པས་ཕ་རོལ་ཏུ་ཕྱིན་པ་དང་ཐ་སྙད་ཙམ་དུ་མཐུན་པས་ཚིག་གི་ལམ་དུ་མདོ་སྔགས་ཀྱི་ལྟ་བ་ལ་ཁས་ལེན་གཉིས་པ་མ་མཆིས་ཀྱང༌། སྔགས་ལམ་དུ་ཀུན་རྫོབ་པའི་ཆ་ཐམས་ཅད་ཡོངས་སུ་དག་པའི་ལྷའི་རྣམ་རོལ་དུ་རང་ཤར་ཞིང༌། བདེན་པ་གཉིས་ཀྱང་དུས་མཉམ་དུ་རང་བཞིན་ཡོངས་གྲུབ་ཆེན་པོར་ཟུང་དུ་འཇུག་པའི་ཐ་དད་རིས་མེད་ཆེན་པོ་ལ་དུས་སྔ་ཕྱི་མེད་པས་རིམ་གཉིས་


JLAZ003_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་རེ་བ་དང་ཕྱོགས་རེ་བ་མ་ཡིན་པ་ཉིད་དུ་རྣམ་པའི་བློས་བརྟགས་ཤིང་དཔྱད་པའི་བློ་རྫས་སོ་སོ་བ་སླར་ཟུང་དུ་འཇུག་ཏུ་མེད་པའི་ཁྱད་པར་ཤེས་ན་ལྟ་བའི་གནས་ལུགས་ཕྱག་རྒྱ་ཆེན་པོའང་མན་ངག་ལྟར་བཤད་པའི་རྒྱུད་ཀྱི་དོན་དུ་གནས་པ་མཐོང་ནས་ཡིད་ཆེས་ཁྱད་པར་ཅན་སྐྱེ་བར་འགྱུར་ཏེ། ས་ར་ཧས། སྲིད་དང་ཞི་བ་མཉམ་པ་ཉིད་ལེགས་ཕྱག་རྒྱ་ཆེ། །ཞེས་བཤད་དོ། །དེའང་གཞིའི་ཆས་གནས་སྐབས་སུ་བདག་གིར་བྱས་པའི་དྲི་མ་དེ་ཐབས་སམ། ལམ་གྱི་རྒྱུད་སྨིན་གྲོལ་གཉིས་ཀྱིས་སྦྱོང་བ་ལས་དང་པོ་ནི་སྔར་བཤད་ཟིན་ལ། གཉིས་པའི་དོན་ནི་སྦྱང་བྱ་འཁྲུལ་པའི་རང་བཞིན་གློ་བུར་པ་ཀུན་བརྟགས་དང༌། དེའི་ས་བོན་གྱི་ཆ་གཉིས་ལ་ལྟོས་ནས་སྦྱོང་བྱེད་བསྐྱེད་རྫོགས་གཉིས་སུ་གསུངས་ཏེ། སྙིང་པོའི་རྒྱུད་ཕྱི་མ་ལས། ལྷ་ཡི་རྣམ་པའི་སྦྱོར་བ་ཡི། །ཟླ་བ་རྡོ་རྗེ་ལ་སོགས་རིམ། །བསྐྱེད་པའི་རིམ་པ་ཞེས་སུ་བཤད། །རང་བཞིན་གྲུབ་པའི་རྣལ་འབྱོར་ནི། །རྫོགས་པའི་རིམ་པ་ཞེས་བྱར་བརྗོད། །ཅེས་པ་དང་མཐུན་པར་སློབ་དཔོན་འཕགས་པས་ཀྱང༌། བསྐྱེད་པའི་རིམ་པར་ལེགས་གནས་ཏེ། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་


JLAZ003_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །ཞེས་སྦྱང་གཞི་ལ་ལྟོས་ནས་བསྐྱེད་རྫོགས་སོ་སོ་བར་བཤད་པའི་དབང་དུ་བྱས་ན་དང་པོ་བསྐྱེད་རིམ་གྱི་དགོས་པ་ནི་སོ་སྐྱེའི་དུས་ན་དྲི་བཅས་དེ་བཞིན་ཉིད་ཀྱི་སྣང་བ་ཀུན་བརྟགས་པས་གློ་བུར་དུ་བཟོས་པའི་སྣོད་དང་བཅུད་ལ་ཐ་མལ་དུ་འཛིན་པ་བཅོས་མ་བསྐྱེད་པའི་རིམ་པས་སྦྱོང་ཞིང༌། ཞར་ལ་ཐལ་བྱུང་གི་སྟོང་རྐྱང་དུ་བལྟ་བའང་ལྡོག་པར་འགྱུར་ལ། ལམ་གྱི་ཆ་ནས་མ་དག་པའི་ས་བདུན་བགྲོད་པ་དང༌། འབྲས་བུ་གཟུགས་སྐུའི་རྟེན་འབྲེལ་སྒྲིག་པ་སྟེ་རྡོ་རྗེ་མཁའ་འགྲོ་ལས། དཀྱིལ་འཁོར་ལ་སོགས་ལས་གང་ནི། །བཅོས་མའི་སེམས་ཀྱིས་གང་བྱེད་པ། །ཕྱི་རོལ་ལས་རྣམས་གསལ་བྱེད་པས། །དང་པོའི་ལས་ཅན་རྣམས་ལ་བསྔགས། །ཞེས་རྫོགས་རིམ་བསྐྱེད་པའི་རྟེན་ལྟ་བུར་ཡང་གསུངས་སོ། །གཉིས་པ་རྫོགས་རིམ་གྱི་དགོས་པ་ནི། འཕགས་པའི་ལམ་དུ་བཅོས་མ་དང་བྲལ་བ་མངོན་སུམ་པའི་ལྷའི་རྣལ་འབྱོར་ཞེས་བྱ་སྟེ་བཞིན་ལག་གི་རྣམ་པ་ཅན་དུ་མི་གནས་པའི་ཞུ་བདེ་མཚུངས་ལྡན་གྱི་ལྷ་སྐུ་ཁ་སྦྱོར་ཞེས་པ་གོང་བུའི་བདག་ཉིད་ཅན་ལ་བརྟེན་པ་སྟེ། སྡོམ་འབྱུང་ལས། རྩ་རྣམས་དེ་དག་ཐམས་ཅད་ནི། །ལུས་ནི་དགེ་བར་བྱེད་པ་སྟེ། །དེ་ཡི་ཚོགས་ལས་ཡང་དག་བྱུང༌། །གོང་བུ་ལྷ་ཡི་བདག་ཉིད་དོ། །གཟུགས་ལས་


JLAZ003_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་གོང་བུར་འགྱུར། །ཞེས་སོ། །དེས་སྦྱང་བྱ་འཕོ་བའི་བག་ཆགས་ཀྱི་དྲི་མ་སྦྱོང་ཞིང༌། ལམ་གྱི་ཆ་ནས་དག་པའི་ས་གསུམ་བགྲོད་པ་དང༌། འབྲས་བུ་ལྷན་སྐྱེས་བདེ་བ་ཆེན་པོའི་སྐུ་དང་མཆོག་གི་དངོས་གྲུབ་བསྒྲུབ་པའོ། །དེ་ལྟར་བསྐྱེད་རྫོགས་སོ་སོའི་སྦྱང་གཞི་ལ་ལྟོས་ན་དང་པོའི་སྦྱང་གཞི་སྲིད་པར་བསྐྱེད་རིམ་གཉིས་པའི་སྦྱང་གཞི་ཆོས་ཉིད་སྡུད་རིམ་ལ་བྱེད་པ་སྟེ། བརྟག་གཉིས་ལས། སྲིད་པ་སྐྱེ་བ་བསྐྱེད་རིམ་འགྱུར། །འགགས་པ་ཤེས་རབ་སྲིད་མཐར་བྱེད། །ཅེས་དང༌། དེ་གཉིས་སྐྱེ་འཕགས་ཀྱི་ལམ་གཉིས་སུ་བཞག་ནས་རང་རང་དང་རྗེས་སུ་མཐུན་པའི་དངོས་གྲུབ་ཐོབ་ཚུལ་ཡང་སྙིང་པོའི་རྒྱུད་ཁ་ཆེ་འགྱུར་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་འཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་དང༌། འདུས་པ་ལས་ཀྱང༌། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པ་ཡི་ནི་རིམ་པའོ། །ཞེས་སོ། །དེ་གཉིས་སོ་སོའི་བསྐྱེད་སྡུད་ཀྱི་རིམ་པས་སྐྱེ་འཆི་གཉིས་ཀྱི་རང་བཞིན་བདེན་པ་གཉིས་ལ་སྦྱོར་ཚུལ་ནི། བསྐྱེད་རིམ་མཐར་


JLAZ003_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ནས་རྫོགས་རིམ་ཐོབ་པ་ཞིག་སྤྱོད་པའི་འཕྲོར་ལུས་ན། འཆི་བའི་དུས་ན་ནི་དོན་དམ་བདེན་པ་མངོན་དུ་བྱ་ལ། སྐྱེ་བའི་དུས་སུ་ནི་ཀུན་རྫོབ་བདེན་པས་སྒྱུ་ལུས་སུ་ལྡང་བར་བྱའོ་སྙམ་པའི་འཕེན་པ་གཏོང་བ་སྟེ་ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་དུ། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་སུ་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་གཉིས་མེད་དོན། །ཞེས་དང༌། སྤྱོད་བསྡུས་ལས། སྐྱེ་བའི་མིང་ནི་ཀུན་རྫོབ་བདེན་པ་སྟེ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །ཞེས་སོ། །དེ་ལྟ་ན་བུམ་དབང་དང་དེའི་ལམ་བསྐྱེད་རིམ་ལ་བརྟེན་ནས་ཀྱང་རྒྱུའི་ས་བཅུ་གཅིག་པ་སོགས་མཆོག་གི་དངོས་གྲུབ་ཐོབ་པའི་རྣམ་གཞག་དང་འགལ་བར་འགྱུར་རོ་ཞེ་ན། དེ་དང་དེའི་རྟེན་འབྲེལ་བསྒྲིགས་ཤིང་ནུས་པ་རྒྱུད་ལ་འཇོག་ཕྱིར་དེ་སྐད་དུ་བསྟན་པ་སྟེ། ཧེ་རུ་ཀ་འདུས་པ་ལས། གང་གིས་གང་ལ་དབང་བསྐུར་བས། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང༌། །ཞེས་པ་ལྟར། ད་ལྟ་དངོས་སུ་མ་ཐོབ་ཀྱང་ཕྱིས་མངོན་དུ་འགྱུར་ངེས་ཀྱི་རྒྱུ་ཚོགས་ཤིང་གྲངས་ཚང་བར་སོང་བའི་ཕྱིར་ཏེ། འདི་ནི་ཚད་མའི་གཞུང་ལས་ཀྱང༌། མ་ཚང་མེད་རྒྱུ་དེ་ལ་ནི། །


JLAZ003_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་གང་གིས་བཟློག་པར་བྱེད། །ཅེས་བསྟན་པས་སོ། །ད་ནི་སོ་སོའི་རང་བཞིན་བཤད་པ་ལ་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་མ་རྙེད་བར་དུ་བསྐྱེད་རིམ་ལ་བརྟེན་ནས་རྟོག་པས་རྟོག་པ་འདུལ་བར་བྱེད་པ་ནི། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དགོངས་པ་ཡིན་ཏེ། རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །ཞེས་པས་ཆོ་གའི་ཁྱད་པར་ནི་ཁྱད་ཆོས་བཞི་དང་ལྡན་པ་སྟེ། རྒྱུ་དང་མཐུན་པའི་བསྐྱེད་ཆོག་ཚང་བ། རང་འབྲས་ཀྱི་སྔགས་ཀྱི་ཡོན་ཏན་བསྐྱེད་པ། ངོ་བོ་ཞུ་བདེ་དང་སྟོང་ཉིད་འབྲེལ་བ། བྱེད་ལས་དག་རྫོགས་སྨིན་གསུམ་ཚང་བའོ། །དང་པོ་ནི། སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་འཁོར་བའི་འདྲ་འབག་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱོང་བ་ལ་ལྟོས་ནས་བསྐྱེད་ཚུལ་རྣམ་པ་བཞིར་བསྟན་པའི་དང་པོ་སྒོང་སྐྱེས་སྦྱོང་བའི་ཚུལ། ཇི་ལྟར་སྒོང་སྐྱེས་ལན་གཉིས་སྐྱེ་བ་ལྟར། །བདག་སྲས་གཞན་སྲས་རྣམ་པ་གཉིས་སུ་བསྐྱེད། །བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ། །ས་བོན་ལས་ནི་གཙོ་བོ་


JLAZ003_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དང༌། །ཕྱོགས་བཅུའི་སངས་རྒྱས་བཀུག་ནས་མཁར་བསྟིམ་དང༌། །སེམས་ཅན་བཀུག་ནས་སྒྲིབ་པ་སྦྱང་བ་དང༌། །གཉིས་སུ་མེད་ལ་ཆེ་བ་བསྐྱེད་པ་དང༌། །མཁའ་ནས་བཏོན་ནས་གདན་ལ་འགོད་པའོ། །གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད། །སྒོ་ང་སྨིན་པ་དེ་དང་དེར་གྱུར་བཞིན། །གཙོ་བོ་འོད་ཞུ་ས་བོན་གྱུར་པ་དང༌། །དེ་ལས་ཡབ་ཡུམ་སྐྱེ་མཆེད་རྫོགས་པ་དང༌། །ཡབ་ཀྱི་རྟོག་པ་ཡི་གེར་གྱུར་པ་དང༌། །ཡུམ་ལས་འོད་འཕྲོ་ལྷ་ལ་གསོལ་གདབ་དང༌། །ཀུན་ཀྱང་རང་བསྟིམ་ང་རྒྱལ་བཟུང་བ་དང༌། །སྙོམས་པར་ཞུགས་ནས་མཁའ་རུ་དཀྱིལ་འཁོར་བསྐྱེད། །རྟོག་པ་ཞེས་གཉིས་ལྷར་གསལ་ཕྱིར་གདོན་དང༌། །ཕྱག་རྒྱ་བཞི་ཡིས་བཅིངས་དང་རྒྱས་གདབ་བོ། །དེ་ལ་འཁོར་བའི་རྣམ་པ་གྲུབ་ཚུལ་སྤྲོས་པ་ཅན་སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམ་ནི་དང་པོའི་ལས་ཅན་རྣམས་ལ་བསྔགས་ཤིང༌། དེའང་ལས་དང་པོ་པའི་ཚད་ནི་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར་རགས་པའི་དཀྱིལ་འཁོར་ཡུད་ཙམ་གྱིས་མངོན་དུ་བྱེད་ནུས་པ་ཚུན་ཆད་ལ་བཤད་ཅིང༌། བསྐྱེད་རྫོགས་སོ་སོའི་ཆ་ནས་བཞག་ན་བསྐྱེད་རིམ་ཀྱི་གནས་སྐབས་ཐམས་ཅད་ལས་དང་པོ་དང༌། རྫོགས་རིམ་ནི་དེ་ལས་ལྡོག་པར་རིམ་ལྔ་དང་སྤྱོད་བསྡུས་ལས་བཤད་དོ། །དེའང་ཐོག་མར་


JLAZ003_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ང་དང༌། དེ་ལས་གཟུགས་སུ་སྨིན་པ་ལྟར་གཉིས་སྐྱེས་ཀྱི་སྲིད་པ་དེའི་བག་ཆགས་སྦྱོང་བའི་གཉེན་པོ་ཁྱད་པར་ཅན་བདག་སྲས་གཞན་སྲས་ཀྱི་རྣམ་པས་བསྟན་པའི་དང་པོ་ནི། ཡེ་ཤེས་རྩེ་མོ་ལས། སྲས་དང་བཙུན་མོར་བཅས་པ་ནི། །འཁོར་བའི་ཆོས་ལས་སྐྱེས་པ་སྟེ། །སེམས་ཅན་གྱིས་ནི་སྲས་སུ་བྱ། །ཞེས་སོ། །འདི་ལ་གཉིས། མན་ངག་ཏུ་བསྟན་པ་སྒྲུབ་སྡེའི་ལུགས་དང༌། རྣམ་པར་འགྱུར་བར་བསྟན་པ་རྒྱུད་སྡེའི་ལུགས་སོ། །དང་པོ་ནི། རིག་འཛིན་ཆེན་པོ་པདྨ་སམྦྷ་ཝའི་དགོངས་པ་སྟེ། བླ་དཔེ་ལས། བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ། །རྒྱུའི་ས་བོན་ལས་གཙོ་བོ་ཡབ་ཡུམ་བསྐྱེད་པ་དང༌། ཕྱོགས་བཅུའི་བུདྡྷ་བཀུག་ནས་མཁའ་རུ་བསྟིམ་པ་དང༌། སེམས་ཅན་རྣམས་བཀུག་ལ་སྒྲིབ་པ་སྦྱང་བ་དང༌། གཉིས་སུ་མེད་པ་ལ་ཆེ་བ་བརྗོད་པ་དང༌། མཁའ་ནས་བཏོན་ལ་དཀྱིལ་འཁོར་དུ་དགོད་པའོ། །ཞེས་པ་སྟེ། བསྒྲུབ་གཞིའི་རྣམ་པར་སྨིན་པའི་ལུས་བསམ་གཏན་གསུམ་གྱི་མན་ངག་ལ་བརྟེན་ནས་ནམ་མཁའི་དབྱིངས་སུ་རྒྱུའི་རྡོ་རྗེ་འཛིན་པ་ཡབ་ཡུམ་དུ་བསྐྱེད་ཅིང༌། དེའི་མཁའ་གསང་དུ་ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས་ནས་བདག་གི་སྲས་སུ་བྱ་བའི་ས་བོན་དུ་བསྒྲུབ་


JLAZ003_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སེམས་ཅན་རྣམས་བཀུག་ནས་སྒྲིབ་པ་སྦྱངས་ཏེ་འཁོར་འདས་རོ་གཅིག་ཏུ་ཞུ་བ་དང༌། གཉིས་མེད་ཀྱི་རང་བཞིན་ལ་ཆེ་བ་བརྗོད་པ་དང༌། དེའི་རྐྱེན་གྱིས་འབྲས་བུའི་རྡོ་རྗེ་འཛིན་པར་བཞེངས་པའི་མཁའ་གསང་ནས་འཁོར་རྣམས་བཏོན་ཏེ་དཀྱིལ་འཁོར་དུ་དགོད་པ་ལ་བདག་གི་སྲས་སུ་སངས་རྒྱས་བྱས་པ་ཞེས་བྱའོ། །གཉིས་པ་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། རང་བྱུང་དངོས་དང་མི་འགལ་ཞིང༌། །འབྲས་བུ་ཉིད་ལ་ལམ་ཤེས་པས། །མ་ལུས་དཀྱིལ་འཁོར་ཐིག་ལེ་རྣམས། །བདག་གི་སྲས་སུ་བསྒོམ་པར་བྱ། །ཞེས་པའི་དོན་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ལྟར་བརྗོད་པ་ལ་གཉིས། གཙོ་བོ་ཡབ་ཡུམ་དུ་བསྐྱེད་ནས་སྙོམས་པར་འཇུག་པ་དང༌། ངོ་མཚར་སྲས་ཀྱི་དཀྱིལ་འཁོར་ཡི་གེའི་སྤྲིན་ལས་སྤྲོ་བའོ། །དང་པོ་ནི། ཨེ་མ་ཧོཿངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཅེས་པས་དོན་དམ་སེམས་བསྐྱེད་བརྟེན་པར་བྱས་ནས་བསྐྱེད་གཞིའི་ཏིང་ངེ་འཛིན་གསུམ་བསྒྲུབ་པར་བྱ་ཞིང༌། དེའང་གཞན་གཉིས་པོ་སྤྱི་དང་མཐུན་ལ། རྒྱུའི་ཏིང་འཛིན་གྱི་ཁྱད་པར་སྒྱུ་འཕྲུལ་ལས། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །


JLAZ003_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཨཿཞེས་བརྗོད་པའི་རྐྱེན་ལས་སེམས་ཀྱི་རང་བཞིན་ཡི་གེར་རྫོགས་པ་སྤྲོ་བསྡུས་གསལ་འགྲིབ་མེད་པ་ཡོངས་སུ་གྱུར་པ་ལས་མངོན་བྱང་གི་རང་བཞིན་ཉི་ཟླའི་དཀྱིལ་འཁོར་ཨས་མཚན་པ་ལས་བྱུང་བའི་ཡི་གེ་རྒྱུ་དུས་ན་ནང་གི་ཁམས་དཀར་པོ། ལམ་དུས་ན་ཡི་གེའི་རྒྱུ་འམ་སྦྱང་གཞི། འབྲས་དུས་ན་མཚན་གྱི་ས་བོན་ཨཱ་ལི་ལ་ཚེག་དྲག་བསྣན་པའི་བཅུ་དྲུག་ཕྲག་གཉིས་དཀར་པོ་མུ་ཏིག་གི་ཕྲེང་བ་ལྟ་བུ། རྒྱུ་དུས་ན་ཁམས་དམར་པོ། ལམ་དུས་ན་ཡི་གེའི་རྒྱུའམ་སྦྱང་གཞི། འབྲས་དུས་ན་དཔེ་བྱད་ཀྱི་ས་བོན་ཀཱ་ལི་དམར་པོ་མར་མེའི་ཕྲེང་བ་ལྟ་བུ་སུམ་ཅུ་རྩ་བཞི་ལ་ཡ་ར་ལ་ཝ་ལ་སོགས་དྲུག་བསྣན་པའི་བཅུ་ཕྲག་གཉིས་པོས་རིམ་གཉིས་སུ་བསྐོར་བའི་ཡི་གེ་ཐོག་མཐའ་གཉིས་འོད་དུ་ཞུ་ནས་ཧཱུྃ་གིས་མཚན་པའི་རྡོ་རྗེར་གྱུར། དེ་ཡོངས་སུ་གྱུར་པ་ལས་རང་བཞིན་གཞིའི་ཀུན་ཏུ་བཟང་པོར་བསྒོམ་མོ། །དེའང་མྱང་འདས་དང་བཞུགས་ཚུལ་མཐུན་པའི་སྦྱོང་པའི་དབང་དུ་བྱས་ན་ཉི་ཟླའི་དཀྱིལ་འཁོར་ནི་མེ་ལོང་ལྟ་བུ་དང་རྡོ་རྗེའི་རིགས་སོ། །འོད་ཀྱི་གོང་བུ་ནི་མཉམ་པ་ཉིད་དང་རིན་པོ་ཆེའི་རིགས་སོ། །རྡོ་རྗེ་ཧཱུྃ་གིས་མཚན་པ་ནི་སོ་སོར་


JLAZ003_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་དང་པདྨའི་རིགས་སོ། །སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་དེ་བཞིན་གཤེགས་པའི་རིགས་སོ། །འབྲས་དུས་ཀྱི་མངོན་བྱང་ལྔའི་ཡོན་ཏན་ཡོངས་སུ་རྫོགས་པའི་ཚུལ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཨཱ་ལི་དང་ནི་ཀཱ་ལི་དང༌། །རྡོ་རྗེ་ཟླ་བ་རྣམ་པ་གཉིས། །གཅིག་ཏུ་གྱུར་པ་མཉམ་ཉིད་དེ། །ས་བོན་མཚན་མར་གྱུར་པ་ནི། །སོ་སོར་རྟོག་པར་ངས་བཤད་དོ། །དེ་བྱུང་སངས་རྒྱས་ཐམས་ཅད་ཀྱི། །འགྲོ་དོན་བྱེད་པ་བྱ་ནན་ཏན། །གཟུགས་བརྙན་རྫོགས་པ་ཆོས་དབྱིངས་ཏེ། །ཞེས་སོ། །དེ་ནས་ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །ཞེས་པ་ནས། ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་པའི་བར་གྱི་རྣམ་སྣང་གི་རང་བཞིན་གཞལ་ཡས་ཁང་བསྐྱེད་པར་བྱ་སྟེ། དེ་ལ་རྣམ་སྣང་ནི་སངས་རྒྱས་རྣམས་ཀྱི་སྐུའི་བདག་ཉིད་ཡིན་པས་སྐུ་དེས་གསུང་དང་ཐུགས་ཀྱི་རྟེན་བྱེད་པ་ལྟར་གཞལ་ཡས་ཁང་པས་ཀྱང་སངས་རྒྱས་རྣམས་བཞུགས་པའི་གནས་སམ་རྟེན་བྱེད་ཅིང་སྣོད་ཀྱི་འཇིག་རྟེན་གྱི་བག་ཆགས་སྦྱོང་བའི་ཕྱིར་ཏེ་གལ་ཕྲེང་ལས། སྣོད་ཀྱི་རིམ་པ་བྱུང་ཚུལ་གྱིས། །རིམ་བརྩེགས་གཞལ་ཡས་གཞུང་བཞིན་བསྐྱེད། །ཅེས་སོ། །ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཞེས་པས་ཀུན་ཏུ་བཟང་པོའི་གཡོན་དུ་བཟང་མོ་ཡབ་དང་འདྲ་བར་


JLAZ003_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དེ་དང་གཉིས་མེད་དུ་འཁྲིལ་ནས་སྙོམས་པར་འཇུག་པའི་ཚུལ། ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ། །འདའ་བར་མི་འཛད་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཧོཿ ཞེས་ཡབ་ཡུམ་ཐབས་ཤེས་སུ་ཚོགས་པའི་བྱང་ཆུབ་སེམས་ཀྱི་རྒྱུ་སྙོམས་འཇུག་གི་རྐྱེན་ལས་འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་སྨིན་པའི་དམ་ཚིག་ལས་འདའ་བར་མི་མཛད་པ་ལ་ཧོ་ཞེས་དགྱེས་པ་བསྐྱེད་པའོ། །གཉིས་པ་ནི། སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ཡི་གེའི་རང་བཞིན་དུ་སྤྲོས་ནས་ངོ་མཚར་སྲས་ཀྱི་དཀྱིལ་འཁོར་དུ་བྱ་བ་ནི། ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཅེས་པ་ནས། ཨོཾ་ནི་ཐམས་ཅད་ཞིག་པ་ཡིན། །ཞེས་པའི་བར་གྱིས་བདག་གི་སྲས་སུ་སངས་རྒྱས་རྣམས་བྱས་པ་ལྷའི་དཀྱིལ་འཁོར་དུ་གྱུར་པས་རྒྱལ་བའི་མཛད་པ་བསྒྲུབས། སླར་འདུས་དཀྱིལ་འཁོར་དུ་བྱོན་ནས་རྣམ་སྣང་ཡབ་ཡུམ་ནི་གཙོ་བོ་ཡབ་ཡུམ་ལ་ཐིམ། ལྷ་གཞན་རྣམས་ནི་རང་གནས་སུ་བཞུགས་པར་བསམ་མོ། །གཉིས་པ་གཞན་སྲས་ནི་ཡེ་ཤེས་རྩེ་མོ་ལས། ཇི་ལྟར་སངས་


JLAZ003_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མཐུ་ལས་བྱུང༌། །ལྷུན་གྱིས་གྲུབ་པའི་ཆོ་ག་དང༌། །ཆོ་གའི་ཡན་ལག་རྫོགས་པ་ལ། །མཁས་པ་སངས་རྒྱས་སྲས་ཡིན་ནོ། །ཞེས་པས་འདི་ལའང་སྒྲུབ་སྡེ་དང༌། རྒྱུད་སྡེའི་ལུགས་གཉིས་ལ། དང་པོ་ནི། བླ་དཔེ་ལས། གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད་དེ། གཙོ་བོ་ཡབ་ཡུམ་ཞུ་སྟེ་རྒྱུའི་ས་བོན་དུ་གྱུར་པ་དང༌། དེ་ལས་ཡབ་ཡུམ་དུ་བསྐྱེད་པ་དང༌། ཡབ་ཀྱི་རྟོག་ཚོགས་ལས་ཡི་གེ་བསྐྱེད་པ་དང༌། ཡུམ་ལས་འོད་འཕྲོ་ཞིང༌། ལྷ་ལ་གསོལ་བ་གདབ་པ་དང༌། དཀྱིལ་འཁོར་ཐམས་ཅད་བདག་ཡབ་ཡུམ་ལ་བསྟིམས་པས་ཡེ་ཤེས་པར་ང་རྒྱལ་བསྐྱེད་པ་དང༌། ཡབ་ཡུམ་སྦྱོར་བ་བྱ་ཞིང་མཁའ་རུ་དཀྱིལ་འཁོར་བསྐྱེད་པ་དང༌། བདག་གི་རྟོག་པ་ཞེ་གཉིས་ལྷ་སྐུར་གྱུར་ཏེ་ཕྱིར་གདོན་པ་དང༌། ཡེ་ཤེས་པ་སྤྱན་དྲངས་ཤིང་རྒྱས་གདབ་པ་ལ་སོགས་པའོ། །ཞེས་པ་སྟེ། དེ་ལ་དང་པོ་ནི། གཙོ་བོ་ཡབ་ཡུམ་འོད་དུ་ཞུ་ནས་ཐིག་ལེ་མཐིང་ནག་གི་གོང་བུ་ས་བོན་ཕྱག་མཚན་གྱིས་མཚན་པར་གྱུར་པ་ནི་སྒོ་ང༌། གཉིས་པ་དེ་འབྲས་བུའི་རྡོ་རྗེ་འཛིན་པར་བཞེངས་པ་ནི་སྒོང་ཁྱིམ་བརྡོལ་ནས་བཙས་པ། གསུམ་པ་ནི། དབང་པོ་ཡུལ་ལ་སད་པའི་རྟོག་ཚོགས་ཡི་གེའི་སྤྲིན་དུ་སྤྲོས་ནས་ལྷའི་དཀྱིལ་འཁོར་དུ་བསྒྲུབ་པ་ནི། སྒྱུ་འཕྲུལ་ལས། ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་


JLAZ003_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །ཅེས་པ་ནས། ཨོཾ་ནི་ཐམས་ཅད་ཞིག་པ་ཡིན། །ཞེས་པ་དང་མཚུངས་ལ། ཧཱུྃ་ཡིག་ལ་སོགས་པའི་ཡི་གེའི་སྤྲིན་བྱེ་བྲག་པ་ནི་རང་རང་གི་གཞུང་ལས་འབྱུང་བའོ། །བཞི་པ་ནི། རྡོ་རྗེ་ཕུར་བུ་ལ་མཚོན་ན་རྒྱུད་ལས། ཡབ་ཡུམ་འདོད་ཆགས་ང་རོ་བརྗོད། །བྱིན་གཉིས་དམ་དུ་རབ་འཁྱུད་དོ། །ལག་པ་དམ་འཁྱུད་མ་མཆུ་གཞིབ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་ཉིད་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག །ཅེས་པས་མཚོན་ནོ། །ལྔ་པའི་དོན་ནི། འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི། །ཡེ་ཤེས་དཀྱིལ་འཁོར་ཀུན་བསྡུས་ཏེ། །འཁོར་རྣམས་ཐུགས་ལ་བཞུགས་པ་ཡི། །ཤེས་རབ་མ་ནི་དགའ་བར་བྱ། །ཞེས་སོ། །དྲུག་པ་ནི་མཁའ་གསང་བྱིན་གྱིས་བརླབས་ནས་ཕྱག་རྒྱ་བཞིས་སྙོམས་པར་ཞུགས་པ་སྟེ། རྡོ་རྗེ་ཕུར་བུ་འབར་བ་ལས། ཆགས་པ་ལྕགས་ཀྱུ་ཞེས་བྱ་སྟེ། །པདྨར་ཆུད་པ་ཞགས་པ་མོ། །ཁ་ཕྱེད་མ་ནི་སྒྲོག་ཡིན་ཏེ། །སྒྲ་གྲག་མ་ནི་དྲིལ་བུའོ། །ཞེས་དང༌། ཆོས་ཀུན་བྱང་ཆུབ་སེམས་སུ་གནས། །དང་པོར་བབས་པ་གཞལ་མེད་ཁང༌། གཉིས་པ་གདན་གྱུར་གསུམ་པ་ལས། །ཡབ་ཀྱི་


JLAZ003_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ཚོགས་ཡི་གེར་རྫོགས། །བྷ་ག་ཉིད་དུ་ལྷ་རྣམས་བསམ། །ཞེས་ཡི་གེའི་ས་བོན་རྣམས་ཡོངས་སུ་གྱུར་པ་ལས། ཡུམ་མཁར་ལྷ་ཚོགས་གསལ་གདབ་བོ། །བདུན་པ་དང་བརྒྱད་པའི་དོན་ཡང་འཆད་པར་འགྱུར་བ་དང་འདྲ་བས་ཤེས་པར་སླའོ། །གཉིས་པ་རྒྱུད་སྡེའི་ལུགས་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། གང་གིས་གང་ལ་གསོལ་བཏབ་པས། །ཐུགས་རྗེས་བྱིན་བརླབས་སྦྱངས་བྱས་ནས། །ཐུགས་ཞུགས་འདྲེས་པར་དབྱེར་མེད་ན། །སྲས་འགྱུར་དགོངས་པ་ཅི་ལ་གནས། །ཞེས་པ་སྟེ། དེ་ལ་དངོས་པོར་བལྟ་བ་སྣང་ཕྱོགས་ཀྱི་ཞེན་པ་སྦྱོང་བ་དང༌། ཆད་པར་བལྟ་བ་སྟོང་ཕྱོགས་ཀྱི་ཞེན་པ་སྦྱོང་བའི་ཚུལ་གཉིས་ལས། དང་པོ་ལའང་ཐུགས་དམ་བསྐུལ་བ་དང༌། བྱིན་རླབས་རྗེས་སུ་གནང་བ་གཉིས་ལས།དང་པོ་སྣང་ཕྱོགས་ཀྱི་ཞེན་པ་སྦྱོང་བ་ནི། གཙོ་བོའི་ཐུགས་ཀ་ནས་རིག་པའི་ཀུན་ཏུ་བཟང་པོ་སེམས་དཔའི་རྒྱན་ལྡན་རྣམ་སྨིན་གྱི་ལུས་ཀྱི་རྣམ་པ་ཅན་རྐང་པའི་ལོང་བུ་སྤྲད་ཅིང་ཐལ་མོ་སྦྱར་བ་ཐོན་ནས། དཀྱིལ་འཁོར་ལ་ལན་གསུམ་བསྐོར་ནས་དགའ་བ་ཆེན་པོའི་སྒོ་ནས་མེ་ཏོག་གཏོར་བཞིན་པས། ཨོཾ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་


JLAZ003_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྦྱོར་ཅིག །ཅེས་གསོལ་བ་གདབ་བོ། །གཉིས་པ་ནི། ལྷ་རྣམས་ཀྱིས་བདག་ལ་རྗེས་སུ་དགོངས་ཏེ་ཐབས་དང་ཤེས་རབ་ཀྱི་འོད་ཟེར་སྤྲོས་པས། སེམས་དང་སེམས་བྱུང་གི་རྟོག་པ་དང༌། དེ་ལས་གྱུར་པའི་རྣམ་སྨིན་གྱི་ལུས་ངག་སྦྱངས། གཟུང་འཛིན་གཉིས་བྲལ་གྱི་རང་བཞིན་གསེར་ཞུན་མ་ལྟ་བུའི་འོད་ཀྱྀ་གོང་བུར་གྱུར་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་འོད་ཟེར་ཡི་གེ་གསུམ་གྱི་རྣམ་པས་བདག་ལ་བསྟིམས་པས། གོང་བུ་ཉིད་ཀྱང་དེ་དང་གཉིས་སུ་མེད་པའི་འབྲུ་གསུམ་དུ་གྱུར་ནས་རགས་པ་སྐུ་དང་གསུང་གི་ས་བོན་ཕྲ་བ་ཐུགས་ཀྱི་ས་བོན་ལ་འདྲེས་ནས་ཟླ་དཀྱིལ་ལ་ཧཱུྃ་དུ་གནས་པར་གྱུར། དེ་ཉིད་རླུང་གི་དཀྱིལ་འཁོར་གྱིས་བཏེགས་པས་གཙོ་བོའི་ཐུགས་ཀར་མདའ་འཕངས་པ་ལྟར་སོང་བའི་རྐྱེན་གྱིས་ཡབ་ཡུམ་བདེ་བའི་རོལ་མོས་ཚིམ་ནས་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་གོང་བུར་གྱུར་པའི་ཡུམ་གྱི་མཁའ་ལ་གནས་པ་ལ་ལྷ་ཚོགས་ཐམས་ཅད་ཀྱང་རང་རང་གི་གསང་སྔགས་ཀྱི་སྒྲ་དང་བཅས་ནས་བྱང་ཆུབ་ཀྱི་སེམས་གོང་བུའི་བདག་ཉིད་ཅན་ལ་ཐིམ། དེའི་ངང་ལ་གཙོ་བོ་ཡབ་ཡུམ་ཡང་རྗེས་ཆགས་ཆེན་པོས་བདེ་བའི་ངོ་བོར་ཞུ་སྟེ་ཐམས་ཅད་གཅིག་


JLAZ003_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འདྲེས་པའི་གོང་བུར་བསམ་མོ། །གཉིས་པ་སྟོང་ཕྱོགས་ཀྱི་ཞེན་པ་སྦྱོང་བ་ནི། གོང་བུ་དེ་ཉིད་ཀྱང་ཡི་གེ་དང་ཕྱག་མཚན་གྱི་རྣམ་པར་སོང་བ་ཡོངས་སུ་གྱུར་པ་ལས་ཞི་བ་དང་ཁྲོ་བོའི་སྐུ་གང་ཡིན་པར་ང་རྒྱལ་བསྐྱེད་ནས། ཤཱུ་ནྱ་ཏའི་སྔགས་ཀྱིས་དེ་ལ་ཡེ་ཤེས་ལྔའི་དབང་བསྐུར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་བྱིན་གྱིས་བརླབ། དེ་ནས་གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབས་ནས་ས་མ་ཡ་ཧོ་ལ་སོགས་པའི་བརྡའ་དང་བརྡའ་ལན་གྱིས་བསྐུལ་ནས་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ལ་སྤྲོས་པས་མཁའ་གསང་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ། དེའི་ནང་དུ་ལྷ་རྣམས་ཀྱི་ས་བོན་གསལ་བཏབ་ལ། ལྷ་སོ་སོའི་གསང་སྔགས་བརྗོད་པའི་རྐྱེན་གྱིས་སྐུ་ཡོངས་སུ་རྫོགས་པར་གྱུར། དེ་རྣམས་ཛཿཞེས་བརྗོད་པ་ཙམ་གྱིས་ཡུམ་གྱི་མཁའ་ནས་བཏོན་ཏེ་མདུན་གྱི་ནམ་མཁར་བཞག་པ་ལ་ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་བྱིན་གྱིསབརླབས། འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ནས་རང་རང་གི་གདན་ལ་བཞུགས་པར་བསམ་མོ། །དེའང་སྒྱུ་འཕྲུལ་ཞི་བའི་དབང་དུ་བྱས་ན་ཀུན་ཏུ་བཟང་པོ་ཡབ་ཡུམ་ནི་གཙོ་བོའི་ཐུགས་ཀའི་ཁྱམས་ལ་བཞུགས་པར་བསམ་


JLAZ003_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། རིག་པའི་སྐྱེས་བུ་དྲུག་ནི་ཕྱིའི་ཁྱམས་ལ་བསྐྱེད་པ་ཡིན་ནོ། །འདུ་ཤེས་ཕྱིན་ཅི་ལོག་ཏུ་ཤར་ནས་རྒྱལ་བའི་ཕྲིན་ལས་ལ་སྐུར་བ་གདབ་པར་འདོད་པ་དག་ན་རེ། རིག་པའི་སྐྱེས་བུ་དྲུག་ལ་གླན་ཀ་བྱེད་པར་བསྙད་ནས་རང་ཉིད་ལ་བསོད་ནམས་མ་ཡིན་པ་འདུ་བྱེད་མོད། རྡོ་རྗེ་མཁའ་འགྲོའི་སུམ་ཅུ་པ་ལས། ཡེ་ཤེས་རྣམ་པ་ལྔ་དང་ནི། །བལྟ་བ་ལྔ་ཡི་ཕ་རོལ་འགྲོ། །ལྷ་ཡི་ཡེ་ཤེས་གསལ་བར་བལྟ། །ལྷ་མིན་ཡེ་ཤེས་ཁྲོ་བའོ། །ཡི་དྭགས་ཡེ་ཤེས་ཞན་པ་སྟེ། །དམྱལ་བའི་ཡེ་ཤེས་འཇིགས་པས་ནོན། །བྱོལ་སོང་ཡེ་ཤེས་བླུན་པ་སྟེ། །བརྟན་པ་རྣམས་ནི་སེམས་མེད་པའོ། །ཞེས་དང༌། ལས་རྣམས་ཀྱི་ནི་བྱེ་བྲག་གིས། །ཡེ་ཤེས་བྱེ་བྲག་སྤྲུལ་པ་ཡིན། །ཞེས་འགྲོ་བ་སོ་སོའི་གནས་རིགས་གདུལ་བའི་ཡེ་ཤེས་དེ་ལྟ་ན། དེའི་བརྟེན་པར་གྱུར་པའི་གཟུགས་ཀྱི་སྐུས་གདུལ་བའི་ཕྲིན་ལས་ཆེན་པོ་རྒྱུ་མཚན་གང་གིས་དགག་པར་ནུས། དེ་བས་ན་མཉམ་སྦྱོར་གྱི་རྩ་རྒྱུད་ལས་ཀྱང༌། གསང་སྔགས་མཐུན་པའི་ཁྱད་པར་གྱིས། །མོས་པའི་བློ་དང་མཐུན་པར་སྟོན། །ཞེས་པའང་དྲན་པར་བྱའོ། །དེ་ལྟར་སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམ་གྱི་ཁྱད་པར་ནི་ལན་གཉིས་སུ་སྐྱེ་བ་དང་མཐུན་པ་ཁོ་ནར་སྦྱོང་བ་


JLAZ003_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ན་སྤྲོས་པ་ཆུང་ངུའི་དབང་དུ་བྱས་ན་འདི་ལྟར། བསྡུ་ན་ཐོག་མར་རང་ཉིད་ལྷར་གསལ་བས། །མདུན་མཁར་དཀྱིལ་འཁོར་གསལ་བཏབ་རྒྱུན་བཤགས་བྱ། །གཉིས་ཀ་མི་དམིགས་ངང་ནས་ལྷ་སོ་སོའི། །དཀྱིལ་འཁོར་མངོན་རྟོགས་ཇི་བཞིན་བསྒོམ་པའོ། །ཞེས་སྨོས་པ་ནི་གཞུང་ཉིད་ཀྱིས་གོ་སླའོ། །གཉིས་པ་ལ་གཉིས། ཧེ་རུ་ཀ་གལ་པོ་ལྟར་མངོན་བྱང་བཞི་རྗེས་འབྲང་དང་བཅས་པ་བཤད་པ་དང༌། རྒྱུད་སྡེ་སྤྱི་ཁྱབ་དང་བསྟུན་ནས་མངོན་བྱང་ལྔའི་མཚན་ཉིད་བཤད་པའོ། །དང་པོ་ནི། མངལ་སྐྱེས་སྦྱོང་ཕྱིར་མངོན་བྱང་བཞིའམ་ལྔ། །དང་པོ་ཁྲག་འཐུང་གལ་པོའི་དགོངས་པ་སྟེ། །འཆི་སྲིད་བར་དོར་བཅས་པ་སྟོང་ཉིད་སེམས། །དྲི་ཟ་ཉེ་བར་ལེན་པའི་རྣམ་ཤེས་ནི། །ལྷ་ཡི་ས་བོན་གྱིས་སྦྱང་དེ་ཉིད་ཀྱང༌། །ཁུ་རྡུལ་རླུང་དང་འདྲེས་པའི་མེར་མེར་ནུར། །ས་བོན་ཉིད་ལས་ཕྱག་མཚན་གྱུར་པས་སྦྱོང༌། །ལྟར་དང་མཁྲང་གྱུར་ཕྱག་མཚན་འོད་གོང་གྱུར། །ཁྱབ་འཇུག་ཉ་དང་རུས་སྦལ་དབང་པོ་རྫོགས། །ལྷ་ཡི་རྣམ་པར་གྱུར་ནས་སྦྱང་བའོ། །དེ་སྐད་དུ་ཧེ་རུ་ཀ་གལ་པོ་ལས། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་འབྱུང་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེ་འགོད། །ཅེས་པས་འཆི་སྲིད་


JLAZ003_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་དང་བཅས་པ་སྟོང་ཉིད་བྱང་ཆུབ་ཀྱིས་སྦྱང༌། ཉེར་ལེན་དྲི་ཟའི་རྣམ་ཤེས་ཁུ་ཁྲག་དང་འདྲེས་པ་ལྷའི་ས་བོན་བསྡུ་བས་སྦྱང༌། རླུང་བཅུས་ལུས་རིམ་གྱིས་བསྐྱེད་ནས་གཟུགས་ཀྱི་རྣམ་པ་རྫོགས་པ་ལྷར་གྱུར་པས་སྦྱང༌། བཙས་ནས་དབང་པོ་ཡུལ་ལ་སད་པ་ནི་ཡི་གེ་འགོད་པས་སྦྱང་བ་སྟེ། ལྷ་མངལ་འབྱིན་གྱི་ས་བོན་སྤྲོ་བའམ། གནས་གསུམ་ལ་སོགས་པ་ཡི་གེས་རྒྱས་གདབ་པ་ལའང་སྦྱར་དུ་རུང་ངོ༌། །དེའང་ནང་གསེས་ཀྱི་དབང་དུ་རླུང་བཅུའི་འདུ་འཕྲོད་ཀྱིས་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་བ་རྡོ་རྗེའི་ཆོ་ག་བཞིས་སྦྱོང་བའི་ཚུལ་ནི། ས་བོན་དེ་ཉིད་ལྷའི་ཕྱག་མཚན་དུ་གྱུར་པས་མེར་མེར་ནུར་ནུར་སྦྱང༌། ཕྱག་མཚན་འོད་གོང་དུ་གྱུར་པས་ལྟར་ལྟར་དང་མཁྲང་གྱུར་གཉིས་སྦྱང༌། འོད་གོང་ལྷར་གྱུར་པས་ཁྱབ་འཇུག་ཉ་དང་རུས་སྦལ། དབང་པོ་རྫོགས་པ་བཞི་པོ་སྦྱང་པ་སྟེ་འདུས་པ་ཕྱི་མ་ལས་ཀྱང་དེ་དང་ཚུལ་མཐུན་པར་བཤད་དོ། །དེ་ལ་བསྡུས་པའི་ཆོ་ག་གསུམ་བསྐྱེད་ནི། །ཕྱག་རྒྱ་སྐུ་ལ་ཡིག་འབྲུ་གསུང་རྡོ་རྗེ། །ཐུགས་ནི་ཕྱག་མཚན་ཉིད་དུ་སྦྱོར་བ་ལ། །རྡོ་རྗེའི་ཆོ་ག་གསུམ་ཞེས་ཕ་རྒྱུད་ལུགས། །དེ་ཡང་ལུས་འགྲུབ་པའི་ས་བོན་ཁུ་རྡུལ་གཉིས་གནས་སུ་དག་པ་


JLAZ003_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པ་ཉི་ཟླ་སྐུ་དང་གསུང༌། ཨཿཡིག་ལ་སོགས་པ་ཐུགས་སུ་མོས་ནས་སྦྱོང་བའི་ཚུལ། ཐིག་ལེ་ཟླ་བ་ཞུ་བ་སྐུ། །རྣམ་པར་གཅད་པ་ཉི་རྡུལ་གསུང༌། །ཨཿཡིག་མུན་ཅན་ཐུགས་རབ་བརྗོད། །ཅེས་སོ། །དེ་ལས་རྣམ་པ་གཞན་དུ་གྱུར་པ་རང་གི་དངོས་བསྟན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་ཉིད་རྡོ་རྗེ་རྩེ་ལྔ་པ་བསྒོམས་པས་སྦྱང་བྱའི་ཡིད་ཐུགས་རྡོ་རྗེར་དག ཕྱག་མཚན་དེ་ཉིད་ཡི་གེར་གནས་གྱུར་པའམ། གསུང་རྡོ་རྗེའི་ངོ་བོ་ཨཱཿདང་ཧཱུྃ་ལ་སོགས་པས་མཚན་པར་བསྒོམས་པས་སྦྱང་བྱའི་ངག་གསུང་རྡོ་རྗེར་རྫོགས། དེ་ལས་འོད་ཟེར་སྤྲོ་བསྡུའི་ཆོ་གས་དོན་གཉིས་བྱས་ཡོངས་སུ་གྱུར་པ། ལྷའི་རྣམ་པ་ཐམས་ཅད་རྫོགས་པར་བསྒོམས་པས་སྦྱང་གཞིའི་ལུས་སྐུ་རྡོ་རྗེར་སྨིན་པ་སྟེ། རྡོ་རྗེའི་ཆོ་ག་གསུམ་གྱི་དང་པོས་མངལ་དུ་ཁམས་དཀར་དམར་ཚོགས་པ་ལ་དྲི་ཟའི་རྣམ་ཤེས་ཞུགས་པ། གཉིས་པས་ཁུ་ཁྲག་སེམས་གསུམ་འདྲེས་ནས་མེར་མེར་པོ་ལ་སོགས་པ་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་བ། གསུམ་པས་འབྱུང་བ་བྱེར་སྡུད་ཀྱི་ལུས་ཡོངས་སུ་གྲུབ་ནས་ཕྱིར་བཙས་པ་སྦྱོང་ལ། འབྲས་བུའི་དུས་ན་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་བསྒྲུབ་པའི་རྟེན་འབྲེལ་བསྒྲིག་


JLAZ003_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གོ །དེའང་རྒྱུད་ལས། བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཞེས་པ་ལྟར། དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ནས་སེམས་ཅན་ལ་སྨན་པའི་མཛད་པ་ཕྲིན་ལས་སྐུ་གསུམ་ལྷུན་གྱིས་གྲུབ་པའི་བདག་ཉིད་དང་ཆོས་ཉིད་མཐུན་པར་སྦྱང་བའམ། མན་སྙེ་ལས། དེའི་རྗེས་སུ་བར་དོའི་སྲིད་པ་ཇི་ལྟ་བ་བཞིན་གྱི་གཟུགས་འགགས་པའི་རྗེས་ཀྱི་མངལ་གྱི་གནས་སྐབས་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བར་ཆད་མེད་པའི་ལམ་འགགས་པའི་རྗེས་ལ་ས་བཅུ་པའི་གནས་སྐབས་རིག་པར་བྱ་སྟེ། འདི་རྣམས་སྒྲིབ་པ་དང་བཅས་པ་ཉིད་དོ། །ཞེས་པ་ལྟར་མངལ་ཞུགས་ཀྱི་རིམ་པ་དང་སྦྱོར་བའི་ཚུལ་དང༌། མངོན་བྱང་གི་མཚན་ཉིད་བྱེ་བྲག་ཏུ་བཤད་པ་གཉིས་ལས་དང་པོ་ནི། བར་མ་དོ་ནས་ལུས་འཚོལ་ཚོགས་ཀྱི་ལམ། །མངལ་དུ་རྣམ་ཤེས་འཇུག་པ་སྦྱོར་ལམ་སྟེ། །ལྷུམས་ཞུགས་བྱང་ཆུབ་ལྔ་པོ་མཐོང་བསྒོམ་དང༌། །ཟླ་བ་བཅུ་ནི་ས་དང་རབ་སྦྱར་ནས། །བཙའ་བ་མི་སློབ་ལམ་གྱུར་སྤྲུལ་པའི་སྐུ། །དེ་ལ་འཆི་བ་ཆོས་སྐུའི་འོད་གསལ་ལུགས་ལྡོག་ཏུ་མཆེད་པའི་ཡིད་ལུས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་


JLAZ003_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་མི་ནུས་པའམ། ནུས་ཀྱང་གཞན་དོན་དུ་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་ལ་འཇུག་པ་དག་གིས་བར་མ་དོ་ནས་སེམས་བསྐྱེད་དང་ལྡན་པས་ལུས་འཚོལ་བ་ཚོགས་ལམ། ཆོས་ལྡན་གྱི་ལུས་རྟེན་ཐོབ་པའི་མངལ་སྒོ་འདམས་ནས་ལུས་ལེན་པ་དངོས་ལ་སྦྱོར་བ་སྦྱོར་ལམ། བྱང་ཆུབ་རྣམ་པ་ལྔའི་རིམ་པས་མངལ་དུ་ཉིང་མཚམས་སྦྱོར་བའི་བྱེད་ལས་རང་རྒྱུད་པ་རྣམས་སྦྱང་བ་མཐོང་བསྒོམ་གྱི་ལམ་དང༌། ཟླ་བ་བཅུ་ས་བཅུར་མཚོན་ནས་རྡོ་རྗེ་མི་བསྐྱོད་པ་ལ་སོགས་ལྷག་པའི་ལྷ་གང་ཡིན་པའི་སྐུར་བཞེངས་ནས་མི་སློབ་པའི་ཟུང་འཇུག་སྐྱེ་བ་སྤྲུལ་པའི་སྐུར་འགྲུབ་པའི་ཚུལ་ཀློང་གསལ་ལས། མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ། །ཟླ་བ་བཅུ་ནི་ས་བཅུའི་ཚུལ། །སྐྱེས་པ་རང་བཞིན་སྤྲུལ་པའི་སྐུ། །ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ། །ཞེས་སོ། །གཉིས་པ་མངོན་བྱང་གི་ངོ་བོ་སྐྱེ་གནས་བཞིའི་རིམ་པ་དང་མཐུན་པར་རྒྱུ་འབྲས་གོ་རིམ་གྱི་དབང་དུ་མངལ་སྐྱེས་ལ་མཚོན་ན། མངོན་བྱང་དང་པོ་གཉིས་ཀྱིས་ཕ་མའི་ཁུ་ཁྲག་ཚོགས་པ། གསུམ་པས་དྲི་ཟའི་རྣམ་ཤེས་ཞུགས་པ། བཞི་པས་ཁུ་རྡུལ་རྣམ་ཤེས་གསུམ་འདྲེས་ནས་འགྱུར་བའི་གནས་སྐབས་རྣམས་མྱོང་བ། ལྔ་པས་མངལ་གྱི་གནས་སྐབས་རྫོགས་པ་སྟེ། དེ་དང་འབྲེལ་བར་ཕྲ་བའི་ཆ་ནས་མིང་


JLAZ003_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ཕུང་པོ་དང༌། ཁམས་དང༌། རྣམ་ཤེས་དང༌། ཉོན་མོངས་པའི་ཚོགས་ཏེ་གཟུགས་ཅན་མ་ཡིན་པ་རྣམས་དང༌། གཟུགས་ཅན་དང་འདྲེས་པས་རགས་པ་སྐྱེ་གནས་བཞི་པོའི་སྦྱང་གཞི་སྦྱོང་བྱེད་སྟོན་པའི་ཕྱིར། མངོན་བྱང་དང་པོ་ཟླ་བའི་དཀྱིལ་འཁོར་ནི། །མངལ་སྐྱེས་ཁུ་བ་དྲོད་གཤེར་སྐྱེས་ཀྱི་གཤེར། །སྒོང་སྐྱེས་ཕ་དང་རྫུས་སྐྱེས་སྟོང་པའི་ཆ། །དེ་ལ་སྦྱང་གཞི་ནི་ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོ། ཁམས་ལྔ་ལས་སའི་ཁམས། ལུས་ཀུན་གཞིའི་རྣམ་ཤེས། ཉོན་མོངས་པ་ལྔ་ལས་གཏི་མུག མངལ་སྐྱེས་ཀྱི་ཕའི་ཁམས། དྲོད་གཤེར་སྐྱེས་ཀྱི་གཤེར། སྒོང་སྐྱེས་ཀྱི་ཕ། བརྫུས་སྐྱེས་ཀྱི་སྟོང་པའི་ཆ་རྣམས་སོ། །སྦྱོང་བྱེད་ནི་རྣམ་སྣང་གི་ངོ་བོ་ཨཱཿལི་ལས་བྱུང་བའི་མངོན་བྱང་དང་པོ་ཟླ་བའི་དཀྱིལ་འཁོར་དུ་བསྒོམ་པ་རྣམ་པ་ལམ་བྱེད། དེའི་ངོ་བོ་ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་སྣང་བས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་ནི་མོས་པ་ལམ་བྱེད། དེའང་ཆོས་སྐུའི་ཡེ་ཤེས་སྒྲིབ་མེད་དུ་གསལ་བ་ནི་འབྲས་བུ་ལམ་བྱེད། ལམ་བྱེད་གསུམ་ལ་བརྟེན་ནས་ཚོགས་གཉིས་རྫོགས་པའི་རྟེན་འབྲེལ་དུ་འགྱུར་བ་ནི་བྱིན་རླབས་ལམ་བྱེད་ཅེས་བྱ་སྟེ། ལམ་བྱེད་ཕྱི་མ་ནི་འོག་མ་རྣམས་ལའང་འགྲེའོ། །དེ་བཞིན་གཉིས་པ་ཉི་མའི་དཀྱིལ་འཁོར་ཡང༌། །མངལ་སྐྱེས་རྡུལ་དང་དྲོད་གཤེར་སྐྱེས་ཀྱི་དྲོད། །སྒོང་སྐྱེས་མ་


JLAZ003_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྫུས་སྐྱེས་གསལ་བའི་ཆ། །དེ་ལ་སྦྱང་གཞྀ་ཚོར་བའི་ཕུང་པོ་དང་ནམ་མཁའི་ཁམས། ཉོན་མོངས་པ་ཅན་གྱི་ཡིད་དེ་སེར་སྣ་ང་རྒྱལ། མངལ་སྐྱེས་ཀྱི་མའི་ཁམས། སྒོང་སྐྱེས་ཀྱི་མའི་ཆ། དྲོད་གཤེར་སྐྱེས་ཀྱི་དྲོད། རྫུས་སྐྱེས་ཀྱི་གསལ་བའི་ཆ་རྣམས་སོ། །དེ་དག་སྦྱོང་བྱེད་ནི་རིན་འབྱུང་གི་ངོ་བོ་ཀཱ་ལི་ལས་བྱུང་བའི་བདུན་གྱི་བདུན་པའི་དཀྱིལ་འཁོར་དུ་བསྒོམ་པ་ནི་རྣམ་པ་ལམ་བྱེད། དེའི་ངོ་བོ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་སུ་མོས་པ་ནི་མོས་པ་ལམ་བྱེད། དེའང་སངས་རྒྱས་དང་སེམས་ཅན་གྱི་རང་བཞིན་དངོས་པོ་གཅིག་པར་ཐུགས་སུ་ཆུད་པའི་ཡེ་ཤེས་སྒྲིབ་མེད་དུ་གསལ་བས་ན་འབྲས་བུ་ལམ་བྱེད་དོ། །མངོན་བྱང་གསུམ་པ་ས་བོན་ཕྱག་མཚན་བཅས། །ཁུ་རྡུལ་གཉིས་བར་རྣམ་ཤེས་ཞུགས་པ་དང༌། །སྐྱེ་གནས་བཞི་པོའི་བར་དོའི་རྣམ་ཤེས་སྦྱོང༌། །དེ་ལ་སྦྱང་གཞི་ནི་འདུ་ཤེས་ཀྱི་ཕུང་པོ་དང༌། རླུང་གི་ཁམས། ངག་ཡིད་ཀྱི་རྣམ་པར་ཤེས་པ། ཉོན་མོངས་པ་འདོད་ཆགས། སྐྱེ་གནས་བཞིའི་དྲི་ཟ་ཉེ་བར་ལེན་པའི་རྣམ་ཤེས་རྣམས་སོ། །སྦྱོང་བྱེད་ནི་འོད་དཔག་མེད་ཀྱི་ངོ་བོ་ས་བོན་ཕྱག་མཚན་དང་བཅས་པའི་རྣམ་པར་བསྒོམ་པ་ནི་རྣམ་པ་ལམ་བྱེད། དེའི་ངོ་བོ་ཆོས་ཐམས་ཅད་མ་འདྲེས་པར་རྟོགས་པའི་ཡེ་ཤེས་སུ་མོས་པ་ནི་མོས་པ་ལམ་བྱེད། དེའང་ཆོས་ཐམས་ཅད་མ་བསྒྲིབས་པར་གསལ་ཞིང་མཁྱེན་པའི་ཡེ་ཤེས་སོ་སོར་རྟོག་པ་ནི་


JLAZ003_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ལམ་བྱེད་དོ། །མངོན་བྱང་བཞི་པ་རྣམ་གསུམ་གཅིག་ཏུ་འདྲེས། །ཁུ་རྡུལ་སེམས་གསུམ་རོ་གཅིག་འདྲེས་པ་དང༌། །དྲོད་གཤེར་སྐྱེས་ཀྱི་དྲོད་དང་རྣམ་ཤེས་དང༌། །བརྫུས་སྐྱེས་གསལ་ལ་སྟོང་པའི་ཆ་ཙམ་དང༌། །བར་སྲིད་འདྲེས་པའི་ཆ་རྣམས་སྦྱོང་བ་ཡིན། །དེ་ལ་སྦྱང་གཞི་འདུ་བྱེད་ཀྱི་ཕུང་པོ་དང་རླུང་གི་ཁམས། བྱ་བ་སྒོ་ལྔའི་རྣམ་ཤེས། ཉོན་མོངས་པ་ཕྲག་དོག སྐྱེ་གནས་བཞིར་འཇུག་པའི་ཚུལ་གྱི་མངལ་སྐྱེས། སྒོང་སྐྱེས་དང་བསྟུན་ན་དྲི་ཟའི་རྣམ་ཤེས་དང་ཁུ་རྡུལ་འདྲེས་པ། དྲོད་གཤེར་སྐྱེས་ཀྱི་དྲོད་དང་དྲི་ཟའི་རྣམ་ཤེས་འདྲེས་པ། བརྫུས་སྐྱེས་ཀྱི་གསལ་ལ་སྟོང་པ་ཙམ་དང་བར་སྲིད་འདྲེས་པའི་ཆ་རྣམས་སོ། །སྦྱོང་བྱེད་ནི་དོན་འགྲུབ་ཀྱི་ངོ་བོ་ཉི་ཟླ་ཕྱག་མཚན་ས་བོན་དང་བཅས་པ་འདྲེས་པའི་ཐིག་ལེ་གོང་བུའི་རྣམ་པ་ཅན་དུ་བསྒོམ་པ་ནི་རྣམ་པ་ལམ་བྱེད། དེའི་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རོ་གཅིག་ཏུ་འདྲེས་པའི་ཡེ་ཤེས་སུ་མོས་པ་ནི་མོས་པ་ལམ་བྱེད། དེས་སེམས་ཅན་གྱི་བྱ་བ་ཐམས་ཅད་གྲུབ་པའི་ཡེ་ཤེས་ནི་འབྲས་བུ་ལམ་བྱེད་དོ། །མངོན་བྱང་ལྔ་པ་སྐུ་རུ་གྲུབ་པ་ནི། །སྐྱེ་གནས་བཞི་པོའི་སྐྱེ་མཆེད་ཡོངས་རྫོགས་ནས། །རགས་པའི་ཡུལ་ལ་དབང་པོ་སད་པ་ཡི། །


JLAZ003_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་རྣམ་པ་ཆ་དང་བཅས་པ་སྦྱོང༌། །ཁམས་དང་ཕུང་པོ་རྣམ་པར་ཤེས་པའི་ཚོགས། །གནས་སུ་དག་པ་གདན་གསུམ་ཚང་བའི་ལྷ། །མྱ་ངན་འདས་དང་བཞུགས་ཚུལ་མཐུན་པ་ནི། །རྒྱུ་ལས་འབྲས་བུའི་ཧེ་རུ་ཀ་ཉིད་དོ། །དེ་ལ་སྦྱང་གཞི་ནི་རྣམ་ཤེས་ཀྱི་ཕུང་པོ་དང་སའི་ཁམས། ཡིད་དང་བཅས་པའི་རྣམ་ཤེས་ཚོགས་བརྒྱད་ཀྱི་ཆོས་ཉིད་དུ་འཛིན་པའི་ཆ། ཉོན་མོངས་པ་ཞེ་སྡང༌། སྐྱེ་གནས་བཞིའི་ལུས་གྲུབ་པའི་གནས་སྐབས་རྣམས་སོ། །སྦྱོང་བྱེད་ནི་མི་བསྐྱོད་པའི་ངོ་བོ་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་དུ་བསྐྱེད་པ་ནི་སྐུའི་རྣམ་པ་ལམ་བྱེད་དེ། བཙས་ནས་དབང་པོ་ཡུལ་ལ་སད་པས་འཁོར་བའི་རྣམ་པ་ཆ་དང་བཅས་པ་སྦྱངས་ལ། དེའང་ལྷའི་རྣམ་པ་དེ་ལ་ཡན་ལག་དང་ཉིང་ལག་ལ་སོགས་པ་ཡོངས་སུ་རྫོགས་པ་ལྟར་ཡེ་ཤེས་དེ་ལ་ཡོན་ཏན་ཐམས་ཅད་རྫོགས་པར་མོས་པ་ནི་མོས་པ་ལམ་བྱེད། དེའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་རོ་གཅིག་པ་ནི་འབྲས་བུ་ལམ་བྱེད་དེ། དགྱེས་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཞེས་སོ། །གཉིས་པ་རང་འབྲས་སྔགས་ཀྱི་


JLAZ003_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་བསྐྱེད་ཚུལ་ནི། འཁོར་བའི་འདྲ་འབག་རྣམ་པ་བཞིའི་སྐྱེ་སྲིད་དང༌། ཕུང་པོ་དང༌། ཁམས་དང༌། རྣམ་པར་ཤེས་པ་དང༌། ཉོན་མོངས་པའི་ཆ་དང་བཅས་མངོན་བྱང་ལྔའི་སྦྱོང་བྱེད་ཀྱིས་སྦྱངས་པའི་མཐར་རྒྱུའི་རྡོ་རྗེ་འཛིན་པར་རྫོགས་པ་ནི་མངལ་སྐྱེས་ལ་མཚོན་ན་རང་གི་ཕ་མ་མཚོན་པའི་སྦྱང་གཞི་ཡིན་ལ། དེའི་ངང་ལས་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཐིག་ལེར་ཞུ་བ་ནི་བར་སྐབས་དང་མཚུངས་ལ། དེ་ལས་ཞུ་བ་གླུས་བསྐུལ་གྱི་སྒྲའི་རྐྱེན་གྱིས་ཕུང་ཁམས་སྐྱེ་མཆེད་གནས་སུ་དག་པ་གདན་གསུམ་ཚང་བའི་ལྷའི་ངོ་བོ་འབྲས་བུའི་རྡོ་རྗེ་འཛིན་པར་བཞེངས་པ་ནི་ཕ་མ་དེ་གཉིས་ཀྱི་བུར་གྱུར་པའི་ཆ་དང་རྣམ་འགྱུར་སྦྱོང་ཞིང༌། དེའང་མཚན་དཔེའི་བདག་ཉིད་ཅན་དུ་བཞེངས་ནས་གཞན་ལ་ཕན་པ་རྒྱ་ཆེན་པོ་འགྲུབ་པ་ནི་མྱ་ངན་ལས་འདས་པ་དང་བཞུགས་ཚུལ་མཐུན་པ་ཡིན་ནོ། །དེ་ལྟར་སྒོ་ང་དང་མངལ་སྐྱེས་སྦྱོང་བའི་བསྐྱེད་རིམ་གཉིས་ལས། ཉིད་ཟླའི་བར་དུ་ས་བོན་དང་མཚན་མའི་རྣམ་པ་ཞུ་བ་སྒོང་སྐྱེས་དང༌། མངོན་བྱང་ལྔས་བསྐྱེད་ཞུ་བ་འཁོར་གྱི་ལྷ་མོའི་གླུས་བསྐུལ་བའི་རྐྱེན་གྱིས་བཞེངས་པ་མངལ་སྐྱེས་སྦྱོང་ཚུལ་ཏེ་ངེས་བརྗོད་བླ་མ་ལས། མངལ་སྐྱེས་གླུ་ཡི་སྦྱོར་བ་ཡི། །བསྒོམ་པ་རྣམས་ནི་


JLAZ003_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བརྟག །སྒོང་སྐྱེས་གླུ་ནི་མེད་པ་སྟེ། །ཞེས་སོ། །གསུམ་པ་དེ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་ཚུལ་ནི། ལམ་དུས་ཀྱི་བསྐྱེད་རིམ་ཞུ་བདེ་དང་སྟོང་ཉིད་དུ་འབྲེལ་བ་ལས། ཁུ་རྡུལ་རླུང་གསུམ་སེམས་དང་བཅས་པའི་ཆ། །རྣམ་པར་དག་པས་རྫོགས་རིམ་སྨིན་བྱེད་འགྱུར། །དེའང་འགྲོ་བའི་ལུས་རྟེན་ཁྱད་པར་ཅན་ལ་རིགས་སམ་ཁམས་ཀྱི་སྦྱང་གཞི་ལྷུན་གྲུབ་ཏུ་ཡོད་པ་གང་ཞིག་ཐབས་ཀྱིས་ཟིན་པའི་ཚེ་གྲོལ་བར་འགྱུར་བ་ཡིན་ཏེ། འདི་ལྟར་ཁམས་དཀར་དམར་གྱི་རྟེན་གཉིས་ལ་བརྟེན་པའི་ཚུལ་དུ་འབྲེལ་བའི་རྣམ་པར་ཤེས་པའི་སེམས་ཀྱི་རང་བཞིན་རྒྱུ་དུས་ན་དབང་གིས་སྨིན་པར་བྱས་པ་གང་ཞིག རྟོག་བཅས་ཀྱི་ལམ་བསྐྱེད་རིམ་གྱི་དུས་སུ་མངོན་བྱང་ལྔ་ལ་བརྟེན་ནས་བསྒོམས་པས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན་ཏེ། ཅིའི་ཕྱིར་ན་དེའི་དུས་ནའང་གནད་དུ་བསྣུན་པའི་གཙོ་བོ་ནི་ཁམས་དཀར་དམར་གཉིས་དང་རྣམ་པར་ཤེས་པ་གསུམ་ཡིན་པའི་ཕྱིར་རོ། །བཞི་བ་བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ནི། མངོན་བྱང་སོ་སོའི་རང་བཞིན་རྒྱུ་འབྲས་འབྲེལ་བ་ཅན་ཡིན་པས་འཁོར་བ་དང་མཐུན་པའི་རྣམ་པ་ལམ་བྱེད་ཀྱིས་སྦྱང་བྱ་སྲིད་པའི་རང་བཞིན་སྦྱོང་ཞིང་དག་པར་བྱེད། རྒྱལ་བའི་བཞུགས་ཚུལ་དང་


JLAZ003_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་མོས་པ་ལམ་བྱེད་ཀྱིས་སོ་སོའི་ཡེ་ཤེས་སུ་རྫོགས་པར་བྱེད། གཉིས་ཀ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའི་འབྲས་བུ་ལམ་བྱེད་ཀྱིས་མཚན་དཔེའི་བདག་ཉིད་དུ་སྨིན་པར་བྱེད་པའོ། །གསུམ་པ་ནི་དེ་ལྟར་ཕ་མའི་འདུ་འཕྲོད་ལ་བརྟེན་པའི་སྐྱེ་གནས་རགས་པ་གཉིས་ཀྱི་སྦྱང་གཞི་སྦྱོང་བྱེད་སྤྲོས་པ་ཅན་མ་ཧཱ་ཡོ་ག་ལྟར་བཤད་ནས། ཕྲ་བ་ཁུ་རྡུལ་གྱི་རྒྱུ་ལམ་བརྟེན་པ་གཉིས་ནི་སྐྱེ་བ་འགྲུབ་པར་སླ་བས་བསྐྱེད་རིམ་ཀྱང་སྤྲོས་པ་ཆུང་བ་ཡིན་པའི་ཚུལ། དྲོད་གཤེར་སྐྱེས་ནི་གཉིས་པོ་འདུས་པ་ལས། །རྣམ་ཤེས་ཞུགས་པའི་མོད་ལ་གཟུགས་འགྲུབ་བཞིན། །ལྷ་ཡི་མཚན་དང་མངོན་རྟོགས་དྲན་ཙམ་ལ། །ཕྱག་རྒྱ་རྫོགས་པའི་བསྐྱེད་རིམ་ཚང་བར་བསྒོམ། །དེ་ཡང་བསྐྱེད་རིམ་སྤྲོས་པ་ཅན་གཉིས་ལ་གོམས་པ་ཆེར་ཐོབ་པ་རྣམས་ཀྱིས་ནི་དྲོད་གཤེར་སྐྱེས་སྦྱོང་བ་ཨ་ནུ་ཡོ་གའི་བསྐྱེད་རིམ་གྱི་གྲུབ་མཐའ་གཙོ་ཆེ་བར་བསྒོམ་སྟེ། བང་མཛོད་འཕྲུལ་གྱི་ལྡེ་མིག་ལས། ཨ་ནུ་ཡོ་གའི་ཐེག་པར་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་པས། །མ་སྐྱེས་རྫོགས་པའི་ལྷ་རུ་བསྒོམ། །ཞེས་པ་ལྟར་བརྟན་པ་ཆེར་ཐོབ་པས་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་རྩལ་སྣང་གི་འཕེན་པས་གནས་ལུས་ལ་སྲེད་པ་དང་ལེན་པའི་བག་


JLAZ003_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སྦྱང་བ་ཙམ་ལས། མངོན་བྱང་ལྔ་ལ་སོགས་པའི་རྣམ་པ་དང་ཚིག་སྤྲོས་ལ་མ་བརྟེན་པར་ལྷ་སོ་སོའི་སྙིང་པོ་བརྗོད་པ་ཙམ་གྱིས་ཤེས་རབ་གྱི་དབྱིངས་སྟོང་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་ཀུན་རྫོབ་བདེན་པའི་ཆ་ལྷའི་ཕྱག་རྒྱར་རྫོགས་པར་གསལ་བ་ནི་དྲོད་གཤེར་སྐྱེས་སྦྱོང་བའི་བསྐྱེད་རིམ་བདེ་སྟོང་དབྱེར་མེད་ཆེན་པོ་སྟེ། རང་ཤར་ལས། རིམ་གྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་གྱིས་ཞུགས་ནས་ནི། །ཞེས་པ་ལྟར་རོ། །བཞི་པ་ནི། བརྫུས་ཏེ་སྐྱེ་བ་སྐད་ཅིག་དྲན་རྫོགས་ཏེ། །མིང་དང་གཟུགས་ལ་མ་བརྟེན་ཝལ་གྱིས་གསལ། །འདི་ལྟར་ལྷ་དེའི་རྣམ་པའམ་སྙིང་པོ་ཙམ་དྲན་པའི་མོད་ལ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་ཆུ་ལས་ཉ་འཕར་བ་བཞིན་ཏེ། རང་ཤར་ལས། གཅིག་ཅར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །ཞེས་དང༌། སྡོམ་འབྱུང་ལས། སྐད་ཅིག་ཙམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པ་ནི། །ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་བ། །དེ་དབུས་སྐད་ཅིག་རྣམ་པ་ཡི། །དཀྱིལ་འཁོར་བདག་པོ་རྣལ་འབྱོར་པའོ། །ཞེས་པ་ལྟར་རོ། །དེ་ལ་ཁ་ཅིག་བསྐྱེད་ཚུལ་


JLAZ003_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་ལ་བསྐྱེད་རིམ་གྱི་ཡན་ལག་མ་ཚང་ཞེས་དགག་པ་ནི་མུན་སྤྲུལ་ཏེ། དེ་ལྟ་ན་བརྫུས་སྐྱེས་སྦྱོང་བའི་བསྐྱེད་རིམ་ལའང་མངལ་འབྱིན་གྱི་གནས་སྐབས་ལ་སོགས་པའི་ཡན་ལག་སྦྱར་དགོས་པའི་ཕྱིར་དང༌། གཞན་ཡང་སྦྱོང་ཚུལ་བཞི་མེད་ན་འཁོར་བའི་འདྲ་འབག་བཞི་ཀ་ཚང་བ་ལམ་དུ་བྱས་པར་ག་ལ་འགྱུར། གལ་ཏེ་མངོན་བྱང་སོ་སོའི་གནས་སྐབས་སུ་སྐྱེ་གནས་བཞི་གའི་བག་ཆགས་སྦྱོང་བས་སོ་ཟེར་ན། འོ་ན་སྐབས་དེའི་མངོན་བྱང་དང་པོ་ལ་མཚོན་ན། བརྫུས་སྐྱེས་ཀྱི་སྦྱང་གཞི་སྟོང་པའི་ཆ་ཙམ་ལས་མེད་པས་དེར་སྦྱར་བར་འོས་པའི་ཡན་ལག་དེ་ཅི་ཞིག་ཡིན། དེ་ནི་དགྱེས་རྡོར་ལ་སོགས་པའི་རྒྱུད་གཞན་ལས་མ་བཤད་དོ་ཞེ་ན། རང་ཉིད་མོས་ཤིང་ཞེན་པའི་བག་ཆགས་དང་འབྲེལ་བ་མཐའ་དག་རྒྱུད་ཡིན་ལ། དེ་ལས་གཞན་པ་ནི་བརྫུས་མའོ་ཟེར་བ་འདི་གངས་རིའི་ཁྲོད་པ་རྣམས་ལ་གྲགས་པས་བདེན་མོད་ཀྱི་སྐད་ཅིག་དྲན་རྫོགས་ཀྱི་བསྐྱེད་རིམ་རྒྱལ་བའི་བཀའ་ལས་གཞན་དུ་གྱུར་པའོ་སྙམ་ན། མངོན་བརྗོད་བླ་མའི་རྒྱུད་ལས། གཅིག་ཅར་འཇུག་པའི་སྦྱོར་བ་ཡི། །བདག་གི་ལུས་ནི་རྣམ་པར་བསམ། །ཞེས་དང༌། གསང་བ་མཆོག་ནི་བླ་ན་མེད། །སྐད་ཅིག་གིས་ནི་བདག་བསྒོམ་


JLAZ003_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཧེ་རུ་ཀ་དཔལ་གཟུགས་སུ་བྱ། །ཞེས་དང༌། སྡོམ་འབྱུང་ལས། དབང་པོ་རྣོན་པོས་སྐད་ཅིག་གིས། །རྣམ་པས་སེམས་ཙམ་དཀྱིལ་འཁོར་བསམ། །ཞེས་དང་རྡོ་རྗེ་དྲིལ་བུ་པས། །སེམས་ཅན་བརྫུས་ཏེ་སྐྱེ་བ་བཞིན། །ས་བོན་མེད་པར་རྣམ་པར་བསྒོམ། །ཞེས་སོ། །དེའང་སྒྱུ་མ་ལ་མ་བྱང་བ་རྣམས་ཀྱིས་ནི་སྒྱུ་མའི་དམིགས་གཏད་ལ་ཆེ་ཐང་དུ་བྱ་དགོས་ལ། སྒྱུ་མ་མཁན་ཆེས་བྱང་པ་རྣམས་ཀྱིས་ནི་སྒྱུ་མའི་སྤྲུལ་པ་བདེ་བླག་ཏུ་འགྲུབ་པ་དང་འདྲ་བས། སློབ་པའི་གནས་སྐབས་ན་གོམས་པ་བརྟན་པ་དང་མི་བརྟན་པའི་ཁྱད་པར་ལ་དཔགས་ནས་བསྒོམ་པ་ནི་འདིར་ཡང་འདོད་པ་ཡིན་པའི་ཚུལ། བསྒོམ་ཚུལ་བཞི་པོའང་དང་པོའི་ལས་ཅན་ལ། །སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམ་གཙོ་བོར་བསྒོམ། །རིམ་བཞིན་གོམས་པ་བརྟན་དང་བརྟན་པ་ཆེ། །ཤིན་ཏུ་བརྟན་པའི་མཐུ་དང་མཐུན་པར་སློབ། །ཅེས་འདོམས་པ་སྟེ་གང་ཟག་གཅིག་ལའང་བྱིས་པ་དང༌། དར་བབས་དང༌། རྒན་པོའི་གནས་སྐབས་གསུམ་ཡོད་པ་བཞིན་རགས་པའི་དཀྱིལ་འཁོར་ཡུད་ཙམ་གྱིས་མངོན་དུ་བྱེད་མི་ནུས་ཚུན་དང་པོ་གཉིས་དང༌། ཕྲ་བ་དེའི་སྤྱན་གྱི་དཀར་ནག་ཚུན་ཆོད་ལ་གསལ་སྣང་ཐོབ་པའི་བར་དྲོད་གཤེར་སྐྱེས་དང༌། དཀྱིལ་འཁོར་གྱི་


previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next