Nitartha Digital Library
Tibetan
 
previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


JLAZ003_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཡུད་ཙམ་ལ་རྫོགས་པའི་ཚེ་རྫུས་སྐྱེས་ལྟར་བསྒོམ་པ་སྟེ། སྡོམ་འབྱུང་ལས། བསྐྱེད་པའི་རིམ་པས་དཀྱིལ་འཁོར་བསྒོམ། །རྟུལ་འབྲིང་དག་གིས་བསམ་པར་བྱ། །རྣལ་འབྱོར་སྐད་ཅིག་རྣམ་པ་ཡི། །སེམས་ཙམ་ཉིད་ཀྱི་དཀྱིལ་འཁོར་ཏེ། །སྐད་ཅིག་རྣམ་པའི་རྣམ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །ཞེས་སོ། །དེའང་རང་གི་སྡེ་པས་བརྫུས་སྐྱེས་སྦྱོང་བ་ཤིན་ཏུ་རྣམ་འབྱོར་གྱི་བསྐྱེད་རིམ་དུ་འདོད་པའང་ལུང་གི་དོན་ལ་གོ་བ་མ་ལྷོངས་པ་སྟེ། །ཤིན་ཏུ་རྣམ་འབྱོར་ནི་འཕགས་ལམ་གྱི་རྫོགས་རིམ་མོས་སྤྱོད་ལས་འཕགས་པ་ཡིན་པས་དེ་ལ་བསྐྱེད་རིམ་གྱི་གྲུབ་པའི་མཐའ་འགལ་བའི་ཕྱིར་རོ། །འོ་ན་རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལས། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་དྲངས་གཤེགས་གསོལ་འདིར་མི་དགོས། །ཞེས་པས་བསྐྱེད་རིམ་སྤྲོས་པ་མེད་པ་མ་བསྟན་ནམ་ཞེ་ན། དེས་རང་གཞུང་གི་གྲུབ་མཐའ་བསྐྱེད་རིམ་དུ་སྟོན་པ་མིན་པར་སློབ་མ་དག་


JLAZ003_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་དགོས་པ་རེས་འགའ་བའི་སླད་དུ་ཡིན་ཏེ། གང་ལ་གང་འདུལ་གྱི་བསྐྱེད་རིམ་ཙམ་པོ་བ་འགའ་ཞིག་སངས་རྒྱས་ཀྱི་ས་ནའང་བསྒོམ་པ་ཡོད་པ་བཞིན་ནོ། །གལ་ཏེ་ལུང་དུ་གྲུབ་ཚད་དེའི་གྲུབ་མཐའ་ཡིན་ན་ཉན་ཐོས་ཐེག་པ་ནས་རིམ་གྱིས་འཇུག་ཚུལ་བསྟན་པའང་དེར་འགྱུར་དགོས་པས་གཅིག་ཅར་བ་འཕགས་ལམ་གྱི་རྫོགས་རིམ་དུ་མི་འགྱུར་རོ། །དེ་སྐད་དུ་རང་གཞུང་ལས། སངས་རྒྱས་སེམས་ཡིན་སྨོས་ཅི་དགོས། །སེམས་ཅན་ཀུན་ཀྱང་རང་གི་སེམས། །སྟོན་པས་བསྟན་པའང་རང་གི་སེམས། །དེ་ཕྱིར་ངོ་བོ་ཉིད་མཉམ་པས། །འཕགས་ལམ་ངེས་དོན་འདི་ལས་མེད། །ཅེས་བསྟན་པ་ཡིན་ནོ། །དེ་ལྟ་བུའི་བསྐྱེད་རིམ་ཀྱང་སྣང་བའི་ཆ་ཐབས་སུ་བྱས་པའི་ཆ་ཙམ་ལས་དོན་ལ་བསྐྱེད་རྫོགས་ཡ་མ་བྲལ་བར་ཉམས་སུ་ལེན་པའི་ཚུལ། ཀུན་ཀྱང་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །སྤྲོས་པ་ཀུན་དང་བྲལ་བའི་ཤེས་རབ་གདངས། །ཀུན་སྣང་སྙིང་རྗེའི་འཕེན་པས་བསྐྱེད་རིམ་དུ། །ཤར་བ་ཐབས་ཀྱི་ལམ་མཆོག་མ་ནོར་ཞིང༌། །སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པ། །


JLAZ003_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་སྣང་སྟོང་ཐབས་ཤེས་འབྲེལ་བའི་ལམ། །དེ་ལ་སྔགས་བླ་མེད་ཀྱི་བསྐྱེད་རིམ་བསྒོམ་པ་རྣམས་ཀྱང་ཐོག་མར་སྒོང་སྐྱེས་དང་མངལ་སྐྱེས་སྦྱོང་བ་ནས་རིམ་པར་སློབ་པའི་ལམ་ལ་འཇུག་དགོས་ན། གཉིས་ཀའི་སྔཽན་དུ་འགྲོ་བ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཡིན་ལ། དེའི་རང་བཞིན་ནི་ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་རྟོགས་པ་ལས་ཤེས་དགོས་པས་ཐོག་མར་གཞི་རང་བཞིན་ལྷུན་གྲུབ་ཀྱི་ལྟ་བ་གཏན་ལ་ཕེབས་པ་གཅེས་ཏེ། དེ་དབང་དུས་སུ་བྱིན་རླབས་འཕོ་བའི་སྟོབས་ཀྱིས་སམ། གསུམ་པའི་དཔེའི་ཡེ་ཤེས་ལ་བརྟེན་ནས་རྒྱུད་ལ་སྐྱེས་ན་ཆོ་ག་ལས་ཐོབ་པ་ཡིན་པས་སྨོས་ཅི་དགོས། གཞན་དུ་ན་མདོ་ལམ་དུ་ཐོས་བསམ་ལ་བརྟེན་ནས་སམ། གལ་ཏེ་སྔགས་ལམ་འབའ་ཞིག་ལ་བརྟེན་པ་ཡིན་ན་རྒྱུད་བཤད་པ་དང་མན་ངག་བསྟན་པ་ལས་རིག་པར་བྱ་དགོས་ཏེ། དེ་ལ་དག་པ་གཞིའི་གནས་ལུགས་ནི་གསང་བའི་སྙིང་པོ་ལས། སྟོང་པ་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་བསྒྱུར། །ངོ་མཚར་སྐུ་གསུམ་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་པ་ལྟར་གདོད་མའི་སེམས་ཉིད་དེ་ནི་སྟོང་པ་


JLAZ003_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུའི་སྙིང་པོ་ཅན་ཡིན་པས་ནམ་མཁའ་ལྟར་གོ་ཕྱེད་པ། གསལ་བ་ལོངས་སྐུའི་རང་བཞིན་ཅན་ཡིན་པས་ཉི་ཟླ་ལྟར་རང་འོད་གསལ་བ། འཆར་ཚུལ་སྤྲུལ་སྐུའི་བདག་ཉིད་ཅན་ཡིན་པས་ཡིད་བཞིན་གྱི་ནོར་བུ་ལྟར་འདོད་དགུ་ལྷུན་གྱིས་གྲུབ་པས་བདེ་བར་གཤེགས་པའི་སྙིང་པོ་ཅན་ནམ། རྒྱལ་བའི་སྐུ་གསུམ་གྱི་འཆར་གཞིར་ཡེ་ནས་རང་ཆས་སུ་ཡོད་པ་ཉིད་དོ། །དེའི་ངང་ལས་སེམས་ཅན་རྣམས་འཁྲུལ་ཚུལ་ཡང༌། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། རང་རང་རྣམ་རྟོག་ལས་ཀྱིས་འཁྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང༌། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །ཞེས་དང༌། རྔམ་གློག་ལས། ཨེ་མའོ་ཡེ་ནས་རྣམ་དག་ཆོས། །སྣ་ཚོགས་སྣང་ཡང་རྟོག་པར་གསང༌། །ངོ་བོ་ཉིད་ནི་བརྗོད་དུ་མེད། །སྣོད་མ་ཡིན་ལ་བསྟན་པར་དཀའོ། །ཞེས་ངོ་བོའི་བཞུགས་ཚུལ་ལ་འཁྲུལ་པ་མེད་བཞིན་གློ་བུར་པའི་བདག་རྟོག་གིས་སྲིད་པའི་ཉེས་དམིགས་བརྒྱ་ཕྲག་གི་དབུས་སུ་ཁྲིད་ནས་གནས་རིགས་སོ་སོར་ལོག་རྟོག་གིས་ཀུན་ནས་བརྟགས་ཀྱང་རང་གི་རང་བཞིན་ལ་ཉམས་པ་རྡུལ་ཙམ་མེད་ཅེས་བསྟན་པ་སྟེ། སྔ་མའི་འཕྲོར། སྲིད་གསུམ་ཡེ་ནས་དག་པའི་རང་བཞིན་


JLAZ003_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བདག་ཏུ་རྟོག་པ་སྲིད་རྩའི་ཉེས་དམིགས་ཀྱིས། །ཡུན་རིང་དུས་ནས་འཁྱམས་པའི་འགྲོ་བ་རྣམས། །མི་མཐུན་བདེ་སྡུག་གནས་རྣམས་སོ་སོར་བཟུང༌། །ལོག་རྟོག་གོམས་པའི་དབང་གིས་ཀུན་བརྟགས་ཀྱང༌། །རང་བཞིན་ཉིད་ལས་ཉམས་པ་རྡུལ་ཙམ་མེད། །ཅེས་སོ། །དེ་ལྟར་གཞི་དངོས་པོ་གཤིས་ཀྱི་བཞུགས་ཚུལ་ལ་རང་བྱན་ཚུད་པས་ལྟ་བ་གཏན་ལ་ཕེབས་པ་ལ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱ་སྟེ། ངོ་བོའི་ཆ་ནས་ཤེས་རབ་ཡིན་ཀྱང་མོས་པས་དཔྱོད་པའི་ལམ་ལ་བསམ་གཏན་ལྟར་སྣང་བས་ཏིང་ངེ་འཛིན་གྱི་སྒྲ་ཞུགས་པའོ། །དེ་སྐད་དུ་ཀུན་བྱེད་ལས། དེ་ནི་མ་ནོར་བ་ཡི་རང་བཞིན་ལ། །བཞིན་ནི་བཅོས་པ་མེད་པའི་བདག་ཉིད་ཅན། །ཉིད་ནི་ངོ་བོ་ཉིད་ལ་བཏགས་པ་ཡིན། །ཞེས་སོ། །གནས་ལུགས་དེ་སྒྲ་ཇི་བཞིན་པར་རྟོགས་ན་འཕགས་པའི་བདེན་མཐོང་ཡིན་པས་ས་དང་པོ་ནས་ཡོད་པའི་ལྷག་བསམ་རྣམ་དག་གི་སེམས་རང་ཤུགས་ལ་སྐྱེ་བས་བསྐྱེད་རིམ་ལ་ཆེ་ཐང་དུ་མི་དགོས་ཏེ། རྡོ་རྗེ་མཁའ་འགྲོའི་ལྔ་བཅུ་པ་ལས། རྣལ་མའི་སྦྱོར་བ་རྟོགས་གྱུར་པས། །བཅོས་མ་དག་ནི་མི་བྱའོ། །དཔེར་ན་གཟིངས་ལ་འཇུས་ནས་ནི། །ཆུ་ཡི་ཕ་རོལ་འགྲོ་བར་བྱེད། །


JLAZ003_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཕྱིན་ནས་འདོར་བ་ལྟར། །བཅོས་མ་དག་ཀྱང་དེ་བཞིན་ནོ། །ཞེས་སོ། །དེ་ལྟ་ནའང་དང་པོའི་ལས་ཅན་ལ་རྫོགས་རིམ་འགྲུབ་པའི་རྒྱུ་ཡིན་པས་བསྐྱེད་རིམ་བསྔགས་པའི་རྒྱུ་མཚན་ནི། བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བསྒོམ་ན། །སྤྲོས་པ་ཉིད་ཀྱིས་སྤྲོས་མེད་བྱེད། །ཅེས་སོ། །དེ་ཡང་བསྐྱེད་གཞི་དེ་བཞིན་ཉིད་ཀྱི་ཤེས་རབ་དེ་སོ་སོ་སྐྱེ་བོའི་ས་ལ་རྗེས་དཔག་ཙམ་ཡིན་པས་ཆོས་ཐམས་ཅད་བསམ་དུ་མེད་པའི་དེ་ཁོ་ན་ཉིད་ཀྱི་གཟུགས་བརྙན་ཙམ་དུ་སྣང་བའི་ཏིང་ངེ་འཛིན་ལྟར་གྱུར་པའི་དེ་བཞིན་ཉིད་དེའི་གདངས་སྙིང་རྗེ་ཆེན་པོར་ལངས་པ་མོས་པས་དཔྱོད་པའི་སེམས་བསྐྱེད་ལ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དུ་བཏགས་ནས་དེའི་འཕེན་པས་བསྐྱེད་རིམ་གྱི་རྒྱུ་ཚོགས་བསྒྲུབ་པ་ནི་ཐབས་ཀྱི་ལམ་མ་ནོར་བ་ཡིན་ནོ། །གྲུབ་མཐའ་འདི་འཆའ་ཤེས་པ་བྱུང་ན་ཁོ་བོའི་མན་ངག་ལས་ཡིན་པའང་རིག་པར་བྱའོ། །དེའི་ཕྱིར་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་གསལ་སྣང་ལྷའི་མཚན་དཔེར་ཤར་ཀྱང༌། སྣང་བའི་དུས་ཉིད་ནས་རང་བཞིན་གྱིས་མ་གྲུབ་པའི་སྣང་སྟོང་གི་རང་བཞིན་མེ་ཏོག་དང་དྲི་ངད་ལྟར་ཐབས་དང་ཤེས་རབ་ཏུ་འབྲེལ་


JLAZ003_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བསྐྱེད་རྫོགས་ཟུང་འཇུག་གི་དོན་མ་འཁྲུལ་པ་ཡིན་ཏེ། བརྟག་གཉིས་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ནི་རིམ་པ་ཉིད། །རིམ་གཉིས་མཉམ་པར་བཞག་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་པ་ལྟར་རོ། །དེའང་འདི་ལྟར་རྟེན་གཟུགས་སྐུ་རྣམ་པ་གཉིས་འཐོབ་པའི་རྒྱུ་ནི་བསྐྱེད་རིམ་གྱིས་བྱེད་ལ། བརྟེན་པ་ཐུགས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་འཐོབ་པ་ནི་དེ་ལ་རྫོགས་རིམ་གྱི་ལྟ་བས་རྒྱས་ཐེབས་པས་བྱེད་པའི་ཚུལ་སྔ་མ་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །ཨེ་མ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ལུས་ཀྱི་དངོས་མེད་ག་ལ་བདེ། །བདེ་བ་སྨྲ་བ་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་སོ། །དེ་ལས་འགལ་བའི་དམིགས་བཅས་བསྐྱེད་རིམ་ནི། །མུ་སྟེགས་བྱེད་དང་གདོན་གྱི་རིགས་ལའང་ཡོད། །སྤྱིར་མུ་སྟེགས་བྱེད་དགེ་བ་དང་ལྡན་པ་དཔག་ཏུ་མེད་པ་ཡོད་ཀྱང་དེའི་རྒྱུད་སྡོམ་པས་བསྡམ་པ་མ་ཡིན་པས་བར་མ་དགེ་བ་


JLAZ003_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལས་མེད་པ་ལྟར། རིག་འཛིན་གྱི་སྡོམ་པ་དང་མི་ལྡན་པའི་བསྐྱེད་རིམ་ལ་སོགས་གསང་སྔགས་ཀྱི་ཐབས་ལམ་གྱིས་ཀྱང་འཚང་རྒྱ་བར་མི་ནུས་ལ། ཁྱད་པར་བསྐྱེད་རིམ་སོ་སོའི་སྦྱང་གཞི་སྦྱོང་བྱེད་ཀྱི་རྟེན་ཅིང་འབྲེལ་འབྱུང་མི་ཤེས་ཤིང་རྣམ་པ་ཐམས་ཅད་དུ་ཤེས་རབ་དང་བྲལ་བའི་ལམ་སྣང་ཕྱོགས་ཀྱི་ཁ་དོག་དང་དབྱིབས་ཀྱི་རྣམ་པ་ཙམ་ལ་རྟག་པར་བལྟ་བའི་བསྐྱེད་རིམ་ནི་མུ་སྟེགས་བྱེད་དང་ཡི་དྭགས་མཐུ་བོ་ཆེ་རྣམས་ལའང་ཡོད་དེ། མུ་སྟེགས་བྱེད་ཀྱི་གསང་སྔགས་ཀྱི་གྲུབ་འབྲས་དང༌། བདེ་འགྲོའི་ལུས་རྟེན་ལ་བསྐྱེད་རིམ་རང་རྒྱུད་དུ་སྤྱད་པའི་གོམས་པ་མངོན་དུ་བརྟས་པའི་གདོན་གྱི་རྣམ་འགྱུར་ལས་ཀྱང་ཤེས་སོ། །ཚུལ་བཞིན་དུ་གྲུབ་པའི་འབྲས་བུ་ནི། སྔགས་སུ་བྱང་ཆུབ་སེམས་དཔའི་མཐོང་ལམ་ལ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས། །ཤིན་ཏུ་གྲགས་པ་མངོན་དུ་བྱེད་པའི་ཐབས། །སྣང་ཆ་ལྷ་སྐུར་གསལ་བ་བསོད་ནམས་ཚོགས། །དེ་ལ་རང་བཞིན་མ་གྲུབ་ཡེ་ཤེས་ཏེ། །ཚོགས་གཉིས་ཉེ་རྒྱུར་བསྟེན་པའི་དབང་རྣོན་ནི། །ལམ་ལྔར་འབྲེལ་བ་རིག་འཛིན་རྣམ་པ་བཞིའི། །ཐེམ་སྐས་ཉིད་ལས་ངེས་པ་ལྔ་ལྡན་སོགས། །སྐུ་ལྔའི་ཞིང་དུ་མིག་འཕྲུལ་ལྟ་བུར་འགྲོ། །དེའང་ཐེག་ཆེན་


JLAZ003_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གང་ཟག་རིགས་གཉིས་ལས་ཐབས་སམ་ལམ་ཡང་རྣམ་པ་གཉིས་སུ་བསྟན་ཏེ། གང་ཟག་འདོད་ཡོན་ལ་གདུང་བ་དང་མི་ལྡན་པ་རྣམས་ལ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་གསུངས་ལ། འདོད་ཡོན་སྤང་མི་ནུས་པ་རྣམས་ལ་ནི་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱི་ཐེག་པ་གསུངས་པ་ལྟར་མཐོང་ལམ་མ་སྐྱེས་ཀྱི་བར་དུ་ལམ་དེ་གཉིས་སོ་སོའི་རིགས་ཀྱི་ནུས་པ་གསོས་བཏབ་ནས་སྦྱངས་པ་ལས། ནམ་ཞིག་སྐྱེས་པ་ན་ངོ་བོ་ལ་གཉིས་སུ་མེད་པས་བྱང་ཆུབ་སེམས་དཔའི་ས་ལས་ནི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་གྲགས་ལ། སྔགས་སུ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་གྲགས་པ་བརྟན་པ་གང་ཞིག མཚན་ཉིད་ཐེག་པ་ལྟར་ཐབས་ཕྱོགས་རེ་བ་ཙམ་ལས་མེད་ཅིང་སྤང་གཉེན་གཉིས་གཉིས་བྱེད་པའི་དཀའ་ཐུབ་ཀྱིས་དུས་ཡུན་རིང་པོར་མི་གདུང་བར། འདིར་སྔགས་ཀྱི་ཐེག་པ་ཐབས་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་ལྷག་པའི་ལྷའི་བསྐྱེད་རིམ་གྱི་ལམ་དུ་ཕོ་བྲང་རྣམ་སྣང༌། རྗེས་ཆགས་རྡོ་རྗེ་འཆང༌། དབང་བསྐུར་མི་བསྐྱོད་པ། མཆོད་པ་དོན་གྲུབ། བསྟོད་པ་རིན་འབྱུང༌། བདུད་རྩི་མྱོང་བ་འོད་དཔག་མེད་དེ་ཡན་ལག་དྲུག་རྫོགས་སུ་ཉམས་སུ་བླངས་པས་ཐ་དད་པའི་ཡེ་ཤེས་


JLAZ003_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། བྱང་ཆུབ་ཀྱི་སེམས་དང་དྲུག་གིས་བསོད་ནམས་ཀྱི་ཚོགས་རྫོགས་ནས་ཚེ་གཅིག་ལ་སོགས་པར་སའི་ཡོན་ཏན་རྫོགས་པར་བྱེད་པའི་ཚུལ། རྡོ་རྗེ་གུར་ལས། སངས་རྒྱས་གནས་བཞི་རྫོགས་བྱས་ནས། །ཀུན་ཏུ་བཟང་པོའི་བདེ་བ་དངོས། །རྣམ་པ་ལྔ་བོ་བསྒོམས་བྱས་ཏེ། །རང་ལྷག་ལྷ་ཡི་སྒྲུབ་ཐབས་བྱ། །དེ་བཞིན་དཀྱིལ་འཁོར་རྣམ་བཀོད་ལ། །མཆོད་བསྟོད་བདུད་རྩི་མྱང་སོགས་པ། །རིམ་པ་འདི་ཡིས་བསྒོམས་བྱས་ན། །ཡན་ལག་དྲུག་གི་སྦྱོར་བར་འདོད། །ཅེས་སོ། །དེ་ལྟ་བུའི་བསྐྱེད་རིམ་རྒྱས་པ་གཉིས་ལ་ཐུན་མོང་དུ་གྱུར་པ་ཕྱག་རྒྱ་བཞིས་བཅིང་པ་དང༌། དབང་བསྐུར་བ་དང༌། རྒྱས་གདབ་པའི་ཚུལ་གསུམ་ལས། དང་པོ་ནི། ཡེ་ཤེས་པ་སྤྱན་དྲངས་པའི་དེ་མ་ཐག་གི་བྱ་བ་དེ། རང་རང་གི་ཕྱག་རྒྱ་དང་བཅས་པའི་བཛྲ་ཨངྐུ་ཤས་དམ་ཚིག་སེམས་དཔའི་སྤྱི་བོར་ཡེ་ཤེས་སེམས་དཔའ་དགུག བཛྲ་པཱ་ཤ་ཧཱུྃ་གིས་དམ་ཚིག་སེམས་དཔའ་ལ་ཡེ་ཤེས་པ་གཞུག སྥོ་ཊ་བྃ་གྱིས་དབྱེར་མེད་དུ་བཅིང༌། ཨཱ་བེ་ཤས་དགྱེས་པ་བསྐྱེད་པའོ། །དེ་ལྟར་བདག་དམ་ཚིག་པར་བསྐྱེད་པ་ལ་ཡེ་ཤེས་པ་དགུག་གཞུག་གིས་གཅིག་ཏུ་འདྲེས་པ་ལ་སྦྱོར་བའི་ཏིང་ངེ་འཛིན་ནམ་སྙོམས་འཇུག་གི་ཐ་སྙད་ཀྱང་ཐོབ་ལ། འཁོར་གྱི་ལྷ་རྣམས་


JLAZ003_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བསྐྱེད་པ་ལ་དཀྱིལ་འཁོར་རྒྱལ་མཆོག་དང༌། མཆོད་བསྟོད་ཕྲིན་ལས་ལ་སོགས་པ་ལས་རྒྱལ་མཆོག་སྟེ་ཏིང་འཛིན་གསུམ་དུ་བཤད་ནས་ངོ་བོ་ཉིད་སྐུ་དང༌། ལོངས་སྐུ་དང༌། སྤྲུལ་སྐུ་འགྲུབ་པའི་རྟེན་འབྲེལ་ལམ་བྱེད་དུ་བསྟན་པ་ནི་སམྦུ་ཊིར། དང་པོ་སྦྱོར་བའི་ཏིང་འཛིན་མཆོག །རྣལ་འབྱོར་པས་ནི་སྙོམས་འཇུག་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལས་རྒྱལ་པོ། །ཞེས་སོ། །གཉིས་པ་ནི། བེམ་པོའི་ཁམས་དང་སྐྱེ་མཆེད་ཟད་པར་བྱ་བའི་ཕྱིར་གདན་གསུམ་ཚང་བའི་དབང་ལྷ་སྤྱན་དྲངས་ནས་ཆོ་གའི་སྙིང་པོ་བསྡུས་པས་དབང་བཞི་ག་བསྐུར་བའང་ཡོད་དེ་ལཱུ་ཡི་པའི་མངོན་རྟོགས་ཀྱི་འགྲེལ་པ་བཞིན་ནོ། །འོན་ཀྱང་ཕལ་ཆེར་ལ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གནས་པའི་ཆུ་རྒྱུན་གྱིས་དབང་བསྐུར་བས་བག་ཆགས་ཀྱི་དྲི་མ་ཐམས་ཅད་བཀྲུས། སྨིན་མཚམས་དང༌། མགྲིན་པ་དང༌། སྙིང་ག་དང༌། རྐང་མཐིལ་ཡན་ཆད་གང་བ་ལས་དབང་བཞི་ཐོབ། ཆུ་ལྷག་མ་གྱེན་དུ་འཁྱིལ་བ་ལས་རིགས་བདག་གི་རྒྱས་གདབ་པའོ། །དེའི་དགོས་པ་ནི་ཀུན་རྫོབ་ཏུ་བསྐྱེད་གཞིའི་ཕུང་པོ་ཁམས་དང་སྐྱེ་མཆེད་སྦྱང་ལ་དོན་དམ་པར་གློ་བུར་བའི་སེམས་ཀྱི་བག་ཆགས་སྦྱང་བའི་


JLAZ003_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། དུས་འཁོར་འགྲེལ་ཆེན་ལས། འདིར་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་མ་གཏོགས་པ་སེམས་ཙམ་གྱིས་ཤེས་རབ་ཡེ་ཤེས་རང་རིག་པར་མི་འགྱུར་བ་རྨོངས་པ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་གློ་བུར་བའི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སོ། །འདིར་ཕུང་པོ་ཁམས་དང་སྐྱེ་མཆེད་ཅེས་བྱ་བ་ནི་གློ་བུར་བའི་སེམས་ཀྱི་བག་ཆགས་སོ། །ཞེས་སོ། །གསུམ་པ་ནི། དགྱེས་རྡོར་ལས། ཕྱག་རྒྱ་རྟགས་དང་མཚན་མ་སྟེ། །འདིས་ནི་རིགས་ནི་མཚོན་པར་བྱ། །ཞེས་རིགས་བདག་གིས་རྒྱས་འདེབས་པ་འདི་ནི་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་གསུམ་གྱི་མཚོན་དོན་ཏེ། དེ་ལ་སྤྱིར་མི་བསྐྱོད་པས་རྣམ་སྣང་ལ་སོགས་བཞི་ལ་རྒྱས་འདེབས་པའི་དོན་ནི། མི་བསྐྱོད་པ་སེམས་ཀྱི་ངོ་བོ་ཉིད་ཡིན་ལ། གཟུགས་ལ་སོགས་པ་མིང་བཞིའི་ཕུང་པོ་སེམས་ཙམ་གྱི་ལས་སུ་ཟད་པས་དེ་དག་ཀྱང་སེམས་སུ་ཤེས་པར་བྱ་བའི་དོན་དུ་རྒྱས་གདབ་པ་ནི་རང་བཞིན་ལ་རང་བཞིན་གྱི་རྒྱ་ཞེས་ཀྱང་བྱའོ། །དབྱེ་ན་གཙོ་བོ་ཡབ་ཡུམ་རང་སེམས་སུ་ཤེས་པ་ལ་ཡིད་ཀྱི་ངོ་བོ་མི་བསྐྱོད་པས་རྒྱས་འདེབས་པ་ནི་ངོ་བོ་ལ་ངོ་བོ་ཉིད་ཀྱི་རྒྱ། ལུས་ཀྱི་ངོ་བོ་རྣམ་པར་སྣང་མཛད་ལ་སེམས་རྣམ་པར་དག་པའི་ངོ་བོ་མི་


JLAZ003_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པས་རྒྱས་འདེབས་པ་ནི་ལུས་ལ་སེམས་ཀྱི་རྒྱ། ཡིད་རྣམ་པར་དག་པའི་ངོ་བོ་མི་བསྐྱོད་པ་ལ་ལུས་རྣམ་པར་དག་པ་རྣམ་སྣང་གིས་རྒྱས་འདེབས་པ་ནི་སེམས་ལ་ལུས་ཀྱི་རྒྱ། རྒྱུ་འདོད་ཆགས་རྣམ་པར་དག་པའི་ངོ་བོ་འོད་དཔག་མེད་ལ་འབྲས་བུ་སེར་སྣ་རྣམ་པར་དག་པའི་ངོ་བོ་རིན་འབྱུང་གིས་རྒྱས་འདེབས་པ་ནི་རྒྱུ་ལ་འབྲས་བུའི་རྒྱ། འབྲས་བུ་ཕྲག་དོག་རྣམ་པར་དག་པའི་ངོ་བོ་དོན་ཡོད་གྲུབ་པ་ལ་རྒྱུ་འདོད་ཆགས་རྣམ་པར་དག་པའི་ངོ་བོ་འོད་དཔག་མེད་ཀྱིས་རྒྱས་འདེབས་པ་ནི་འབྲས་བུ་ལ་རྒྱུའི་རྒྱའོ། །སྤྱིར་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ལྷར་བསྒོམ་པ་ནི་ཀུན་བརྟགས་ལ་གཞན་དབང་གི་རྒྱ། ལྷ་རྣམས་ཀྱི་སྤྱི་བོར་སོ་སོའི་རིགས་བདག་གིས་རྒྱས་གདབ་པ་ནི་གཞན་དབང་ལ་གཞན་དབང་གི་རྒྱ། རིགས་བདག་དེ་རྣམས་ཀྱི་སྤྱི་བོར་རང་རང་གི་རིགས་ཀྱི་ཕྱག་མཚན་གྱིས་རྒྱས་གདབ་པ་ནི་གཞན་དབང་ལ་ཡོངས་གྲུབ་ཀྱི་རྒྱ་སྟེ། དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་ཀྱི་ལྷ་ལ་རྒྱས་འདེབས་ལུགས་ཀྱང་མིག་ལ་རྣམ་སྣང༌། རྣ་བ་ལ་མི་བསྐྱོད་པ། སྣ་ལ་རིན་འབྱུང༌། ལྕེ་ལ་འོད་དཔག་མེད། ལུས་དབང་ལ་དོན་གྲུབ། ཡིད་ལ་མི་བསྐྱོད་པ། སྒྲ་ལ་རིན་འབྱུང༌། དྲི་ལ་འོད་དཔག་མེད། རོ་ལ་དོན་གྲུབ། རེག་བྱ་དང་ཆོས་ལ་


JLAZ003_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་པ། ཁམས་ལ་མཚོན་ན་ས་ལ་རྣམ་སྣང༌། ཆུ་དང་ནམ་མཁའ་ལ་མི་བསྐྱོད་པ། མེ་ལ་སྣང་མཐའ། རླུང་ལ་དོན་གྲུབ་སྟེ་སོ་སོའི་ཡོན་ཏན་ཀྱི་ཆ་དང་བྱེད་ལས་དང་མཐུན་པའི་དག་པ་སྦྱར་རོ། །འདི་ནི་ཤིན་ཏུ་གལ་ཆེ་བ་ཡིན་ཏེ་རིགས་འཆོལ་བ་ལས་དངོས་གྲུབ་ཉམས་པའི་ཚུལ་སྔ་མ་ལས། རིགས་འཆོལ་བསྒོམ་པའི་སྦྱོར་བ་ལས། །དངོས་གྲུབ་མེད་ཅིང་སྒྲུབ་པོའང་མེད། །ཅེས་སོ། །སྤྱིར་ལམ་ཐམས་ཅད་ཐབས་ཤེས་སུ་འབྲེལ་དགོས་པས་བསྐྱེད་རིམ་གྱི་དུས་ཐབས་སྣང་བའི་ཆ་ནས་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་ཀྱི་རྣམ་པ་ལམ་བྱེད་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་རྫོགས། ཤེས་རབ་སྟོང་པའི་ཆ་ནས་དེའི་རང་བཞིན་རང་རྒྱུད་པར་བལྟ་བའི་ངོ་བོ་ཉིད་དུ་གྲུབ་པ་མེད་པར་རྟོགས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་སྟེ། ཧེ་རུ་ཀ་ཡི་ཞལ་ལུང་ལས། སྣང་ཆ་ལྷ་སྐུར་གསལ་བ་ཡི། །བསོད་ནམས་ཚོགས་ཀྱང་འདི་ཡིས་རྫོགས། །དེ་ལ་དངོས་ཞེན་རྣམ་དག་པས། །ཡེ་ཤེས་ཚོགས་ནི་རྫོགས་པ་ཡིན། །ཞེས་སོ། །དེ་ཡང་དབང་པོ་རྣོན་པོས་བསྐྱེད་རིམ་བརྟན་པའི་ཉེ་རྒྱུ་ལས་རྒྱ་ལ་བརྟེན་ཏེ་ཕུང་ཁམས་ལྷར་བསྐྱེད་པ་ནས་རྫོགས་རིམ་གྱི་རྟོགས་པ་མཐར་ཕྱིན་པའི་བར་གྱི་ལམ་ལྔའི་རིམ་པ་ཇི་ལྟར་བགྲོད་ཚུལ་གྱི་དབང་དུ་བྱས་


JLAZ003_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ན་རིག་པ་འཛིན་པའི་སྡེ་སྣོད་ལས། ཕུང་པོ་ཁམས་རྣམས་ལྷ་རུ་བསྒོམ། །འཛབ་དང་འཕྲོ་འདུ་ཚོགས་ཀྱི་ལམ། །དེ་ཉིད་འདྲིས་བྱེད་སྦྱོར་བའི་ལམ། །ཀུན་ཏུ་བཟང་པོ་ཧེ་རུ་ཀཿ །སེམས་སུ་སྨིན་པ་མཐོང་བའི་ལམ། །ཤིན་ཏུ་བརྟན་པ་བསྒོམ་པའི་ལམ། །དབྱིངས་ཡེ་གཉིས་མེད་མཐར་ཕྱིན་ལམ། །ཞེས་པ་ལྟར་དེ་ཡང་བསྐྱེད་རིམ་བཟླས་བརྗོད་ཏིང་ངེ་འཛིན་གསུམ་དུ་འབྲེལ་བ་ལས་དངོས་གྲུབ་འཐོབ་ཅིང༌། དེའི་རྩ་བ་ཡང་འགྲོ་བའི་ཡིད་སེམས་རྟོག་བཅས་དབང་ཤེས་ལས་སུ་རུང་ཞིང་གནས་འགྱུར་བ་ལས་འབྱུང་བའི་ཕྱིར་ན། ཐོག་མར་ཆོས་ཐམས་ཅད་ཡི་གེའི་སྒོ་ལ་གནས་པ་ནས་རིམ་པར་སློབ་པའི་ཚུལ། གསང་སྙིང་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་དང༌། འཇམ་དཔལ་སྒྱུ་འཕྲུལ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཉིད། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་དང༌། རྒྱལ་བའི་ཡུམ་ལས། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་པ་ལྟར། རང་བཞིན་ལྷུན་གྲུབ་ཀྱི་ཡི་གེ་འོད་གསལ་བའི་སེམས་ཉིད་དང༌། ལུས་གནས་རྩའི་ཡི་གེ་དབྱངས་གསལ་ལྷའི་ས་བོན་དང༌། སྒྲ་དོན་རྟགས་ཀྱི་ཡི་གེ་སྒྲ་སྤྱི་དང་དོན་སྤྱིའི་


JLAZ003_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བརྟགས་པ་དང༌། དེ་དག་བྲིས་པ་གཟུགས་བརྙན་དུ་གནས་པ་ལཉྩ་དང་ན་ག་ར་ལ་སོགས་པ་རྒྱ་གར་ཤར་ནུབ་ཀྱི་ཡི་གེ་དང༌། བོད་ཀྱི་ཡི་གེས་མཚོན་པའི་ལྷའི་ཐུགས་སྲོག་དང༌། སྔགས་ཕྲེང་ལ་སོགས་པ་ལ་ཐོག་མར་དམིགས་པ་བརྟན་དུ་བཅུག་ནས་དེ་ལ་གོམས་པ་དང་ཕྱག་མཚན། དེ་བརྟན་ནས་སྐུ་རྐྱང་པ། དེ་ནས་རྒྱན་དང་ཕྱག་མཚན། དེ་ནས་ཡུམ་དང༌། དེ་ནས་འཁོར་གྱི་ལྷ་ཚོགས་གཞལ་ཡས་ཁང་དང་བཅས་པ་དེ་ནས་འོད་ཟེར་སྤྲོ་བསྡུ་ལ་ཞུགས་པ་ནི་དཀྱིལ་འཁོར་དང་པོའི་ཏིང་ངེ་འཛིན་ཏེ། ཚོགས་ལམ་གསུམ་རྫོགས་ནས་སྤྱན་དང་མངོན་ཤེས་ཕྲ་མོ་འགྲུབ། སངས་རྒྱས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། སངས་རྒྱས་སྤྲུལ་པའི་སྐུའི་ཞལ་མཐོང༌། དེ་ནས་ཚད་མེད་བཞིའི་སྒོ་སྟེང་དང་དབུས་ཀྱི་ཕྱུར་བུ་རབ་ཏུ་མཐོ་བ་ལྔར་དཀྱིལ་འཁོར་སྤྲོ་བ་ལས། དབུ་མའི་གཙང་ཁང་དུ་གཟུགས་ཀྱི་རྒྱལ་པོ་ལ་སོགས་པའི་དཀྱིལ་འཁོར་རྫོགས་པ་གཅིག་བསྒོམས་ཤིང༌། དེ་ཡང་ཞི་ཁྲོ་སྤེལ་མར་བསྒོམ་པ་ལ་བརྟན་པ་ཐོབ་པས་སྦྱོར་ལམ་དྲོད་འཐོབ། དེ་བཞིན་དུ་ཤར་སྒོའི་རྟ་བབས་ཀྱི་ཁང་པར་མི་བསྐྱོད་པ་བསྒོམས་པས་རྩེ་མོ། ནུབ་སྒོའི་ཁང་པར་སྣང་མཐའ་བསྒོམས་པས་བཟོད་པ། དེ་བཞིན་དུ་ལྷོའི་རིན་འབྱུང་གིས་ཆོས་མཆོག བྱང་གི་དོན་གྲུབ་


JLAZ003_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཐོང་ལམ་ཐོབ་ནས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང༌། དུས་སྐད་ཅིག་མ་ལ་སངས་རྒྱས་བརྒྱའི་ཞལ་བལྟ་བ་ལ་སོགས་པའོ། །དེ་ལྟ་བུའི་དཀྱིལ་འཁོར་སྟོང་ཕྲག་བཅུ་གཉིས་ཀྱི་བསྒོམ་པ་རྫོགས་པས་ས་གཉིས་པ། བྱེ་བ་ཕྲག་བཅུ་གཉིས་ཀྱིས་གསུམ་པ། བྱེ་བ་ཁྲག་ཁྲིག་ཕྲག་བརྒྱས་བཞི་པ། བྱེ་བ་ཁྲག་ཁྲིག་སྟོང་གིས་ལྔ་པ། བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་གིས་དྲུག་པ། ཁྲག་ཁྲིག་ཕྲག་བརྗོད་དུ་མེད་པའི་བསྒོམ་པས་བདུན་པ། རབ་བཀྲམ་གྱིས་བརྒྱད་པ། གཞལ་དུ་མེད་པས་དགུ་པ། གྲངས་མེད་ཀྱི་བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་བསྒོམ་པ་རྫོགས་པས་ས་བཅུ་པ། དེའི་མཐར་རྡོ་རྗེ་འཆང་ཀུན་ཏུ་བཟང་པོ་ཧེ་རུ་ཀའི་དབང་ཕྱུག་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་པས་ས་བཅུ་གཅིག་པ་བགྲོད་པའི་སྐད་ཅིག་མ་ལ་སྔགས་ལམ་གྱི་ས་ཁྱད་པར་ཅན་རྣམས་ཀྱང་མངའ་དབང་ཆུབ་པས་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །ཡང་ལམ་ལྔར་རིག་འཛིན་བཞི་དང་འབྲེལ་བར་བགྲོད་པའི་དབང་དུ་བྱས་ན་ཀུན་མཁྱེན་ཆེན་པོའི་བཞེད་པ་ནི་བསྐྱེད་རིམ་ལ་བརྟན་པ་ཐོབ་པས་སེམས་ཉིད་ལྷར་སྨིན་ཡང་འབྱུང་བའི་སྙིགས་མ་ཉེ་རྒྱུའི་སྤྱོད་པས་སྦྱོང་བར་མ་ནུས་པ་རྣམས་ནི་ཚོགས་


JLAZ003_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་གྱི་ལམ་ལ་གནས་པ་རྣམ་པར་སྨིན་པའི་རིག་འཛིན་ཞེས་བྱ་སྟེ། དེས་སྦྱོར་ལམ་ཆོས་མཆོག་མ་ཐོབ་པར་རྣམ་སྨིན་གྱི་ལུས་རྟེན་ཞིག་ན། སྲིད་པ་ཕྱི་མ་ལ་ཉིང་མཚམས་སྦྱོར་མི་དགོས་པར་བར་དོར་ཕྱག་རྒྱ་ཆེན་པོ་ཐོབ་སྟེ། སེམས་ལྷ་སྐུ་སྒྱུ་མའི་སྟོང་གཟུགས་ཙམ་དུ་སྨིན་ཟིན་པས་རྣམ་སྨིན་གྱི་ལུས་དོར་མ་ཐག་བྱང་ཆུབ་སེམས་དཔའི་མཐོང་ལམ་ཐོབ་པར་འགྱུར་རོ། །རྟེན་དེས་ཆོས་མཆོག་ཐོབ་ན་ནི། ཚེ་ལ་དབང་བསྒྱུར་བའི་རིག་འཛིན་གྱི་དམ་པ་འགྲུབ་པ་ཞེས་བྱ་སྟེ་ལུས་རྟེན་དེ་ཉིད་ཀྱང་དྭངས་མའི་ལུས་རྡོ་རྗེ་ལྟ་བུར་འགྱུར་ཞིང་སེམས་ཀྱང་མཐོང་ལམ་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་རྟེན་གྱི་བཅུ་དྲུག་མཐུད་པའི་ལོ་གྲངས་སམ། ཡུན་དེ་སྲིད་ན་ལྷུན་གྲུབ་རིག་འཛིན་མངོན་དུ་བྱས་ནས་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་ཡིན་ཏེ། ལམ་རིམ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱོད་བསྒྲུབ་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལ་མྱ་ངན་འདའ། །ལུས་མ་བོར་བ་རྒྱལ་བའི་ས། །ཞེས་སོ། །སྔགས་ཀྱི་གཞུང་ཁ་ཅིག་ལས་ཚེ་གཅིག་ལུས་གཅིག་ལ་མཁའ་སྤྱོད་བགྲོད་ནས་མྱ་ངན་ལས་འདའ་བ་དང༌། ཡང་ན་སྐྱེ་བ་བདུན་དང༌།


JLAZ003_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འགོར་ཡང་བཅུ་དྲུག་ན་འཚང་རྒྱ་བར་འདོད་པ་དང་མཚུངས་པར། འདིར་ཚེ་དབང་གི་ལུས་རྟེན་སངས་རྒྱས་གཉིས་པ་པདྨའི་ཞབས་ལྟར་སྐྱེ་ཤིའི་མིང་ཡང་མེད་པར་བྱས་པའམ། རིམ་ཞུགས་ཀྱི་དངོས་གྲུབ་འཐོབ་པ་ཡིན་ཡང་ཚེ་ལོ་བརྒྱ་པ་བཅུ་དྲུག་གི་འདུ་བྱེད་ཟད་རེས་སླར་ལ་མཐུད་དེ་བསྲིངས་པའི་ལོ་ཆིག་སྟོང་དང་དྲུག་བརྒྱའི་བར་ཚེ་གཅིག་ཏུ་བྱས་ནས་མཐར་ཕྱིན་ལྷུན་གྲུབ་ཀྱི་རིག་འཛིན་འཐོབ་པའི་ཚུལ། རྒྱས་པ་ལས། ཚེ་ནི་བཅུ་དང་དྲུག་པ་ཡི། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་ས། །ཟག་གསུམ་ཟག་པ་དེ་ལ་མེད། །ཅེས་སོ། །འདི་ལ་ཚེ་བཅུ་དྲུག་པ་གྲོང་འཇུག་ཏུ་འདོད་པ་ནི་ལུས་མ་བོར་བ་སངས་རྒྱས་པ་ཞེས་པས་སྲིད་པ་ཐ་མ་པར་བསྟན་པ་དང་འགལ་བ་ཡིན་ནོ། །དེ་ཡང་རྡོ་རྗེ་རྩེ་མོ་ལས། སྐྱེ་བ་བཅུ་དྲུག་མཐར་ཐུག་གི ། ཞི་བའི་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་དང༌། བྱེད་ལས་ཀྱི་ཆ་ནས་དོན་མཐུན་ཏེ། དེ་སྲིད་དུ་ཚེ་བསྲིངས་པ་དང༌། སྐྱེ་བ་བརྒྱུད་པའི་ཁྱད་པར་ཙམ་མོ། །འདི་ལ་ཟུར་ལུགས་པ་རྣམས་ནི་ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་རྣམ་སྨིན་གྱི་ལུས་རྟེན་སྦྱོང་བར་མ་ནུས་པ་རྣམ་སྨིན་རིག་འཛིན་དང༌། སྦྱོང་བར་ནུས་ནས་དངས་མའི་སྐུར་གྱུར་


JLAZ003_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚེ་དབང་དུ་འདོད་པའི་ཤེས་བྱེད་དུ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་པ་འདྲེན་ཏོ། །དེ་གཉིས་ཀྱི་བཞེད་པ་ནི་དབང་པོ་རྣོ་རྟུལ་དང་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་མ་བརྟེན་གྱི་ཆ་ནས་གཞལ་བ་སྟེ། སྔ་མ་ནི་ལམ་རིམ་གྱིས་བཤད་མ་ཐག་པ་ལྟར་དབང་པོ་རྟུལ་པོ་ཉེ་རྒྱུའི་སྤྱོད་པ་དང་མ་འབྲེལ་བ་ནི་རྩ་རླུང་ཐིག་ལེའི་ཟག་པ་དང་བཅས་པའི་སྒྲིབ་བྱེད་ཕྲ་མོས་ས་དང་པོའི་བར་ཆད་མེད་ལམ་ལ་བསྒྲིབས་པས་མཐོང་ལམ་གྱི་གེགས་བྱས་པར་བསྟན་ལ། དབང་པོ་རྣོན་པོ་རྣམས་ནི་ལམ་ཆུང་གིས་བཤད་པ་ལྟར་ཉེ་རྒྱུའི་སྤྱོད་པའི་མཐུ་ལས་ལུས་རྟེན་གྱི་ཆ་ནས་མཐོང་ལམ་ལ་སྒྲིབ་པ་མེད་པ་མདོ་སྔགས་སྤྱིའི་བཤད་སྒྲོས་དང་མཐུན་པར་བསྟན་པ་ཡིན་པས་ཕྱོགས་འགལ་བར་མི་བཟུང་ངོ༌། །དཔེར་ན་བསྐྱེད་རིམ་བརྟན་པས་སྤྱོད་པའི་ཉེ་རྒྱུ་ལས་རྒྱ་བསྟེན་པ་གང་ཞིག་འདོད་པའི་ལྷ་དང་རྗེས་སུ་མཐུན་པའི་ལུས་ཕྲ་ཡང་གི་ཡོན་ཏན་བརྒྱད་ལྡན་ཐོབ་པ་འདོད་པའི་རིག་འཛིན་དང༌། ཡེ་རྒྱ་ལ་བརྟེན་པའི་དབང་པོ་རྟུལ་པོས་མིའི་ལུས་རྟེན་རགས་པ་དང༌། རྣོན་པོས་སྔ་མ་དང་མཚུངས་པར་བསྒྲུབ་པ་བཞིན་ནོ། །གཉིས་ཀའང་འདོད་པའི་རིག་འཛིན་གྱི་རྟེན་ལས་སྙིགས་མའི་


JLAZ003_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཟད་ནས་དངས་མ་འཇའ་ཚོན་གྱི་རྣམ་པའི་གཟུགས་ཀྱི་རིག་འཛིན་དུ་གནས་སྒྱུར་བར་བྱེད་ཅིང༌། དེའང་འདོད་པའི་རིག་འཛིན་ནི་མིའི་གནས་སུ་འོང་ཡང་བལྟར་མངོན་ལ། གཟུགས་ཀྱི་རིག་འཛིན་ནི་གནས་རིགས་ཐ་དད་པས་མིའི་གནས་སུ་དངོས་བསྟན་འོང་བ་མེད་ཀྱང་སྤྲུལ་པས་གཞན་དོན་བྱེད་ཅིང༌། རང་ཉིད་ཀྱང་རྟེན་དེས་རྫོགས་རིམ་ལ་ཞུགས་ནས་མཆོག་གི་དངོས་གྲུབ་བླ་ན་མེད་པ་སྒྲུབ་པར་བྱེད་དོ། །བཞེད་པ་འདི་གཉིས་ཀྱི་འགལ་བ་མཐུན་པར་བསྡུ་ཤེས་པ་ཕྱིན་ཆད་བྱུང་ནའང་མན་ངག་གི་བསྟན་བཅོས་འདིའི་མཐུར་ཤེས་པར་བྱའོ། །མདོར་བསྡུ་ན་བསྐྱེད་རིམ་བརྟེན་པ་ལས་ཚོགས་ལམ་བགྲོད་ཅིང༌། དྲོད་ཆེན་པོ་ཐོབ་པ་ལ་རིམ་གཉིས་ཟུང་འཇུག་ཏུ་འབྲེལ་བ་གཅེས་པ་ཡིན་ཏེ་འདུས་པའི་ལུགས་ལའང་ཐབས་ལ་མཁས་པ་དོན་གྲུབ་ཀྱི་སྦྱོར་བ་ཞེས་པས་བསྐྱེད་རིམ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་སྒྱུ་མ་དང༌། གཟུགས་བརྙན་མཉམ་པ་ཉིད་དང༌། རྐྱེན་ཀྱི་རྗེས་སུ་བརྩམས་པ་ཉིད་དང་ཞེས་པས་ཤེས་རབ་དང༌། ཕྱི་ཡུལ་རྣམ་པར་དབེན་པ་ཞེས་པས་ལུས་དབེན་དང༌། ནང་གི་ཡུལ་རྣམ་པར་དབེན་པ་ཞེས་པས་ངག་དབེན་དང༌། དེ་དག་གི་ཏིང་འཛིན་ལུས་


JLAZ003_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དང་ངག་རྣམ་པར་དབེན་པ་དེ་དག་གི་ཡུལ་ཅན་དང༌། སེམས་ཕྱི་རོལ་དུ་བལྟ་བའི་བྱིན་རླབས་ཀྱིས་སེམས་དབེན་དང༌། སའི་རིམ་པ་ཞེས་པས་བསྐྱེད་རིམ་ས་བདུན་དང༌། དབེན་གསུམ་ས་བརྒྱད་པ་དང༌། དགུ་པ་དང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ལྷ་སྐུ་སྒྱུ་མར་རང་བྱིན་རླབས་ཀྱི་ཏིང་ངེ་འཛིན་དང༌། བདག་གི་སེམས་སྣང་བ་གསུམ་པོ་མེད་པ་རྣམ་པར་དག་པས་འོད་གསལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང༌། དེའི་རྗེས་སུ་ཐོབ་པ་སྐྱེ་བ་ཞེས་པས་སློབ་པའི་འོད་གསལ་དང༌། ཟུང་འཇུག་དང༌། བྱ་བ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཉིད་ཀྱི་སྐུའི་རྗེས་སུ་སོང་བ་དེ་བཞིན་གཤེགས་པ་ཉིད་ཀྱི་སྤྲུལ་པ་དང་ལྡན་པ་ཞེས་སོགས་ཀྱིས་མི་སློབ་པའི་རྗེས་སུ་མཐུན་པའི་ཟུང་འཇུག་ལོངས་སྤྲུལ་གཉིས་ཀྱི་སྐུའི་ཟུང་འཇུག་དང༌། རིམ་གྱིས་གནས་པ་འཕོ་བ་ཞེས་པས་ཟུང་འཇུག་རྣམས་ཀྱི་དོན་བསྡུས་པ་དང༌། དེ་བཞིན་གཤེགས་པའི་སྐུ་ཞེས་པས་མི་སློབ་པའི་ཟུང་འཇུག་བསྟན་པའི་ཕྱིར་རོ། །རང་ལམ་གྱི་སྐབས་འདིར་མཐོང་ལམ་གྱི་འོད་གསལ་དེ་ལས་ལངས་པའི་སློབ་པའི་ཟུང་འཇུག་གཉིས་པ་དྲི་མ་མེད་པ་ལ་སོགས་པའི་ལྷག་མ་དགུ་ནི་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ་ཅན་ཕྱག་རྒྱ་ཆེན་


JLAZ003_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རིག་འཛིན་གྱི་སྒྲས་བསྡུས་པའི་བསྒོམ་ལམ་དུ་རིགས་ཀྱི་འཁོར་ལོས་བསྒྱུར་བ་དང་མཚུངས་པར་བགྲོད་པའི་ཚུལ་ལམ་རིམ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བསྒོམས་པས་མངོན་དུ་གྱུར་པའི་ལྷ། །ཐུན་མོང་མཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །རྡོ་རྗེ་འཁོར་ལོ་རིན་ཆེན་དང༌། །པདྨ་རལ་གྲིའི་རིག་འཛིན་འགྱུར། །ཞེས་སོ། །འདི་ལ་སྒྱུ་འཕྲུལ་པའི་བཤད་སྒྲོས་སུ་ས་གཉིས་པ་དྲི་མ་མེད་པ་ནས་ལྔ་པ་སྦྱང་དཀའི་བར་ལ་རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུས་རང་སའི་སྒྲིབ་པ་བཅོམ་པའི་ཕྱིར་རྡོ་རྗེའི་རིག་འཛིན་ཞེས་བྱའོ། །ས་དྲུག་པ་མངོན་དུ་གྱུར་པར་ཤེར་ཕྱིན་གཙོ་བོར་སྤྱོད་ཅིང་ཆོས་འཁོར་བསྐོར་ལ། བདུན་པར་ཡང་ཐབས་ལ་མཁས་པ་འཁོར་ལོ་ལྟར་གྱུར་པས་དེ་གཉིས་ལ་འཁོར་ལོའི་རིག་འཛིན་ཞེས་བྱའོ། །བརྒྱད་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བས་རིན་པོ་ཆེའི་རིག་འཛིན་དང༌། དགུ་པར་ཆགས་པ་མེད་པའི་ཚུལ་གྱིས་ཞིང་སྦྱོང་ཞིང་གཞན་དོན་མཛད་པས་པདྨའི་རིག་འཛིན་དང༌། བཅུ་པར་ཕྲིན་ལས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པས་རལ་གྲིའི་རིག་འཛིན་ཏེ་བསྒོམས་པའི་ལམ་གྱི་ས་བཅུ་པོ་ཕྱག་རྒྱའི་


JLAZ003_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་དུ་བསྡུས་ནས། རྒྱུན་མཐའི་ཡེ་ཤེས་ལས་རྣམ་གྲོལ་དང༌། ཁྱད་པར་གྱི་ལམ་ནི་མཐར་ལམ་ལྷུན་གྲུབ་རིག་འཛིན་ཏེ། སངས་རྒྱས་ཀྱི་ས་ཡན་ལག་བདུན་དང་ལྡན་པའི་ཡེ་ཤེས་ཀྱི་གཞིར་གྱུར་པའོ། །ཞེས་འདོད་དོ། །དེའང་མཉམ་སྦྱོར་གྱི་ལུགས་ལྟར་ན་བསྙེན་སྒྲུབ་ཡན་ལག་བཞིའི་རིམ་པས་རིག་འཛིན་གྱི་ས་རྣམས་བགྲོད་ནས་སོ་སོའི་རིགས་ཀྱི་འཁོར་ལོས་བསྒྱུར་བའི་གཙོ་བོ་འགྲུབ་པའི་ཚུལ་རྩ་རྒྱུད་ལས། བསྙེན་སྒྲུབ་བཞི་ཡི་རིམ་པ་ཡིས། །འདོད་པའི་དོན་ལ་རབ་སྦྱོར་ཞིང༌། །དེ་དག་དང་ནི་དགེ་སྤྱད་ན། །འདོད་པ་དང་ནི་འགྲོ་འོང་ལྡིང༌། །རིགས་ཀྱི་འཁོར་ལོ་བསྒྱུར་བ་ཡི། །གཙོ་བོ་གང་ཡང་རུང་བ་འགྲུབ། །ཚེ་འདིར་རིག་འཛིན་ཐོབ་བྱེད་ཅིང༌། །དེས་ནི་བདེ་བ་ཆེན་པོ་འགྲུབ། །ཅེས་སོ། །དེ་ལ་གྲུབ་འབྲས་ཀྱི་ངོ་བོ་ངེས་པ་ལྔ་དང་ལྡན་པའི་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ནི། གནས་ངེས་པ་ལྷུན་སྟུག་པོ་བཀོད་པར། སྟོན་པ་ངེས་པ་རིགས་ལྔའི་སངས་རྒྱས། འཁོར་ངེས་པ་ས་བཅུའི་སེམས་དཔའ། ཆོས་ངེས་པ་ཐེག་པ་ཆེན་པོ་འབའ་ཞིག་སྟོན་པ། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རང་བཞིན་དུ་བཞུགས་པ་སྟེ།


JLAZ003_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ངག་གི་དབང་ཕྱུག་གིས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་བདུན་བཤད་དོན་དང་ལྡན་པ་བསྒྲུབ་བྱ་འདིར། །བདག་འདོད་ཚད་མས་ཡོངས་བསྒོམས་བློ་ཆེན་རྣམས་ཀྱིས་བསྔགས། །ཞེས་སོ། །གཞན་ཡང་སྐུ་ལྔ་ལ་སོགས་པའི་འབྲས་བུའི་རང་བཞིན་ནི་ལེའུ་བཅུ་གསུམ་པར་འཆད་པར་འགྱུར་རོ། །དེ་ལྟར་རིམ་པ་དང་པོ་བསྐྱེད་རིམ་གྱི་སྒོ་ནས་སྐྱེ་བ་ཀུན་རྫོབ་ཀྱི་བདེན་པ་ལམ་དུ་བྱེད་པས་རྒྱུད་སྦྱངས་ནས། དེ་ནི་དེ་ཉིད་སྨིན་བྱེད་དུ་གྱུར་པའི་ངོ་བོ་རིམ་པ་གཉིས་པ་ལ་བརྟེན་ནས་འཆི་བ་དོན་དམ་བདེན་པ་ལམ་དུ་བྱེད་པ་རྫོགས་པའི་རིམ་པ་སྟོན་པའི་ཕྱིར། གཉིས་པ་རྫོགས་པའི་རིམ་པ་ཉིད་ལ་ཡང༌། །ཕ་རྒྱུད་རྣམས་ལས་འབྱུང་བ་ལྔ་ཡི་རླུང༌། །རྣམ་པར་དག་པའི་གསལ་སྟོང་ཡེ་ཤེས་བསྐྱེད། །མ་རྒྱུད་རྣམས་ལས་ཁམས་ལ་ཞུ་བདེ་ཡིས། །ཡེ་ཤེས་བསྐྱེད་ཕྱིར་རང་ལུས་ཐབས་ལྡན་དང༌། །གཞན་ལུས་ལ་བརྟེན་དགའ་བཞིའི་ཡེ་ཤེས་བསྐྱེད། །གཉིས་མེད་རྒྱུད་ལས་གཅིག་དང་དུ་བྲལ་གྱི། །ཐིག་ལེ་ཆེན་པོའི་འོད་གསལ་གཙོར་བྱེད་ལས། །དེ་ཡང་སྤྱིར་རྫོགས་རིམ་གྱི་ངོ་བོ་ནི་རྣམ་


JLAZ003_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གི་རང་བཞིན་ཤེས་ནས་དེ་ཉིད་མི་རྟོག་པའི་ལམ་དུ་དམིགས་པ་དང་བཅས་པའི་ཐབས་ལ་བརྟེན་པའམ། དམིགས་པ་མེད་པའི་ཤེས་རབ་ཀྱིས་འགོག་པ་སྟེ་རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། །ཞེས་སོ། །དེའང་དབྱེ་ན་ཐབས་ཕའི་རྒྱུད་གསང་བ་འདུས་པ་དང༌། གཤིན་རྗེའི་གཤེད་ལ་སོགས་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ལས་ནི་འབྱུང་བ་ལྔའི་རླུང་ལ་གནད་དུ་བསྣུན་ནས་ཟབ་གསལ་ལམ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གཙོ་བོར་དམིགས་ནས་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པར་བྱེད་དོ། །དེ་ལའང་འདུས་པའི་དབང་དུ་བྱས་ན་འཕགས་ལུགས་དང་ཡེ་ཤེས་ཞབས་གཉིས་ཀྱི་ལུགས་སྲོལ་ཐ་དད་པ་ལས། དང་པོའི་ལུགས་ལ་བདེན་པ་གཉིས་ཀྱི་རྫོགས་རིམ་དང༌། དབེན་པ་གསུམ་གྱི་རྫོགས་རིམ་གཉིས་སུ་འདོད་པའི་སྔ་མ་ནི་འདུས་པ་ཕྱི་མ་ལས། རྣལ་འབྱོར་ཡན་ལག་དྲུག་གིས་ནི། །བསྙེན་པར་བྱས་ནས་བསྒྲུབ་པ་མཆོག །བསྒྲུབ་པར་བྱ་སྟེ་གཞན་དུ་ན། །དངོས་གྲུབ་མཆོག་ནི་འཐོབ་མི་འགྱུར། །ཞེས་པ་ལྟར་སྔོན་དུ་རང་བྱིན་གྱིས་བརླབ་པ་སྒྱུ་མའི་ལུས་ཀུན་རྫོབ་ཀྱི་བདེན་པ་ཐོབ་དགོས་པའི་ཚུལ་རིམ་ལྔ་ལས། བདག་བྱིན་བརླབས་པའི་ཏིང་


JLAZ003_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང༌། །དེ་བཞིན་འོད་གསལ་བ་ཡི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །བདེན་པ་གཉིས་སུ་བསྟན་པ་ཡིན། །ཞེས་སོ། །གཉིས་པ་ནི་རིམ་ལྔ་ལས། སེམས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། །ཞེས་པ་ལྟར་འགྲོ་བའི་ཁམས་ཐམས་ཅད་ནི་རླུང་གི་གཞན་དབང་དུ་གྱུར་པ་ཡིན་པས་དེ་དབང་དུ་འདུས་པའི་ཐབས་རྡོ་རྗེའི་བཟླས་པའམ་ངག་དབེན་དང༌། སེམས་ལ་དམིགས་པའམ་སེམས་དབེན་དང༌། བདག་བྱིན་གྱིས་བརླབས་པ་སྒྱུ་ལུས་སམ་ཀུན་རྫོབ་བདེན་པ་སྟེ་དབེན་པ་གསུམ་དེའི་སྟེང་དུ་ཡང་དག་པའི་མཐའ་འོད་གསལ་མི་མངོན་པར་བྱང་ཆུབ་པ་དང༌། གཉིས་སུ་མེད་པའི་ཡེ་ཤེས་སམ་ཟུང་འཇུག་སྟེ་རིམ་པ་ལྔའི་ལམ་གྱིས་བསྡུས་པའི་ཡོན་ཏན་གྱི་ཚོགས་མ་ལུས་པ་བསྐྱེད་པར་འགྱུར་བས་ན་རྫོགས་རིམ་ཞེས་བྱའོ། །དེ་སྐད་དུ་ཧེ་རུ་ཀ་གལ་པོ་ལས་ཀྱང༌། རྡོ་རྗེའི་བཟླས་དང་སེམས་ལ་དམིགས། །བདག་བྱིན་བརླབ་དང་འོད་གསལ་དང༌། །ཟུང་དུ་འཇུག་པ་འདི་ལྔ་ལ། །ཞེས་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་སྟོང་པ་བཞི་དང༌། དགའ་བཞིའི་ཡེ་ཤེས་


JLAZ003_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནས་སད་རྨིའི་བསྲེ་བ་གསུམ་གསུམ་དང༌། བདག་བྱིན་རློབས་པའི་རིམ་པ་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་ལྷ་སྐུ་དག་པའི་སྒྱུ་ལུས་སུ་བསྒྲུབ་པ་དང༌། ལས་རྒྱ་ལ་བརྟེན་ནས་དེ་ཉིད་འོད་གསལ་དུ་དག་པས་རང་རྒྱུད་ལྡན་གྱི་གང་ཟག་འཕགས་པར་སོང༌། བར་ཆད་མེད་ལམ་མངོན་དུ་གྱུར་ནས་ཟུང་འཇུག་གི་སྐུར་ལྡང་བའི་ཚུལ་ཇི་ལྟ་བ་རྡོ་རྗེའི་ཚིག་གིས་ཆིངས་སུ་བཅིངས་པ་ཡིན་ནོ། །གཉིས་པ་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཞེད་པ་སྟེ། སྒྱུ་མ་ལྟ་བུའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་གསལ་བའི་བདག་ཉིད་ཅན་དང༌། དེ་ཁོ་ན་ཉིད་ལ་ཞུགས་པའི་ཐུགས་ཟབ་ཅིང་གཏིང་དཔག་དཀའ་བ་གཉིས་དབྱེར་མེད་དུ་སྦྱོར་བ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྫོགས་རིམ་སྟེ་གྲོལ་བའི་ཐིག་ལེ་ལས། དེས་ན་ཟབ་གསལ་བྱང་ཆུབ་ནི། །གཉིས་མེད་རྟོགས་པས་དེ་གྲོལ་ལོ། །ཟབ་མོ་ཁོ་ན་རྟོགས་པས་མིན། །གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་བཞིན་ཐལ་བྱུང་ཟབ་མོ་ཡིས། །གྲོལ་འདོད་དེ་ལ་ང་མ་དད། །དེ་བས་གཉིས་མེད་རང་བཞིན་དུ། །རྟོགས་པས་ཚེ་འདིར་འབྲས་ཐོབ་ངེས། །རྣམ་པར་རྟོག་པ་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །


JLAZ003_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་སྟེ་གཞུང་འདི་ནི་རྫོགས་པ་ཆེན་པོ་དང་ཆོས་སྐད་ཤིན་ཏུ་མཐུན་པར་ཡོད་ཅིང་གྲུབ་མཐའ་འཛིན་པའང་ཡིན་ནོ། །ཡང་ཤེས་རབ་མའི་རྒྱུད་ཡང་ཕུར་དང༌། ཀུན་འདུས་རིག་པ་དང༌། འཁོར་ལོ་སྡོམ་པ་དང༌། དགྱེས་རྡོར་ལ་སོགས་རྗེས་སུ་རྣལ་འབྱོར་རྣམས་ལས་ནི་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྣལ་འབྱོར་གཙོ་བོར་བྱེད་ཅིང༌། དེ་ཡང་གཞན་ལུས་ལ་བརྟེན་ནས་དགའ་བཞིའི་ཡེ་ཤེས་ཀྱི་ཞུ་བདེ་འདྲེན་པས་བདེ་སྟོང་རྣམ་པར་མི་རྟོག་པའི་རྫོགས་རིམ་གཙོ་ཆེ་བ་ཡིན་ཏེ། འདིར་རྡོ་རྗེ་ཕུར་བུ་ལ་མཚོན་ན་ཕྲིན་ལས་ཀྱི་རྒྱུད་ལས། སྲུབ་དང་བསྲུབ་པའི་ཐབས་དག་ལས། །མི་རྟོག་པ་ནི་རབ་ཏུ་སྐྱེ། །དགའ་དང་མཆོག་ཏུ་དགའ་བ་དང༌། །མངོན་དགའ་རང་བཞིན་དགའ་བ་སྟེ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །བགྲོད་བྱེད་མན་ངག་དག་གིས་སོ། །དང་པོ་དགའ་བའི་དུས་སུ་ན། །དབུགས་ནི་རྒྱུ་བ་བཅུ་དྲུག་ལ། །ཆུ་ཚོད་ལྔ་པར་སྦྱར་བྱས་ཏེ། །གཟུང་དང་ལྡོག་པ་དེ་བཞིན་བྱ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི། །ཆུ་ཚོད་སུམ་ཅུ་གཉིས་ལྡན་བྱ། །དབྱུག་གུ་དྲུག་ཅུ་རྩ་བཞི་ཡིན། །ཕྲ་མོའི་ཐུན་ནི་དྲུག་ཅུ་བཞི། །ཆེན་པོ་ཐུན་བཞི་ཐུན་བརྒྱད་ཡིན། །དགའ་བའི་


JLAZ003_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་དབུགས་དང་ནི། །ཐུན་ཚོད་བཅུ་གཉིས་བརྩིས་བྱས་ཏེ། །དེ་བཞིན་མཆོག་ཏུ་དགའ་བའི་དུས། །ཐུན་ཚོད་ཆུ་ཚོད་དེ་བཞིན་བསླབ། །བདེ་བ་མང་སྐྱེས་གནས་དེར་ནི། །མན་ངག་དག་ཀྱང་དེར་བསྟན་བྱ། །ཞེས་སོ། །ཁྱད་པར་དུ་དགྱེས་པ་རྡོ་རྗེ་ལ་གྲགས་པ་བརྟན་པའི་སྣང་གསུམ་དང་རྒྱུད་གསུམ་གྱི་བཀྲི་ཚུལ་ལམ་འབྲས་བུ་དང་བཅས་པ་ཡང་ཧེ་རུ་ཀ་གལ་པོ་ལས། འཁོར་འདས་ཐུན་མོང་ལམ་དང་འདིས། །འཇིག་རྟེན་པ་དང་འཁོར་ལོ་བསྐོར། །འཁོར་འདས་ཐུན་མོང་ལམ་བཤད་ན། །སྣང་བ་གསུམ་དུ་བསྟན་པའི་ལམ། །ཀུན་གཞི་ལུས་དང་ཕྱག་རྒྱ་ཆེ། །རྒྱུ་རྒྱུད་ཐབས་དང་འབྲས་བུའི་རྒྱུད། །ཅེས་དང༌། གཞན་ཡང་གླང་པོ་ཆེ་རབ་འབོགས་ཀྱི་བཀོལ་རྒྱུད་དང་མ་མོའི་རྒྱུད་ལས་དགྱེས་པ་རྡོ་རྗེའི་གདམས་པའི་གནད་ཐམས་ཅད་གསལ་བར་བསྟན་པ་ཡིན་ནོ། །གཞན་ཡང་མ་རྒྱུད་དུ་གྲགས་པ་ཆེ་བ་མཆོག་གི་དབྱིབས་སྔགས་ཆོས་གསུམ་དང༌། དཔྱིད་ཀྱི་ཐིག་ལེའི་རྫོགས་རིམ་དང༌། ཁྱད་པར་དུ་བདག་བྱིན་རླབས་ཀྱི་རིམ་པ། སྣ་ཚོགས་རྡོ་རྗེའི་རིམ་པ། ནོར་བུ་འགེང་བའི་རིམ་པ། ཛ་ལནྡྷ་རའི་རིམ་པ། བསམ་གྱིས་མི་ཁྱབ་པའི་རིམ་པ་ལྔ་ལས། དང་པོ་ནི་སྙིང་གའི་ཐིག་ལེ་ལ་དམིགས་ནས་


JLAZ003_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྔའི་ཁ་དོག་དང་སྦྱར་བའི་རླུང་འབྱུང་འཇུག་གིས་སྒྲིབ་པ་སྦྱངས་ཤིང་དངོས་གྲུབ་བསྡུ་བའོ། །གཉིས་པ་ནི་འཁོར་ལོ་ལྔའི་དབུས་སུ་རིགས་ལྔའི་ཕྱག་མཚན་ལ་དམིགས་པའོ། །གསུམ་པ་ནི་རོལ་པ་ཆེན་པོའི་ངང་ནས་འཁོར་བཞིར་དགའ་བཞིའི་ཡེ་ཤེས་ངོས་འཛིན་པའོ། །བཞི་པ་ནི་རིགས་ལྔའི་ཕྱག་མཚན་སྐུར་གྱུར་པ་ལས་བདུད་རྩི་འབེབས་ཤིང་གཏུམ་མོའི་མན་ངག་དང་བསྲེ་བའོ། །ལྔ་པ་ནི་སྙིང་ག་ནས་འོད་ཟེར་སྤྲོས་ནས་བརྟན་གཡོ་འོད་ཞུའི་རྫོགས་རིམ་མོ། །གཉིས་སུ་མེད་པའི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་དང་དུས་ཀྱི་འཁོར་ལོ་དང༌། སངས་རྒྱས་མཉམ་སྦྱོར་ལ་སོགས་པ་ལས་ནི་རྩ་ཐིག་རླུང་གསུམ་གྱི་ཞུ་བདེས་དྲངས་པའི་གསལ་བ་དང༌། མི་རྟོག་པ་དང༌། བསམ་གྱིས་མི་ཁྱབ་པའི་ཐིག་ལེ་ཆེན་པོའི་རྣལ་འབྱོར་གཅིག་དང་དུ་བྲལ་གྱི་འོད་གསལ་ཆེན་པོའི་རྫོགས་རིམ་གསུམ་དུ་འདོད་པ་ཡིན་ནོ། །དེ་ཡང་བདེ་བའི་འོད་གསལ། གསལ་བའི་འོད་གསལ། མི་རྟོག་པའི་འོད་གསལ་གསུམ་ལས་དང་པོ་ནི། དབུ་མར་དངས་མ་བབས་ཏེ་ཁམས་ལས་སུ་རུང་བ་ལས་ཟག་མེད་ཀྱི་བདེ་བའི་ཏིང་ངེ་འཛིན་སྐྱེ་ལ། གཉིས་པ་ནི་རླུང་ལྔའི་དངས་མ་སྟོབས་


JLAZ003_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་ཏེ་དབུ་མར་ཆུད་པ་ལས་ནང་དུ་དངས་གསལ་སྒྲིབ་པ་མེད་པའི་བསམ་གཏན་དང༌། ཕྱི་རོལ་དུ་སྣ་སྒོར་རླུང་ལྔའི་ཁ་དོག་མངོན་པ་དང་ཡེ་ཤེས་ལྔའི་འོད་གདངས་སྐུ་དང་ཐིག་ལེའི་རང་བཞིན་དུ་འཆར་ཏེ། འཇམ་དཔལ་སྒྱུ་འཕྲུལ་ལས། ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པས་མཚོན་ནོ། །དེ་བཞིན་དུ་དུས་ཀྱི་འཁོར་ལོ་ལས་རྫོགས་རིམ་ཡན་ལག་དྲུག་ཏུ་བཤད་དེ། རྩ་རྒྱུད་ལས། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་དང༌། ཧེ་རུ་ཀ་གལ་པོ་ལས་ཀྱང་དོན་འདི་བཤད་དེ། སྦྱོར་བ་ཡན་ལག་དྲུག་གིས་བསྙེན། །ཞེས་པ་ལྟར། སོར་བསམ་གཉིས་ཀྱིས་མ་གྲུབ་པ་བསྒྲུབས་ཤིང་གྲུབ་ཟིན་བརྟན་པར་བྱ་བ་དང༌། དེའང་དུ་བ་ལ་སོགས་པའི་སྟོང་གཟུགས་ནི་མཐར་མཚན་དཔེས་སྤྲས་པའི་སྐུར་འགྱུར་ལ། སྟོང་གཟུགས་ཀྱི་རྣམ་པ་དེ་ཉིད་ཀུན་རྫོབ་བདེན་པ་དང༌། རང་བཞིན་མེད་པ་དོན་དམ་བདེན་པའོ། །སྲོག་འཛིན་གཉིས་ཀྱིས་ངག་གི་རྩ་བ་རླུང་ལ་དབང་ཐོབ་པར་བྱས་ནས་རྒྱལ་བའི་གསུང་བསྒྲུབ་ཅིང༌། རྗེས་དྲན་ནི་མི་


JLAZ003_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་བདེ་བའི་ཉེ་རྒྱུ་དང༌། ཏིང་ངེ་འཛིན་ནི་ངོ་བོ་ཉིད་ཡིན་པས་རྒྱལ་བའི་ཐུགས་སྒྲུབ་བྱེད་ཡིན་ལ། དེས་ན་གཉིས་ཚན་རེ་རེ་བཞིན་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་དུ་གསུངས་པ་ཡིན་ཏེ་རྒྱུད་ཀྱི་ལེའུ་ལྔ་པ་ལས། ལུས་ནི་དྭང་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དྭང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང༌། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་དུ་མའི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་སོ། །གསུམ་པ་ནི། སྒྱུ་འཕྲུལ་རྔམ་གློག་ལས། དངོས་པོ་ཐམས་ཅད་རྣམ་བྲལ་བའི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་སོ། །དེ་ལྟར་གསུམ་པོ་ཡང༌། སྔ་མ་གཉིས་ནི་སྣང་བཅས་དམིགས་པའི་ལམ། །ཕྱི་མ་གཅིག་ནི་སྣང་མེད་འོད་གསལ་ཏེ། །དང་པོའི་ཕྱོགས་ལ་


JLAZ003_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་རྩ་དང་ནི། །གཡོ་བ་རླུང་ལ་བཀོད་པ་བྱང་ཆུབ་སེམས། །གསུམ་དུ་གནས་པ་རྡོ་རྗེ་ཕུང་པོའི་གྲོང༌། །དེ་ལ་ཕྱོགས་དང་པོ་སྣང་བཅས་དམིགས་པ་དང་བཅས་པའི་རྫོགས་རིམ་གྱི་མཚན་ཉིད་ནི་རྩ་རླུང་ཐིག་ལེ་གསུམ་ལ་གནད་དུ་བསྣུན་པ་ཁོ་ན་སྟེ། དེ་ལ་རྩའི་གཙོ་བོ་གསུམ་དང་འཁོར་ལོ་ལྔ། བྱེད་ལས་ཀྱི་སྒོ་ནས་ཐ་དད་དུ་བཞག་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཡོད་དེ་སངས་རྒྱས་ཐོད་པ་ལས། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་རྣམས་ཀྱི་ནི་ཕགས་བཤད་དོ། །ཞེས་སོ། །དེ་ཡང་རྣམ་པར་འགྱུར་བའི་ལྷའི་བདག་ཉིད་དུ་གཡོ་བ་མེད་པར་གནས་པས་ན་གནས་པ་རྩ་ཞེས་བྱ་ལ། སམྤུ་ཊར། ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་གཟུགས་མཛེས་པར་ཡང་དག་བྱུང༌། །ཞེས་སོ། །དེའི་ནང་ནས་གནད་དུ་བསྣུན་པའི་གཙོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་སྟེར་ཞིང་ལུས་ཅན་རྣམས་ཀྱི་སྲོག་ཏུ་གྱུར་པ་ནི་ཨ་ཝ་དྷཱུ་ཏིའོ། །དེ་ལྟ་བུའི་རྩ་རྣམས་དང་རྟེན་དང་བརྟེན་པའི་ཚུལ་དུ་འབྲེལ་བའི་རླུང་གི་རང་བཞིན་ནི་གཡོ་བ་དང༌། འཕྲ་བ་དང༌། བསྐྱོད་པའི་བྱེད་ལས་ཅན་རྣམ་པར་ཤེས་པའི་བཞོན་པར་གྱུར་ལ། ཁམས་གསུམ་ཐམས་ཅད་ཀྱང་རླུང་གི་འདུ་བྱེད་པའི་ཕྱིར་གཡོ་བའི་རླུང་ཞེས་བརྗོད་པའོ། །དེ་


JLAZ003_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྩ་རླུང་གཉིས་ཅར་གྱི་བརྟེན་པ་ལྟ་བུར་གྱུར་པ་ནི་བཀོད་པ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉིད་དེ། དེ་ལའང་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་དང༌། འཁྲུལ་པ་མ་རིག་པའི་ཐིག་ལེ་དང༌། ཁམས་ལྔ་རྫས་ཀྱི་ཐིག་ལེ་སྟེ་རྣམ་གསུམ་དུ་དབྱེ་བ་ལས། དང་པོ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའོ། །གཉིས་པ་ནི། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པས་ཀུན་ནས་བརྟགས་ཤིང་མིང་གཞི་ལས་བསྒྱུར་བ་རྟོགས་པ་སྔགས་ཀྱི་ཐིག་ལེ་དང༌། དེ་ལས་གཞན་དབང་ཡིད་གྱི་ནུས་པ་ཅན་ལ་རླུང་གི་ཐིག་ལེ་ཞེས་བྱའོ། །གསུམ་པ་ནི་ཡུལ་སྣང་གཟུགས་ཀྱི་ཕུང་པོ་སྟེ། དེ་ལ་ཕྱི་ནང་གཉིས་ལས་ཕྱི་ནི་རྣལ་འབྱོར་རྒྱུད་ཀྱི་དགོངས་པ་ཡིན་ཏེ་བཤད་མ་ཐག་པས་ཁྱབ་ལ། ནང་གི་དང་པོ་སྐྱེ་སྲིད་ལ་སྦྱོར་བའི་ཚེ་བར་དོའི་རྣམ་ཤེས་འཛིན་པའི་རྐྱེན་དུ་གྱུར་པ་ཕ་མའི་དངས་མ་ཁམས་དཀར་དམར་གཉིས་ཏེ་དེའང་གཡོ་བའི་རླུང་གིས་གང་དུ་བཀོད་པའི་གནས་སུ་འགྲོ་འོང་བྱེད་པའི་གཞན་དབང་ཅན་ཡིན་པས་ན་བཀོད་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ་གསུམ་གའང་ཕན་ཚུན་འབྲེལ་བ་ཅན་ཡིན་ནོ། །དེ་ལ་རྩའི་རང་བཞིན་ནི་སྲང་ཁ་དང་འདྲ་སྟེ་རླུང་རྒྱུུ་བའི་ལམ་མོ། །རླུང་གི་རང་བཞིན་ནི་ཅང་ཤེས་


JLAZ003_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་བ་དང་འདྲ་སྟེ་ཐལ་བྱུང་དུ་འགྲོ་ཡང་ལམ་དང་ལམ་མ་ཡིན་པ་མི་ཤེས་སོ། །རྣམ་པར་ཤེས་པ་ནི་སྐྱེས་བུ་འཕྱེའོ་དང་འདྲ་སྟེ་རླུང་གི་རྟས་མ་ཁུར་ན་བསྐྱེད་པའི་མཐུ་མེད་དོ། །དེ་བས་ན་རྣམ་པར་ཤེས་པའི་རྟེན་ནི་ཁམས་བྱང་ཆུབ་ཀྱི་སེམས་ཡིན་ནོ། །དེ་ལས་རྫས་སྔགས་རླུང་གསུམ་གྱི་ཐིག་ལེ་མ་རིག་པ་དང་འབྲེལ་བས་འཁོར་བ་མུ་མཐའ་མེད་པར་བསྐྱེད་ལ། ཐབས་ཀྱིས་ཟིན་པ་ལས་དེའི་གཉེན་པོར་སོང་སྟེ་མྱ་ངན་ལས་འདས་པ་ལ་བསྙེན་པའོ། །དེ་ལྟར་རྩ་ཐིག་རླུང་གསུམ་རྟེན་ཅིང་འབྲེལ་འབྱུང་དུ་ཚོགས་པའི་གླིང་གསུམ་གྱི་རྟེན་ལ་ཁམས་དྲུག་ལྡན་གྱི་མཆོག་རྡོ་རྗེའི་ལུས་ཞེས་གསུངས་ལ། ཁྱད་པར་དུ་འཛམ་བུའི་གླིང་པ་ནི་ལས་ཀྱི་འབྲས་བུ་ཚེ་འདིར་སྨིན་པ་ཤེས་ཆེ་བས་ལས་ཀྱི་ས་པ་ཞེས་མཆོག་ཏུ་གྲགས་པས་ཉེས་རྒྱུའི་སྤྱོད་པ་ལ་སློབ་པའི་དུས་ཡིན་ཏེ། གཞན་དུ་བདེ་འགྲོ་ཡིན་ཡང་ལྷ་དང་ལྷ་མིན་དང་སྒྲ་མི་སྙན་གསུམ་ནི་འབྲས་བུ་ལ་སྤྱོད་པས་རྒྱུ་དམན་པའི་ཕྱིར་རོ། །རང་བཞིན་རྒྱས་པར་དབྱེ་ན་དང་པོ་གནས་པ་རྩའི་མཚན་ཉིད་ནི། མི་ཡི་མངལ་གནས་འཛིན་པའི་ཐོག་མ་རུ། །མིག་གཉིས་དང་ནི་ལྟེ་བའི་རྩ་མདུད་ཆགས། །དེ་ལས་ལུས་བསྐྱེད་དངས་མར་གྱུར་པ་ཡི། །རྩ་གསུམ་ཀ་བ་ལྟ་བུར་གནས་པའི་ནང༌། །ཕྱི་རུ་ལུས་ངག་ནང་དུ་ཉོན་


JLAZ003_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་གསུམ། །གསང་བར་སྐུ་གསུང་ཐུགས་ཀྱི་རྟེན་བྱེད་པའི། །ཡི་གེ་གསུམ་གནས་དབུ་མའི་ཡས་མར་སྣ། །ཚངས་པའི་སྒོ་དང་གསང་གནས་གཉིས་ལ་ཟུག །གཡས་གཡོན་རོ་རྐྱང་དཀར་དང་དམར་བ་ཉིད། །བུད་མེད་ཉིད་ལ་ལྡོག་པས་རྐྱང་མ་གཡས། །དབུ་མ་སྔོ་སྐྱར་གཉིས་པོས་ལུག་རྒྱུད་དུ། །མདུད་པ་ཉི་ཤུ་རྩ་གཅིག་བྱས་པ་ལ། །དེ་ལ་ཀུན་གཞིའི་སྲོག་རླུང་དང་བཅས་པའི་བར་སྲིད་ཀྱི་རྣམ་པར་ཤེས་པ་ཁམས་གསུམ་དུ་སྐྱེ་བར་སྦྱོར་བ་ན། འདུ་ཤེས་དང༌། རྣམ་ཤེས་ཀྱིས་ནམ་མཁའ་མཐའ་ཡས་ལ་སོགས་པའི་སྐྱེ་མཆེད་མུ་བཞི་ཡུལ་དུ་བྱས་ནས་དེར་སྐྱེ་བ་ནི་གཟུགས་མེད་པའི་ཁམས་ཏེ་ཡིད་ལུས་སོ། །བསམ་གཏན་བཞི་པོར་སྐྱེ་བ་ནི་གཟུགས་ཁམས་པ་སྟེ་འདོད་སྲེད་རགས་པ་བཅོམ་པས་བརྫུས་སྐྱེས་སོ། །མདོར་ན་ཁམས་གཅིག་ནས་ལྔའི་བར་ལྡན་པའི་གནས་ཉི་ཤུ་པོར་སྐྱེས་པ་དག་ནི་མ་རིག་པ་སྐྱེ་དང་བཅས་པའོ། །འདོད་ཁམས་རིག་དྲུག་པོ་ནི་ཁམས་དྲུག་དང་ལྡན་ཞིང་ཕྲ་རགས་ཀྱི་ཁྱད་པར་ཅན་སྐྱེ་གནས་བཞི་དང་ལྡན་པའོ། །དེ་ལ་འདིར་གླིང་གསུམ་དུ་སྐྱེས་པའི་མི་རྣམས་མངལ་གྱི་གནས་སྐབས་འཛིན་པའི་ཐོག་མར་མིག་གཉིས་དང་ལྟེ་བའི་རྩ་མདུད་ཆགས་ཤིང༌། དེ་ལས་དངས་མའི་


JLAZ003_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོར་གྱུར་པ་གནས་ཚུལ་དང་མཐུན་པའི་རྩ་དབུ་མ་སྔོ་སྐྱ་སྲོག་རླུང་དང་བཅས་པའི་ཡར་སྣ་སྤྱི་གཙུག་ཏུ་སླེབས་པ་ལ་ཕ་ལས་ཐོབ་པའི་དངས་མ་ཧཾ་ཡིག་གི་རང་བཞིན་དུ་གནས་པ་དང༌། མར་སྣ་གསང་བར་ཟུག་པ་ལ་མ་ལས་ཐོབ་པའི་དམར་ཆ་ཨ་ཐུང་གི་རང་བཞིན་དུ་གནས་པའི་བར་ན་ཀུན་གཞིའི་རྟེན་སྲོག་གི་རླུང་གནས་ཏེ་ནམ་མཁའ་བཞིན་ནོ། །དེ་ཡང་ལྟེ་འོག་མན་ཆད་ལ་དུང་ཅན་ཞེས་བྱ་སྟེ་དཀར་ཆ་འབབ་ཅིང་བདེ་བ་སྐྱེད་པའི་རྩ་ཡིན་ལ། བུད་མེད་ལ་ནི་རིགས་ཅན་ལྔས་གཏུམས་པས་ས་བོན་དངོས་སུ་མི་འཛག་ཅིང་རེག་པའི་བདེ་བ་སླར་ལ་འཕེལ་བས་ལང་ཚོ་རྒུད་ཀྱང་ཆོག་མི་ཤེས་པའོ། །དེའི་གནས་གཡོན་དུ་རོ་རྐྱང་གཉིས་གནས་པའི་རོ་མ་དཀར་མོས་ནི་ལུས་དང་བྱང་སེམས་བསྐྱེད་ཅིང་ཁྲག་དང་དྲི་ཆེན་འཕེན་སྡོམ་གྱི་ལས་བྱེད། གཡོན་རྐྱང་མ་དམར་པོས་ནི་ངག་དང་ཁྲག་བསྐྱེད་ཅིང་དྲི་ཆུ་འབྱིན་སྡོམ་གྱི་ལས་བྱེད་དེ། དབང་མདོར་བསྟན་ལས། ཟླ་བའི་ལམ་གྱིས་དྲི་ཆེན་རྩ། །ཉི་མས་དྲི་ཆུ་འབབ་པའོ། །སྐྱེ་འཆི་མཉམ་དང་འདོད་ཆགས་ལས། །སྒྲ་གཅན་ས་བོན་འབབ་པའོ། །ཞེས་སོ། །བུད་མེད་ལ་རྩ་གཉིས་པོ་གོ་ལྡོག་ཏུ་གནས་པའི་རྐྱང་མ་ལས་རིགས་ཅན་ལྔའི་རྩར་གྱེས་ཤིང༌། དེའི་འདུ་བྱེད་ལས་སྐྱེས་པ་བས་ནད་དང་གཡོ་སྒྱུའི་རྣམ་གྲངས་


JLAZ003_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་གཉིས་དང་བུ་སྣོད་དང༌། སྲིན་བུའི་རྣམ་གྲངས་ཀྱིས་ལྷག་ཅིང་རྩ་སྣ་འགྱུར་བ་ལས། ཟླ་མཚན་འོང་ངོ༌། །དེ་ཡང་རོ་མ་ཞེས་པ་ནི་རང་བཞིན་དུ་བཞག་ན་དོན་བྱེད་མི་ནུས་པས་ན་རོ་དང་མཚུངས་ལ། དེ་ལ་རྟེན་འབྲེལ་གྱིས་གནད་དུ་བསྣུན་ན་རྩ་དེ་བདེ་བའི་ངོ་བོ་ཡིན་པས་གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་ཆོས་ཉིད་ལ་ཟས་ཀྱི་རོ་མྱོང་བ་ལྟར་འགྱུར་བས་རོ་མ་ཞེས་བྱའོ། །རྩ་དེ་དྲང་ན་ལུས་ཀྱི་ཡོན་ཏན་རྫོགས། འཆུས་ན་ཡོན་པོར་འོང༌། སྟོད་སྨད་སྦོམ་ཕྲར་གྱུར་པས་གཟུགས་མི་སྡུག རྩའི་སྦུག་ཡངས་ན་ལྟོ་ཆེ། ཕྲ་ན་ཆུང༌། འཁྱོག་ན་སྐྱུག་ཅིང་ཟས་མི་ལེན། གློ་བུར་གྱི་ནད་སྣ་མང༌། དེས་ཟས་ལེན་པ་དང༌། ཕ་མའི་ཁམས་ཀྱི་དངས་སྙིགས་ཕྱེད་ཅིང་འཁྲུ་བར་བྱེད་དོ། །རྐྱང་མ་ཞེས་པ་ནི་རང་བཞིན་དུ་བཞག་ན་གཞན་དང་མི་འབྲེལ་ཞིང་རེང་བུ་ལྟར་གནས་པས་རྐྱང་མ་ལ། གཅུད་པའི་མན་ངག་ལ་མཁས་ན་རྩ་དེ་སྟོང་པའི་ངོ་བོ་ཡིན་པས་ཆོས་ཉིད་རྟོག་བྲལ་གྱི་ཉམས་སྐྱེ་བས་རྟོག་པའི་ཡན་ལག་དང་མི་ལྡན་པས་རྐྱང་མའོ། །རྩ་དེ་དྲང་ན་ངག་སྙན་ལ་བརྡའ་གསལ། ཡལ་ག་བྱུང་ན་སྐད་འཛེར་ལ་བརྡའ་མི་གསལ། འཆུས་ན་གག་སྐད་དུ་འོང༌། ལྟེ་བ་པ་ལས་ལྡབ་ལྡིབ་དང་འདར་


JLAZ003_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བ་འོང༌། རྩ་འདི་ཕྲ་ན་ལུས་དྲོད་ཆེ། ཡངས་ན་ཆུང་བའོ། །དབུ་མ་ནི་གནས་ཚུལ་གྱི་དབང་དུ་བྱས་ན་དེ་གཉིས་ཀའི་དབུས་ན་ཡོད་པས་དབུ་མའམ། ཆོས་ཉིད་ཀྱི་དབང་དུ་བྱས་ན་ཡོད་མེད་གཉིས་ཀའི་མུ་དང་བྲལ་བས་བདེ་སྟོང་གཉིས་སུ་མེད་པའི་ངོ་བོ་ཡིན་པས་དབུ་མ་ཞེས་བྱ་ལ། དེའང་གནས་ཚུལ་ཀུན་རྫོབ་པའི་ཆ་ནས་རྩའི་རང་བཞིན་ཕྲ་ན་སྐོམ་དད་ཆུང༌། ཡངས་ན་སྐོམ་དད་ཆེ། འཁྱོག་ན་བློ་རྒོད་ཅིང་དངོས་མེད་ཀྱི་ལས་སྣ་ཚོགས་སྟོན། སྦོམ་ཕྲ་ཡོད་པའམ་ཕན་ཚུན་དུ་འགྱུར་ན་སྒོ་གསུམ་ལ་རང་དབང་མེད་པའི་གེགས་སྣ་ཚོགས་འབྱུང་བ་ཡིན་ཏེ་སྲོག་དང་རླུང་ཐམས་ཅད་ཀྱི་རྟེན་གཞི་ཡིན་པའི་ཕྱིར་རོ། །དེ་ལྟར་རྩ་གསུམ་པོ་འདི་ནི་རྩ་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་མ་སྒྲ་ཞུགས་པའོ། །བྱེད་ལས་ཀྱི་སྒོ་ནས་གཞལ་ན་རོ་མ་ནས་ཁྲག་དང་ཆུ་སེར་དང་བྱང་སེམས་རྒྱུ་བས་ཐིག་ལེའི་ལས་ལ་མཁས་ན་ལུས་ཀྱི་ལས་ཟད་པར་བྱེད། ཟས་ཀྱི་ཞེན་པ་ཆོད་ཅིང་བསམ་གཏན་གྱི་ཟས་ཀྱིས་འཚོ། རྐྱང་མ་ནས་འབྱུང་བཞིའི་དངས་མ་དང་ཡེ་ཤེས་ཀྱི་རླུང་རྒྱུ་བས་རྩའི་གནད་ལ་མཁས་ན་ངག་གི་ལས་དག གོས་ཀྱི་ཞེན་པ་ཆོད། གནད་དུ་བསྣུན་པའི་ངོ་བོ་དོན་དམ་ཀྱི་དབུ་མ་ནི་ཤེལ་ཀྱི་ཀ་བ་བཙུགས་པ་ལྟར་སྟོང་པ་ཟང་ཐལ་བ་འོད་ཀྱི་རང་


JLAZ003_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཅན་ཡིན་པས་རླུང་གི་གནད་ལ་མཁས་ན་སེམས་ཀྱི་ལས་སྦྱོང༌། སྐོམ་གྱི་ཞེན་པ་དག རྨི་ལམ་རྒྱུན་ཆོད། མཐར་ཐུག་མཐའ་གཉིས་ལ་མི་གནས་པའི་ཆོས་ཉིད་འོད་གསལ་གྱི་དོན་ལ་སྤྱོད་པས་ཀྱང་དབུ་མ་ཞེས་བྱའོ། །དེའང་སྦྱོང་པ་སྔོན་དུ་སོང་བ་དང་བསོད་ནམས་ཅན་ལ་རྩ་དེ་ཟང་ཐལ་དུ་ཡོད་པས་ཅི་བསམ་དགེ་བར་འགྱུར། ཤེས་རབ་ཆེ་ལ་ཡིད་གཞུངས་པས་ལམ་གྱི་ཡོན་ཏན་ཀྱང་བདེ་བླག་ཏུ་སྐྱེ་བ་ཡིན་ནོ། །མདོར་ན་ལུས་གྲུབ་ཕན་ཆད་རྩ་གྲུབ་ལ། རྩ་གྲུབ་ན་དེ་ལ་བརྟེན་པའི་རླུང་དང་ཡེ་ཤེས་ལ་སོགས་པའང་གྲུབ་པས་དེ་ཐབས་ལམ་ཟབ་མོའི་གནད་ཀྱིས་གྲོལ་བ་ལ་རྡོ་རྗེའི་ལུས་ཀྱི་གནས་ལུགས་ཤེས་དགོས་པའི་ཚུལ་ཐལ་འགྱུར་ལས། ལུས་ཀྱི་གནད་ནི་རྩ་ཡིན་ཏེ། །གནས་དང་བཀོད་པ་འགྱུར་བ་དང༌། །འཁོར་ལོའི་རྟེན་དང་ལུས་ཀྱི་སྲོག །མིང་དང་བྱེ་བྲག་རྒྱུ་དང་རྐྱེན། །བྱེད་པའི་ལས་དང་མཚན་ཉིད་དང༌། །ཉོན་མོངས་ལས་དང་ཡེ་ཤེས་ལས། །ལམ་ལ་བརྟེན་ནས་མངོན་སྣང་བ། །ནད་དང་འབྱུང་བའི་བྱེ་བྲག་དང༌། །འཁྲུག་མར་གནས་པའི་མཐའ་ཡིས་དབྱེ། །ལྟེམ་པས་འགགས་ལ་བཙིར་བས་འཆིང༌། །མནན་པས་གནད་ལ་


JLAZ003_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཅུད་པས་གསལ། །གཅུས་པས་བརྒལ་ལ་དྲང་བས་ཤེས། །འཕུལ་བས་སྟོང་ལ་དྲག་པས་ཟིན། །དེ་ལྟར་རྩ་ཡི་གནད་ཀྱིས་ཀྱང༌། །སངས་རྒྱས་གནད་ནི་མཚོན་པའོ། །ཞེས་སོ། །དེའི་ཚུལ་ནི་སློབ་དཔོན་ཆེན་པོ་བི་མ་ལའི་དུམ་དུམ་ཁྲིགས་དང༌། རྩ་གནས་འཁོར་ལོའི་རང་བཞིན་རྒྱས་པར་ཕྱེ་བ་ཐེག་པའི་མཆོག་རིན་པོ་ཆེས་ཤིན་ཏུ་གསལ་པར་སྟོན་པས་འདིར་དེ་ཙམ་མོ། །དེ་ལྟར་རྩ་གསུམ་པོ་ལུས་ཀྱི་སྲོག་ཤིང་ལྟར་གནས་པའི་ནང་ན་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གཙོ་འཁོར་ལྟར་གནས་པ་དེས་ཕྱི་རུ་ལུས་ངག་ཡིད་གསུམ། ནང་དུ་ཉོན་མོངས་པ་གསུམ། གསང་བར་སྐུ་གསུང་ཐུགས་ཀྱི་རྟེན་བྱེད་དོ། །དེ་ལྟ་བུའི་དབུ་མ་ལ་རོ་རྐྱང་གཉིས་པོས་ལྟེ་བ་ནས་གྱེས། མཁལ་མར་གཅེར་བ་ལ་སོགས་པ་ལུ་གུ་རྒྱུད་ཀྱི་མདུད་པ་ཉི་ཤུ་རྩ་གཅྀག་གི་ཚུལ་དུ་གནས་ཏེ། དུས་འཁོར་ཡེ་ཤེས་ལེའུར། ལུ་གུ་རྒྱུད་དུ་བཅིངས་པའི་རྩ། །སྲོག་དང་ཐུར་སེལ་གྱི་ལམ་གསུམ། །ཞེས་སོ། །དེ་ལ་ཐུར་སེལ་གྱི་ལམ་གསུམ་ལྕགས་སྒྲོག་ལྟར་བཅིངས་པའི་རྩ་ལས་གྱེས་པའི་རྩ་ཆེན་ཉི་ཤུ་རྩ་བཞིའི་སྣ་ཟུག་པའི་རྩ་མདུད་ཡིག་འབྲུའི་རྣམ་པར་ཡོད་པ་ལས་སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས་གནས་སུ་ཉེ་བར་བརྗོད་ཅིང༌། དེ་རྣམས་ལས་


JLAZ003_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཁམས་ཉི་ཤུ་རྩ་བཞི་པོ་དང་བཅས་པ་ནང་གི་ཡུལ་ཉི་ཤུ་རྩ་བཞིར་གྲུབ་ཚུལ་ནི། འདི་ལྟར་གཡོན་པའི་ཆར་སྐྱེས་པའི་ཕྱེད་མ་ནི་མཚོག་མར་གནས་ཏེ་པུལླཱི་ར་མའོ། །ཕྲ་གཟུགས་མ་ནི་སྤྱི་གཙུག་ན་སྟེ་ཛ་ལནྡྷ་རའོ། །རྩེ་བ་མ་ནི་རྣ་བ་གཡས་མ་ན་སྟེ་ཨཽ་རྒྱན་ནོ། །ཐུང་དུ་མ་ནི་རྣ་བ་གཡོན་པ་ལ་སྟེ་གཽ་ད་ཝ་རིའོ། །གཡོན་པ་མ་ནི་ལྟག་རྩ་སྟེ་ཨརྦུ་ཏའོ། །རུས་སྦལ་སྐྱེས་མ་ནི་སྨིན་དབུས་ཏེ་ར་མེ་ཤྭ་རའོ། །སྒོམ་པ་མ་ནི་མིག་གི་ཕྱི་རོལ་ཏེ་དེ་ཝཱི་ཀོ་ཊའོ། །དབང་བསྐུར་མ་ནི་ཕྲག་པ་གཉིས་ཀྱི་རྩ་སྟེ་མ་ལ་ཝའོ། །འདི་དག་ནི་རྟག་ཏུ་ཉེ་བའི་གནས་སོ། །སྐྱོན་མ་ནི་མཆན་ཁུང་ན་སྟེ་ཀཱ་མ་རུའོ། །འཇུག་མ་ནི་ནུ་མའི་རྩ་སྟེ་ཨོ་ཊི་ཡའོ། །མ་མོ་ནི་ལྟེ་བའི་རྩ་སྟེ་ཏྲི་ཤ་ཀུའོ། །མཚན་མོ་ནི་སྣ་རྩེར་ཟུག་པ་སྟེ་ཀོ་ས་ལའོ། །དེ་རྣམས་ལ་ཞིང་དང་ཉེ་ཞིང་ཞེས་བྱའོ། །བསིལ་མ་ནི་ཁ་ལ་སྟེ་ཀ་ལིངྐའོ། །ཚ་བ་མ་ནི་མགྲིན་པའི་དབུས་ན་སྟེ་ལམ་པ་ཀའོ། །དེ་དག་ནི་རྐྱང་མས་བརྟེན་པས་ཤེས་རབ་ཀྱི་རང་བཞིན་ནོ། །གཡས་པའི་ཆར་སྐྱེས་པ་གཞོལ་མ་ནི་བྲང་གཞུང་དུ་གནས་པས་ཀཉྩི་ཀའོ། །རང་ས་མ་ནི་ལྒང་པར་འབྲེལ་བས་ཧི་མ་ལ་ཡའོ། །འདི་ལ་ཚནྡྷོ་དང་ཉེ་བའི་ཚནྡྷོ་ཞེས་བྱའོ། །ཤིན་ཏུ་གཟུགས་ཅན་ནི་མཚན་མ་ན་སྟེ་པྲེ་ཏ་པུ་


JLAZ003_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རིའོ། །སྤྱི་མ་ནི་འོག་སྒོར་འབྲེལ་བ་སྟེ་གྲྀ་ཧ་དེ་ཝའོ། །རྒྱུ་སྦྱིན་ནི་བརླ་ལ་སྟེ་སཽ་རཥྟའོ། །སྦྱོར་བྲལ་མ་ནི་བྱིན་པར་ཏེ་སཽ་བརྞཱ་དྭཱི་པའོ། །དེ་ལ་འདུ་དང་ཉེ་འདུ་ཞེས་བྱའོ། །སྡུ་གུ་ནི་རྐང་པའི་སོར་མོར་འབྲེལ་བ་སྟེ་ནཱ་ག་རའོ། །གྲུབ་མ་ནི་བོལ་གོང་གི་རྩ་སྟེ་སིནྡྷུའོ། །འཚེད་མ་ནི་རྐང་མཐེབ་སྤུ་འཁྱིལ་གྱི་རྩ་སྟེ་མ་རུའོ། །ཡིད་བཟང་ནི་པུས་མོའི་གཉན་གོང་ན་ཀུ་ལུ་ཏ་སྟེ་འཐུང་གཅོད་དང༌། ཉེ་བའི་འཐུང་གཅོད་རྣམས་སོ། །རྩ་དེ་དག་རྣམས་ལས་རིམ་པ་བཞིན་སོ་དང་སེན་མོ་དང༌། སྐྲ་དང༌། བ་སྤུ་དང༌། པགས་པ་དང༌། རྒྱུས་པ་དང༌། ཤ་དང༌། རུས་པ་དང༌། མཆིན་པ་དང༌། སྙིང་དང༌། མིག་འབྲས་དང༌། མཁྲིས་པ་དང༌། གློ་བ་དང༌། རྒྱུ་མ་དང༌། གྲོད་པ་དང༌། ལྟོ་བ་རྣམས་ཀྱི་ཁམས་བསྐྱེད་པར་བྱེད་དོ། །གཞོལ་མས་བཤང་བ་འབེབ་པའི་བདག་རྐྱེན་བྱེད་པ་ནས་རིམ་པར། རྒྱུངས་པ་འབབ་ཅིང་དངས་སྙིགས་འབྱེད་པ་དང༌། རྣག་དང༌། བད་ཀན་དང༌། ཁྲག་དང༌། རྡུལ་དང༌། ཚིལ་དང༌། མཆི་མ་དང༌། ལུད་པ་དང༌། སྣ་ཆུ་རྣམས་འབབ་པའི་བདག་རྐྱེན་བྱེད་དེ་ཁམས་ཉི་ཤུ་རྩ་བཞི་པོ་ཐིམ་པ་ལས་སྙིགས་མར་གྱུར་པའོ། །དེའང་ལོངས་སྤྱོད་རྣམས་ཀྱི་དངས་མ་ནི་དཀར་ཆ་ཡིན་ཏེ། ཟས་ཀྱི་དངོས་པོ་རྣམས་མེ་མཉམ་གྱི་རླུང་དང༌། བད་ཀན་མྱགས་བྱེད་དང༌།


JLAZ003_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མཁྲིས་པ་མདོག་འགྱུར་གསུམ་གྱིས་བསྲེགས་བཞུ་སྦྱངས་པ་ལས་དངས་སྙིགས་ཕྱེ་སྟེ་དངས་མ་མཆིན་པའི་རྩ་ཆེན་བཞི་ལས་བརྒྱུད་ཁྲག་ཆེན་དུ་གྱུར་ནས་རྩ་གནས་ཀུན་ཏུ་རྒྱུ་བས་ཁྲག་གིས་ཤ་བསྐྱེད། དེ་ལས་ཚིལ། དེ་ལས་རུས་པ། དེ་ལས་རྐང༌། དེ་ལས་ཁུ་བ་བསྐྱེད་པས་ལུས་ཟུངས་བདུན་ཞེས་བྱ་ལ། ཁྱད་པར་དངས་མ་དཀར་པོས་ནི་ལུས་ཅན་ཀུན་གྱི་སྙིང་ལ་དགའ་བ་དང༌། ཆགས་སྡང་རྨོངས་གསུམ་བསྐྱེད་པས་འཁོར་བ་བསྐྱེད་པའི་གཞིར་གྱུར་ཏོ། །དེ་ཉིད་རྒྱུད་སྡེ་རྒྱ་མཚོ་ལས་གསུངས་པའི་ཐབས་ལ་བརྟེན་ནས་འཛག་མེད་དུ་བཅིངས་ན། དགའ་བ་བཞི་ལ་བཞི་ཚན་དུ་ཕྱེ་བའི་བཅུ་དྲུག་གི་རྗེས་དྲན་བརྟན་པར་བྱས་པ་ལས་རྩ་ཐ་དད་པའི་བྱེད་ལས་དག་ནས་རྩ་ཐམས་ཅད་ཀྱང་དབུ་མར་འགྲོ། སྔར་རྣམ་པར་རྟོག་པ་དང་བཅས་པའི་རླུང་རགས་པ་ཉིན་ཞག་ཕྲུགས་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་རྒྱུ་ཞིང༌། དུས་སྦྱོར་བཅུ་གཉིས་ཀྱི་བདག་ཉིད་དུ་བྱས་པ་དེ། དབུ་མར་མཉམ་པར་འབབ་པའི་ཡོན་ཏན་ཐོབ་པས་རླུང་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་རླུང་གི་དབང་དུ་བྱས་ནས་མཐར་ཐུག་འགྱུར་བ་མེད་པར་འགྲོ། དེ་བཞིན་དུ་ཁམས་ཐྀག་ལེའི་ཚོགས་ཀྱི་རྣམ་པར་འགྱུར་བ་བརྟེན་ནས་


JLAZ003_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་རྒས་ཤིང་རྒུད་པའི་མཐར་འཆི་བའི་རྣམ་འགྱུར་བརྟན་པ་དེའང་ཡས་བརྟན་གྱི་བདེ་བ་སྟོང་པ་ཉིད་དུ་སྦྱར་བ་འགྱུར་མེད་དུ་བྱེད་ནུས་ན་ཁམས་དེ་དག་ཀྱང་རང་བྱུང་གིས་གྱེན་དུ་འགྲོ་བས་སྙིགས་མ་ཐམས་ཅད་ཟད་པར་བྱེད་པས་རྡོ་རྗེའི་ལུས་སུ་འགྱུར་བའི་ཚུལ་ཐལ་འགྱུར་ལས། འདི་ཡི་ཡོན་ཏན་བརྗོད་མི་ལང༌། །རྒས་དང་ཤི་བ་མེད་པ་དང༌། །གཞོན་ཤ་ཆགས་ཤིང་བཟང་བ་དང༌། །བཅུད་གྱིས་ལེན་པ་ཆེན་པོར་འགྱུར། །ཞེས་སོ། །དེ་ལྟར་ཡུལ་ཉེར་བཞི་པོའང་རྒྱུད་སྡེ་གསར་རྙིང་བགྲོས་མཐུན་པར་ཧེ་རུ་ཀའི་གནས་བཅུ་དང་སྦྱར་ནས་ས་ལམ་བགྲོད་པའི་རིམ་པ་དང་བསྟུན་ན། བརྟག་གཉིས་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང༌། །ཚནྡྷོ་ཉེ་བའི་ཚནྡྷོ་དང༌། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གསུམ་ཡིན། །ཅེས་འཐུང་གཅོད་རྣམ་གཉིས་ལས་གཞན་པའི་གནས་དང་ཉེ་གནས་ལ་བཞི་བཞི། ལྷག་མ་བརྒྱད་ལ་གཉིས་གཉིས་སྦྱར་བས་ཡུལ་ཉེར་བཞི་དང༌། ས་བཅུའི་དབང་དུ་བྱས་ན་སམྤུ་ཊིར། གནས་ནི་རབ་ཏུ་དགའ་བའི་ས། །ཞེས་པ་ནས། ཉེ་བའི་དུར་ཁྲོད་ཆོས་


JLAZ003_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །ཞེས་སོ། །བཅུ་གསུམ་པའི་ཚེ་འཐུང་གཅོད་གཉིས་པོ་ཡེ་ཤེས་སུ་སྦྱོར་བའི་ཚུལ། རྒྱུད་རྒྱས་པ་ལས། འཐུང་གཅོད་དཔེ་མེད་ཡེ་ཤེས་ཏེ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཆེ། །ཞེས་སོ། །དེ་ལ་སྦས་པའི་རྩ་ལྔ་སྙིང་གར་གནས་པ་སྒྲིབ་བྲལ་དུ་གྱུར་པས་བཅུ་གསུམ་རྡོ་རྗེ་འཛིན་པ་སྟེ། འདི་ལྟར་དངས་མ་རྣམས་ཀྱིས་འཁོར་ལོ་སོ་སོ་གང་བའི་འགྲོས་ཀྱིས་མཐར་གཙུག་ཏོར་མཆོག་གྲུབ་སྟེ། དེར་བརྟེན་པའི་སྐད་ཅིག་ཐ་མ་ལ་མཚན་དཔེའི་མེ་ཏོག་རྒྱས་པའི་སངས་རྒྱས་སུ་མངོན་པར་བྱང་ཆུབ་པ་ཡིན་ནོ། །དོན་དེའི་ཕྱིར་གང་ལ་གནད་དུ་བསྣུན་པའི་རྩ་འཁོར་བཤད་པ་ནི། རིམ་བཞིན་སྐུ་གསུང་ཐུགས་སམ་སྐུ་བཞི་ལྔ། །ཕྱིན་དྲུག་གྲངས་ཀྱི་འཁོར་ལོའི་རྩ་འདབ་རྣམས། །ཕྲི་བསྣན་གྱུར་པ་སྦྱང་གཞི་སྦྱོང་བྱེད་ཚུལ། །ལྟེ་བར་དྲུག་ཅུ་རྩ་བཞི་མགྲིན་པ་ལ། །བརྒྱད་ཚན་གཉིས་དང་སྙིང་གར་རྩ་འདབ་བརྒྱད། །སྤྱི་བོར་སུམ་ཅུ་རྩ་གཉིས་བདེ་སྐྱོང་ན། །བདུན་ཅུ་རྩ་གཉིས་དེ་བཞིན་གཙུག་ཏོར་ལ། །ནམ་མཁའི་ཁམས་ཀྱི་འཁོར་ལོ་ཞེས་སུ་གྲགས། །འཁོར་ལོ་རེ་དང་སོ་སོའི་བར་མཚམས་སུ། །འཕོ་བ་བཅུ་གཉིས་རླུང་གི་དུས་སྦྱོར་དང༌། །དེ་བཞིན་རྟེན་ཅིང་འབྲེལ་


JLAZ003_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བཅུ་གཉིས་གནས། །ཁམས་ལ་འཕོ་བ་སྤངས་པའི་ལུགས་ལྡོག་འགྲོས། །གསང་གནས་ཡེ་ཤེས་འཁོར་ལོར་ཕྱིན་པ་དང༌། །རླུང་གི་འཕོ་བ་གཅིག་དང་རྟེན་འབྲེལ་གཅིག །འགགས་ནས་དང་པོའི་ས་ཡི་རྟོགས་པ་འཆར། །རིམ་བཞིན་ནམ་མཁའི་ཁམས་ཀྱི་འཁོར་ལོའི་བར། །རླུང་དང་རྟེན་འབྲེལ་རེ་རེའི་ཆ་ལྡོག་པས། །ས་ནི་བཅུ་གཉིས་རབ་ཏུ་རྫོགས་པའི་མཐར། །ཐིག་ལེ་ནམ་མཁའི་ཁམས་དང་འདྲེས་པའི་ཚེ། །མངོན་པར་འཚང་རྒྱ་དང་པོའི་སངས་རྒྱས་ལུགས། །དེ་ལ་འཁོར་ལོ་བརྟེན་པའི་སྲོག་ཤིང་ལྟ་བུ་ནི་དབུ་མ་ཡིན་པས་དེ་ཉིད་དངོས་པོའི་གནས་ཚུལ་ལ་མེད་པར་འདོད་པ་ཡང་མི་རིགས་ཏེ། མེད་ན་གནད་དུ་བསྣུན་པའི་ཡོན་ཏན་ཀྱང་དེའི་རྗེས་སུ་འབྲང་ངོ༌། །ཡང་ཁ་ཅིག་སྲོག་པ་རྩལ་དབུ་མར་འདོད་པ་དང༌། ཁ་ཅིག་རྒྱུངས་པ་དང་རྟེན་བརྟེན་པ་ལྟ་བུར་འདོད་པ་ལ། དང་པོ་ལྟར་ན་དེར་རླུང་སེམས་འདུས་པས་སྨྱོ་འབོག་འབྱུང་ལ། གཉིས་པ་ལྟར་ནའང་དབུ་མ་ལས་རྩ་འདབ་གྱེས་ཚུལ་ལ་སོགས་པའི་རྣམ་གཞག་དང་འགལ་ལོ། །ཞེས་སྲོག་རྩ་ལ་མ་ལྟོས་པའི་དབུ་མ་གསར་དུ་འཆོས་ཀྱང་གཉིས་ཀས་དགོངས་པ་མ་ལོན་པ་སྟེ་སྲོག་རྩ་རང་རྒྱུད་པ་ལ་རླུང་སེམས་འདུས་ན་དེ་ལྟར་ཡིན་ཀྱང༌། དེའི་དབྱིངས་སུ་


JLAZ003_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་ཆོས་ཉིད་ཀྱི་དབུ་མ་ལ་རླུང་སེམས་འདུས་པས་སྨྱོ་འབོག་འབྱུང་བ་ག་ལ་སྲིད། བྲམ་ཟེ་ཆེན་པོས། རླུང་དང་འགྱུ་བ་རྩལ་ཆེན་སྲོག་པ་རྩར་བཅུད་ནས། །ཐ་མལ་ཤེས་པ་ངང་གིས་འགག་པར་འགྱུར། །ཞེས་པས་སོ། །དེ་ལྟ་བུའི་རྟེན་དང་བརྟེན་པའང་ཐ་སྙད་ཙམ་དུ་མཚོན་པ་སྟེ། དབུ་མ་ནི་བསྒོམས་པ་ལས་བྱུང་བའི་རྩ་ཡིན་པས་མཚན་ཉིད་བཞི་དང་ལྡན་པར་བཤད་ལ། འོན་ཀྱང་ཀུན་གཞི་སྲོག་རླུང་དང་བཅས་པའི་རྟེན་ནི་དེ་ཉིད་ཡིན་པས་འདོར་དུའང་མི་རུང་སྟེ། སྲོག་པ་རྩ་བཅད་ན་གནད་འཆད་པ་ཤིན་ཏུ་སླ་བའི་ཕྱིར་རོ། །དེ་བས་ན་གནས་པ་དང༌། ཆོས་ཉིད་དང༌། དོན་དམ་པའི་དབུ་མ་གསུམ་དུ་འདོད་པའི་ཕྱོགས་ནི་རིགས་པ་དང་བཅས་པ་ཡིན་ཏེ་རྡོ་རྗེ་གདན་བཞི་ལས། ལུས་སེམས་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་མན་ངག་གནས། །ཐབས་དང་ལྡན་ན་ཤིན་ཏུ་འབར། །ཞེས་པས་ཐབས་ནི་དེའི་ནང་དུ་ཆོས་ཉིད་ཀྱི་དབུ་མ་བསྒོམས་ནས་དེ་ལ་གནད་དུ་བསྣུན་པའི་དོན་ཡིན་ལ། དེའི་ནང་དུ་བསྒོམ་དགོས་པའི་རྒྱུ་མཚན་ནི་ཀུན་གཞི་སྲོག་རླུང་དང་བཅས་པ་དེ་ལ་བརྟེན་པས་སྲོག་གི་རླུང་སྦྱོང་བའི་དོན་དུ་སྟེ། ཡེ་ཤེས་ཐིག་ལེ་ལས། སྲོག་པ་དབྱུག་གུའི་ནང་ན་གནས། །སུམ་ཅུ་རྩ་གཉིས་མདུད་དང་བཅས། །


JLAZ003_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་བའི་ཕྲ་བ་ཡང་དག་མཆོག །ཕྱི་རོལ་མ་ཡིན་ནང་མ་ཡིན། །ཞེས་པས་གནས་ཚུལ་གྱི་ངོས་ནས་སྲོག་གི་དབྱུག་གུའམ་སྲོག་འཛིན་པའི་རྩའི་ནང་ན་ཆོས་ཉིད་ཀྱི་རྩ་མཚན་ཉིད་བཞི་དང་ལྡན་པ། འོད་གསལ་བའི་རང་བཞིན་ཐོགས་རེག་དང་བྲལ་བ་ཇི་སྲིད་དུ་ལུས་སེམས་དབུགས་གསུམ་གྱི་ཚོགས་པ་ཡོད་པ་དེ་སྲིད་རྩ་དེ་ཉིད་ཡོད་པས་མེད་པའང་མ་ཡིན་ལ། དེ་གསུམ་སོ་སོར་འགྱེས་པའི་ཚེ་རྩ་དེའང་དབུགས་དང་ལྷན་ཅིག་བལྟར་མི་མངོན་པས་དངོས་པོ་ལྟར་ཡོད་པའང་མ་ཡིན་པ་ཅན་གྱི་དབུ་མ་ཡོད་དེ། སམྤུ་ཊི་ལས། རྩ་ཡི་མཛེས་སྤྱི་ལས་བྱུང་བ། །དེ་ནི་རྡུལ་བྲལ་རབ་ཏུ་གྲགས། །དག་པའི་ཤེལ་གྱི་འོད་དང་མཉམ། །ཞེས་སོ། །དེ་ལ་ཨ་ཝ་དྷཱུ་ཏི། ཡིད་བཟང་མ། ཀུན་འདར་མ། སྒྲ་གཅན། མུན་པ་མ་སོགས་སུ་གྲགས་ལ། ཁ་ཁ་མུ་ཁ་དང༌། བྱ་རོག་གདོང་དང༌། དུང་ཅན་མ་ལ་སོགས་པ་ནི་གཟུགས་ཅན་གྱི་རྩ་ཡིན་ཡང་དབུ་མའི་རྣམ་གྲངས་ཙམ་དུ་བསྡུས་པར་ངེས་པར་བྱའོ། །དོན་དམ་པའི་དབུ་མ་ནི་གང་ལ་གནད་དུ་བསྣུན་པའི་འབྲས་བུའི་ངོ་བོ་ཉིད་ཡིན་ཏེ། ངོ་བོ་ཉིད་དེ་ཡང་མཐར་གྱི་ཚིག་བླ་དྭགས་ཙམ་དུ་ཟད་པས་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེ་ལས་གནས་པ་སྲོག་གི་དབྱུག་གུ་དང་བཅས་པའི་རྩ་དབུ་མ་རོ་རྐྱང་གི་ཡན་ལག་ཅན་ལ་རྩའི་


JLAZ003_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཡང་སྐུ་གསུང་ཐུགས་བདེ་བ་ཆེན་པོ་ལྟར་ན་གསུམ་དུ་ཡོད་དེ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་དོ། །སྐུ་བཞི་ཡེ་ཤེས་ཀྱི་རིམ་པ་དང་སྦྱར་བའི་དབང་དུ་དེའི་སྟེང་དུ་སྤྱི་བོ་བདེ་ཆེན་ཀྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་རྩ་གཉིས་ཡོད་དོ། །སྐུ་ལྔ་ལྷུན་གྲུབ་ཀྱི་དག་པ་དང་བསྟུན་ན་དེའི་སྟེང་དུ་གསང་གནས་བདེ་སྐྱོང་གི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་སོ། །སྦྱང་གཞི་སྦྱོང་བྱེད་ཀྱི་དབང་དུ་བྱས་ན་སྔ་མའི་སྟེང་དུ་གཙུག་ཏོར་ནམ་མཁའི་ཁམས་ཀྱི་འཁོར་ལོ་བསྣན་པའོ། །དེ་བས་ན་རྩ་འཁོར་མང་ཉུང་དང༌། དེ་ལ་ཡི་གེ་དགོད་པ་ལ་སོགས་པའི་རྣམ་གྲངས་ལ་རྒྱུད་སྡེ་སོ་སོའི་ལུགས་མི་མཐུན་པ་ནི་སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་པ་དང༌། རྩ་དང༌། དབང་པོ་ཐ་དད་པའི་རིམ་པ་ལྟར་འདུལ་བྱེད་ཀྱི་མན་ངག་ཀྱང་དེ་བཞིན་དུ་བསྟན་པ་སྟེ། དེ་ལ་གཡོ་བའི་རླུང་དང་བཀོད་པ་བྱང་ཆུབ་ཀྱི་སེམས་ཟུང་དུ་འཇུག་པས་གནད་དུ་བསྣུན་པའི་འབྲས་བུ་ལ་མཆོག་དམན་དང་ཁྱད་པར་མེད་པའི་ཚུལ། དཔེར་ན་མཉན་ཡོད་ནས་གྲོང་ཁྱེར་ཙམ་པར་རྒྱུ་བ་ལ་ཐལ་བྱུང་གི་ལམ་དང༌། འཚེ་དོགས་ཆུང་བའི་སྲང་དང༌། སྟོབས་


JLAZ003_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེས་བགྲོད་པའི་རྒྱ་ལམ་སོགས་ཐ་དད་དུ་ཡོད་ཀྱང་སླེབ་ས་གཅིག་པ་བཞིན་ནོ། །དེ་ལ་དུས་འཁོར་བ་ལྟར་ན་འཁོར་ལོ་དྲུག་དང༌། སོ་སོའི་བར་ཏེ་བཅུ་གཉིས་ལ་རླུང་གི་འཕོ་བ་བཅུ་གཉིས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཡོད་པའི་བྱེད་པ་བཅིངས་པ་ན་ཁམས་ཀྱི་རྣམ་པར་འགྱུར་བ་མི་བརྟེན་པར་འཛག་མེད་དུ་ཆིངས་ནས་འཕོ་བ་སྤངས་ཏེ་ལུགས་ལས་ལྡོག་པའི་འགྲོས་གསང་གནས་ཡེ་ཤེས་ཀྱི་འཁོར་ལོར་ཕྱིན་པ་ལས་རླུང་འཕོ་བ་གཅིག་འགག་ཅིང༌། རྟེན་འབྲེལ་གཅིག་འདག ས་དང་པོའི་རྟོགས་པ་སྐྱེ། དེ་བཞིན་དུ་འཁོར་ལོ་རེ་དང་བར་ཐག་རེའི་གནས་སུ་རླུང་གི་འཕོ་བ་རེ་འགག་ཅིང་རྟེན་འབྲེལ་རེ་དག་ནས་ས་གཉིས་པ་ལ་སོགས་བགྲོད། མཐར་གཙུག་ཏོར་ནམ་མཁའི་ཁམས་ཀྱི་འཁོར་ལོར་ཕྱིན་པའི་ཚེ་འཕོ་བ་བཅུ་གཉིས་པོ་ཐམས་ཅད་འགག་ཅིང་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་པོ་ཕན་ཚུན་འབྲེལ་བ་ཆད་ནས་མི་འགྱུར་བའི་བདེ་བ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པ་ཡིན་ཏེ། དབང་མདོར་བསྟན་ལས། རྟེན་དང་བརྟེན་པའི་འབྲེལ་བ་ནི། །ཇི་སྲིད་མི་འགྱུར་ཉིད་དུ་འགྱུར། །སེམས་ཀྱི་མི་འགྱུར་ཉིད་ཐོབ་ན། །རྟེན་དང་བརྟེན་པའི་འབྲེལ་བ་མེད། །ཅེས་སོ། །དེ་ཡང་རྩ་འཁོར་དྲུག་གི་རང་བཞིན་དོན་སྤྱི་ལ་


JLAZ003_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་རྒྱུད་སྡེ་ཐ་དད་པའི་རྫོགས་རིམ་གྱི་དབྱིངས་འཇལ་ཤེས་པའི་ཕྱིར་དཔལ་སྒྱུ་འཕྲུལ་དྲ་བའི་གཞུང་དང་བསྟུན་ན། དེ་དང་རྣམ་གྲངས་མཐུན་པའི་རྩ་འདབ་ལ། །སྦྱང་གཞིར་གནས་པའི་རིགས་དྲུག་ས་བོན་རྣམས། །སྦྱོང་བྱེད་རིགས་པའི་སྐྱེས་བུ་རྣམ་དྲུག་དང༌། །ཕ་རོལ་ཕྱིན་པ་དྲུག་གིས་སྦྱངས་པ་ལས། །ཐ་དད་པ་ཡི་ཡེ་ཤེས་རྣམ་པ་ལྔ། །བསམ་གྱིས་མི་ཁྱབ་གཅིག་དང་དྲུག་འཐོབ་བོ། །རྣམ་པ་ཐམས་ཅད་དུ་འབྲེལ་བ་བླ་མའི་མོས་གུས་དང༌། རྫོགས་རིམ་གྱི་སྨིན་བྱེད་བསྐྱེད་རིམ་ལམ་དུ་སོང་བ་ལས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་རླུང་སེམས་ལས་སུ་རུང་བས་སྦྱང་གཞི་རིགས་དྲུག་གི་ས་བོན་རྣམས་སྦྱོང་བྱེད་རིགས་པའི་སྐྱེས་བུ་དྲུག་གམ་ཕྱིན་དྲུག་གི་རང་བཞིན་འཁོར་ལོ་དྲུག་ཏུ་རྒྱུ་བའི་རླུང་སེམས་ཐིག་ལེ་དང་བཅས་པ་ལ་གནད་དུ་བསྣུན་ནས་སྦྱངས་པས། འཁོར་ལོ་དྲུག་དང་སོ་སོའི་བར་སྟོངས་ཏེ་བཅུ་གཉིས་སུ་རླུང་དག་པས་ས་བཅུ་གཉིས་བསྒྲོད་ཚུལ་སྔར་བཞིན་ལ་སྦྱངས་འབྲས་བཤད་མ་ཐག་པའི་ཡེ་ཤེས་དྲུག་འཐོབ་ཅིང༌། མཐར་ཐུག་ཡེ་ཤེས་ཆེན་པོའི་ས་བཅུ་གསུམ་པ་རྫོགས་པའོ། །དེ་བཞིན་སྙིང་ག་ཞི་བའི་འཁོར་ལོ་དང༌། །སྤྱི་གཙུག་ཁྲོ་བོའི་འཁོར་ལོ་རྣམ་གཉིས་


JLAZ003_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ལྷ་དང་རྣམ་གྲངས་མཉམ་པའི་རྩ་འདབ་དང༌། །ཐབས་གྲོལ་སྟེང་འོག་ལམ་གྱི་སྒོ་གཉིས་སུ། །འདོད་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ལུགས། །དེ་ལ་སྒྱུ་འཕྲུལ་རྩ་བའི་རྒྱུད་ཀྱི་རང་ལུགས་ནི་འཁོར་ལོ་གཉིས་ཡིན་ཏེ། སྙིང་ག་ཞི་བའི་འཁོར་ལོ་དང༌། སྤྱི་གཙུག་ཁྲོ་བོའི་འཁོར་ལོའོ། །དེ་གཉིས་ལ་རྩ་འདབ་ཀྱང་རགས་པ་ནི་ལྷའི་གྲངས་དང་མཉམ་པ་སྟེ་སྙིང་ག་ན་བཞི་བཅུ་རྩ་གཉིས་དང༌། དུང་ཁང་ན་ལྔ་བཅུ་རྩ་བརྒྱད་དེ་དམ་པ་རིགས་བརྒྱའི་བདག་ཉིད་དོ། །ཕྲ་བ་ནི་བསམ་གྱིས་མི་ཁྱབ་ཀྱང་ཁམས་དང་རླུང་འབབ་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་འབུམ་ལྔ་དང༌། སངས་རྒྱས་ཐོད་པ་ལ་སོགས་སྤྱི་དང་མཐུན་པར་ཡོད་དེ། སྒྱུ་འཕྲུལ་ཆེན་མོ་ལས། རོ་མ་རྐྱང་མ་ཀུན་འདར་མ། །འཁོར་ལོ་སོ་སོའི་དཀྱིལ་དག་ན། །ཀ་བའི་ཚུལ་དུ་གནས་པ་ལ། །ཡལ་གའི་འདབ་མ་གྲངས་ལས་འདས། །ཁམས་དང་རླུང་ནི་འབབ་པ་ཡི། །ཡེ་ཤེས་རྩ་ནི་སྟོང་ཕྲག་གཅིག །བདུན་ཅུ་རྩ་གཉིས་བསྒྲེས་པ་ཡི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང༌། །འགྱུ་བ་ཆེན་མོར་འདོད་པ་སྟེ། །ཞེས་སོ། །དེ་ཡང་རྒྱུད་གདམས་ངག་ལྟར་བཤད་པའི་དབང་དུ་བྱས་ན་རྩ་རྒྱུད་ལེའུ་བཞི་པ་ནས་ཉེར་གཅིག་པ་ཡན་ཆད་ལ་ཐབས་གྲོལ་གྱི་ལམ་གཉིས་གཙོ་ཆེ་


JLAZ003_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་དང་ཆ་མཉམ་པའི་ཚུལ་གསུམ་དུ་འཆད་པའི་སྟེང་སྒོ་རྣམ་གྲོལ་ལའང་ཐུན་མོང་དང་འཇུ་འདུལ་གྱི་མན་ངག་གཉིས་ལས། དང་པོ་ནི་སྒྱུ་འཕྲུལ་རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བ་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་དགའ་བཞིའི་ཡེ་ཤེས་བསྐྱེད་པ་སྟེ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་སྙིང་པོ་ཨ་ཐུང་དང་བཅས་པ་བསྒོམས་པས་སའི་དངས་མ་ཟིན། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་སྙིང་པོ་ཐིག་ལེ་བཾ་དང་བཅས་པ་བསྒོམས་པས་ཆུའི་དངས་མ་ཟིན། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་ཡི་གེ་ཨ་དང་བཅས་པ་བསྒོམས་པས་མེའི་དངས་མ་ཟིན། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཡི་གེ་ཧཾ་དང་བཅས་པ་བསྒོམས་པས་ཆུའི་དངས་མ་ཟིན། དེ་ཡང་སྒྲོམ་མདོ་རླུང་གི་འཁོར་ལོ་བསྐྱོད་པས། སུམ་མདོ་མེའི་འཁོར་ལོ་འབར་ཏེ་འཁོར་ལོ་བཞིའི་ཐིག་ལེ་ཞུ་བ་ལས་རླུང་གི་དངས་མ་ཟིན། དགའ་བ་བཞི་དང་འབྲེལ་བའི་བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ལ་སྟེང་སྒོ་རྣམ་གྲོལ་གྱི་ལམ་ཐུན་མོང་བ་ཞེས་བྱའོ། །གཉིས་པ་


JLAZ003_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྙིང་ག་ལྟེ་མགྲིན་སྤྱི་བོའི་འཁོར་ལོ་བཞིར་རིམ་པས་ཀུན་ཏུ་བཟང་པོའི། བདེ་ཆེན་ཐིག་ལེའི། སྦྱོར་བ་དག་པའི། ཁྱབ་གདལ་ཆེན་པོའི་མན་ངག་བཞི་རྩ་རྒྱུད་ལེའུ་བཅུ་གསུམ་པས་སྟོན་པ་ལྟར་བསྒོམས་པས། འཁོར་ལོ་བཞིའི་ལྟེ་བའི་དངས་མ་གཡོ་བྱེད་དང་བྲལ་བའི་འོད་གསལ་ལ་དངས་མའི་དངས་མ་རྣམས་ཐིམ་པས་མཆོག་ཏུ་མི་འགྱུར་བའི་འོད་གསལ་རྣམ་པར་མི་རྟོག་པ་འཆར་བའོ། །འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལ་ནམ་མཁའ་ནི་ཤེས་རབ། རྡོ་རྗེ་ནི་ཐབས་ཏེ། ཐབས་ཤེས་གཉིས་མེད་ཕྱག་རྒྱ་བཞིའི་རོལ་པས་རྩ་ཁམས་ནས་ཞུ་བདེ་འདྲེན་པ་དང་རྡོ་རྗེ་ནོར་བུར་བཅིང་བ་དང༌། ཡུམ་གྱི་མཁར་སྤྲོ་བ་དང༌། རྩ་མདུད་ཀྱི་རྟོག་པ་ཐམས་ཅད་དགྲོལ་བ་དང༌། དེ་སླར་རླུང་གི་མཐུས་དྲང་ཞིང་ལྡོག་པ་ལས་འཁོར་ལོ་བཞི་གསོས་བཏབ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཁྱབ་གདལ་ཆེན་པོའི་དགོངས་པ་ལ་སྦྱར་བས་རྣམ་སྨིན་གྱི་ལུས་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་རྒྱས་ཐེབས་པས། ཐ་མལ་གྱི་འདོད་ཆགས་སུ་རྟོག་པའི་བདུད་བཅོམ། བདེ་བའི་ཡེ་ཤེས་ཀྱི་རྩི་རྒྱས། དེ་སྤྱད་པས་འདུ་བའི་ནད་སེལ། ཁམས་འཛག་མེད་ཀྱིས་འཁོར་བའི་གཡུལ་ངོ་བཅོམ། རྟོག་ཚོགས་སྐུ་


JLAZ003_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་སུ་གྱུར་པས་མྱ་ངན་ལས་འདའ་བའི་གཡུལ་རྒྱལ་བ་ལ་འོག་སྒོ་ནམ་མཁའི་རྡོ་རྗེའི་ལམ་ཞེས་ཀྱང་བྱའོ། །གཉིས་པ་བརྟེན་པ་རླུང་གི་རབ་ཏུ་དབྱེ་བ་ནི། གཡོ་བ་རླུང་ལ་འགྱུ་བ་ཆེ་ཆུང་གཉིས། །ཆེ་བ་ཉིན་ཞག་ཕྲུགས་གཅིག་དག་ལ་ནི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་སུ་འགྱུ། །ཆུང་བ་ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་གི །གྲངས་དང་མཉམ་པའི་བཞོན་པ་ལྟ་བུར་གནས། །དེ་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་གསུམ་དུ་བསྒྲེས་པའི་འགྱུར་འབྱུང་བ་བཞི་སོ་སོའི་རླུང་ལ་ལྔ་སྟོང་བཞི་བརྒྱ་རེའི་འགྱུར་ཚད་བསྡོམས་པས་སྐྱེས་བུ་དར་བབས་ནད་ཀྱི་སྐྱོན་དང་བྲལ་བ་ཞིག་ལ་ཉིན་ཞག་རེར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྱུ་བ་ནི་འགྱུ་བ་ཆེན་པོའི་རླུང་ཡིན་ཏེ་ཐལ་འགྱུར་ལས། རྩ་ལ་བརྟེན་པའི་རླུང་དག་ནི། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག །དྲུག་བརྒྱ་དག་ཏུ་འགྱུ་བ་ནི། །འགྱུ་བ་ཆེན་མོའི་རླུང་དུ་འདོད། །ཅེས་སོ། །དེའང་རྒས་པ་རྣམས་ལ་ནི་འབྱུང་བའི་གྲལ་ཉམས་པས་ལྔ་བཅུ་རྩ་བརྒྱད་ཀྱིས་མ་ཚང་ལ། སྤྱིར་རྒོད་ན་ཚེ་ཐུང༌། བྱིང་ན་སྡུག་བསྔལ་བ་སོགས་འབྱུང་ངོ༌། །འབྱུང་བ་མ་རྒྱས་པའི་གཞོན་ནུ་རྣམས་ལ་ནི་སུམ་ཅུ་རྩ་གཉིས་ཀྱིས་མ་ཚང་ལ་འཕོ་བ་རིང་ན་ཚེ་རིང་ཞིང་ནད་ཉུང་འཁོར་འདུ།


JLAZ003_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་ན་དེ་ལས་ལྡོག དྲག་ན་བསོད་ནམས་དང་ལྡན། ཞན་ན་སྡུག་བསྔལ་ལོ། །འགྱུ་བ་ཆུང་བ་ནི་ཀུན་ཏུ་རྟོག་པ་ཅན་གཙོ་ཆེ་བའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གྲངས་དང་མཉམ་པས་དེ་དག་གི་བཞོན་པར་གྱུར་པར་སྟེ་སྒྱུ་འཕྲུལ་ལས། གཞན་ནི་བཞི་སྟོང་བརྒྱད་ཁྲིའོ། །ཞེས་པ་ལྟར་རོ། །དེ་ཡང་ཁ་སྣ་ནས་རྒྱུ་བ་མ་གཏོགས་པ་རྩའི་ནང་ན་རྟོག་པ་དང་ཡེ་ཤེས་ཀྱི་རྟེན་དུ་འགྱུ་བ་ཆུང་བའི་རླུང་ལོངས་སྤྱོད་འཁོར་ལོ་ལས་གྱེས་པའི་འཕར་རྩ་ནས་འགྱུ་བ་རྣམས་བསྡོམས་པས། ཆིག་འབུམ་ཉི་ཁྲི་དྲུག་སྟོང་དྲུག་བརྒྱ་ནང་དུ་འགྱུ་བ་སྟེ་ཐལ་འགྱུར་ལས། རྩ་ནས་ངེས་པར་འགྱུ་བ་ནི། འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཉིས། །སྟོང་ཕྲག་དྲུག་དང་བརྒྱ་ཕྲག་དྲུག །རྩ་ནས་ངེས་པར་འབྱུང་བ་སྟེ། །འགྱུ་བ་ཆུང་བའི་རླུང་དུ་འདོད། །ཅེས་སོ། །བྱེད་ལས་ཀྱི་སྒོ་ནས་དབྱེ་བའི་ཕྱིར། རྩ་བའི་རླུང་ནི་སྲོག་འཛིན་མེ་མཉམ་དང༌། །ཁྱབ་བྱེད་གྱེན་རྒྱུ་ཐུར་སེལ་ལྔར་གནས་པའི། །བྱེད་ལས་རིམ་བཞིན་སྲོག་བརྟེན་མེ་དྲོད་བསྐྱེད། །ལུས་ཉམས་བརྟས་དང་དབུགས་ཀྱི་འགྲོ་འོང་དང༌། །འགྲོ་འདུག་བཤང་གཅི་འཕེན་པའི་བྱ་བ་བྱེད། །དེ་ཡང་ཕོ་རླུང་གྱེན་རྒྱུ་སྟོད་ན་གནས། །མོ་རླུང་ཐུར་སེལ་སྨད་དང་མ་ནིང་མཉམ། །


JLAZ003_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་རླུང་ནི་འབྱུང་ལྔའི་ཁ་དོག་ཅན། །ཕུང་པོ་ཁམས་དང་སྐྱེ་མཆེད་གནས་པའི་རྟེན། །དུག་ལྔ་དང་ནི་ཡེ་ཤེས་རྣམ་པ་ལྔ། །རྒྱུ་འབྲས་ལྟ་བུར་མཆེད་པའི་རྟེན་བྱེད་དོ། །དེ་ལ་རྩ་བའི་རླུང་ལྔ་ལས་སྲོག་འཛིན་སྙིང་ག་ན་གནས་ཏེ་སྲོག་གནས་པར་བྱེད་དོ། །མེ་མཉམ་ལྟོ་བ་ན་གནས་ཏེ་དྲོད་འབེབས། ཁྱབ་བྱེད་ནི་ལུས་བྱིངས་ལ་གནས་ཏེ་ལུས་ཉམས་བརྟས་པར་བྱེད། གྱེན་རྒྱུ་ནི་རོ་སྟོད་ན་གནས་ཏེ་དབུགས་འབྱུང་རྔུབ་བྱེད། ཐུར་སེལ་ནི་རོ་སྨད་ན་གནས་ཏེ་འགྲོ་འདུག་དང་ཟག་པ་འདོར་བའི་བྱ་བ་བྱེད་པ་ཡིན་པས་ཕྱིའི་རླུང་ལྔ་ཞེས་གྲགས་སོ། །ནང་གི་རླུང་ནི་འབྱུང་བ་ལྔའི་རང་བཞིན་ཏེ་སའི་རླུང་ནི་སེར། ཆུའི་དཀར། མེའི་དམར། རླུང་གི་ལྗང༌། ནམ་མཁའི་རླུང་མཐིང་ག་སྟེ། བསྒོམ་ཚུལ་གྱི་དབང་དུ་བྱས་ན་དབྱིབས་ཀྱང་རིམ་པ་བཞིན་གྲུ་བཞི་དང༌། ཟླ་གམ་དང༌། གྲུ་གསུམ་དང༌། གཞུ་བདུངས་པ་ལྟ་བུ་དང༌། ཟླུམ་པོའོ། །དེ་དག་ལ་བརྟེན་ནས་ནང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་གནས་པའི་རྟེན་བྱེད། དེ་ཡང་མ་དག་པའི་དུས་ན་དུག་ལྔ་མཆེད་པའི་གཞི་


JLAZ003_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལ། ལམ་གྱི་དུས་ཟད་པར་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་རྫུ་འཕྲུལ་གྲུབ་པ་དང༌། དག་པའི་ཚེ་ཡེ་ཤེས་ལྔ་མཆེད་པའི་རྟེན་བྱེད་དོ། །དེ་དག་རྒྱུ་ཚུལ་གྱི་དབང་དུ་བྱས་ན་དབྱར་མེ། སྟོན་རླུང༌། དགུན་ཆུ། དཔྱིད་སའི་རླུང་རྒྱུ་བས་དེའི་གཉེན་པོར་གོ་ལྡོག་ནས་བསྒོམ་པའམ། ཡང་ན་ཀུན་ཏུ་ཤིས་པ་ནམ་མཁའི་རླུང་འབའ་ཞིག་གམ། ནད་ཁམས་དང་བསྟུན་ནས་གང་འཕྲོད་བསྒོམ་པའོ། །དེ་དག་ཀྱང་ཕོ་མོ་མ་ནིང་གི་རླུང་གསུམ་དུ་བསྡུ་ན། སྣ་བུག་གཡས་ནས་རྒྱུ་བ་ཕོ་རླུང༌། གཡོན་ནས་རྒྱུ་བ་མོ་རླུང༌། ཆ་མཉམ་དུ་རྒྱུ་བ་མ་ནིང་གི་རླུང་གསུམ་ཡང༌། འབྱུང་བ་ལྔའི་རླུང་གི་ངེས་པས་དུས་བཞིའི་འཕོ་དུས་ལ་སྦྱར་ཏེ། སྐྱེས་པས་མོ་རླུང་དང༌། བུད་མེད་ཀྱིས་ཕོ་རླུང་དང༌། གཉིས་ཀས་མ་ནིང་གི་རླུང་ལ་གཙོ་བོར་སྦྱངས་ན་གསང་བ་ཡེ་ཤེས་ཀྱི་རླུང་ལྔ་འབྱོངས་པར་སླ་ལ། དེ་ལ་ནི་རགས་པ་མེད་པས་ཁ་དོག་དང་རྣམ་པ་མེད་དོ། །དེའང་གྱེན་རྒྱུ། ཐུར་སེལ། མཉམ་གནས་གསུམ་གྱི་གནད་ལས། སྟེང་རླུང་མནན་པ་དང༌། འོག་རླུང་བསྡུ་བ་དང༌། བར་རླུང་བསྐྱིལ་བ་གསུམ་གྱི་གནད་ལ་མཁས་པར་བྱ་བའི་ཚུལ་ཐལ་འགྱུར་ལས། གྱེན་དུ་རྒྱུ་དང་ཐུར་དུ་སེལ། །བར་ན་མཁས་པས་གནད་ཉིད་བཙལ། །ཞེས་


JLAZ003_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གཞན་ཡང་མདའ་ལྟར་འཕང་བ་དང༌། གཞུ་ལྟར་དགུག་པ་དང༌། བུམ་པ་ཅན་དུ་བསྐྱིལ་བ་དང༌། ཆུ་སྲིན་ཆིངས་སུ་བསྡམ་པ་དང༌། རི་བོ་ལྟར་མནན་པ་དང༌། སྦུབས་ཆུ་ལྟར་བསྡུ་བ་དང༌། རྩ་གནས་སུ་དགྲམ་པ་དང༌། རང་གནས་སུ་གཞིལ་བ་དང༌། ནམ་མཁའ་ལྟར་ཆོས་ཉིད་དུ་ཁྱབ་པར་གདལ་བའི་གནད་དགུ་ལ་མཁས་པར་བྱའོ། །དེའང་རླུང་གི་རང་བཞིན་ནི་གཉིས་ཏེ། ལས་ཀྱི་རླུང་དང་ཡེ་ཤེས་ཀྱི་རླུང་ངོ༌། །དེ་སྐད་དུ་རྩ་གནས་འཁོར་ལོ་ལས། རླུང་ལ་རྣམ་པ་གཉིས་ཡིན་ཏེ། །ཡེ་ཤེས་དང་ནི་ལས་རླུང་ངོ༌། །ཞེས་པ་ལྟར་ལས་ཀྱི་རླུང་གིས་འཁོར་བའི་རྒྱུ་བྱེད་དེ། རྩའི་གནས་འགྱུར་ཞིང་འཆུས་པ་ལས། ལས་ཀྱི་རླུང་དུ་སོང་སྟེ་དེ་སེམས་ཀྱི་བཞོན་པར་གྱུར་པ་ལས་རྣམ་པར་རྟོག་པ་སྣ་ཚོགས་པ་དང༌། མི་དགེ་བའི་རྣམ་འགྱུར་དང༌། བྱིང་རྒོད་རྨུགས་གསུམ་ལ་སོགས་པ་རླུང་ཉམས་ངན་པ་སྐྱེ། གནས་མལ་འཕྱུགས་པ་ལས་འཁྲུལ་སྣང་སྣ་ཚོགས་འཆར། དུས་བཞིའི་རླུང་འགྱུར་བས་ཚེའི་དུས་བྱེད་པའང༌། དགུན་དུས་ཀྱི་ཆབ་རོམ་ལྟ་བུའི་རླུང་མེ་རླུང་དུ་སོང་བ་དང༌། དཔྱིད་དུས་ཀྱི་ས་བོན་ལྟ་བུའི་རླུང་ཆུ་རླུང་དུ་སོང་བ་དང༌། དབྱར་དུས་ཀྱི་མེ་སྟག་ལྟ་བུའི་རླུང་ས་རླུང་དུ་སོང་བ་དང༌། སྟོན་དུས་ཀྱི་མེ་ཏོག་ལྟ་བུའི་རླུང་རླུང་


JLAZ003_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གི་རླུང་དུ་སོང་བ་ལས་ཚེའི་དུས་བྱེད་དོ། །གཞན་ཡང་འགྱུ་ཚད་མ་ཚང་བ་ལས་ཚེའི་དུས་བྱེད་པ་ནི། དར་ལ་བབས་པ་ལ་སུམ་བརྒྱས་མ་ཚང་ན་ལོ་གཅིག ལྔ་བཅུས་མ་ཚང་ན་ལོ་གཉིས། སུམ་ཅུ་རྩ་གཉིས་མ་ཚང་ན་ལོ་གསུམ། ཉེར་གཅིག་མ་ཚང་ན་ལོ་བཞི། བརྒྱད་ཆས་མ་ཚང་ན་ཟླ་བ་བདུན། དྲུག་ཆས་མ་ཚང་ན་ཟླ་བ་ལྔ། བཞི་ཆས་མ་ཚང་ན་ཟླ་བ་གཅིག བཅུ་ཆས་མ་ཚང་ན་ཞག་ཉེར་དགུ། ཉི་ཤུ་མ་ཚང་ན་ཞག་བཅོ་བརྒྱད། སུམ་ཅུ་མ་ཚང་ན་ཞག་བཅུ། བཞི་བཅུ་མ་ཚང་ན་ཞག་བདུན། དྲུག་ཅུ་མ་ཚང་ཞག་བཅོ་ལྔ་རྣམས་སོ། །རླུང་འགྱུར་བ་ལས་ནད་བསྐྱེད་པའང་ཉིན་དུས་མེ་རླུང་དུ་གནས་པ་ཆུ་རླུང་དུ་གྱུར་པ་དང༌། མཚན་དུས་ཆུ་རླུང་དུ་གནས་པ་ས་རླུང་དུ་གྱུར་པ། ནང་དུས་ས་རླུང་དུ་གནས་པ་རླུང་གི་རླུང་དུ་གྱུར་པ་དང༌། ནུབ་དུས་རླུང་གི་རླུང་དུ་གནས་པ་མེ་རླུང་དུ་གྱུར་པ་རྣམས་ལས་ནད་དུ་འགྲོ་ལ། དེའང་མེ་རླུང་དུ་གནས་གྱུར་པ་ལ་མཁྲིས་པ། ཆུ་ལས་བད་ཀན། རླུང་ལས་རླུང་ནད། ས་ལས་ལྡན་པ་སྟེ་ནད་གཉིས་འདུས་དང༌། འདུས་པ་སྟེ་གསུམ་ག་འདུས་པའི་ནད་བསྐྱེད་དོ། །ནད་བཅོས་ཚུལ་ནི་སློབ་དཔོན་ཆེན་པོ་བི་མ་ལའི་དུམ་དུམ་ཁྲིགས་ན་གསལ་ལོ། །མདོར་ན་ལས་རླུང་གི་བྱེ་བྲག་བཅུ་གཉིས་ལས་ནང་དུ་ལུས་ཀྱི་འཕེལ་


JLAZ003_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིབ་བྱེད། དེས་ཕྱིར་ལོ་བཅུ་གཉིས། ནང་དུ་ཟླ་བ་བཅུ་གཉིས། གསང་བར་དུས་སྦྱོར་བཅུ་གཉིས་སུ་བྱས་ནས་འཁོར་བ་སྨིན་པར་བྱེད་པ་ཡིན་ནོ། །དེ་དག་ཀྱང་བསྡུ་ན་འཛིན་པ་དང་བསྐྱེད་པའི་རྒྱུ་གཉིས་ལ་བསྡུ་བའི་ཚུལ་དེ་ལས། ལས་ལ་རྣམ་པ་གཉིས་ཡིན་ཏེ། །འཛིན་པའི་རྒྱུ་དང་བསྐྱེད་པའི་རྒྱུ། །ཞེས་སོ། །དེ་ཡང་ཕྱི་རོལ་གྱི་གནས་སྐབས་དང་སྦྱར་ཏེ་ཉིན་ཞག་གཅིག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་དབྱུག་གུས་ཕྱེ་ན་ཞག་གཅིག་ལ་ཐུན་བརྒྱད། ཐུན་ཚོད་སུམ་ཅུ་རྩ་གཉིས། དབྱུག་གུ་དྲུག་ཅུ་རྩ་བཞི། འཕོ་བ་བཅུ་དྲུག་སྟེ། འཕོ་བ་རེ་ལ་རླུང་ཆིག་སྟོང་སུམ་བརྒྱ་ལྔ་བཅུ་ཡོད་པ་བཞིན། གཞན་ལའང་དགོད་དོ། །དེ་ལྟ་བུའི་ཞག་གཅིག་ལ་འབྱུང་བའི་བྱེད་ལས་བཅུ་གཉིས་ཀྱི་བྱེར་ཟུག་བཅུ་གཉིས་སུ་འགྱུར་ལ། དེས་རླུང་བཅུ་གཉིས་སུ་འཕེལ་འགྲིབ་ལྟར་སྟོན་ཅིང་ཉི་མ་ལྷོ་བྱང་གི་བགྲོད་པས་ཉིན་ནུབ་རིང་ཐུང་འབྱུང་བའི་གནད་མ་འཁྲུལ་བ་དུས་ཀྱི་འཁོར་ལོས་སྟོན་པ་ལྟར་ནང་གི་རླུང་ལའང་དེ་བཞིན་དུ་ཡོད་དོ། །ཡེ་ཤེས་ཀྱི་རླུང་གིས་མྱ་ངན་ལས་འདས་པ་སྨིན་པའི་ཚུལ་ནི། སྤྱིར་གནས་སྐབས་གྱི་འགྱུ་བ་ཙམ་དུ་རླུང་གཉིས་གཅིག་ཀྱང་རྩ་ལ་གནད་དུ་བསྣུན་པས་རྩ་མ་འཁྱུས་པའི་འགྱུ་བ་ལས་ཡེ་ཤེས་ཀྱི་རླུང་དུ་སོང་ནས་བྱེད་ལས་


JLAZ003_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་དང༌། སྟོང་པ་དང༌། གསལ་བར་སྟོན་པས་ན་ཡེ་ཤེས་ཀྱི་རླུང་ཞེས་བྱ་སྟེ་སྒྲིབ་བྱེད་ཤེས་བྱའི་ཐ་སྙད་ཀྱིས་མ་བསླད་པའོ། །དཔེར་ན་ལས་རླུང་འདོད་རྒྱལ་བ་སྲོག་པ་རྩར་ཞུགས་ན་སྨྱོན་པར་འགྱུར་ཡང༌། མཐའ་གཉིས་ལ་མི་གནས་པའི་ཡེ་ཤེས་ཀྱི་རྩ་དབུ་མའི་ནང་དུ་ཞུགས་ན་སངས་རྒྱས་ཀྱི་ས་དང་འབྲས་བུའི་ཡོན་ཏན་བསྐྱེད་པ་བཞིན་དུ། ཤེས་པའི་གདངས་དང་རྩ་ནས་འགྱུ་བའི་རླུང་ཙམ་དུ་གཅིག་ཀྱང་གནད་དུ་བསྣུན་མ་བསྣུན་དང༌། དེ་སྒྲ་ཇི་བཞིན་པ་ལམ་དུ་སོང་མ་སོང་གི་ངོས་ནས་ཤེས་པ་ལས་སུ་རུང་བ་ལས་ཡེ་ཤེས་དང༌། མ་རུང་བ་ལས་ཉོན་མོངས་དང་འཁོར་བའི་རྒྱུར་འགྱུར་བའོ། །དེ་བས་ན་ཡེ་ཤེས་ཀྱི་རླུང་དེ་ལས་སུ་རུང་བའི་བྱེད་ལས་ནི་བཞི་སྟེ། རླུང་དེ་གཡོ་བ་མེད་པའི་ཆ་ནས་གཞི་གནས་ཀྱི་ཡེ་ཤེས་ཀྱི་ལས་བྱེད་པས་ཅིར་སྣང་གནས་ལུགས་ལས་འགྱུར་མི་སྲིད། རླུང་དེ་སྣང་བའི་ཆ་ནས་ཡེ་ཤེས་ཀྱི་མཚན་ཉིད་མ་འདྲེས་པར་འཛིན་པས་སོ་སོའི་རིགས་དང་སྐུ་དང་ཡེ་ཤེས་དང་འོད་དང་ཁ་དོག་གི་གོ་འབྱེད་ཅིང༌། དེ་ལྟར་འབྱེད་ཀྱང་གཞན་བྱུང་གི་རྐྱེན་ལ་མ་ལྟོས་པར་རང་གི་ངོ་བོས་ཡེ་ནས་ཤེས་པས་ཡེ་ཤེས་ཞེས་བྱའོ། །དེ་སྐྱེ་བའི་ཆ་ནས་སོ་སོ་རང་རིག་གི་ཤེས་བྱས་བསྡུས་པའི་ཡེ་ཤེས་ཀྱིས་རང་གཞན་གྱི་དོན་གཉིས་ཐོགས་པ་མེད་པར་བྱེད་ཀྱང་བྱ་བྱེད་རང་རྒྱུད་པར་མི་


JLAZ003_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གནས། འགྱུ་བའི་ཆ་ནས་བདག་དང་བདག་གིར་འཛིན་པ་མ་ཡིན་བཞིན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་བྱས་བསྡུས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངའ་དབང་འབྱོར་པའོ། །དེ་ལྟར་རྒྱུ་དུས་ཀྱི་བྱེད་པ་བཞི་པོས་ལམ་དུས་ན་དོན་དམ་པའི་འབྱུང་བ་བཞིར་བྱས་པས་འབྲས་དུས་ན་སྐུ་བཞིའི་ངོ་བོར་སྨིན་པ་སྟེ་སྔ་མ་ལས། ཡེ་ཤེས་རླུང་ནི་བཞི་ཡིན་ཏེ། །རིགས་དང་ཡེ་ཤེས་ཁ་དོག་དང༌། །ཐིག་ལེ་དངོས་ཀྱི་རླུང་ཡིན་ནོ། །ཞེས་སོ། །དེ་ལྟར་ལས་རླུང་དང་ཡེ་ཤེས་ཀྱི་རླུང་གཉིས་པོའི་བྱེད་ལས་ངེས་པར་བྱས་ནས་དངས་མའི་རླུང་ལྔ་དབུ་མར་བསྡུ་བའི་ཚུལ། ཁྱད་པར་དྭངས་མའི་རླུང་ལྔ་དྷཱུ་ཏིར་ཆུད། །ཟད་པར་ས་ཆུ་མེ་རླུང་ནམ་མཁའ་ཡི། །ཏིང་ངེ་འཛིན་དང་ཡོན་ཏན་རྫུ་འཕྲུལ་འགྲུབ། །གསང་བའི་རླུང་ནི་ཡེ་ཤེས་རྣམ་པ་ལྔ། །རགས་པའི་ཆོས་དང་རྣམ་པ་འགལ་བ་ཡིན། །དེ་ལ་སྲོག་གི་སྦྱོར་བ་རླུང་ལ་མ་བསླབས་ན་ཁམས་ལས་སུ་མི་རུང་ཞིང༌། ཏིང་ངེ་འཛིན་དང་དེ་ལས་སྐྱེས་པའི་རྫུ་འཕྲུལ་ཀྱང་མི་འགྲུབ་པས་རེ་ཞིག་དང་པོ་ཟད་པར་གྱི་ཏིང་ངེ་འཛིན་ལ་དམིགས་ནས་རླུང་དབུ་མར་བསྡུ་ཚུལ་ནི། སྲོག་དང་ཐུར་སེལ་ཁ་སྦྱར་ནས་ནང་དུ་ཐུབ་ཐད་དུ་བཟུང་བའི་མཐར་དལ་གྱིས་ཕྱི་ལ་བཏང་ནས་ཕྱི་ནང་གི་འབྱུང་བ་གཉིས་མེད་གཅིག་ཏུ་དར་ཅིག་བཟུང་ནས་སྔར་


JLAZ003_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་འབྱུང་བ་སོ་སོའི་ཁ་དོག་དང་དབྱིབས་དབུ་མའི་ནང་ལོགས་སྙིང་གའི་ཐད་སོའི་འཁོར་ལོ་སོ་སོའི་དབུས་ལ་སོགས་པར་བསྒོམས་པ་ཅུང་ཟད་བརྟན་དུས། བདེ་ཆེན་ན་ཆུ་རླུང༌། ལོངས་སྤྱོད་ན་ས་རླུང༌། སྙིང་ནང་དུ་ནམ་མཁའ། ལྟེ་བར་མེ་རླུང་རྣམས་ཀྱི་ཁ་དོག་དང་རྣམ་པ་ཅན་གང་ཞིག་རླུང་སེམས་བྱེད་པ་གཅིག་ཏུ་བཅིངས་པས་རླུང་ལྔ་ལས་སུ་རུང་བའི་རྟགས་སུ་རླུང་ལྔའི་ཁ་དོག་དང༌། རྩ་འཁོར་མཐོང་བ་དང༌། ཤེས་པ་གསལ་ལ་མི་རྟོག་པ་དང༌། སྟོང་གཟུགས་ཀྱི་རྣམ་པ་དུ་མ་མཐོང་བར་འགྱུར་རོ། །དེ་ཡང་གཡས་རླུང་དབུ་མར་ཚུད་པས་དུ་བ་ལྟ་བུ་དང༌། གཡོན་རླུང་ཚུད་པས་སྨིག་རྒྱུ། མེ་རླུང་ལས་མར་མེ་དང་འོད་འབར་བ། ཆུ་རླུང་ལས་སྤྲིན་དང༌། མཐོངས་ཁུང་གི་ཟླ་འོད་ལྟ་བུ། ས་རླུང་ལས་གསེར་གྱི་ཁ་དོག་དང༌། གློག་ལྟ་བུ། ནམ་མཁའི་རླུང་ལ་དང་པོར་མཐིང་ག་དང༌། དེ་ནས་འོད་ལྔའི་ཐིག་ལེ། ཐམས་ཅད་དབུ་མར་ལས་སུ་རུང་བ་ལས་འོད་ལྔ་དང༌། གཞའ་ཚོན་དང༌། ཐིག་ལེ་དང༌། ལྷ་སྐུ་དང༌། མཆོད་རྟེན་དང༌། གཞལ་མེད་ཁང༌། དྲྭ་ཕྱེད། པདྨ་ལ་སོགས་པ་དང༌། མདོར་ན་ལུས་གནད་ཀྱི་ཁྱད་པར་དང༌། རླུང་སེམས་ཀྱི་འདུ་བ་ངན་པ་ལས་དྷ་དུ་ར་ཟོས་པས་སྲོག་རླུང་འདུས་པའི་འཁྲུལ་སྣང་བཞིན་འགྲོ་དྲུག་གི་འཁོར་ལོ་དྲུག་ཏུ་རླུང་སེམས་


JLAZ003_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ན་བདེ་འགྲོ་དང་ངན་སོང་གི་གནས་རིགས་སོ་སོའི་ཡུལ་དང་བདེ་སྡུག་གི་སྣང་བ་འཆར་རོ། །དེ་ལྟར་བྱུང་ན་སེམས་ཅན་དེ་དག་ལ་སྙིང་རྗེ་ཆེན་པོ་བསྒོམས་ཤིང་དེ་ནས་གདོན་པར་སེམས་བསྐྱེད། གནས་སྦྱོང་གི་གདམས་ངག་དང་ལྡན་པས་འཁྲུལ་པའི་གཞི་རྩ་གཅད། ཁྱད་པར་ཟད་པར་སོ་སོའི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་དུས་ན་གཞན་སྣང་ལ་ལུས་ཀྱི་དངོས་པོ་དེ་དང་དེར་སྣང་བའི་རྫུ་འཕྲུལ་གྱི་བཀོད་པ་འགྲུབ། དེའང་སའི་རླུང་གི་དངས་མ་དབུ་མར་ཚུད་པས་ཟད་པར་སའི་ཏིང་ངེ་འཛིན་ལ་དབང་བསྒྱུར། ནང་དུ་སེམས་གནས་ཁྱད་པར་ཅན་དང༌། ཕྱི་རོལ་དུ་རིན་འབྱུང་གི་ངོ་བོ་འོད་ཟེར་སེར་པོར་གསལ། ང་རྒྱལ་གནས་སུ་དག མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སྤྱོད། རིན་པོ་ཆེ་བརྩེགས་པའི་འཇིག་རྟེན་དུ་འགྲོ། དེ་བཞིན་ཆུ་རླུང་གིས་ཟད་པར་ཆུའི་ཏིང་ངེ་འཛིན་དང༌། དངས་གསལ་རྙོག་པ་མེད་པའི་སེམས། མི་བསྐྱོད་པའི་ངོ་བོ་འོད་དཀར་པོ། ཞེ་སྡང་དག མེ་ལོང་ལྟ་བུའི། མངོན་པར་དགའ་བའི་ཞིང་དུ་འགྲོ། མེ་རླུང་དབུ་མར་ཚུད་པས་དྲོད་སྐྱེ། རླུང་གི་རླུང་དབུ་མར་ཆུད་པས་ནང་དུ་སེམས་གཡོ་བ་དང་མཆེད་པ་ཐོབ། ནམ་མཁའི་རླུང་དབུ་མར་ཆུད་པས་དེ་ཐམས་ཅད་པའི་ཆོས་ཉིད་རྣམ་པར་མི་རྟོག་པ་


JLAZ003_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་ཞིང༌། གཞན་རྣམས་དག་བྱ་དག་འབྲས་སྤྱི་དང་མཚུངས་པས་ན་སྒྱུ་འཕྲུལ་དྲྭ་བ་ལས། རླུང་ལྔའི་དངས་མ་སྟོབས་གྱུར་ན། །འོད་ལྔ་ནང་གི་ཡེ་ཤེས་ལྔ། །སྐུ་ལྔ་བགྲོད་པའི་ཞིང་ཁམས་ལྔ། །ཟད་པར་ལྔ་སོགས་འཐོབ་པར་འགྱུར། །ཞེས་སོ། །དེ་ལྟར་རླུང་གི་རྣལ་འབྱོར་ལ་བརྟེན་པས་ཤེས་པ་གསལ་དངས་ཕྱེད། ངོ་བོ་སྤྲོས་པ་དང་བྲལ། འགྱུ་དྲན་ཡེ་ཤེས་སུུ་དེངས་པའི་ཚེ། གསང་བའི་རླུང་ཞེས་བྱ་བ་ལྷག་མཐོང་རྣམ་པར་མི་རྟོགས་པའི་ངོ་བོ་ཉིད་རགས་པའི་ཆོས་ཐམས་ཅད་དང་ཤིན་ཏུ་འགལ་བ། ཆོས་ཉིད་དོན་གྱི་ཡེ་ཤེས་ལྔའི་རང་བཞིན་ཅན་རྣམ་པར་འགྱུར་བ་མི་བརྟན་པའི་དོན་དང་མཇལ་བར་འགྱུར་ཏེ་ཡེ་ཤེས་ཀྱི་རླུང་ནི་གནས་སྐབས་འགྱུར་བ་ཅན་དུ་སྟོན་ཀྱང༌། མཐར་ཐུག་གི་འོད་གསལ་བའི་བདག་ཉིད་ཅན་ཡིན་པས་སོ། །དེའི་དོན་དུུ་ལམ་གྱི་གནས་སྐབས་ན་ཐབས་ཀྱི་ཆའི་མན་ངག་ཟབ་མོ་ལ་གནད་དུ་བསྣུན་ནས་རླུང་གི་རེག་བྱ་དང་གྲངས་ལའང་བསླབ་པར་བྱ་སྟེ། རེག་བྱ་ནི་འབྱུང་བ་སོ་སོའི་མཚན་ཉིད་ལྟར་བསྒོམ་ལ། གྲངས་ནི་ཕྲེང་བ་ལ་སོགས་པ་བགྲངས་པས་རླུང་འགག་སྟོབས་ཀྱིས་རིམ་པས་ཉུང་ངུ་ཉུང་ངུ་སོང་ནས། རེ་ཞིག་ན་རླུང་རང་ལུགས་སུ་རྒྱུ་བ་ཉིས་བརྒྱ་ལྔ་བཅུ་རྩ་བརྒྱད་ཀྱི་རིང་ལ་རླུང་ཁུགས་པ་གཅིག་གིས་ཆོག་པར་


JLAZ003_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་བཟུང་མཐར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་དེ་ལྟར་མི་རྒྱུ་བར་མཉམ་པར་འབབ་པ་ནི་ཡེ་ཤེས་ཀྱི་རླུང་གི་དབང་དུ་གྱུར་པ་ལས་སོ། །དེའི་ཚེ་བྱེད་ལས་ཐ་དད་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དག་པས་རྩ་ཐམས་ཅད་དབུ་མ་གཅིག་གི་རང་བཞིན་དུ་འགྲོ་བ་ཡིན་ནོ། །གཞན་ཡང་རླུང་ལས་སུ་རུང་བས་རང་བཞིན་གྱི་རླུང་ལྔ་དང་དབང་པོ་ལྔ་ལ་རྒྱུ་བའི་རླུང་དབང་དུ་འདུ། ལུས་ཡང་བ་དང༌། འཇག་མའི་རྩེ་ལ་སྐྱིལ་ཀྲུང་འཆའ་ནུས་པ་དང༌། བེམ་པོའི་བྲག་ལ་ཐོགས་རེག་མི་མངའ་ཞིང༌། འབྱུང་བ་གཞན་ལའང་འདོད་རྒྱལ་དུ་སྤྱོད་ནུས་པ་དང༌། མངོན་ཤེས་དང༌། རྫུ་འཕྲུལ་དང༌། རྐང་མགྱོགས་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་རྣམས་འགྲུབ་པ་ཡིན་ནོ། །དེ་ལྟར་སྲོག་གི་རང་བཞིན་རླུང་གི་བྱེད་ལས་ཤེས་པར་བྱས་ནས་ཁམས་ཀྱི་བཞུགས་ཚུལ་ནི། གསུམ་པ་བཀོད་པ་བྱང་ཆུབ་སེམས་ཀྱི་ཁམས། །རོ་མ་ལས་ནི་ཟླ་བའི་བདུད་རྩི་དང༌། །རྐྱང་མ་ལས་ནི་ཉི་མའི་རྡུལ་འབབ་ཅིང༌། །ཕོ་ཡི་རྐྱང་མ་མོ་ཡི་རོ་མའི་སྣ། །མདུད་པར་གྱུར་པས་ཁམས་གཉིས་འཛག་པ་བསྲུང༌། །དེ་ལས་གཞན་དུ་གཉིས་པོ་ལས་མཆེད་པའི། །རྩ་མདུད་ཀུན་ན་དངས་མ་དཀར་དམར་གཉིས། །དཔའ་བོ་དང་ནི་རྣལ་འབྱོར་མའི་ཚུལ་དུ། །འཁྲིལ་ཞིང་སྦྱོར་བས་


JLAZ003_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་མཆོད་པ་ལེན། །དེ་ལ་ལེན་པའི་རྣམ་ཤེས་ཀྱི་རྟེན་དུ་གྱུར་པ་ཁམས་དངས་མ་ཆེན་པོ་ཡང་ཁུ་རྡུལ་གཉིས་ཀྱི་རྣམ་པར་ཡོད་པའི་ཟླ་བའི་རང་བཞིན་ཁུ་བ་ནི་རོ་མའི་ཡར་སྣ་ནས་སྤྱི་གཙུག་གི་ཧཾ་ལས་འབབ་ལ། ཉི་མའི་རང་བཞིན་རྡུལ་ནི་རྐྱང་མའི་མར་སྣ་གསང་གནས་ཀྱི་ཨ་ལས་འབབ་ཅིང༌། དེའང་སྐྱེས་པའི་རྐྱང་མ་དང་བུད་མེད་ཀྱི་རོ་མའི་མར་སྣ་མདུད་པར་གྱུར་པ་ལས་གཅིག་ཤོས་ལ་རྡུལ་དང་གཅིག་ཤོས་ལ་ཁུ་བ་མི་འཛག་པར་བཤད་པའི་ཕྱོགས་འདི་ཐལ་བྱུང་གི་རྣམ་རྟོག་ཅན་ལ་གོ་བ་བླང་བདེ་བའང་ཡིན་ནོ། །དེ་ལྟར་གཉིས་པོ་ལས་འཁོར་ལོའི་རྩ་འདབ་ལ་སོགས་ཐ་དད་པར་གྱེས་པའི་དངས་མ་དཀར་དམར་གཉིས་རྩ་མདུད་ཕལ་ན་དཔའ་བོ་དང་རྣལ་འབྱོར་མའི་བདག་ཉིད་དུ་བཞུགས་ནས་ཞུ་བདེའི་རྣལ་འབྱོར་བསྒོམ་པ་རྣམས་ལས་བདེ་སྟོང་གི་མཆོད་པ་ལེན་པ་ཡིན་ཏེ། བརྟག་གཉིས་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡིས་བདེ་བ་འདོད་མར་བརྗོད། །ཅེས་དང༌། ངེས་བརྗོད་བླ་མ་ལས། དཀྱིལ་འཁོར་དཔའ་བོ་རྣལ་འབྱོར་མ། །ཁ་སྦྱོར་གཉིས་སུ་མེད་པ་ཉིད། །ཅེས་སོ། །དེའང་འཁོར་བའི་རྩ་བ་འཛག་བདེ་ཡིན་པས་དེའི་རང་བཞིན་འཕོ་མེད་དུ་འཆིང་བའི་བསམ་པས་ཡིད་ནང་དུ་ཆུད་པ་ལས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་


JLAZ003_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བདེའི་མཚན་ཉིད་ལ་རྒྱས་ཐེབས་ནས་འཁོར་གསུམ་ཡོངས་དག་གི་ཚོགས་སུ་སྦྱོར་བ་ནི་དེ་ཁོ་ཉིད་ཀྱི་མཆོད་པས་མཉེས་པར་བྱེད་པ་སྟེ་རྡོ་རྗེ་མཁའ་འགྲོ་ལས། ཇི་བཞིན་ཤེས་རབ་སྙོམས་ཞུགས་པའི། །ཡང་དག་སྦྱོར་དང་ལྡན་པ་ཡིས། །དེ་བཞིན་གཤེགས་པའི་གཙུག་ཏོར་དཀར། །ཡིད་ནང་ཆུད་པ་དེ་ཡིས་སྤྱད། །མཆོག་ཏུ་དགའ་བ་སྤྲོ་བ་ཡི། །གནས་སྐབས་སུ་ནི་མཉེས་པར་འགྱུར། །ཞེས་སོ། །དེ་ལྟར་རྩ་རླུང་ཐིག་ལེ་གསུམ་གྱི་གནས་ཚུལ་མངོན་དུ་རིག་ནས་དེ་ལ་རྩོལ་པའི་སྦྱོར་བས་གནད་དུ་བསྣུན་པ་ལ་མ་བསླབས་ན་རྩ་མདུད་གྲོལ་བའི་ཡོན་ཏན་གྱི་ཁྱད་པར་མི་འགྲུབ་པས་མཐར་ཐུག་གི་འབྲས་བུ་ལ་རིང་བའི་ཕྱིར་དེའི་གནད་བཤད་ནས་བསྒོམ་པའི་ཚུལ། མདོར་ན་གནས་པ་རྩ་ནི་ཡུར་བ་འདྲ། །གཡོ་བ་རླུང་ནི་འགྲོ་འོང་ཁ་ལོ་པ། །བྱང་ཆུབ་སེམས་ནི་ཆུ་འདྲ་ཁྲིད་སར་འདུ། །འཁོར་ལོ་དྲུག་ཏུ་བརྩེགས་པའི་སྒྲ་གཅན་དབྱིངས། །སྲོག་དང་རྩོལ་བའི་ཤིང་རྟས་དྲངས་པ་ལས། །དབུ་མའི་མདུད་པ་གཉིས་གཉིས་གྲོལ་བ་དང༌། །རླུང་དང་ཁམས་ཀྱི་དངས་མ་རྣམ་གཉིས་ཏེ། །སྒྲ་གཅན་ལྟོར་ཞུགས་དང་པོའི་ས་ནས་བཟུང༌། །ས་བཅུའི་ཡོན་ཏན་གོང་འཕེལ་གཙུག་ཏོར་འགྲོ། །དེ་ཡང་རྩ་གནད་དུ་འགྲོ་བ་ལ་ལུས་གནད།


JLAZ003_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གནད་དུ་འགྲོ་བ་ལ་འཁྲུལ་འཁོར། ཐིག་ལེ་གནད་དུ་འགྲོ་བ་ལ་རྩོལ་བ་གལ་ཆེ་བ་ནི་སྤྱིར་གཅེས་ལ། བྱེ་བྲག་ཏུ་ལུས་ཀྱི་རྟེན་རྩ་ནི་ཡུར་བ་དང་འདྲ་སྟེ་རླུང་རྒྱུ་བའི་ལམ་ཡིན་པས་སྲོག་རྩོལ་ལ་བརྟེན་ནས་རྩ་ལམ་སྦྱང་བར་བྱའོ། །ངག་གི་རྟེན་རླུང་ནི་འཁོར་འདས་གཉིས་ཀར་འགྲོ་བའི་ཁ་ལོ་པ་ལྟ་བུ་ཡིན་པས་འཁོར་བའི་བྱེད་པ་བཅིང་བའི་གནད་ལ་མཁས་པར་བྱའོ། །ཡིད་ཀྱི་རྟེན་ཐིག་ལེ་ནི་དོན་དམ་པའི་བྱང་ཆུབ་སེམས་ཀྱི་ཡང་རྟེན་ཡིན་པས་རླུང་གི་གནད་ལ་བརྟེན་ནས་ཁྲིད་སར་འདུ་བར་བྱས་ཏེ་རྣམ་པར་འགྱུར་བ་མེད་པ་ཡེ་ཤེས་ཀྱི་རླུང་དང་ལྷན་ཅིག་གཙུག་ཏོར་གྱི་རྩེ་མོར་བཅིང་བར་བྱའོ། །དེ་ཡང་ལས་རྒྱའི་དབང་དུ་བྱས་ན་ཐལ་འགྱུར་ལས། ཐིག་ལེའི་ཆོས་ཉིད་སྟོན་འདོད་པས། །དོན་དམ་དང་ནི་ཀུན་རྫོབ་ལས། །རེ་ཞིག་ཀུན་རྫོབ་ཐིག་ལེ་ལ། །བརྟེན་ནས་སངས་རྒྱས་འདོད་པ་ཡི། །ཞེས་དང༌། བརྟེན་བྱ་ཉིད་དང་རྩ་རྣམས་དང༌། །དམིགས་བྱ་དག་གིས་ལུས་རྫོགས་བྱ། །དེ་ནས་ཐིག་ལེ་ཀུན་རྫོབ་ཉིད། །རབ་བཅིང་བཟུང་དང་ལྡོག་པ་དང༌། །རྩ་ལ་གདབ་ཅིང་རླུང་ལ་བསྲེ། །སྟོང་ཉིད་བསྟན་བྱ་བློ་རྗེས་བཅད། །ལུས་དང་སེམས་ཉིད་གོ་ལྡོག་བྱ། །དོན་དམ་ཐིག་ལེ་བསྟེན་པ་ཡིས། །ཆོས་སྐུ་སྟོང་པའི་ཡུལ་རྣམས་རྙེད། །ཅེས་སོ། །ཇི་ལྟར་བཅིང་ན་ལུས་བསྲངས་


JLAZ003_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྩ་བསྲང༌། རྩ་བསྲངས་པས་རླུང་བསྲང༌། རླུང་བསྲངས་པས་རྣམ་པར་མི་རྟོག་པའི་ཆོས་ཉིད་མཐོང་བ་ཡིན་པས་ལུས་ཀྱི་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་ནམ། གཙུག་ཏོར་ནམ་མཁའ་ལ་དྲང་པོར་གཏད་པས་ལྟག་པ་དྲང་ཞིང་མགྲིན་པ་སྒུར་བ་ཙམ་ཡོང་བས་དེས་གཙུག་ཏོར་དང༌། ལྟག་པ་དང༌། མགྲིན་པའི་རྩ་རྣམས་འཆིང་ངོ༌། །འདན་པ་མ་ཡོ་བ་དྲང་པོར་བསྲངས་པས་དཔྲལ་བ་རྣ་བ་སྨིན་དབུས་སྣ་རྩའི་རྩ་རྣམས་འཆིང་ངོ༌། །ལྟ་སྟངས་དང༌། གྱེན་དུ་ལྡོག་པ་དང༌། དཔུང་པ་མཐོ་ཟིང་ངེ་བྱས་པས་མིག་དང་ཁ་དང་ཕྲག་པའི་རྩ་རྣམས་འཆིང་ངོ༌། །གྲུ་མོ་ཕྱིར་མ་གྱེས་པར་རྩིབ་མ་ལ་སྦྱར་ནས་མཆན་ཁུང་གི་རྩ་རྣམས་འཆིང་ངོ༌། །སྒལ་ཚིགས་དྲང་པོར་བསྲང་ཞིང་དགྱེ་འཁྱོག་མེད་པར་བྱས་པས་ནུ་མ་སྙིང་ག་ལྟེ་བ་འདོམས་བར་གྱི་རྩ་རྣམས་འཆིང་ངོ༌། །ལག་ངར་གྱི་རུས་པ་དཔྱི་མགོའི་རུས་པ་ལ་རེག་པར་བརླའི་སྟེང་དུ་བཞག་པས་བརླའི་རྩ་རྣམས་འཆིང་ངོ༌། །བསམ་གཏན་གྱི་སྟེགས་བུ་ལ་ཚང་ར་བཞག་ཅིང་རྐང་པ་སྟན་སྟེངས་སུ་སྐྱིལ་ཀྲུང་བཅས་ནས་གཡོ་འགུལ་མེད་པར་ཡུན་རིང་དུ་གནས་པས་མཚན་མ། གཤང་ལམ་པུས་མོ་བྱིན་པ་བོལ་གོང་མཐེ་བོང་རྐང་སོར་གྱི་རྩ་རྣམས་འཆིང་བ་ཡིན་ནོ། །དེ་ལྟར་རྩའི་གཙོ་བོ་རྣམས་བཅིངས་པས། དེ་ལས་གྱེས་


JLAZ003_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩ་ཡལ་ག་བདུན་ཁྲི་ཉིས་སྟོང་ཡོད་པ་རྣམས་ཆིངས་ཤིང༌། དེ་རྣམས་ལ་རྒྱུ་བའི་རླུང་ཆིངས་པས་རླུང་ལ་བཞོན་པའི་རྣམ་རྟོག་འཆིང༌། རླུང་དང་རྣམ་རྟོག་གཡོ་མེད་དུ་གྱུར་ན་ཤུགས་ལས་བདེ་བ་སྐྱེ་ཞིང༌། རྒྱུད་ལས་ཀྱང༌། མཐོ་རིས་རྩ་གསུམ་གཟའ་བརྒྱད་སྟེང་དུ་བཅིང༌། །ངན་སོང་རྩ་གསུམ་ཡན་ལག་འོག་ཏུ་བསྡོམས། །ནམ་མཁའི་སྒོ་འབྱེད་དབང་སྡུད་བར་རླུང་དགང༌། །དེ་གསུམ་གཅིག་ཅར་སྔགས་ཀྱི་མྱུར་ལམ་སྟེ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་རྟོག་ནི། །སྟེང་འོག་ཆིངས་ཀྱི་ཐུབ་པས་ཐུབ་པའི་ལམ། །བསྒོམས་པས་བྱིང་རྒོད་གེགས་སོགས་སྐྱོན་མེད་པར། །རྩ་བའི་རླུང་ལྔ་ཡན་ལག་རླུང་ལ་འབད། །ཅེས་པས་འདུག་སྟངས་དང་བཅས་པས་རྩ་གསུམ་འཁོར་ལོ་དྲུག་དང་བཅས་པ་གསལ་གདབ་ཅིང༌། དེ་ཡང་དབུ་མ་ལ་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་ཏུ་བྱས་པ་ཐབས་ལ་བརྟེན་ནས་རླུང་སེམས་ལས་སུ་རུང་བ་དང༌། ཚོགས་གཉིས་གོང་འཕེལ་གྱི་མཐུ་དང༌། འཆི་བའི་དུས་གསུམ་པོར་དབུ་མར་རླུང་ཞུགས་ཏེ་མདུད་པ་རྣམས་རིམ་པར་གྲོལ་བས་རླུང་སེམས་ཀྱི་འདུ་འཕྲོད་ལས་སྣང་བ་དང༌། མཆེད་པ་དང༌། ཐོབ་པ་དང༌། །ཉེ་བར་ཐོབ་པའི་ཡེ་ཤེས་བཞི་དང༌། ཏིང་ངེ་འཛིན་དང༌། མངོན་ཤེས་ལ་སོགས་ཡོན་ཏན་གྱི་ཚོགས་འགྲུབ་པ་ཡིན་


JLAZ003_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རྒྱུད་ལས། ཕོ་མོ་རེག་པ་འཕྲོད་རྗེས་སུ། །དྲན་མེད་བདེ་ལ་སྨྲ་མི་ཤེས། །དེ་བཞིན་བརྒྱལ་ལམ་འཆི་བའི་དུས། །དྷཱུ་ཏིར་རླུང་ཚུད་ཅང་མི་དྲན། །དེ་ཕྱིར་ཨ་ཝ་དྷཱུ་ཏི་ནི། །མི་རྟོག་ཆོས་དབྱིངས་ཡེ་ཤེས་རྩ། །ཞེས་སོ། །དེ་ལ་སྤྱིར་རླུང་འཇུག་གནས་ལྡང་གསུམ་ལ་བརྟེན་ནས་དབུ་མར་འཇུག་པ་ལས་ལྡང་དུས་གཡས་བསྐོར་དང༌། འཇུག་དུས་གཡོན་བསྐོར་དུ་གསལ་གདབ་པ་ཡིན་ཏེ། འདི་ལྟར་གཡས་རོ་མའི་བྱེད་ལས་ནི་རླུང་ཕྱིར་སྤྲོ་བ་བསྐྱེད་པ་འཁོར་བའི་རླུང་དུ་ཡོད་པས་རྩ་ཁའང་སྟེང་དུ་ཕྱོགས་ལ། གཡོན་རྐྱང་མའི་བྱེད་ལས་ནི་རླུང་ནང་དུ་འཇུག་པ་སྡུད་པ་མྱ་ངན་ལས་འདས་པའི་རླུང་དུ་ཡོད་པས་རྩ་ཁའང་འོག་ཏུ་འཕྱང་བ་ཉིད་དེ་སྡོམ་འབྱུང་ལས། རླུང་ནི་འཁོར་བའི་སྟེང་དུ་བགྲོད། །མྱ་ངན་འདས་པས་འོག་ཏུ་བགྲོད། །ཅེས་པ་ལྟར་རོ། །དེ་ལ་ཆོས་ཉིད་ཀྱི་དབུ་མ་ནི་ཡོད་ལ་རྫས་སུ་གྲུབ་པ་མ་ཡིན་པས་སྒྲ་གཅན་ཏེ། ཕྱི་ལྟར་དུ་དེའི་གདོང་མཇུག་གཉིས་ཀྱིས་ཉི་ཟླ་བཟའ་བར་བྱེད་པས་ནང་ལྟར་དུ་ཁམས་དཀར་དམར་གྱི་རང་བཞིན་ཨ་ཧཾ་གཉིས་དབུ་མའི་ཡས་མར་གྱི་སྣ་རྩེར་གནས་པའི་འབར་འཛག་གི་ཏིང་ངེ་འཛིན་གོམས་པ་ལས་དབུ་མར་རླུང་ཞུགས་གནས་ཐིམ་གསུམ་གྱི་བྱ་བ་བྱེད་ཅིང༌། ཉི་མ་


JLAZ003_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟླ་བའི་རང་བཞིན་ཁམས་དཀར་དམར་གཉིས་དབུ་མའི་ནང་དུ་རྒྱུན་མི་ཆད་དུ་འབབ་པར་བསྒོམ་པའི་བྱེད་པ་འཆིང་བ་ལ་ནུས་པ་ཐོབ་ན་ཕྱི་རོལ་དུ་ཉི་ཟླ་གཟས་འཛིན་པར་མི་ནུས་ཤིང༌། གཏོད་ལ་གནོན་པ་སོགས་ནུས་པའོ། །དེ་ཡང་གཏུམ་མོ་ཡེ་ཤེས་ཀྱི་འཁོར་ལོ་དང༌། བདེ་ཆེན་ཆོས་ཉིད་ཀྱི་འཁོར་ལོ་དང༌། རྩ་སྦྱངས་ཁོགས་འབྱིན་གྱི་འཁོར་ལོ་གསུམ་དུ་དབྱེ་བ་ལྟར་ན་དང་པོ་ནི། རྟ་གདོང་རྒོད་མ་ཁའི་མེས་རྒྱ་མཚོ་ཟ་བ་ལྟར་ཉི་མའི་རང་བཞིན་ཡུམ་གྱི་བདག་ཉིད་ཅན་ཨ་ཤད་ལས་བྱུང་བའི་མེས་ཕུང་ཁམས་མ་ལུས་པ་ཟ་བར་བྱེད་པས་གཏུམ་མོ་ཞེས་བྱ་སྟེ། དེ་ཉིད་འཁོར་ལོ་དྲུག་དུ་བརྩེགས་པའི་སྲོག་ཤིང་ལྟ་བུའི་དབུ་མ་སྒྲ་གཅན་གྱི་དབྱིངས་སུ་སྲོག་རྩོལ་གྱི་ཤིང་རྟས་འཁོར་ལོ་སོ་སོའི་གནས་ནས་རིམ་གྱིས་དྲངས་པ་ལས་སྤྱི་བོར་རི་བོང་འཛིན་པའམ་ཡབ་ཀྱི་བདག་ཉིད་ཀྱི་ཧཾ་ཐུར་བསྟན་དང་རེག་པ་འཕྲོད་པ་ལས་དངས་མ་དཀར་པོར་བབ་པས་དབུ་མ་དང༌། བདེ་བ་སྐྱེས་པའི་ངང་ལ་དར་ཅིག་གློད། དེ་ནས་རོ་མའི་དངས་མ་དཀར་པོ་དང༌། རྐྱང་མའི་དམར་པོ་གཉིས་དབུ་མའི་ཡར་སྣ་མར་སྣ་ནས་ཞུགས་པ་སྙིང་གར་འདྲེས་པའི་བདེ་གསལ་ཟུང་འཇུག་གི་ཨེ་ཝཾ་ཆེན་པོའི་ཉམས་བསྐྱང་བ་ཡིན་ནོ། །གཉིས་པའི་དོན་ཡང་གཏུམ་མོ་འབར་ཚུལ་སྔར་དང་འདྲ་བ་ལས་ཨེ་ཝཾ་ཟུང་དུ་འཇུག་


JLAZ003_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་སྙིང་གར་ཨ་ཡིག་དང་སྤྱི་བོའི་བཾ་འདྲེས་པའི་གོང་བུ་སྲན་མ་ཙམ་ལ་སེམས་བཟུང་ངོ༌། །དེ་ཡང་དུས་ཀྱི་འཁོར་ལོར། ཟུང་བདུན་གྱི་ས་བོན་རྫོགས་པའི་ཕྱི་ནས་གསལ་བྱེད་ཀྱི་རང་བཞིན་ཀྵ་ཡིག་གདན་དུ་སྨོས་པ་ནི། ཟུང་གི་ས་བོན་དབྱངས་ཡིག་སུམ་ཅུ་པོ་ཐམས་ཅད་ཀྱང་ཧཾ་ཀྱི་རང་བཞིན་གཅིག་ཏུ་འགྱུར་བའི་ཕྱིར་བཀོད་ལ། ཧཾ་དང་ཀྵ་ཡིག་ཟུང་དུ་སྦྱོར་བའི་དོན་དུ་ཀྵ་ཡིག་སྨོས་ཏེ། ཟུང་རྣམས་ཐབས་ཤེས་སུ་གྱུར་པས་ཨེ་ཝཾཾ་མོ། །གསུམ་པ་དང་སྦྱར་ན་ཆགས་བྲལ་རྣམས་རླུང་ཁམས་གཉིས་དུས་མཉམ་པར་ཟུང་དུ་འཇུག་པས། ལྟེ་བར་མེ་རླུང་ཨེའི་རྣམ་པས་ཧཾ་ཡིག་ཞུ་ནས། དབུ་མ་དང་འཁོར་ལོ་ཐམས་ཅད་ཁྱབ་པའི་རླུང་སེམས་ཀྱི་ཐིག་ལེ་དཀར་པོ་ཐུར་དུ་འབབ་པ་དང༌། དམར་པོ་གྱེན་འགྲོ་གཉིས་སྙིང་གར་འདྲེས་པས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་བྲལ་དུ་འཆར་བའི་ངང་ལ་གློད་པ་ཡིན་ནོ། །དེ་གསུམ་གའང་མཐར་སེམས་དང་སེམས་བྱུང་ཞི་བའི་མི་རྟོག་པ་ལ་མཉམ་པར་འཇོག་པ་ནི་མཐུན་ཏེ། ཐབས་དེས་འགྲུབ་པའི་རང་འབྲས་ནི་ལྷག་མཐོང་གི་རྟོགས་པ་བདེ་གསལ་མི་རྟོག་པའི་ཉམས་ལས་འདས་པའི་ཡེ་ཤེས་དངོས་པོ་དང་དངོས་མེད་དང༌། བསྒོམ་པ་ལས་འདས་པ་ཉིད་དུ་ཤེས་དགོས་པའི་ཕྱིར་ཏེ་གསང་བ་


JLAZ003_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་ལས། བསྒོམ་པ་མེད་པ་བསྒོམ་པའི་དངོས། །བསྒོམས་པ་ཉིད་ནི་བསྒོམས་པ་མིན། །དེ་ལྟར་དངོས་དང་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་སོ། །དེ་ཡང་རྩ་གནས་སྤྱི་དང་བྱེ་བྲག་པའི་འཁོར་ལོ་སོ་སོར་རླུང་ཟིན་པས་ཐིག་ལེ་ཟིན། ཐིག་ལེ་ཟིན་པས་མི་འགྱུར་བའི་བདེ་བ་ཟིན་ཞིང་འཕེལ་བ་ལས་འཁོར་ལོ་སོ་སོར་རླུང་སེམས་ལས་སུ་རུང༌། དུས་སྦྱོར་བཅུ་གཉིས་ཀྱི་རླུང་དག་པ་ལས་ཚོགས་དང༌། སྦྱོར་བ་དང༌། མཐོང་བ་དང༌། བསྒོམ་པའི་ལམ་བཞི་རྫོགས་པའི་ཡོན་ཏན་འཐོབ་པ་ཡང༌། དབུ་མ་ལ་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་ཏུ་བྱས་པའི་གཉིས་གཉིས་གྲོལ་པ་ལས་ས་བཅུ་པོ་རེ་རེ་བགྲོད་པའང་ཁམས་དངས་མ་རེ་དང་རླུང་དངས་མ་རེ་དེར་ཆུད་པའི་ཡོན་ཏན་དུ་ཤེས་པར་བྱ་སྟེ། དང་པོ་སྤྲུལ་པའི་འཁོར་ལོར་རླུང་སེམས་ཞུགས་པ་ལས་དེ་ཉིད་ལས་སུ་རུང༌། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ལས་ཚོགས་ལམ་ཆེན་པོའི་དྲོད་རྟགས་འཆར། དེར་རླུང་གནས་པ་ལས་འབྱོངས་པའི་ཡོན་ཏན་མངོན་དུ་གྱུར་ནས་དབུ་མའི་རྩ་མདུད་དང་པོ་གཉིས་དང་སྤྲུལ་པའི་འཁོར་ལོའི་རྩ་མདུད་གྲོལ། རླུང་དོན་གྱི་འོད་གསལ་མཉམ་གཞག་དང་རོ་མཉམ་དུ་གོམས་པར་གྱུར་པ་ལས་རླུང་ཐིམ་པའི་ངེས་པ་གྲུབ། སངས་རྒྱས་སྤྲུལ་པའི་སྐུའི་ཞལ་མཐོང༌། འདུན་


JLAZ003_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་དབང་ཐོབ་པའི་ཕྱིར་སྤྱན་དང༌། མངོན་ཤེས་དང༌། རྫུ་འཕྲུལ་ཕྲ་མོ་འགྲུབ། སྤྲུལ་བརྒྱུར་ལ་དབང་ཐོབ་པ་ཡིན་ཏེ། རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང༌། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །ཞེས་སོ། །དབྱེ་ན་ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་གཞག་པ་བཞི་ནི། ལུས་སུ་རྟོག་པ་ལྷར་བསྒོམ་པས་ལུས་དྲན་པ་ཉེ་བར་གཞག བྱུང་ཚོར་ཡེ་ཤེས་སུ་བསྒྱུར་བས་ཚོར་བ། སེམས་དང་སེམས་བྱུང་གི་སྤྲོས་པ་ཉེ་བར་ཞི་བས་སེམས། སྣང་བཏགས་ཀྱི་ཆོས་ཐམས་ཅད་སྒྱུ་མར་ཤེས་པས་ཆོས་དྲན་པ་ཉེ་བར་གཞག་པ་སྟེ། སྒྱུ་འཕྲུལ་དམ་པ་ལས། བདག་བྱིན་གྱིས་བརླབས་པ་ནི་ལུས་དྲན་པ་ཉེ་བར་གཞག་པ་སྟེ་ལྷའི་ངོ་བོ་ཉིད་དུ་སྣང་བ་གཟུགས་བརྙན་ལྟ་བུའོ། །ཀུན་ཏུ་རྟོག་པའི་ཡེ་ཤེས་ཆེན་པོའི་གནས་སྐབས་ནི། ཚོར་བའི་ངོ་བོ་ཉིད་དེ་བདེ་བ་ཆེན་པོའོ། །སྤྲོས་པའི་ཕྱོགས་ལས་རྣམ་པར་རྒྱལ་བ་ནི། འདིར་སེམས་མི་དམིགས་པ་ཉིད་དོ། །གཟུགས་བརྙན་གྱི་ངོ་བོ་ཉིད་དུ་སྒྱུ་མ་སྦྱོང་བ་ནི་ཆོས་ཉིད་ཀྱི་རང་བཞིན་ནོ། །ཞེས་སོ། །ཚོགས་ལམ་འབྲིང་དུ་ཡང་དག་སྤོང་བ་བཞི་


JLAZ003_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བསྐྱེད་རྫོགས་ལ་གནས་པ་དེས་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་གསར་དུ་མི་བསྐྱེད། སྐྱེས་ན་བསྐྱེད་རིམ་གྱི་ལྷར་སྣང་དང་རྫོགས་རིམ་གྱིས་བདེ་གསལ་དུ་སྦྱང༌། དགེ་བའི་ཆོས་མ་སྐྱེས་པ་དག་བསྐྱེད་རྫོགས་ཀྱི་ཡན་ལག་མང་པོས་གསར་དུ་བསྐྱེད། སྐྱེས་པ་གོང་དུ་སྤེལ་བའི་ཐབས་ཀྱང་བདག་འཇུག་དང༌། སྦྱིན་སྲེག་དང༌། ཕྱི་ནང་གི་ཚོགས་ཀྱི་འཁོར་ལོ་དང༌། ཞུ་བདེའི་རྣལ་འབྱོར་དང་ཉེ་བར་ལེན་པའི་ལྷ་བཞི་མཆོད་པ་ལ་སོགས་བསོད་ནམས་ཀྱི་ཚོགས་མཐའ་མ་འགགས་པས་སྤང་གཉེན་དང་བདེན་འཛིན་གྱི་ཞེན་པ་སྦྱང་ངོ༌། །དེ་ལ་ཉེ་བར་ལེན་པའི་ལྷ་བཞི་གང་ཞེ་ན། དམ་ཚིག་གསུམ་བཀོད་ལས། དང་པོ་ཉེ་བར་ལེན་པའི་ལྷ་བཞི་མ་མཆོད་ན་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་གང་ལ་ཕུལ་ཀྱང་མཉེས་པར་མི་འགྱུར་ཞིང་བཞེས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ན། ཉེ་བར་ལེན་པའི་ལྷ་བཞི་ལ་བརྟེན་ནས་སངས་རྒྱས་སོ། །དེ་གང་ཞེ་ན་བསོད་ནམས་ཉེ་བར་ལེན་པའི་ལྷ་དཀོན་མཆོག་གསུམ། དངོས་གྲུབ་ཉེ་བར་ལེན་པའི་ལྷ་ཡི་དམ་གྱི་ལྷ། ཡང་དག་པར་འབྲས་བུ་ཉེ་བར་ལེན་པའི་ལྷ་རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ། ལུས་ཉེ་བར་ལེན་པའི་ལྷ་དུས་གསུམ་གྱི་ཕ་མའོ། །ཞེས་སོ། །ཚོགས་ལམ་ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་ཡང༌། བསྐྱེད་རྫོགས་ཀྱི་དོན་


JLAZ003_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཅིག་ཏུ་དྲན། འདུན་པས་བསྒོམ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད། བརྗེད་པ་མེད་པར་སེམས་པས་རླུང་སེམས་ལས་རུང་གི་ཏིང་ངེ་འཛིན་དང་རྫུ་འཕྲུལ་ཐོབ། རྨི་ལམ་སྤྲུལ་སྒྱུར་ལ་སོགས་པས་སྤྲུལ་སྐུའི་ཞིང་དག་པར་བགྲོད་དེ་ཆོས་ཉན་ནས་ཁམས་ཀྱི་དྲི་མ་སྦྱོང༌། ཡི་དམ་ལྷའི་ཞལ་མཐོང་ཞིང་ལུང་བསྟན་ཐོབ་པ་ལ་སོགས་སོ། །སའི་བྱེད་ལས་གཙོ་ཆེ་བ་ཆོས་ཀྱི་འཁོར་ལོར་རླུང་སེམས་ཞུགས་དེ་ལས་སུ་རུང་ན་སྦྱོར་ལམ་གྱི་དྲོད་རྟགས་འཆར། དེར་རླུང་ཞུགས་གནས་ཐིམ་གསུམ་སྔ་མ་དང་འདྲ། དབུ་མའི་རྩ་མདུད་གསུམ་པ་དང་བཞི་པ་གྲོལ། དེའང་བསྐྱེད་རྫོགས་ཟུང་འཇུག་གི་དོན་ལ་དང་བ་དང་ངེས་ཤེས་ཀྱི་དད་པ་ཁྱད་པར་ཅན་སྐྱེ། དེས་བརྩོན་འགྲུས་ལ་བསྐུལ། རང་བཞིན་དྲན། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་སྒོ་མཐའ་ཡས་པ་བསྒོམས་པས་སྤང་བྱ་འཇོམས་པའི་ནུས་པ་ཐོབ་པ་ནི་དབང་པོ་ལྔའོ། །དེ་ལྟར་ལྔས་དྲོད་སྣང་བའི་ཡེ་ཤེས་མི་རྟོག་པ་ཐེ་ཚོམ་དང༌། མི་ཁོམ་པ་ཟད་པ་ལ་སོགས་པའི་རྟགས་ཀྱིས་མཚོན་ལ། རྩེ་མོ་མཆེད་པའི་ཡེ་ཤེས་དགེ་རྩ་བརྟན་པ་ལ་སོགས་པ་ཐོབ་ཅིང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་རྟོགས། བདེན་ཚིག་འགྲུབ་པའི་ཚུལ་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་བལྟ་


JLAZ003_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་སོ། །དེ་ཡང་དད་པ་ལ་སོགས་པ་དབང་པོ་ལྔ་ནུས་པ་ལྷག་པོར་གྱུར་པས་སྤང་བྱ་འཇོམས་པའི་ཕྱིར་སྟོབས་ལྔ་པ་ཐོབ་དུས་བཟོད་པ་དེ་ཁོ་ན་ཉིད་ལ་ཞུགས་པས་ཐོབ་པའི་ཡེ་ཤེས་ངན་སོང་གི་རྒྱུན་ཆད་པ་དང༌། ཆོས་མཆོག་དེ་མ་ཐག་པའི་ཏིང་ངེ་འཛིན་ཉེར་ཐོབ་ཀྱི་ཡེ་ཤེས་ཐོབ། དགེ་བའི་རྩ་བ་རྣམས་ཀྱང་ཐར་པ་བྱང་ཆུབ་ལས་མི་འགྱུར། ཏིང་ངེ་འཛིན་དང་རྫུ་འཕྲུལ་ལ་སོགས་སྔོན་བས་ཆེས་ལྷག་པ་ཐོབ་པའོ། །མེའི་བྱེད་ལས་གཙོ་ཆེ་བ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་རླུང་སེམས་ཞུགས་པ་ལས་སུ་རུང་བ་ལས་མཐོང་ལམ་གྱི་དྲོད་རྟགས་འཆང༌། དེར་རླུང་གནས་པ་ལས་རྩ་མདུད་ལྔ་པ་དང་དྲུག་པ་གྲོལ། བསྐྱེད་རྫོགས་ལ་མོས་པས་སྤྱོད་པ་ཙམ་མ་ཡིན་པའི་དྲན་པ་དང༌། དེའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་བརྟན་པ་དང༌། དགའ་བ་རྒྱ་ཆེན་པོ་དང༌། བསྐྱེད་རིམ་གྱིས་ལུས་ཤིན་ཏུ་སྦྱངས་པ་དང༌། རྫོགས་རིམ་གྱིས་སེམས་ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་དབང་བ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་རྫོགས་པ་ལས་འཕགས་པའི་ས་དང་པོ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་སྟེ། རྒྱན་ལས། རང་


JLAZ003_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གི་སེམས་ནི་ཡོངས་སྨིན་ཅིང༌། །སེམས་ཅན་དོན་འགྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་བར་འགྱུར། །ཞེས་སོ། །དེའང་དུས་སྐད་ཅིག་སྔ་ཕྱི་མེད་པ་གཅིག་ལ་ཏིང་ངེ་འཛིན་བརྒྱ་ཐོབ། སངས་རྒྱས་བརྒྱའི་ཞལ་མཐོང༌། བརྒྱས་བྱིན་གྱིས་བརླབ་པར་ཤེས། འཇིག་རྟེན་གྱི་ཁམས་བརྒྱ་བགྲོད། ཞིང་ཁམས་བརྒྱར་འགྲོ། ཞིང་དེ་སྙེད་སྣང་བའི་འོད་ཟེར་འགྱེད། སེམས་ཅན་བརྒྱ་སྨིན། བསྐལ་པ་བརྒྱར་གནས། སྔོན་དང་ཕྱི་མའི་མཐའ་བརྒྱ་ལ་ཡེ་ཤེས་འཇུག ཆོས་ཀྱི་སྒོ་བརྒྱ་འགྱེད། ལུས་བརྒྱར་སྟོན། ལུས་རེ་རེ་ལ་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བ་ལ་སོགས་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མངོན་སུམ་དུ་ཐོབ་པའང་སློབ་དཔོན་ཀླུ་སྒྲུབ་དང༌། པདྨ་དང༌། བི་མ་ལ་སོགས་པས་ཤེས་ལ། རྩ་རླུང་ཐིག་ལེའི་སྟོབས་བྲི་བའི་དུས་ཀྱི་གཞན་དབང་གིས་གཞན་སྣང་ལ་བལྟར་མི་མངོན་པའི་ཚུལ་གྱིས་ཐོབ་པའམ། རྣམ་སྨིན་གྱི་ལུས་དོར་མ་ཐག་ཐོབ་པ་ལའང་རྟོག་གེའི་རིགས་པ་གྱི་ན་བས་མི་བསམ་སྟེ། ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། དཔེར་ན་འདབ་ཆགས་རྒྱལ་པོ་ཁྱུང་ཆེན་དེ། །མངལ་ན་གནས་ཀྱང་ཀླུ་རྣམས་ཟིལ་གྱིས་གནོན། །སྒོ་ངའི་ནང་དུ་འདབ་གཤོག་ཚད་དུ་ཕྱིན། །སྒོང་རྒྱ་རལ་ནས་ཕྱི་རྒྱ་རླབས་ཀྱིས་ཆོད། །ཅེས་སོ། །དེ་ལྟར་


JLAZ003_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་རྩ་མདུད་གྲོལ་བ་ལས་མཐོང་ལམ་གྱི་ཡོན་ཏན་སྐྱེས་ནས་བསྒོམ་པའི་ལམ་གྱི་ས་དགུ་ནི་རྫོགས་རིམ་གྱི་བྱེད་ལས་གཙོ་ཆེ་བ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་རླུང་སེམས་ཞུགས་པ་དང་གནས་པ་དང་ཐིམ་པ་གསུམ་གྱི་ཡོན་ཏན་རྫོགས་པ་ལས་བགྲོད་པ་སྟེ། དེའང་ཞུགས་པའི་རྟགས་སུ་སྣ་བུག་ནས་རླུང་མཉམ་རྒྱུ་ཐེངས། གནས་པའི་རྟགས་སུ་སྣ་བུག་གི་རྒྱུ་བ་ཆད་པ་འབྱུང༌། ཐིམ་པའི་རྟགས་སུ་མཁའ་སྣང་ལ་སོགས་པའི་སྟོང་གཟུགས་རྣམས་འཆར་བ་ཡིན་ནོ། །དེ་ལ་ས་དང་པོ་ནས་བཅུ་པའི་བར་ཕ་རོལ་ཏུ་ཕྱིན་པ་བཅུ་དང་སྦྱོར་བའང་ཕལ་པོ་ཆེ་ལས། ས་བཅུ་ཕ་རོལ་ཕྱིན་བཅུ་ལྷག་པར་ཆེ་བ་ཡིན། །ཞེས་པ་ལྟར་ལས་འདིར་རྫོགས་རིམ་ཟབ་མོ་དང་འབྲེལ་བའི་ཏིང་ངེ་འཛིན་གྱི་སྒོ་ནི་འཇིག་རྟེན་ལས་འདས་པ་ཟང་ཟིང་མེད་པའི་སྦྱིན་པ་དང༌། རང་རང་གི་མི་མཐུན་པའི་ཕྱོགས་བསྲུང་བའི་ཚུལ་ཁྲིམས། སྲོག་རྩོལ་གྱི་དཀའ་བ་བཟོད་ཅིང་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ། སྤྲོ་བཞིན་དུ་འཇུག་པའི་བརྩོན་འགྲུས། རླུང་སེམས་ཐིག་ལེ་གསུམ་རོ་གཅིག་པའི་བསམ་གཏན། འཁོར་གསུམ་རྣམ་པར་གྲོལ་བའི་ཤེས་རབ་སྟེ་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་དངོས་པོ་ཅན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀའི་ངོ་བོར་གནས་ཤིང་བརྗོད་བྱ་ཡང་ཀུན་ཏུ་འདྲེས་པས་དེ་དག་དང་འབྲེལ་བ་


JLAZ003_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་གཙུག་ན་རིན་པོ་ཆེའི་མདོ་ལས་གསུངས་ལ་དེ་སྐད་དུ། རྒྱན་ལས། རྒྱ་ཆེ་བ་དང་ཟང་ཟིང་མེད། །དོན་ཆེ་བ་དང་མི་ཟད་པ། །སྦྱིན་པ་ལ་སོགས་ཐམས་ཅད་ཀྱི། །ཡོན་ཏན་བཞིར་ནི་ཤེས་པར་བྱ། །ཞེས་དང༌། སེམས་ཅན་དོན་ལ་རབ་བརྩོན་པ། །གཏོང་དང་མི་གནོད་བཟོད་པས་བྱེད། །གནས་དང་གྲོལ་བ་གཞིར་བཅས་ལས། །རང་དོན་རྣམ་པ་ཐམས་ཅད་སྤྱོད། །ཅེས་པའི་དོན་སྔར་ཡང་བཀྲལ་ཟིན་ལ། དེའི་སྟེང་དུ་ཐབས་ལ་མཁས་པ་དང༌། སྙིང་སྟོབས་ཆེ་བ་དང༌། སྨོན་ལམ་གྱི་རང་འབྲས་མངོན་དུ་གྱུར་པ་གསུམ་བསྣན་པའི་སྟོབས་ཀྱི་ས་དང་པོ་རབ་ཏུ་དགའ་བ་དང༌། གཉིས་པ་དྲི་མ་མེད་པ་དང༌། གསུམ་པ་འོད་བྱེད་པ་དང༌། བཞི་པ་འོད་འཕྲོ་བ་དང༌། ལྔ་པ་སྦྱང་དཀའ་བ་དང༌། དྲུག་པ་མངོན་གྱུར་དང༌། བདུན་པ་རིང་དུ་སོང་བ་དང༌། བརྒྱད་པ་མི་གཡོ་བ་དང༌། དགུ་པ་ལེགས་པའི་བློ་གྲོས་དང༌། བཅུ་པ་ཆོས་ཀྱི་སྤྲིན་རྣམས་དབུ་མར་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་ལས་གཉིས་གཉིས་རེ་གྲོལ་བས་ས་རེ་ཐོབ་པ་ཡིན་ལ། ཐམས་ཅད་ཀྱི་ཐ་མ་ཉི་ཤུ་རྩ་གཅིག་པ་གྲོལ་བའི་ཚེ་གཙུག་ཏོར་རྩེ་མོའི་ས་མཆོག་རྡོ་རྗེ་འཆང་གྲུབ་པའི་ཚུལ་ངེས་བརྗོད་རྩེ་མོ་ལས། རོ་མ་རྐྱང་མ་ཀུན་འདར་མ། །


JLAZ003_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་པ་འཁོར་བའི་འཁྲུལ་སྣང་སྟེ། །གྲོལ་བས་ཡེ་ཤེས་མྱ་ངན་འདའ། །ཞེས་སོ། །དེ་ལྟར་སྔགས་རྒྱུད་འགྱུར་སྔ་ཕྱི་གུང་མཐུན་པའི་རྒྱུད་སྡེའི་རྫོགས་རིམ་གྱི་ཕྱོགས་སྨོས་ནས། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་དོན་སློབ་དཔོན་ཆེན་པོ་བི་མ་ལའི་གསང་ཐིག་གིས་བཀྲལ་བའི་ལུགས་མདོ་ཙམ་སྟོན་པའི་ཕྱིར། ཁྱད་པར་སྒྱུ་འཕྲུལ་དྲྭ་བ་གསང་ཐིག་ལུགས། །སྣོད་བཅུད་རང་ལ་རྫོགས་པ་ཕུང་པོའི་གྲོང༌། །དུས་གསུམ་ལུང་དུ་མ་བསྟན་བདེ་གཤེགས་སྙིང༌། །མཐའ་དག་མངོན་འཚང་རྒྱ་བ་རྡོ་རྗེའི་གདན། །སྙིང་ག་དཔལ་གྱི་བེའུའི་ཁོང་སེང་ན། །རྩ་ཡི་དངས་མ་བརྒྱད་དུ་གནས་པ་ལས། །དབུས་མ་གསུམ་ནི་སྐུ་གསུམ་ཆོས་ཉིད་རྟེན། །མདུན་མ་གཅིག་ནི་ཡེ་ཤེས་འཆར་བའི་རྩ། །རྒྱབ་ན་ཡོན་ཏན་རྩ་ལས་ཞིང་ཁམས་འཆར། །གཡོན་ན་རང་རྒྱུད་རྩ་གསུམ་འཁྲུལ་སྣང་རྟེན། །སོ་སོའི་དབུས་ན་འཁོར་འདས་ཡིག་འབྲུ་ནི། །སྦྱང་གཞི་སྦྱོང་བྱེད་ཚུལ་དུ་གནས་པ་རྣམས། །སྐུ་གསུང་ཐུགས་ཀྱི་ཡི་གེས་དག་པར་བྱེད། །ཀུན་གྱི་དབུས་ན་དངས་མའི་རྩ་དཀར་པོ། །རྟ་ལྔའི་བཅུ་ཆ་ཙམ་དུ་ཕྲ་བའི་ནང༌། །རྡུལ་དང་དབུགས་ཀྱི་དངས་མ་འདྲེས་པའི་འོད། །ཁ་དོག་ལྔ་པ་ཤིན་ཏུ་ཕྲ་བ་ཉིད། །རང་བཞིན་འོད་གསལ་བྱང་ཆུབ་སེམས་ཀྱི་རྟེན། །


JLAZ003_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་རིགས་ལྔ་བཞུགས་པའི་གཞལ་མེད་ཁང༌། །གང་དུ་རླུང་སེམས་དངས་མ་འདུས་པའི་ཚེ། །མྱ་ངན་འདས་པའི་ཞིང་སྣང་མཐའ་དག་འཆར། །སྣང་ཆའི་འོད་ལྔ་སྟོང་ཆའི་ཆོས་སྐུ་གཉིས། །རོ་གཅིག་འདྲེས་པས་ལམ་གྱིས་ཚོགས་གཉིས་རྫོགས། །འོག་མིན་རྣམ་དག་སྟུག་པོ་བཀོད་པ་ཞེས། །གཞན་དུ་མི་གནས་སྒྲིབ་པ་མཐའ་དག་པ། །ནམ་ཞིག་སྤངས་པའི་དུས་དེར་ལྷུན་གྱིས་གྲུབ། །དེ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་དང་པོར་རླུང་ལ་བརྟེན་ནས་ཆུ་ཆགས། ཆུས་ས་བརྟེན། ས་ལས་དྲོད་འབྱུང་ཞིང་ཤིང་དང་ལྕགས་ལ་སོགས་པ་མེའི་རྒྱུར་སོང་བ་ལས་ཀྱང་འབྱུང་བ་བཞིའི་རང་བཞིན་དུ་གྲུབ་པ་ལྟར། རླུང་སེམས་དངས་མར་འདུས་པ་ཁྲག་གི་རང་བཞིན་ཆུས་གཅིག་ཏུ་བསྡུས་པ་ལས་ནང་བཅུད་ཀྱི་སེམས་ཅན་གྱི་ལུས་སུ་ཆགས་དེ་ཡངས་སའི་རང་བཞིན་ཤ་སྟེ་ཤས་ལུས་ཀྱི་མཉེན་ཤ་དང༌། གྲིམས་ཤ་དང༌། ཤ་སྣ་ཚོགས་པ་སྙིང་ནས་མཆེད་ཅིང་བརྟེན། དེ་ལས་མེའི་རང་བཞིན་ལུས་ཀྱི་དྲོད་སྐྱེས་ནས་དབང་པོ་དང་ཁ་དོག་བསྐྱེད། མེས་རླུང་བསྐྱེད་པས་དབུགས་དང་བཀྲག་མདངས་རྒྱས་པར་བྱེད་ཅིང༌། ཕྱི་ནང་གི་འབྱུང་བ་དེ་དག་བག་ལ་ཉལ་དང་ཀུན་ནས་ལྡང་བའི་ལས་ཀྱིས་བརྟན་གཡོ་ཆགས་གནས་


JLAZ003_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་སྟོངས་བྱེད་པ་དང་མཐུན་པར་ནང་ལུས་སེམས་ཀྱི་ཚོགས་པའང་འབྱུང་བ་སོ་སོའི་བྱེད་ལས་འཁྲུགས་པས་སྐྱེ་རྒ་ན་འཆིའི་རྐྱེན་བྱེད་པས་ན་སྣོད་བཅུད་ཀྱི་རང་བཞིན་ནི་རང་གི་ལུས་སེམས་ལ་ཚང་ངོ༌། །དུས་ཀྱི་འཁོར་ལོའི་གཞུང་ནས་ཀྱང༌། ཕྱི་འཇིག་རྟེན་གྱི་ཁམས། ནང་སེམས་ཅན་གྱི་ལུས། གཞན་ཆོས་ཉིད་ཀྱི་དབྱིངས་ཞེས་རྟེན་འབྲེལ་གནད་མཚུངས་པར་སྦྱོར་བས་ན་རྡོ་རྗེའི་ལུས་ཀྱི་མན་ངག་ལ་བརྟེན་ནས་འབྱུང་བ་གནད་ལ་བོར་བའི་རྟེན་འབྲེལ་གྱིས་སེམས་ཆོས་སྐུར་གྲོལ་བར་བྱེད་པ་ལ་ཐབས་ཀྱི་ལམ་ཞེས་བྱའོ། །འདི་ལྟར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱང་འཛམ་བུའི་གླིང་གི་ཡུལ་དབུས་གྲོང་ཁྱེར་མ་ག་དྷའམ། རྡོ་རྗེའི་གདན་དུ་མངོན་པར་འཚང་རྒྱ་བ་ལྟར། ནང་ལྟར་དུ་རྡོ་རྗེ་ལུས་ཀྱི་གནས་ལུགས་ལ་བརྟེན་པ་རྣམས་ནི་རྣམ་སྣང་མངོན་བྱང་ལས། སེམས་ལ་ནི་དུས་གསུམ་མེད་དོ། །དུས་གསུམ་དང་བྲལ་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་མཚན་མ་དང་བྲལ་བའོ། །ཞེས་པ་ལྟར་འདས་དང་མ་འོངས་ད་ལྟའི་དུས་གསུམ་ཅར་དུ་ལུང་མ་བསྟན་པའི་སེམས་ཀྱི་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཅན་སངས་རྒྱ་བའི་གནས་ནི་སྙིང་ག་ཆོས་ཀྱི་འཁོར་ལོའི་རྡོ་རྗེ་གདན་ཆེན་པོ་ཡིན་ཏེ། དེ་ལྟར་ཡིན་པས་དཔལ་སྒྱུ་འཕྲུལ་དྲ་བ་


JLAZ003_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ལུགས་སུ་འཁོར་འདས་བསྐྱེད་སྡུད་ཀྱི་ས་བོན་སྙིང་ག་ན་གནས་པ་ལ་གནད་དུ་བསྣུན་པའི་རྫོགས་རིམ་འཆད་དོ། །དེ་ཡང་སྙིང་ག་ཆོས་ཀྱི་འཁོར་ལོ་ནི་དབྱིངས་ཟབ་པས་དཔལ་གྱི་བེའུ་ཞེས་སྨོས་ནས། དེའི་ཁོང་སེང་ན་འཁྲུལ་སྣང་དང་ཡེ་ཤེས་བསྐྱེད་བྱེད་དངས་མའི་རྩ་ཕྲན་བརྒྱད་དུ་གནས་པའི་དབུས་ན་སྦྱང་གཞི་སྦྱོང་བྱེད་ལྟར་གནས་པའི་ས་བོན་ལ་གནད་དུ་བསྣུན་པའི་ཚུལ་སློབ་དཔོན་ཆེན་པོ་དྲི་མ་མེད་པའི་བཤེས་གཉེན་གྱི་གསང་ཐིག་ལས། གང་ལ་ཡོད་པ་རྣམ་པ་བརྒྱད་དུ་ཤེས། །ཞེས་དང༌། འགྲེལ་པར། གང་ལ་ཡོད་ན་སྙིང་ཁོང་སྟོང་གི་དཀྱིལ་ན་རྩའི་དངས་མ་རྩ་ཕྲན་རྒྱུས་པ་བལྡད་པ་འདྲ་བ་བརྒྱད་ཡོད་པ་ལས། གསུམ་ཆོས་ཉིད་ཀྱི་རྩ། གཅིག་ཡེ་ཤེས་ཀྱི་རྩ། གསུམ་རང་རྒྱུད་ཀྱི་རྩ། གཅིག་ཡོན་ཏན་གྱི་རྩ། དེ་ལྟར་བརྒྱད་དུ་ཤེས་པར་བྱའོ། །ཞེས་སོ། །དེ་ལ་དབུས་མ་གསུམ་ནི་སྐུ་གསུམ་གྱི་ཡི་གེ་ཆོས་ཉིད་མི་འགྱུར་བའི་རྟེན་ཡིན་ལ་འོད་སྣང་སེར་ལ་ཟླུམ་པའི་རྣམ་པ་ཅན་གྱི་དཀྱིལ་དུ་སྦྱང་གཞི་ལྷ་མིན་དང་བྱོལ་སོང་གི་ས་བོན་ཡི་གེ་སུ་དང་ཏྲིའི་སྟེང་དུ་སྦྱོང་བྱེད་སྐུ་རྡོ་རྗེའི་སྙིང་པོ་ཡི་གེ་ཨོཾ་རང་འོད་ཟ་འོག་གི་གུར་ཁང་ལྟ་བུར་གསལ་ལོ། །དེའི་མདུན་ན་ཡེ་ཤེས་བཞིའི་རྟེན་བྱེད་པ་མེ་ལོང་ཡེ་ཤེས་ཀྱི་རྩ་མཐིང་ག་གྲུ་བཞི་


JLAZ003_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྦུབས་ན་སྦྱང་གཞི་ལྷ་དང་མིའི་ས་བོན་ཨ་དང་ནྲྀ་དཀར་དམར་གྱི་སྟེང་ན་སྦྱོང་བྱེད་ཐུགས་རྡོ་རྗེའི་རང་བཞིན་ཧཱུྃ་མཐིང་གའོ། །གཡོན་ན་དུག་གསུམ་དང་ཁམས་གསུམ་རང་མཚན་པའི་འཁྲུལ་སྣང་བསྐྱེད་པའི་རྟེན་རང་རྒྱུད་པའི་རྩ་ཟླ་བ་ཁམ་པའི་དབྱིབས་ཅན་ཁ་དོག་དམར་པོའི་སྦུབས་ན་སྦྱང་གཞི་དམྱལ་བ་དང་ཡི་དྭགས་ཀྱི་ས་བོན་པྲེ་དང་དུའི་སྟེང་སྦྱོང་བྱེད་གསུང་རྡོ་རྗེའི་རང་བཞིན་ཨཱཿཡིག་པདྨ་རཱ་ག་ལྟར་འཚེར་བའོ། །རྒྱབ་ན་ཡོན་ཏན་གྱི་རྩ་ལས་ཞིང་ཁམས་དང་གཞལ་ཡས་ཁང་ལ་སོགས་དག་པའི་སྣང་བ་མུ་མེད་པར་འཆར་བ་སྟེ་གནས་ཚུལ་ལ་བརྒྱད་ཡོད་ཀྱང་བྱེད་ལས་ནི་བཞི་པོ་ཉིད་དེ་སྔ་མ་ལས། རྣམ་བཞི་བྱེ་བྲག་དྲུག་དང་བརྒྱད་དཀྱིལ་ན། །ཞེས་སོ། །བྱེ་བྲག་འོད་སེར་པོ་ལ་ཀུན་གཞིའི་རྣམ་ཤེས། མཐིང་ག་ལ་ཡིད་ཀྱི་རྣམ་ཤེས། དམར་པོ་ལ་ཉོན་མོངས་པ་ཅན་གྱི་ཡིད། དམར་ནག་ལ་སྒོ་ལྔའི་རྣམ་ཤེས་གནས་སོ། །དངས་མ་རྒྱུ་ཚུལ་གྱི་དབང་དུ་བྱས་ན་འོད་སེར་པོ་རྩའི་དངས་མ་དར་དཀར་གྱི་སྐུད་པ་འདྲ་བ་ལ་རྒྱུའོ། །མཐིང་ག་དབུགས་ཀྱི་དངས་མ་ལ་རྒྱུའོ། །དམར་པོ་ཁྲག་གི་དངས་མ་ལ་རྒྱུའོ། །དམར་ནག་ནི་སྒོ་ལྔའི་རྩའི་དངས་མ་ལ་རྒྱུའོ། །དེའང་འོད་སེར་པོའི་འགྲམ་ན་ཨོཾ་དང་སུ་ཏྲི་གཉིས་གནས་སོ། །འོད་མཐིང་གའི་སྒབ་ན་ཧཱུྃ་དང་ཨ་ནྲྀ་གཉིས་གནས་སོ། །འོད་དམར་པོའི་སྒབ་ན་ཨཱཿདང་པྲེ་དུ་གཉིས་གནས་སོ། །འོད་དམར་


JLAZ003_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ནི་དེ་རྣམས་ཀྱི་སྐྱོན་དང་ཡོན་ཏན་ནོ། །དེ་ལ་ཨ་ནྲི་གཉིས་དབུགས་ཀྱི་སྙིགས་མ་ལ་རྒྱུའོ། །སུ་ཏྲི་གཉིས་རྩའི་སྙིགས་མ་ལ་རྒྱུའོ། །པྲེ་དུ་གཉིས་ཁྲག་གི་སྙིགས་མ་ལ་རྒྱུའོ། །དེ་ཡང་ལྷ་དང་མི་གཉིས་སུ་སྐྱེ་བའི་ཁ་ཟིན་ནི་ཡིད་ཀྱི་རྣམ་པར་ཤེས་པས་བྱས་ནས་ས་བོན་ཨ་དང་ནྲི་ལ་བསོག་གོ །བྱོལ་སོང་དང་ལྷ་མིན་གཉིས་སུ་སྐྱེ་བའི་ཁ་ཟིན་ནི་ཀུན་གཞིའི་རྣམ་པར་ཤེས་པས་བྱས་ནས་ས་བོན་སུ་དང་ཏྲི་ལ་བསོག་གོ །ཡི་དྭགས་དང་དམྱལ་བར་སྐྱེ་བ་ནི་སྒོ་ལྔའི་རྣམ་པར་ཤེས་པ་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་བྱས་ནས་ས་བོན་པྲེ་དང་དུ་ལ་བསོག་གོ །འདི་ལྟར་གནས་པ་དེ་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་རང་རྒྱུད་དུ་གནས་སོ་ཞེས་དེ་ཉིད་ལས་སོ། །དེ་བས་ན་མ་དག་པའི་དུས་ལས་དང་ཉོན་མོངས་པས་བྱས་པའི་བག་ཆགས་མཐའ་དག་ཡི་གེ་དྲུག་པོའི་སྟེང་དུ་བསོག་པའི་ཚུལ་ཡང་ཞེ་སྡང་གིས་བྱས་པའི་ལས་དུའི་སྟེང་དུ་བསགས་ནས་དམྱལ་བར་འཕེན་པ་བཞིན་གཞན་ལྔ་ལ་ཡང་ཤེས་པར་བྱ་ཞིང༌། རྟོགས་པའི་དུས་ན་དགེ་བའི་ཆ་དང་ཡེ་ཤེས་ཀྱི་རང་རྩལ་རྣམ་པར་དག་པ་རྣམས་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གྱི་སྟེང་དུ་བསོག་པས་ན། སྐུའི་རྣམ་པ་ལམ་བྱེད་


JLAZ003_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བསྒོམ་པ་ལ་སོགས་པ་རྣམས་ཨོཾ། གསུང་གི་རྣམ་པ་ལམ་བྱེད་སྔགས་བཟླས་པ་ལ་སོགས་པ་ཨཱཿ ཐུགས་ཀྱི་ཆོས་ཉིད་ལམ་བྱེད་རྣམ་པར་མི་རྟོག་པ་བསྒོམ་པ་ལ་སོགས་པ་ཧཱུྃ་གི་སྟེང་དུ་བཞག་པས་སྦྱང་གཞིའི་ཡི་གེ་དང་དེས་བཟུང་བའི་བག་ཆགས་ཐམས་ཅད་ཟད་པར་བྱེད་པས་ན་འཁོར་འདས་ཤན་འབྱེད་པའི་བཟླས་པའི་གཙོ་བོའང་ཡི་གེ་འབྲུ་གསུམ་དུ་བཤད་པ་ཡིན་ནོ། །དེ་ལྟར་སྙིང་གའི་རྩ་བརྒྱད་པོའི་དབུས་མ་ནི་རྒྱུད་སྡེ་གཞན་ལྟར་ན་ཡང་དག་པའི་དབུ་མ་ཡིན་ལ། དབུ་མའི་རླུང་གི་དངས་མ་ཡང་ཡེ་ཤེས་ཀྱི་རྩ་ལ་འཇུག་དགོས་པས་ཡེ་ཤེས་ཀྱི་འོད་རྩ་ཤེལ་དཀར་གྱི་སྐུད་པ་ལྟ་བུ་ལ་ཕྲ་བའི་ཆ་ནས་རྟ་རྔའི་བཅུ་ཆ་ཙམ་གྱི་ནང་ན་ཁྲག་དང་དབུགས་ཀྱི་དངས་མ་འདྲེས་པ་ལ་བརྟེན་པའི་རླུང་སེམས་ཤིན་ཏུ་ཕྲ་བའི་སྣང་ཆ་མ་འགགས་པའི་གདངས་འོད་ལྔའི་ཁ་དོག་ཅན་གྱི་དབུས་ན་སྟོང་པའི་ཆ་རང་བཞིན་འོད་གསལ་གྱི་ཐིག་ལེ་ཆེན་པོ་བཞུགས་ཏེ། མངོན་བརྗོད་བླ་མ་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་བསྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་དང༌། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། སྙིང་གའི་པདྨོའི་སྦུབས་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །གཙོ་བོ་ཆེན་པོ་མི་བསྐྱོད་


JLAZ003_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །འཇིག་རྟེན་ཁམས་ནི་དེ་ཉིད་དོ། །ཞེས་སོ། །དེ་བས་ན་འདི་ཉིད་ནི་ཡེ་ཤེས་ཀྱི་རྩ་སྟེ་ཚོགས་གཉིས་རྫོགས་པའི་ཡོན་ཏན་ལས་སྒྲིབ་པ་མཐའ་དག་ཟད་དེ་རླུང་སེམས་ཀྱི་དངས་མ་ཐམས་ཅད་དེར་འདུས་པའི་ཚེ་མྱ་ངན་འདས་པའི་ཞིང་སྣང་དཔག་ཏུ་མེད་པ་འཆར་ཞིང་རང་སྣང་དོན་གྱི་འོག་མིག་སྟུག་པོ་བཀོད་པར་སངས་རྒྱས་པ་ཞེས་བྱ་སྟེ། ཀུན་བྱེད་ལས། སྟོན་པ་ཆོས་སྐུའི་གནས་ནི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། ཡང་དག་དོན་གྱི་འོག་མིན་དེ་རུ་བཤད། ཅེས་སོ། །དེ་ཕྱིར་ལུས་ནི་ཡེ་ཤེས་ཆེན་པོའི་རྟེན། །འཁོར་བ་ཉིད་ནའང་ངོ་བོའི་བཞུགས་ཚུལ་ལ། །ཉམས་དང་དམན་པར་གྱུར་པ་གཉིས་ཀ་མེད། །འགྱུར་བ་མེད་པའི་དོན་དམ་བྱང་ཆུབ་སེམས། །ཏིལ་ལ་མར་གྱིས་ཁྱབ་པ་ཇི་བཞིན་ནོ། །དེ་ལྟར་སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་ཁྱབ་བྱེད་ཆེན་པོས་འཇག་མའི་སྲིན་བུ་ཡན་ཆད་ལ་ཁྱབ་པའི་ཕྱིར་འཁོར་བའི་གནས་སྐབས་ནའང་རང་གི་ངོ་བོ་ཉིད་ལས་གཞན་དུ་གྱུར་པའམ། ཉམས་པ་དང༌། དམན་པར་གྱུར་པ་རྡུལ་ཙམ་ཡང་མེད་དེ་དངུལ་ཆུ་མ་དག་མེའི་དཀྱིལ་དུ་ལྷུང་ཡང་རྡུལ་གྱི་ཆོས་ཉིད་དང་མ་འདྲེས་པ་བཞིན་ནོ། །དེ་སྐད་དུ་གསང་འདུས་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་


JLAZ003_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཅེས་དང༌། ཡེ་ཤེས་གྲུབ་པ་ལས། སེམས་ཀྱི་དམ་པ་འོད་གསལ་བ། །ཀུན་ཏུ་དང་པོའི་སངས་རྒྱས་ཏེ། །སུས་ཀྱང་མ་བྱས་རང་བྱུང་བ། །ཡེ་ནས་ཉིད་ནི་གནས་པའོ། །ཞེས་སོ། །དེ་ལྟ་མོད་ཀྱིས། བདེ་གཤེགས་སྙིང་པོའི་རང་བཞིན་ནི་སྤྲོས་བྲལ་དུ་ཡོད་པས་རེ་ཞིག་སེམས་ཅན་གྱི་ཁམས་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་སྒྲིབ་བྱེད་དང་བཅས་པས་ཏིང་ངེ་འཛིན་གྱིས་སྦྱང་བ་ལ་བརྟེན་ནས་ཉམས་འོག་ཏུ་མ་ཆུད་ཀྱི་བར་དུ། རྣམ་པར་རིག་པ་དང་བཅས་པའི་ཤེས་ངོ་ན་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་པའི་ཚུལ་སྟུག་པོ་བཀོད་པའི་མདོ་ལས། ཇི་ལྟར་ཤིན་ཏུ་བཟང་པོའི་གསེར། །གསེར་གྱི་དབྱིབས་ལ་མི་སྣང་སྟེ། །བཙལ་ནས་ཤིན་ཏུ་ཞིབ་བཏགས་ནས། །ཡོངས་སུ་སྦྱངས་ན་སྣང་བར་གྱུར། །དེ་བཞིན་ཀུན་གཞིའི་རྣམ་པར་ཤེས། །རྣམ་ཤེས་བདུན་དང་བཅས་པ་ཡང༌། །ཏིང་ངེ་འཛིན་གྱིས་ཡོངས་སྦྱངས་པའི། །རྣལ་འབྱོར་ཅན་གྱིས་རྟག་ཏུ་མཐོང༌། །ཞེས་སོ། །དེའི་ཚུལ་ཡང་ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པ་ཁོ་ན་ཡིན་ནོ་ཞེས་གསུངས་པ་ལྟར་དད་པའི་ཉེ་བར་ལེན་པ་དང་ལྡན་པས་མཚན་ཉིད་བསྒོམས་སྟོབས་ཀྱིས་རྟོགས་པའམ། རྡོ་རྗེ་ཐེག་པའི་དབང་དོན་གྱི་ཡེ་ཤེས་ལས་མངོན་སུམ་དུ་མཐོང་བ་འགའ་ཙམ་ལས་རྟོག་


JLAZ003_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་གཞན་དབང་དུ་གྱུར་པ་དག་ལ་ཚོགས་བརྒྱད་ཀྱིས་བསླད་པའི་ཤེས་པ་འདུས་བྱས་པ་ལྟར་ལས་མངོན་པ་མ་ཡིན་ཏེ་དཀོན་མཆོག་སྤྲིན་ལས། འདི་དག་ནི་བདག་མེད་པ་ཡིན་མོད་ཀྱི། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་བདག་ཏུ་འཛིན་པ་ལ་ཞེན་པ་དག་ནི། བདག་ནི་ཕུང་པོ་རྣམས་ལ་བདག་ཡོད་དོ། །ཞེས་མངོན་པར་ཞེན་པས་དེ་ཁོ་ན་ཉིད་ཁོང་དུ་མི་ཆུད་དོ། །ཁོང་དུ་མ་ཆུད་པས་མགལ་མེའི་འཁོར་ལོ་ལྟར་འཁོར་བའི་འཁོར་ལོར་འཁྱམ་མོ། །ཞེས་པས་གསལ་ལོ། །དེ་བས་ན་ངེས་པའི་དོན་གྱི་མདོ་སྡེ་རྣམས་དང༌། གསང་སྔགས་ཀྱི་ཚུལ་ཟབ་མོ་དག་ལས་ནི་སེམས་ཅན་དང་སངས་རྒྱས་དབྱེར་མེད་མཉམ་པ་ཆེན་པོར་གནས་པའི་ཚུལ་འཕགས་པ་སྡོང་པོ་བཀོད་པ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང༌། །མི་གནས་ལེན་པ་མེད་པ་དེ། །དེ་དག་དེ་བཞིན་གཤེགས་པར་འགྱུར། །ཞེས་དང༌། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང༌། རྔམ་གློག་ལས། ཨེ་མ་ཧོ། ཡུན་རིང་དུས་ནས་རྨོངས་པའི་འགྲོ་བ་རྣམས། །ཡེ་ནས་དོན་གྱི་སངས་རྒྱས་ཡིན་མོད་ཀྱང༌། །རྨོངས་པའི་དབང་གིས་འཁོར་


JLAZ003_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཁོར་ལོར་འཁྱམས། །ལོག་རྟོག་ཉིད་ནས་དངོས་མེད་བྱང་ཆུབ་སེམས། །འཁྲུལ་འཁོར་ཉིད་ཀྱང་མི་ཟད་རྒྱན་དུ་ཆེ། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས་སུ་གསལ། །ཕུང་པོ་ལྔ་ཉིད་མངོན་པར་རྫོགས་པའི་སྐུ། །སྲིད་རྩའི་ཉེས་དམིགས་བྱང་ཆུབ་སྙིང་པོར་གསལ། །ཕྱི་ནང་སྣོད་བཅུད་ཡབ་ཡུམ་ངང་དུ་གསལ། །ཞེས་དང༌། བྱང་ཆུབ་སེམས་ཀྱི་སྤྲིན་གྱིས་ཐམས་ཅད་ལ་རྒྱས་པར་ཁྱབ་པ་ནི་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་ནོ། །ཞེས་སོ། །སྟོན་པ་ཚིག་ཙམ་ལ་ཞེན་པ་དག སྔགས་ཀྱི་ལྟ་བ་ནི་གཞི་འགྱུར་མེད། གནས་གྱུར་འདོད་པའི་ཕྱིར་སེམས་ཙམ་པ་དང་གཅིག་གོ་ཞེས་སྨྲ་སྟེ། སེམས་ཙམ་པས་འགྱུར་མེད་རྟག་པ་རིག་ཙམ་རང་གསལ་དུ་འདོད་པ་དང༌། འདིར་ལྷུན་གྲུབ་འདུས་མ་བྱས་རྟག་ཆད་ལས་འདས་ཤིང་ཡོན་ཏན་ལྷུན་གྲུབ་ཀྱི་ཁམས་འདོད་པ་གཉིས་ཀ་ལ་གཅིག དེ་བཞིན་དུ་སེམས་ཙམ་པ་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་གནས་འགྱུར་བའི་ཡེ་ཤེས་སུ་འདོད་ལ། འདིར་ནི་དེ་དག་བསལ་བ་ཙམ་ལས་གནས་གྱུར་པ་མེད་ཀྱི་མི་མངོན་པ་མངོན་པར་བྱས་ནས་མྱུར་དུ་རྟོགས་པས་ན་ཁྱད་པར་ཤིན་ཏུ་ཆེའོ། །དེའི་རྒྱུ་མཚན་ནི་གསང་སྔགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་མི་ཤིགས་པ་བདེ་བར་གཤེགས་པའི་སྙིང་པོ་ལ། མི་ཤིགས་པ་ཉིད་ཀྱིས་མི་འགྱུར་


JLAZ003_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བཞག་པའི་མི་འགྱུར་བའི་བདེ་བ་མངོན་དུ་བྱེད་དགོས་ཏེ། དེ་ལྟར་མི་ཤིགས་པ་ཉིད་ཀྱིས་འབྲས་བུ་ཉིད་ལ་ལམ་དུ་བྱེད་པས་རྡོ་རྗེ་ཐེག་པའི་ཚུལ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ནའང་ཁ་ཅིག་དོན་དམ་པར་རང་བཞིན་མེད་པས་སངས་རྒྱས་ཡིན་པ་དང༌། ཀུན་རྫོབ་ཏུ་སངས་རྒྱས་སུ་འགྱུར་དུ་རུང་བའི་རྒྱུ་ཡིན་པས་སངས་རྒྱས་སུ་བཞག་གིས། དངོས་པོའི་མཚན་ཉིད་ནི་མ་དག་པའི་སྣང་བ་ལྟར་བདེན་ནོ་ཞེས་འདོད་དོ། །རྒྱུ་འབྲས་དག་གྲོལ་དུ་འཛིན་པ་རྣམས་ནི་ངེས་དོན་གྱི་མདོ་སྡེ་དང༌། ཟབ་མོའི་རྒྱུད་སྡེའི་རྣམས་ཀྱི་དགོངས་པ་དྲང་དོན་དུ་འབད་པ་དུ་མའི་སྒོ་ནས་ཁུངས་འབྱིན་ཏེ། ཕལ་ཆེར་ནི་ང་རྒྱལ་གྱི་དབང་གིས་དམ་པའི་གཞུང་ལུགས་ལའང་གཤེ་ཞིང༌། གཏི་མུག་གི་དབང་གིས་རྒྱལ་བའི་བཀའ་ལའང་ཐེ་ཚོམ་ཟ་བས་དགག་བསྒྲུབ་དེ་དག་ཀྱང་རང་རང་གི་བློའི་ཞེན་ཡུལ་ཙམ་དུ་ཟད་པར་འགྱུར་བའི་ཚུལ་དགོངས་འདུས་ལས། ཐེག་པ་ཆེན་པོའི་གསང་སྔགས་འདི། །མཐུན་འཇུག་ཐབས་ཀྱི་སྒྲར་བསྟན་པའི། །ཚིག་དང་སྒྲ་ལ་དོན་མི་བཞག །དམ་པ་རྣམས་ཀྱི་དགོངས་པ་ནི། །དཔེའམ་ཚད་མའམ་གཏན་ཚིགས་སམ། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ནོ། །ཞེས་སོ། །འདི་ལྟར་ཟབ་མོའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་


JLAZ003_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སངས་རྒྱས་ཀྱི་རང་བཞིན་མ་ནོར་བ་ཡིན་ན། དེ་ནི་ཚིག་གི་ལམ་དུ་མི་གནས་པའི་ཚུལ་ལངྐར་གཤེགས་པ་ལས། བཤད་པ་དག་ཀྱང་འཁྲུལ་པ་སྟེ། །ཡང་དག་དོན་ལ་ཡི་གེ་མེད། །ཅེས་པས་སངས་རྒྱས་ཀྱི་རང་བཞིན་ནི་སངས་རྒྱས་ཁོ་ནས་མཁྱེན་གྱིས། དེ་ལས་གཞན་དུ་ཉན་ཐོས་སམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་ས་བཅུ་པས་ཀྱང་བསམ་བྱ་མ་ཡིན་ན། རྟོག་གེའི་རིགས་པ་ལ་མཐའ་གཅིག་ཏུ་གཞུངས་པས་སངས་རྒྱས་ཀྱི་བཞུགས་ཚུལ་ཤེས་པར་མི་ནུས་ཏེ། ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པར་ཡང་དབུ་མའི་གཞུང་ལུགས་ནི་ཚིག་ཙམ་གྱིས་ཆོས་ཐམས་ཅད་སྟོང་པར་བརྗོད་པའི་རྟོག་གེ་བ་རྩོད་པ་ལ་མོས་པ་ཞེས་བྱ་བ་ཡིན་ནོ། །ཞེས་སོ། །དེ་ཡང་རེ་ཞིག་ལམ་གྱི་གནས་སྐབས་སུ་བློ་དག་པར་བྱེད་པ་རིགས་པ་ཡིན་ཀྱང༌། རིགས་པ་དག་པར་བྱེད་པ་ལུང་ཡིན་ནོ། །ལུང་དག་པར་བྱེད་པའང༌། ལུང་རྣམས་བལྟོས་པ་ལས་གྲུབ་ཅིང་སྐྱེས་པའི་རིགས་པའི་བློ་མ་ཉམས་པ་ཡིན་པས་དེས་སངས་རྒྱས་རྣམས་ཀྱི་དངོས་པོའི་བཞུགས་ཚུལ་ཇི་ལྟ་བ་མི་རྟོགས་པའི་ཚུལ་རྟོག་གེ་པ་རྣམས་ཀྱི་གཙུག་གི་ནོར་བུ་ཆོས་ཀྱི་གྲགས་པས་ཀྱང༌། དེར་ནི་རྗེས་དཔག་འཇུག་མི་འགྱུར། །ཞེས་སོ། །དེ་བས་ན་ལངྐར་གཤེགས་པ་ལས། གློ་གྲོས་ཆེན་པོ་རྣམ་པར་ཤེས་པ་ཐམས་ཅད་


JLAZ003_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གཅིག་པ་མ་ཡིན་ན་ནི། འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་རྒྱུ་ལས་འབྱུང་བར་མི་འགྱུར་རོ། །ཞེས་དང༌། རྡོ་རྗེ་ཕྲེང་བར། ཐམས་ཅད་རྣམ་ཤེས་ཕུང་པོར་ཞུགས། །རྣམ་ཤེས་དེའང་འོད་གསལ་བའོ། །མྱ་ངན་འདས་དང་ཀུན་སྟོང་དང༌། །ཆོས་ཀྱི་སྐུ་ཡང་གསུངས་པ་ཡིན། །ཞེས་པ་ལྟར་རོ། །དེ་ལྟ་ན་སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པས་རྒྱལ་བའི་ཕྲིན་ལས་ཀྱང་ཆུད་གསོན་པར་འགྱུར་རོ་ཟེར་ན། མཐར་ཐུག་གི་སངས་རྒྱས་ནི་ཕྱོགས་དང་རིས་སུ་མ་ཆད་པའི་ཕྱིར་ན་ངོ་བོ་ཉིད་མེད་པ་སྟེ། འཇིག་རྟེན་འདས་ལར། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །རྣམ་དག་ནམ་མཁའ་ལྟ་བུ་ཡིན། །ཞེས་སོ། །དེ་ལྟར་ཡིན་པས་ཆོས་ཀྱི་འཁོར་ལོ་ཐ་མ་ནི་འཁོར་གསུམ་ཡོངས་དག་གི་རང་བཞིན་དུ་གནས་པའི་ཕྱིར་འདི་ནི་སངས་རྒྱས་སོ། །འདི་ནི་དེའི་ཕྲིན་ལས་སོ་སྙམ་པའང་ད་དུང་གཉིས་སུ་སྣང་བའི་བློའྀ་གཟེབ་ལས་མ་ཐར་བ་ཉིད་དོ། །དེ་བས་ན་ཆ་ལ་བཏགས་ཤིང་གཞན་དོན་ལ་དམིགས་པའི་གཟུགས་སྐུའི་ཡོན་ཏན་འབའ་ཞིག་ལ་ཐོབ་བྱའི་མཐར་ཐུག་ཏུ་བྱེད་པ་ནི་ཐེག་པ་ཆེན་པོ་རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་ལ་


JLAZ003_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང༌། །ཞེས་པ་དང་འགལ་བ་ཡིན་ནོ། །ཚུལ་དེ་ལྟ་བུས་རྡོ་རྗེ་ལུས་ཀྱི་གནས་ལུགས་ཤེས་པར་བྱས་ནས་དེ་ལ་གནད་དུ་བསྣུན་པའི་རང་འབྲས་སྙིང་པོའི་བཞུགས་ཚུལ་བདེ་བླག་ཏུ་རྟོགས་པ་ལ་དམིགས་ནས་ཐབས་ཀྱི་ལམ་རྣམ་པ་གཉིས་ལ་སློབ་པའི་ཚུལ། འདི་ལྟར་རྡོ་རྗེ་ལུས་ཀྱི་གནས་ལུགས་དང༌། །གདོད་མ་གཞི་ཡི་བཞུགས་ཚུལ་ཤེས་བྱས་ནས། །གཏུམ་མོ་དང་ནི་སྒྱུ་ལུས་ཉིང་འཁྲུལ་ལམ། །འོད་གསལ་བར་དོ་འཕོ་བ་རྣམ་པ་དྲུག །སྐྱེས་བུའི་རྩོལ་བས་འགྲུབ་ཀྱིས་གཞན་རྐྱེན་ལ། །རག་མ་ལུས་ཕྱིར་རང་ལུས་ཐབས་ཀྱི་ལམ། །དེ་ལ་རང་ལུས་ཐབས་ལྡན་དང༌། གཞན་ལུས་རིག་མ་ལ་བརྟེན་པ་གཉིས་ལས། དང་པོ་ནི་ལམ་གྱི་རྩ་བ་གཏུམ་མོ་དང༌། གཞི་མ་སྒྱུ་ལུས་དང༌། དྲོད་ཚད་རྨི་ལམ་དང༌། སྙིང་པོ་འོད་གསལ་དང༌། བསུན་མ་བར་དོ་དང༌། བློ་ཆོད་འཕོ་བ་དྲུག་པོ་ནི་རང་གིས་རྩོལ་བའི་མཐུས་བསྒྲུབ་པ་ཁོ་ན་ལས་གཞན་རྐྱེན་ལ་རག་མ་ལུས་པས་ན་རང་ལུས་ཐབས་ལྡན་ཞེས་བྱའོ། །དེ་ལ་དང་པོར་གསང་དབང་གི་ལམ་གཏུམ་མོ་ནི། སྔོན་དུ་འགྲོ་བའི་རིམ་པས་རྒྱུད་ལས་སུ་རུང་བར་བྱས་ནས་ལུས་ཀྱི་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་ནི་ཀློང་ཆེན་རབ་འབྱམས་ལས། རྐང་པ་


previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next