Nitartha Digital Library
Tibetan
 
previousཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།next

ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།


JLAZ003_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྐྱིལ་ཀྲུང་བཅའ། །ལག་པ་གཉིས་ནི་མཉམ་གཞག་བསྣོལ། །ལུས་ནི་མདའ་སྨྱུག་བཞིན་དུ་བསྲང༌། །དཔུང་པ་རྒོད་གཤོག་བཞིན་དུ་བརྒྱང༌། །མཇིང་པ་གཞུ་མཆོག་བཞིན་དུ་བསྐུམ། །ལུས་གནད་ཕག་པ་གཟིངས་ལྟར་གཏོད། །མིག་དང་སྣ་རྩེ་སེམས་རྩེ་བསྟུན། །ཞེས་པ་ལྟར་རམ། ཡང་ན་སྐྱིལ་ཀྲུང་ལྷོད་ཆ་དང་ལྡན་པས་རྫོགས་རིམ་གྱི་ལྷ་སྐུ་གསལ་སྟོང་སྒྱུ་མ་ལྟ་བུར་གསལ་བའི་ངང་ནས་སྟོང་ར་བསྒོམ་པ་དང༌། རྩ་གསུམ་འཁོར་ལོ་དང་བཅས་པ་གསལ་གདབ་པ་དང༌། དེ་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ལ་སོགས་པའི་ཡི་གེའི་རིམ་པ་དགོད་པ་དང༌། རླུང་སྐྱོན་སེལ་ཞིང་མཉམ་རྒྱུ་ཡེ་ཤེས་ཀྱི་རླུང་ལ་སོགས་རླུང་རྒྱུ་བའི་དུས་གནད་ལ་མཁས་པར་བྱ་བ་དང༌། རྔུབ་པ་དང༌། དགང་པ་དང༌། གཞིལ་བ་དང༌། འཕང་བའི་གནད་བཞི་ལ་མཁས་པར་བྱ་བ་དང༌། འབྱུང་བ་བཞིའི་རླུང་འཇའ་ཚོན་ལྟ་བུ་ལ་དམིགས་པ་དང༌། རླུང་བྱེར་བའི་ཉེས་དམིགས་འགེགས་པ་དང༌། ཁུག་པའི་ཡུན་ཚོད་ནང་དུ་གནས་པ་ལ་ཡུན་བསྲིང་བ་དང༌། འབར་འཛག་དང་ཐིག་ལེའི་འཐབ་མོ་ཤེས་པ་དང༌། འབྱུང་འཇུག་གནས་གསུམ་རྡོ་རྗེའི་བཟླས་པར་ཤེས་པ་ལ་སོགས་མན་ངག་གི་གནད་ལ་འདྲིས་པས་ཉམས་སུ་བླངས་པས། རླུང་དབུ་མར་


JLAZ003_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པའི་རྟགས་སུ་བསྒོམ་པའི་དུས་ན་མཉམ་རྒྱུར་འབྱུང་བ་དང༌། གནས་པ་ལས་ཡོན་ཏན་སྐྱེ་ཞིང་སྣ་བུག་གི་རྒྱུ་བ་རགས་པ་འགགས་པ་དང༌། ཐིམ་པ་ལས་སྣ་བུག་གི་རྒྱུ་བ་གཞན་དུ་འཕོས་ནས་སྣ་སྒོར་སྤུ་མི་འགུལ་བ་ལ་སོགས་པ་འབྱུང་ངོ༌། །གལ་ཏེ་རླུང་བྱིང་པ་དང་བྱེར་བ་ལས་དེ་ལྟར་འབྱུང་སྲིད་དེ་རྟགས་སུ་བྱིང་ན་དམིགས་པ་མི་གསལ། བྱེར་ན་ཡོན་ཏན་མི་སྐྱེ་བའི་ཁྱད་པར་ཤེས་པར་བྱས་ནས་འཇུར་མིག་ཏུ་སྲད་བུ་འགྲིམ་པ་ལྟ་བུའི་དམིགས་པ་རྩེ་གཅིག་པ་ཀུན་ལ་གལ་ཆེ་བ་ཡིན་ནོ། །དེ་ལྟར་རླུང་གནད་ཁ་སྦྱོར་གྱི་ངང་ནས་ཕྲ་ཐིག་གི་རྣལ་འབྱོར་སོགས་ཏིང་ངེ་འཛིན་རྩེ་གཅིག་པ་བསྒྲུབ་པའི་ཚུལ་རྒྱུད་དང་མན་ངག་སོ་སོའི་ངེས་པ་ལྟར་ཤེས་པར་བྱའོ། །དེ་ལྟར་བསྒོམས་པས་རྟགས་སྣང་ནི་ས་ཆུ་ལ་ཐིམ་པས་སྨིག་རྒྱུ། ཆུ་མེ་ལ་ཐིམ་པས་དུ་བ། མེ་རླུང་ལ་ཐིམ་པས་མཁའ་སྣང༌། རླུང་སྣང་བ་ལ་ཐིམ་པར་ཕྱོགས་པ་ན་མར་མེ། ཐིམ་པ་དངོས་ཀྱི་དུས་སྟོང་པ། སྣང་བ་མཆེད་པ་ལ་ཐིམ་པས་ཤིན་ཏུ་སྟོང་པ། མཆེད་པ་ཉེར་ཐོབ་ལ་ཐིམ་པས་སྟོང་པ་ཆེན་པོ། ཉེར་ཐོབ་འོད་གསལ་ལ་ཐིམ་པས་ཐམས་ཅད་སྟོང་པའམ་འོད་གསལ་འཆར་ལ། དེ་བཞིན་དུ་འབར་འཛག་ལས་བྱུང་བའི་དགའ་བ་བཞིའི་མཚན་ཉིད་དང་ལྷན་སྐྱེས་ངོས་ཟིན་པར་གཅེས་སོ། །


JLAZ003_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ལ་ལུས་ཀྱི་ཆུན་བཙལ་བའི་འཕྲུལ་འཁོར་དང༌། བྲབ་གཞིལ་དང་ལུས་འདུལ་གྱི་རིམ་པ་དུས་སྐབས་དང་འབྲེལ་བའི་གནད་དུ་འགྲོ་བ་དང༌། དེའང་འཕྲུལ་འཁོར་དྲག་པས་བཙན་ཐབས་སུ་གཅུན་པ་ལས། ལྟར་སྣང་ཙམ་པའི་ཡོན་ཏན་གློ་བུར་བ་སྐྱེས་པ་ནི་དགོས་པ་ཆུང་སྟེ། དེའི་རང་བཞིན་གེགས་མང་ལ་བརྟན་པ་མ་ཡིན་པས་སོ། །རྩ་རླུང་ཐིག་ལེའི་ལམ་གང་ཡིན་ཡང་ཐུན་ཐམས་ཅད་ཀྱི་མཇུག་ཏུ་འཇམ་རླུང་དང་སྦྲགས་རྣམ་པར་མི་རྟོག་པའི་གཏུམ་མོ་རང་བཞིན་འོད་གསལ་བའི་ཆོས་ཉིད་ལ་མཉམ་པར་གཞག་པ་ནི་ཤིན་ཏུ་གཅེས་ཏེ། སེམས་དངོས་པོའི་གནས་ལུགས་སྐྱེ་འགག་གནས་གསུམ་དང་བྲལ་བ་འཁྲིད་ལ་སོགས་པའི་ཚེ་ཐོས་བསམ་ལ་བརྟེན་ནས་གཏན་ལ་ཕབ་པའི་དོན་སྤྱིའི་གོ་བ་འདིར་གཏུམ་མོའི་བསྒོམ་རིམ་གྱིས་རྟོག་པ་འགག་སྟོབས་དང་བདེ་སྟོང་གི་ཉམས་མྱོང་ལ་བརྟེན་ནས་མྱོང་ཐོག་ཏུ་གཏན་ལ་དབབ་པ་ཡིན་པའི་ཕྱིར་རོ། །དེ་བས་ན་དང་པོའི་ལས་ཅན་རྣམས་ཀྱིས་ཕྱི་རོལ་ཏུ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་སོགས་པའམ། རྡེའུ་དང༌། ཤིང་བུ་དང༌། རླུང་བགྲང་བའི་རྟེན་ཅན་ལ་དམིགས་པ་དང༌། སྨིན་མཚམས་ལས་སོར་མོ་བརྒྱད་དམ་བཅུ་དྲུག་ལ་སོགས་


JLAZ003_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐད་ཀར་གཏད་མེད་དུ་བཞག་ནས་སེམས་འཛིན་པ་སོགས་རང་ཉམས་ལ་བོགས་གང་ཆེ་དང་བསྟུན་ནས་ཞི་གནས་ཀྱི་མྱོང་བ་བརྟན་པོ་བཙལ་ཞིང༌། དེའི་རང་བཞིན་སོ་སོར་རྟོག་པའི་ཤེས་རབ་ཏུ་རང་རིག་པའི་ལྷག་མཐོང་གི་ཡེ་ཤེས་ལ་རྩལ་སྦྱང་བ་སོགས་བླ་མའི་མན་ངག་ལས་ཤེས་པར་བྱ་སྟེ། དོ་ཧ་མཛོད་ལས། བླ་མའི་ལུང་ལ་བསྒྲིམས་ཏེ་རབ་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཁ་དོག་ཡོན་ཏན་ཡི་གེ་དཔེ་བྲལ་བ། །སྨྲ་རུ་མི་བཏུབ་དེ་ནི་གྱི་ན་མཚོན། །གཞོན་ནུ་མ་ཡི་བདེ་བ་སྙིང་ལ་ཞེན་པ་བཞིན། །དབང་ཕྱུག་དམ་པ་དེ་ནི་སུ་ལ་བསྟན་ནུས་སམ། །དངོས་དང་དངོས་མེད་ཡོངས་སུ་བཅད་པ་ན། །དེ་ནི་འགྲོ་བ་མ་ལུས་རབ་ཏུ་ཐིམ་པར་འགྱུར། །གང་ཚེ་ཡིད་ནི་མི་གཡོ་རང་གནས་བརྟན་པ་དེར། །དེ་ཚེ་འཁོར་བའི་དངོས་པོ་ལས་ནི་གྲོལ་བར་འགྱུར། །ཞེས་སོ། །གཉིས་པ་སྒྱུ་ལུས་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཡིད་ངོའི་ལྷ་སྐུ་ལྷན་སྐྱེས་ཡབ་ཡུམ་དུ་ལྡང་བར་བྱའོ་སྙམ་དུ་སེམས་བསྐྱེད་ནས། མགྲིན་པའི་རྩ་འཁོར་དུ་གསུང་རྡོ་རྗེའི་ངོ་བོ་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་དམར་གསལ་ཡུམ་དང་བཅས་པ་བསྒོམས་ལ་སྒྱུ་ལུས་འབྱོངས་པར་གསོལ་བ་དྲག་ཏུ་བཏབ། དེ་ནས་སྣོད་


JLAZ003_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་དངོས་པོའི་རྣམ་འགྱུར་ཐམས་ཅད་མེད་བཞིན་དུ་འཁྲུལ་པའི་དབང་ལས་སྣང་བ་མིག་ཡོར་དང༌། སྨིག་རྒྱུ་དང༌། རྨི་ལམ་དང༌། བྲག་ཅ་དང༌། དྲི་ཟའི་གྲོང་ཁྱེར་དང༌། མིག་འཕྲུལ་དང༌། གློག་དང༌། ཆུ་བུར་དང༌། སྒྱུ་མ་མཁན་གྱི་སྤྲུལ་པ་བྱས་པའི་སྐྱེས་བུ་བཞིན་དུ་བལྟ་བར་བྱ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་སོ། །འདི་ནི་སྒྱུ་མ་ལྟ་བུའི་འཛིན་སྟངས་ཀྱི་ཡུལ་སྣང་ཐམས་ཅད་ལ་རྒྱས་འདེབས་པའི་དྲན་འདུན་གཙོ་ཆེའོ། །དེ་ལ་སྤྱི་དོན་མ་དག་པའི་སྒྱུ་ལུས་དང༌། དག་པའི་སྒྱུ་ལུས་གཉིས། སྦས་དོན་རླུང་སེམས་ཀྱི་སྒྱུ་ལུས་གསུམ་དུ་བསྒོམ་པར་བྱ་བ་ལས། ཕྱོགས་དང་པོ་ཐ་མལ་གྱི་སྒོ་གསུམ་སྒྱུ་མར་སྦྱོང་བའི་ཚུལ། མེ་ལོང་ལ་རང་གི་གཟུགས་བརྙན་འཆར་དུ་བཅུག་ནས་དེ་ལ་རྒྱན་གོས་དང༌། བཟའ་བཏུང་ལ་སོགས་པ་བསྟབས་ན་དགའ་བ་འདུག་གམ་བལྟ། རེས་བརྡེག་འཚོག་དང་རྣམ་འགྱུར་རྩུབ་མོ་བསྟན་ནས་མི་དགའ་བ་འདུག་གམ་བལྟས་པས། དེ་ལ་དགའ་སྡུག་གཉིས་ཀ་མེད་པ་ལྟར་རང་ཉིད་ལའང་དེ་ལྟར་གོམས་སུ་བཅུག་ནས་


JLAZ003_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ལྟ་བུའི་སྣང་བ་འཆར་བ་ལ་རྩལ་སྦྱང༌། དེ་བཞིན་དུ་མེ་ལོང་གི་གཟུགས་བརྙན་ལ་བརྗོད་པ་འཇམ་རྩུབ་སྣ་ཚོགས་པ་འདོད་རྒྱལ་དུ་བསྒྲགས་ཀྱང་ཆགས་སྡང་མི་སྐྱེ་བ་བཞིན་དུ་ངག་བྲག་ཅ་ལྟ་བུར་སྦྱང༌། དེ་བཞིན་སྨིག་རྒྱུ་གཡོ་བའི་ཆོས་རྣམས་ཀྱང་ཆུ་རླུང་འཇམ་པོ་ལ་ཉི་ཟེར་དང་རླུང་ཕྲ་མོས་བཏབ་པ་ལྟར་སྣང་ཡང་ཆུར་མ་གྲུབ་པ་བཞིན་དུ། ཡིད་ངོར་ཤར་བའི་གཟུང་འཛིན་གྱི་རྟོག་པ་སྣ་ཚོགས་པའང་སྣང་ཙམ་ཉིད་ནས་བདེན་པར་མ་གྲུབ་པར་བསམ། དེ་ལྟར་ལུས་ངག་ཡིད་གསུམ་དང་ཡུལ་གྱི་སྣང་བ་ཕན་ཚུན་རྟེན་ཅིང་འབྲེལ་འབྱུང་ལས་སྐྱེས་པའི་ཕྱིར་ན་ན་ཚ་འདྲེ་གདོན་ལ་སོགས་པ་དང༌། འཇིག་རྟེན་རྙེད་པ་སྙན་པ་ལ་སོགས་པའི་ཆོས་བརྒྱད་པོ་དབེན་པར་མགོ་སྙོམས་ནས་ཅུང་ཟད་གོམས་པའི་ཚེ་སྐྱེ་བོ་མང་པོའི་མདུན་སར་ཡིད་ཀྱི་དམ་བཅའ་ཤིན་ཏུ་བརྟན་པར་བྱས་ནས་རྐྱེན་དང་བསྲེ་བ་ལ་བསླབ་བོ། །གལ་ཏེ་ཆགས་སྡང་སྐྱེ་བ་འདུག་ན་སླར་ཡང་དབེན་པ་འབའ་ཞིག་ཏུ་ཕྱིན་ལ་རྐྱེན་ཐུབ་ཐུབ་ཏུ་བསྒོམ་པར་བྱའོ། །གཉིས་པ་དག་པའི་སྒྱུ་ལུས་ལ་སྤྲུལ་པ་དབྱིབས་ཀྱི་རྣལ་འབྱོར་དང༌། རང་བཞིན་དབྱིབས་ཀྱི་རྣལ་འབྱོར་ལས། དང་པོ་ནི། རྫོགས་རིམ་གྱི་སྔོན་འགྲོ་བསྐྱེད་རིམ་ཡིན་པས་སྔོན་དུ་བསྐྱེད་རིམ་ལ་བྱང་


JLAZ003_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ན་རབ། མིན་ན་རྫོགས་རིམ་རང་ལམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུའི་གསལ་སྣང་ལ་གོམས་པ་བརྟན་པ་མེད་ན་བར་དོ་ལོངས་སྐུར་ལྡང་བའི་ལམ་གྱི་དངོས་གཞི་ལའང་ངེས་པ་མི་ཐོབ་པས། རེ་ཞིག་དང་པོར་ཐབས་ཀུན་རྫོབ་ཀྱི་སྐུ་ལ་བརྟེན་པའི་ཚུལ། ཡི་དམ་གྱི་སྐུ་འགྱིང་ལོག་པ་བྲིས་འབུར་ཅི་རིགས་པའི་སྣང་བརྙན་མེ་ལོང་དུ་འཆར་བཅུག་པའམ། ཡང་ན་མེ་ལོང་ལས་ཀྱང་མེ་ལོང་གཉིས་པར་འཆར་དུ་བཅུག་པའི་གཟུགས་བརྙན་ལ་ཡུན་རིང་དུ་ཤེས་པ་རྩེ་གཅིག་པས་བལྟས་ལ་ཡིད་ཡུལ་དུ་གོམས་པ་ལ་བསླབ་སྟེ་རིམ་ལྔ་ལས། རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །མེ་ལོང་དྲི་མ་མེད་པ་ལ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །ཞེས་སོ། །དེ་ལྟར་གོམས་པ་ཤིན་ཏུ་བརྟན་པར་གྱུར་པ་དང་རང་བཞིན་དབྱིབས་ཀྱི་རྣལ་འབྱོར་ལ་བསླབ་དགོས་ཏེ། དེ་ལྟར་མ་བསླབས་ན་བློས་བཅོས་པའི་ཐ་སྙད་ལ་གསལ་བའི་སྐུའི་གསལ་སྣང་ཙམ་གྱིས་མཆོག་གི་དངོས་གྲུབ་ཐོབ་པ་མ་ཡིན་ཞིང་ཇི་ལྟ་བའི་སྒྱུ་མའི་སྐུར་ཡང་མི་འགྱུར་བས་སོ། །དེ་བས་ན་སྔར་བློས་བཅོས་པའི་བག་ཆགས་ཙམ་དུ་གོམས་པ་དེ་ཉིད་ལྷག་མཐོང་གི་ལྟ་བས་ཟིན་པའི་བསྐྱེད་རིམ་མཚན་ཉིད་པའི་གསལ་སྣང་དུ་འཆར་བ་ལ་བསླབས་པས་རྣམ་སྨིན་གྱི་ལུས་


JLAZ003_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ལྷའི་རང་བཞིན་དུ་རྣམ་པར་དག་ཅིང༌། དེ་ཡང་བཞིན་ལག་གི་རྣམ་པར་སྣང་ཡང་རང་བཞིན་མེད་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་ལྷ་སྐུར་འཆར་བ་འབྱུང་སྟེ་དུས་འཁོར་ལས། རང་གི་ཡིད་ལས་སྐྱེས་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ཉིད། །གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་རྣལ་འབྱོར་དབང་པོས་བསྟེན་བྱ་སྟེ། །ཞེས་སོ། །དེ་ནས་བོགས་དབྱུང་བའི་དོན་དུ་ལྷ་དེ་ཉིད་འཇིག་རྟེན་གྱི་ཁམས་གང་བ་ཙམ་གྱི་ཆེ་བ་དང༌། ཡུངས་འབྲུར་ཚུད་པ་ཙམ་གྱི་ཆུང་བ་དང༌། གཅིག་ལས་དུ་མ་དང༌། དུ་མ་གཅིག་ཏུ་བསྡུ་བ་ལ་སོགས་དང༌། གཞན་ཡང་རྗེས་ཤེས་དང༌། རྗེས་ཐོབ་ཐམས་ཅད་དུ་སྣོད་བཅུད་ཀྱི་སྣང་བ་དབང་ཤེས་ཀྱི་ངོ་ལ་དངོས་སུ་སྣང་བ་དང༌། དེའི་བག་ཆགས་ཡིད་ངོར་སྣང་བ་མཐའ་དག་ལྷ་དང་གཞལ་ཡས་ཁང་དུ་རྩལ་སྦྱོང་ཞིང༌། ཁྱད་པར་སྐབས་འདིར་ལྷ་སྐུའི་སྒྱུ་མ་བསྒོམ་པའི་དགོས་དོན་ནི་རང་བཞིན་གྱི་འོད་གསལ་ལས་བར་དོ་འཆར་བའི་ལྷ་སྐུར་ལྡང་བའི་ཆེད་དུ་ཡིན་པས་རྨི་ལམ་གྱི་སྒྱུ་ལུས་སྐབས་འབྱུང་བ་བཞིན་དུ་དུག་གསུམ་གྱི་རང་བཞིན་སྐུ་གསུམ་དུ་སྦྱང་བའི་ཞིང་སྦྱོང་རྣམ་པ་གསུམ་ལ་བསླབས་ཏེ། ཞེ་སྡང་སྒྱུ་ལུས་སུ་བསྲེ་བ་སྤྲུལ་སྐུའི་ཞིང་སྦྱོང༌། འདོད་ཆགས་དབང་དང་བསྲེ་བ་ལོངས་སྐུའི་ཞིང་སྦྱོང༌། གཏི་མུག་འོད་གསལ་དུ་བསྲེ་བ་ཆོས་སྐུའི་ཞིང་སྦྱོང་གསུམ་


JLAZ003_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བླངས་ནས་བར་དོའི་ཡིད་ལུས་འབྱུང་བའི་ལུས་དང་བྲལ་བ་ཤིན་ཏུ་ཕྲ་བའི་ལྷའི་སྐུར་ལྡང་ཞིང་དེ་ཉིད་འོད་གསལ་དུ་འཇུག་པ་དང༌། དེ་ལས་སྒྱུ་མ་ལྟ་བུར་ལྡང་བ་སོགས་ཀྱང་རྨི་ལམ་གྱི་སྐབས་ཉམས་སུ་བླང་ཚུལ་དང་མཐུན་པ་ཡིན་ནོ། །གསུམ་པ་ནི། རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞིས་དྲངས་པའི་འོད་གསལ་གྱི་མཐར་རླུང་སེམས་ཙམ་གྱི་སྒྱུ་མའི་ལྷ་སྐུར་ལྡང་བའམ། ཡང་ན་རླུང་དབུ་མར་ཐིམ་པའི་དགའ་བ་བཞི་དྲངས་པའི་རྗེས་ཀྱི་ལྷན་སྐྱེས་ལས་སྒྱུ་མའི་སྐུར་ལྡང་བ་སྟེ། དེ་ཡང་སྔ་མ་ལ་སློབ་པའི་དོན་དུ་རྫོགས་རིམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུའི་སྙིང་གའི་རྩ་འདབ་ཀྱི་དབུས་སུ་རླུང་སེམས་ཙམ་ལས་གྲུབ་པའི་ཧཱུྃ་སྔོན་པོ་འོད་ཟེར་ཁ་དོག་ལྔ་པ་ཞིག་བསམ། དེ་ལ་རླུང་རིག་གཅིག་ཏུ་དྲིལ་བས་རླུང་དབུ་མར་ཞུགས་པའི་རྟགས་དུ་བ་ལ་སོགས་པ་དང་སྣང་མཆེད་ཐོབ་གསུམ་གྱི་འོད་གསལ་དང་བཅས་པའི་ངང་དུ་ལྷ་སྐུ་ཧཱུྃ་དང་བཅས་པ་རོ་གཅིག་ཏུ་བསྡུས་ནས་མཉམ་པར་བཞག་ཅིང༌། སླར་ཡང་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུར་ལྡང་བའོ། །ཕྱི་མའི་དོན་ཡང་སྟོང་བཞིའི་དོད་ཐུབ་ཏུ་དགའ་བཞི་འདྲེན་པ་ཙམ་ལས་ཁྱད་པར་གཉིས་པ་མེད་དོ། །དེ་ཙམ་མི་ནུས་པས་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་ལ་བརྟེན་པའི་


JLAZ003_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ལྡང་བྱ་ཚུལ་གཉིས་ལས། དང་པོ་ནི། ལྷ་སྐུ་ཡིག་འབྲུ་དང་བཅས་པ་ལ་རིག་པ་རྩེ་གཅིག་ཏུ་དྲིལ་བའི་རླུང་ཁ་སྦྱོར་ཅི་རིགས་བཟུང་བའི་མཐར། མེ་ལོང་ཧས་བཏབ་པ་ལྟར་སྟོང་གཟུགས་ཀྱི་ལྷ་སྐུ་ཡིག་འབྲུ་ལ་བསྡུ། ཡིག་འབྲུ་ཡང་ནཱ་དའི་བར་དུ་བསྡུས་ཏེ་མི་དམིགས་པའི་ངང་ནས་རླུང་ཁ་སྦྱོར་ཅི་ནུས་སུ་བཟུང་ངོ༌། །གཉིས་པ་ནི། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ་བ་བཅུད་ཀྱི་སེམས་ཅན་ལ་བསྡུ། དེ་རྣམས་ཀྱང་འོད་དུ་ཞུ་བ་རང་ལ་བསྡུ། རང་ཉིད་ཧཱུྃ་གི་བར་ཞུ་ཚུལ་སྔར་བཞིན་ནོ། །འོད་གསལ་དེའི་ངང་ལ་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་ལྷ་སྐུར་ལྡང་བ་དང༌། ཡང་དེ་ཉིད་འོད་གསལ་དུ་འཇུག་པ་དང་ཡང་ལྡང་བ་སོགས་ལ་རླུང་སྦྱོར་དང་ལྷན་ཅིག་ཡང་ཡང་སློབ་པར་བྱའོ། །འདི་ནི་སྒྱུ་ལུས་ཀྱི་དོན་པོ་ཡིན་ཏེ་བར་དོར་མཆོག་གི་དངོས་གྲུབ་ཐོབ་པའི་ལམ་ཐུན་མོང་མ་ཡིན་པའང་ཡིན་ལ། གནས་སྐབས་སུའང་སྣང་བ་ཐམས་ཅད་སྒྱུ་མ་ལྟར་འཆར་བས་བདེན་འཛིན་འཇིག་པ་དང༌། མངོན་དུ་གྱུར་ན་མེ་ཆུ་དུག་མཚོན་ལ་སོགས་པས་ཀྱང་མི་གནོད་ཅིང༌། ཚེ་འདི་ཉིད་ལའང་རྩ་རླུང་ཐིག་ལེ་སྒྲིབ་བྲལ་དུ་དག་ནས། འདོད་གཟུགས་ཀྱི་ལྷ་དང་རྗེས་སུ་མཐུན་པའི་འཇའ་ལུས་སྒྱུ་མའི་སྐུ་འགྲུབ་པ་སོགས་ཡོན་ཏན་དཔག་ཏུ་མེད་པ་ཡིན་ནོ། །གསུམ་པ་རྨི་ལམ་གྱི་གདམས་


JLAZ003_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། རྨི་ལམ་བཟུང་བ་དང༌། སྦྱང་ཞིང་སྒྱུ་མར་སློབ་པ་དང༌། འཁྲུལ་པ་ལ་ཐོག་བརྫིས་བྱ་བ་དང༌། ཉམས་སུ་མྱོང་ཚུལ་ལ་སོགས་པའི་སྒོ་ནས་སྟོན་པ་ལ། སྤྱིར་དམ་ཚིག་ལ་སྐྱོན་ཡོད་པ་དང༌། མོས་གུས་ཞན་པ་དང༌། དངོས་ཞེན་ཆེ་བ་དང༌། གྲིབ་ཀྱིས་ནོན་པ་དང༌། ཟས་ཚོད་མི་རིག་པ་དང༌། རྣམ་གཡེང་དང༌། ཐེ་ཚོམ་ཅན་ལ་སོགས་པས་མི་ཟིན་པས། དེ་དག་སེལ་བའི་གཉེན་པོ་ལ་འབད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད། མགྲིན་པའི་ནང་དུ་དྲིན་ཅན་གྱི་བླ་མ་བསྒོམས་ལ་དགེ་སྦྱོར་རྒྱུད་ལ་སྐྱེ་བའི་གསོལ་བ་དྲག་པོ་གདབ་བོ། །དེ་ལ་རྨི་ལམ་གྱི་སྣང་བ་མཐའ་དག་ནི་ད་ལྟ་བའི་འཁྲུལ་སྣང་ཀུན་རྫོབ་པའི་རྗེས་འབྲང་གི་བག་ཆགས་ཀྱིས་བསླད་པ་ཙམ་ལས་ཀུན་རྫོབ་ཏུའང་མ་གྲུབ་པའི་འཁྲུལ་སྣང་ཡིན་པས་འཁྲུལ་པ་ཉིང་འཁྲུལ་ཞེས་བྱ་ལ། རྨི་ལམ་གྱི་ལུས་ནི་ཀུན་རྫོབ་ཀྱི་སྣང་བ་ད་ལྟར་བའི་བག་ཆགས་གོམས་པའི་རླུང་སེམས་ཙམ་གྱི་ལུས་ཡིན་པས་ན་བག་ཆགས་ཀྱི་ལུས་ཞེས་བྱ་སྟེ། དེ་གཉིས་ལམ་དུ་ཁྱེར་བའི་ཕྱིར་རྨི་ལམ་གྱི་ལུས་དང་སྣང་བ་སྒྱུ་མ་ལྟ་བུའི་ལྷ་སྐུ་ལ་སྦྱོང་བ་དངོས་གཞི་དང་གཉིད་དུས་ཀྱི་སྟོང་པའི་འོད་གསལ་རླུང་སེམས་ཙམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུར་སྐད་ཅིག་གིས་ལྡང་བ་དགེ་སྦྱོར་གྱི་


JLAZ003_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ཡིན་ནོ། །དེ་ལ་ཐོག་མར་མགྲིན་པའི་རྩ་འཁོར་གྱི་དབུས་སུ་པདྨ་འདབ་མ་བཞི་པ་གསལ་བའི་ལྟེ་བར་ཨོཾ་དཀར་པོ། མདུན་དུ་ཨ་སྔོན་པོ། གཡས་སུ་ནུ་སེར་པོ། རྒྱབ་ཏུ་ཏ་དམར་པོ། གཡོན་དུུ་ར་ལྗང་གུ་རྣམས་གསལ་འཚེར་ཅན་དུ་བསྒོམ་པའམ། དམིགས་པ་ཟིན་བདེ་བའི་ཁྱད་ནས་ལྟེ་བར་ཨོཾ་དམར་པོ་རྐྱང་པ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་རླུང་ཁ་སྦྱོར་དུ་བསྒོམ། དྲན་འདུན་ཐམས་ཅད་དུ་གཉིད་དུ་སོང་བ་ཡིན། སྣང་བ་དང་ཤེས་པ་འདི་དག་རྨི་ལམ་དུ་འདུག་སྙམ་པའི་འདུན་པ་དྲག་པོ་བར་མ་ཆད་པ་བྱ། ཁྱད་པར་གཉིད་དུ་འགྲོ་ཁར་མགྲིན་པའི་དམིགས་རྟེན་ལ་དྲན་ཤེས་རྩེ་གཅིག་ཏུ་གཏད་ནས་དེར་རླུང་སེམས་འདུས་པ་ལས་རྨི་ལམ་ཟིན་བདེ་བ་དང༌། མང་བ་དང༌། གསལ་བ་སོགས་ཀྱི་གནད་ཆེ། སྤྱིར་སད་པའི་དུས་ཉིད་ན་རླུང་སྦྱོར་ལ་གོམས་པ་བརྟན་པས་རླུང་དབུ་མར་ཞུགས་སྟོབས་ལས་སྟོང་པ་བཞི་འདྲེན་ནུས་པ་ཡིན་ན་ཆོད་ལྷག་པར་ཆེ་བས་གཉིད་དུས་ཀྱང་སྟོང་པ་བཞི་རིམ་གྱིས་འཆར་བ་ངོས་བཟུང་ལ། དེ་ནས་རྨི་ལམ་འཆར་བའི་རྒྱུན་ལ་འཐུད་པས་ཆོག་མོད། ཕལ་གྱིས་དེ་ལྟར་མི་ནུས་པས་དེ་ལ་རླུང་སྟོབས་དང་འདུན་སྟོབས་གཙོ་ཆེ་བར་བསྟན་ཏོ། །དེ་ཡང་དབུ་མར་རླུང་ཅུང་ཟད་འཇུག་པར་བརྩམས་པ་ནས་


JLAZ003_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་དུས་ཀྱི་སྟོང་པ་བཞིའི་མགོ་ཟིན། ཞུགས་པ་དང་གཉིད་སྟུག་པོའི་རྟོག་བྲལ་གྱི་ངང་ལས་འོད་གསལ་འཆར་མ་ནུས་པའི་མུར་རླུང་རོ་རྐྱང་དུ་ཤོར་ནས་མགྲིན་པའི་རྩ་ལ་རྒྱུ་བས་རྨི་ལམ་འབྱུང་བ་སྟེ། སྤྱོད་བསྡུས་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་དབང་པོ་རྣམས། །ཤེས་པ་གཉིས་པོ་དེ་འདིར་རབ་འདུས་ནས། །ས་ཐུག་གྱུར་པས་གང་ཞིག་རང་གཉིད་ལོག །རླུང་གི་སྟོབས་ཀྱིས་རྨི་ལམ་མཐོང་བར་འགྱུར། །ཞེས་སོ། །དེའང་ཤེས་པ་གཉིས་པོ་ནི་སྣང་མཆེད་དང་འདུས་པ་ནི་ཐོབ་པའོ། །དེའི་ཚེ་རྨི་ལམ་ཧ་ཅང་སྟུག་པས་སམ། ཡུད་རེ་ཟིན་ཡང་འཕྲལ་དུ་འཁྲུལ་འགྲོ་བ་ཞིག་བྱུང་ན་བརྗེད་འབྱམས་ཞེས་བྱ་སྟེ་ཉིན་སྣང་དུ་ཚོགས་དྲུག་གི་ཡུལ་སྣང་རྨི་ལམ་དུ་རྒྱས་འདེབས་པའི་གོམས་འདྲིས་ཆུང་བས་ལན་ནོ། །དེ་ལ་རང་སའི་འཆར་སྒོའི་རྩལ་སྣང་མཐའ་དག རྨི་ལམ་དུ་སྦྱང་བའི་འདུན་པ་དྲག་ཏུ་བཏང༌། གཉིད་ནམ་སད་ལའང་དེ་ལྟར་བྱ། ཡང་རྨི་ལམ་འཛིན་པའི་འདུན་པ་ཧ་ཅང་དྲག་ཐལ་ནས་གཉིད་མ་ཕེབས་པའམ། ཕེབས་ཀྱང་རྨི་ལམ་མེད་པ་ནི་སྟོང་འབྱམས་ཞེས་བྱ་སྟེ་འདུན་པ་ཅུང་ཟད་གློད། སྙིང་གའམ་རྡོ་རྗེ་ནོར་བུའི་དབུས་སུ་ཐིག་ལེ་མཐིང་ནག་འོད་ཟེར་ཁ་དོག་ལྔ་ལྡན་ལ་སེམས་གཏོད་པ་དང་ལྷན་ཅིག་འཇམ་རླུང་


JLAZ003_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། དང་པོར་ཅུང་ཟད་ཟིན་པས་རྩོལ་བ་ལྷོད་པར་གྱུར་ནས་ཕྱིན་ཆད་མ་ཟིན་ན་དྲེད་འབྱམས་ཞེས་བྱ་སྟེ། དེ་ལ་རྨི་ལམ་འཁྲུལ་ཚུལ་ལ་དཔགས་ནས་བདག་གིས་བར་དོ་ཇི་ལྟར་བགྲོད་སྙམ་དུ་རང་ལ་ཞེ་ཁྲེལ་གདག་སྐྱོ་ཤས་དང་ངེས་འབྱུང་བསྐྱེད་ནས་རྩོལ་བ་ཆེར་བཏང་ངོ༌། །སྤྱིར་སྤྱོད་ལམ་དང༌། དུས་གནད། རྟེན་འབྲེལ་སོགས་ལའང་མི་ལྟོས་པ་མ་ཡིན་ཀྱང་གཙོ་བོར་མོས་གུས་དང་སྙིང་རྗེ་ཆེ་བ་དང༌། དམ་ཚིག་ཉམས་ཆགས་མེད་པ་དང༌། དབེན་པར་མཚམས་བཅད་དམ་པ་དང༌། ཐེ་ཚོམ་ཆུང་བ་དང༌། རང་སྐྱོན་འབའ་ཞིག་དྲན་པའི་སྐྱོ་ཤས་ཅན་ལ་ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཐམས་ཅད་འཆར་བདེ་བ་ཡིན་པ་མྱོང་བས་གྲུབ་སྟེ། དེ་སྐད་དུ་འཕགས་པ་ཀླུའི་དབང་པོས་ཀྱང༌། ཁྱོད་ཀྱི་ཐུགས་ཐུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་སོ། །དེ་ལྟར་རྨི་ལམ་འཛིན་པ་དང་འབྱམས་གཅོད་ཀྱི་ཚུལ་རྣམས་ལ་གཞི་མ་ཚུགས་བར་དུ་སྤྲུལ་བསྒྱུར་ལ་སོགས་པ་རིངས་པར་མི་བྱ་སྟེ། དུས་རེས་འགའ་བ་ཙམ་དུ་རྨི་ལམ་ལ་རྨི་ལམ་དུ་ཤེས་པ་གདམས་པ་དང་བྲལ་ཞིང་འཛིན་པའི་རྩོལ་བ་དང་བྲལ་བ་འགའ་ཞིག་ལའང་འབྱུང་ཡང༌། དེས་བརྟག་མི་ཐུབ་ཅིང་ས་བཅད་པ་གང་ཡང་མེད་དོ། །དེའང་རྨི་ལམ་ཟིན་ཚུལ་ལ་


JLAZ003_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་ཟིན་དང་རྩུབ་ཟིན་གཉིས་ལས། འཇམ་ཟིན་ནི་རྨི་ལམ་གྱི་སྣང་བ་རང་ག་བ་ལ་རྨི་ལམ་དུ་ཤེས་པ་དང༌། རྩུབ་ཟིན་ནི་མེ་དང༌། ཆུ་དང༌། གཅན་གཟན་དང༌། མི་རྒོད་དང༌། འདྲེ་སྲིན་དང༌། དགྲ་ལ་སོགས་པའི་སྣང་བ་ཤར་ན། དེ་ལ་བག་ཚ་བའི་རྐྱེན་གྱིས་ཟིན་པ་སྟེ། དེའི་ཚེ་རྨི་ལམ་གྱི་མེས་ཚིག་པ་དང༌། ཆུས་ཁྱེར་བ་དང༌། གཅན་གཟན་གྱིས་ཟོས་པ་ལ་སོགས་སུ་ཞིག་གིས་ཉམས་སུ་མྱོང་སྙམ་དུ་ཤེས་པ་ལ་དཔའ་བསྐྱེད་ནས་མི་ཕོད་པའི་སྟེང་དུ་ཐོག་བརྫིས་བྱ། འཇམ་ཟིན་རྩུབ་ཟིན་གཉིས་གང་ཡིན་ཡང་འདྲ་སྟེ་རབ་ཀྱིས་རྨི་ལམ་གྱི་སྣང་བ་གང་ཤར་ཐམས་ཅད་སྟོང་པ་ཉིད་ཀྱི་རྩིས་ཟིན་པས་སྣང་བཞིན་པའི་དུས་ནས་ཡོད་མ་མྱོང་ཞིང་དོན་རང་སྟེང་ནས་མ་གྲུབ་པས་དེ་ཁོ་ན་ཉིད་ཤེས་པ་དང༌། འབྲིང་གིས་རྨི་ལམ་གྱི་ཡུལ་སྣང་སྒྱུ་མའི་དཔེ་བརྒྱད་དུ་བལྟ་ཞིང༌། རང་གི་སྒོ་གསུམ་ཡང་སྒྱུ་ལུས་ཀྱི་སྐབས་ལྟར་ཉམས་འོག་ཏུ་ཆུད་པར་སློབ་ནུས་ན་ཆོད་ཆེ་ལ། ཐ་མས་རྨི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་བལྟས་ནས་རྨི་ལམ་བཀོལ་དུ་རུང་བར་བྱའོ། །དེ་ནས་རྩལ་སྦྱང་བ་ནི། རྨི་ལམ་ཟིན་པའི་དུས་རང་ཉིད་རྒྱལ་པོ་དང༌། རྗེའུ་རིགས་དང༌། བྲམ་ཟེ་དང༌། དམངས་ལ་སོགས་པ་སྣ་ཚོགས་སུ་སྤྲུལ་


JLAZ003_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སེང་གེ་དང༌། གླང་པོ་ཆེ་དང༌། སྟག་ལ་སོགས་པ་དང༌། ཁྱུང་དང༌། ཀང་ཀ་ལ་སོགས་པ་དང༌། རི་དང་ནགས་ཚལ་ཁང་ཁྱིམ་འབྱུང་བ་བཞི་ལ་སོགས་སྣ་ཚོགས་པར་སྤྲུལ་པ་དང༌། ཡང་དེ་དག་ཐམས་ཅད་སྐད་ཅིག་ལ་མི་སྣང་བར་བྱ་བ་སོགས་ལ་བསླབ་ཅིང༌། གོམས་པའི་ཚེ་སྣོད་བཅུད་ལྷ་དང་གཞལ་ཡས་སུ་སྤྲུལ་ཞིང་དེ་ཡང་ཆེ་བསྐྱེད་ཆུང་བསྐྱེད་དང༌། བསྡུ་ཞིང་ལྡང་བའི་རྫུ་འཕྲུལ་ལ་གཙོ་བོར་བསླབ་པར་བྱའོ། །དེ་ནས་བསྒྱུར་བ་ནི། མེ་ཆུར་བསྒྱུར། ཆུ་མེར། རླུང་སར། ས་རླུང༌། མི་དུད་འགྲོ་དང༌། དུད་འགྲོ་མིར། ཡོད་པ་མི་སྣང་བར། མེད་པ་སྣང་བར་བསྒྱུར་ཞིང་མཐར་གོམས་ནས་སྣོད་གཞལ་ཡས་དང༌། བཅུད་ལྷ་དང་ལྷ་མོའི་རྣམ་འགྱུར་དུ་བསྒྱུར་བར་བྱའོ། །དེ་ནས་སྤེལ་བ་ནི། རྨི་ལམ་ན་སྣང་བའི་དངོས་པོ་གང་ཞིག་གཅིག་ལས་གཉིས། གཉིས་ལས་བཞི། དེ་ལས་བརྒྱད་སོགས་བརྒྱ་སྟོང་མང་པོའི་བར་སྤེལ་བ་ལ་སློབ་ཅིང༌། མ་དག་པའི་སྣང་བ་དེ་ཡི་དམ་གྱི་ལྷ་བསྒོམས་ནས་མང་པོར་སྤེལ་བ་དང༌། མ་ངེས་པའི་ཆོ་འཕྲུལ་སྟོད་ནས་མེ་འབར་བ་དང༌། སྨད་ནས་ཆུ་འབྲུབ་པ་དང༌། ཉི་ཟླ་ཞབས་འོག་ཏུ་གནོན་པ་དང༌། སྟོང་གསུམ་ལུས་གཅིག་གིས་ཁྱབ་པར་བྱ་བ་ལ་སོགས་པར་རྩལ་སྦྱང་ངོ༌། །དེ་ལྟར་


JLAZ003_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་སྦྱངས་ནས་སད་རྨི་གཉིས་ཀའི་གནས་སྐབས་སུ་གཅིག་གྲོགས་གཅིག་གིས་བྱེད་དགོས་པས་གཏུམ་མོ་དང་སྒྱུ་ལུས་ལ་སོགས་ཉིན་སྣང་གི་དགེ་སྦྱོར་གང་ལ་གོམས་སྟོབས་ཆེ་བ་དེ་ཉིད་རྨི་ལམ་དུ་བསྒོམས་ནས་སྟོང་པའི་འོད་གསལ་ཙམ་ལས་རླུང་སེམས་ཀྱི་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་སྦྱང་དགོས་ཏེ། རྨི་ལམ་གྱི་གདམས་པའི་དགོས་པ་ཐ་མལ་པ་རྣམས་ལ་འཆི་སྲིད་ཀྱི་འོད་གསལ་ལས་རླུང་སེམས་ཙམ་གྱི་བར་སྲིད་མིང་བཞི་འདུས་པའི་ཕུང་པོ་ཅན་དུ་གྲུབ་པ་དེ་ཉིད་སྒྱུ་མའི་སྐུར་ལྡང་བའི་ཆེད་དུ་ཡིན་པས་སོ། །དེ་ཡང་གཉིད་དུས་ན་ཡུལ་ལྔའི་ཤེས་པ་རིམ་གྱིས་ཡིད་ལ་ཐིམ་པ་ལས་བྱུང་བའི་སྟོང་པ་བཞི་ངོས་ཟིན་པ་དག་གིས་ནི་འོད་གསལ་ལས་རྨི་ལམ་འཆར་བའི་སྐད་ཅིག་མ་དང་པོ་ལ་རླུང་སེམས་ཙམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུར་ལྡང༌། དེ་ལ་མཉམ་པར་བཞག་ནས་སྣོད་བཅུད་ཀྱི་སྣང་བ་གཞལ་ཡས་ཁང་དང་ལྷ་སྐུར་བསྒོམ་པ་སོགས་བྱ། ཡང་གཉིད་ཀྱིས་སྟོང་པ་བསྐྱེད་ལ་དེ་ཉིད་འོད་གསལ་དུ་བཅུག་ནས་ཅི་ནུས་སུ་མཉམ་པར་བཞག གལ་ཏེ་རྨི་ལམ་འཆར་ན་དེ་ཉིད་སྒྱུ་མའི་སྐུར་ལྡང་བའི་རིམ་པ་ལ་བསླབ་པར་བྱའོ། །དེ་ཙམ་མི་ནུས་པས་རྨི་ལམ་ཟིན་མ་ཐག་ཡི་དམ་གྱི་སྐུ་སྒྱུ་མ་ལྟ་བུར་ལྡང་བར་བྱས་


JLAZ003_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེའི་ངང་ལ་མཉམ་པར་བཞག་ཅིང༌། རིལ་འཛིན་དང་རྗེས་གཞིག་ལ་སོགས་པའི་བསམ་གཏན་རྣམས་ཀྱང་བྱའོ། །དེ་ལ་བརྟན་པ་ཐོབ་ནས་ཞིང་སྦྱོང་བྱེད་པའི་ཚུལ། སད་པའི་དུས་ན་ཕྱོགས་གང་ཞིག་བགྲོད་པའི་ཡུལ་དང་རྣམ་པ་ཡིད་ལ་ཡང་ཡང་བྱས་ལ། དེ་ནས་གཉིད་དུ་འགྲོ་ཁར་དེའི་འདུན་པ་ལྷག་པར་བསྐྱེད་ཅིང་རྨི་ལམ་ཟིན་པ་ལས་ཡི་དམ་གྱི་ལྷ་སྐུར་ལངས་པ་ང་ཉིད་རི་བོའི་རྩེ་དང༌། བསྒྲུབ་གནས་རྟེན་གསུམ་ཁྱད་པར་ཅན་དང༌། བླ་མ་བཞུགས་པའི་ས་ལ་སོགས་དང༌། རིམ་བཞིན་ལྷའི་གནས་ལ་སོགས་པར་སྐར་མདའ་འཕངས་པ་བཞིན་དུ་ཕྱིན་ནས་གནས་རིགས་སོ་སོའི་ཁྱད་པར་བརྟག དེ་ཉིད་འབྱོངས་ནས་དག་པའི་ཞིང་སྦྱོང་བྱ་བ་ནི། འོག་མིན་སྟུག་པོ་བཀོད་པ་ལ་སོགས་ཏེ་རིགས་ལྔའི་སངས་རྒྱས་ཀྱི་ཞིང་ལྔའི་རྟེན་དང་བརྟེན་པའི་བཀོད་པ་སྔོན་དུ་ཤེས་པར་བྱས་ནས། སད་དུས་སུ་འདུན་པ་ཡང་ཡང་དང་གཉིད་ཁར་ལྷག་པར་འདུན་པ་སྔར་བཞིན་ནས་རྨི་ལམ་ཟིན་པའི་ཚེ་སྒྱུ་ལུས་ཀྱི་ལྷ་སྐུར་ལངས་ནས་ཞིང་ཁམས་དེ་དག་ཏུ་སྐར་མདའ་རྒྱུག་པ་བཞིན་སོང་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་མཆོད་བགྱིད་པ་དང་ཆོས་ཉན་པ་སོགས་བྱའོ། །དེ་ཡང་ཞིང་ཁམས་དེ་དག་ཕྱོགས་ག་ཤེད་


JLAZ003_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡོད་པ་མ་ཡིན་ཅིང་བཀོད་པ་དང་རྣམ་འགྱུར་གང་དུ་བསམ་པའི་སྟོབས་གོམས་པའི་རང་གཟུགས་ཡིན་པས་རང་གི་གནས་ཁང་ངམ། མགྲིན་པའི་པད་འདབ་ཀྱི་ཡི་གེ་ལྔ་ལ་དེ་དང་དེའི་དམིགས་པ་གཏད་ཀྱང་རུང་སྟེ་འཁོར་འདས་ཀྱི་རྣམ་པ་སེམས་ཀྱི་བཟོ་བོས་བྱས་པའི་ཕྱིར་རོ། །མདོར་བསྡུ་ན་རྨི་ལམ་འབྱོངས་ནས་སྤྲུལ་བསྒྱུར་གྱི་ན་བ་བྱེད་པ་ལ་ནི་སྙིང་པོ་མེད་དེ། གདམས་པ་འདིའི་དགོས་པ་བར་དོར་སྒྱུ་མའི་སྐུ་མངོན་དུ་བྱེད་པའི་དོན་དུ་དམིགས་པ་ཡིན་པས་སད་རྨི་གཉིས་ཀར་གཅིག་གྲོགས་གཅིག་གིས་བྱེད་པའི་ཕྱིར་སྒྱུ་ལུས་དང་སྤེལ་ནས་རླུང་སེམས་ཙམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུ་བསྒོམས་ནས་དེ་ཉིད་འོད་གསལ་དུ་འཇུག་ལྡང་ལ་གཙོ་བོར་བྱའོ། །དེས་ནི་བར་དོ་ལོངས་སྐུར་ལྡང་བའི་ཚུལ་ཉམས་འོག་ཏུ་ཆུད་ཅིང་གནས་སྐབས་སུའང་སྣང་བ་སེམས་སུ་ཤེས་ནས་འཁྲུལ་སྣང་གི་བདེན་ཞེན་ཀྱང་ཤུགས་ལ་ལྡོག་པར་འགྱུར་རོ། །བཞི་པ་འོད་གསལ་གྱི་གདམས་པ་ནི། སྔོན་དུ་འགྲོ་བའི་ཆོས་རྣམས་ཕལ་ཆེར་རྨི་ལམ་དང་མཚུངས་ལ། གཞན་ཡང་བསྐུ་མཉེ་བྱ་ཞིང་ཁམས་གསོ། བཟའ་བཏུང་བཅུད་ཅན་བསྟེན། བྱང་སེམས་མི་ཉམས་པར་བྱ། ལུས་གནད་ཙོག་པུ། དུས་གནད་ཐོ་རངས། གཉིད་སྲབ་པའི་དུས། འདུན་པ་


JLAZ003_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་ཁའི་དྲན་པ། ཡུལ་གྱི་གནད་སྙིང་གའི་དམིགས་རྟེན་རྣམས་སོ། །དེ་ལ་ཐོག་མར་སེམས་བསྐྱེད་ནས་སྙིང་གར་བླ་མ་ཡབ་ཡུམ་བསྒོམས་ནས་གསོལ་བ་གདབ། རྫོགས་རིམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུར་གསལ་བའི་སྙིང་གའི་རྩ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་སྔོན་པོ་གསལ་བ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་རླུང་ཁ་སྦྱོར་དུ་བསྒོམ། དེ་ནས་རིལ་འཛིན་ནམ་རྗེས་གཞིག་གི་བསམ་གཏན་གྱིས་ཉེར་བསྡུ་བྱས་ནས་ནཱ་ད་ཡང་མི་དམིགས་པའི་ངང་དུ་རླུང་སྦྱོར་དང་བཅས་མཉམ་པར་བཞག ཡང་སྐད་ཅིག་གིས་སྔར་ལྟར་གསལ་བཏབ། སད་དུས་སུ་དེ་ལྟར་བསྒོམས་པས་སྙིང་གར་རླུང་གི་འདུ་བ་བྱང་ནས་གཉིད་དུས་སུ་རླུང་སེམས་དེར་འདུ་སླ་ཞིང༌། ཁྱད་པར་རླུང་དབུ་མར་ཐིམ་སྟོབས་ཀྱིས་སྟོང་པ་བཞིའམ་ཆགས་ཅན་ལ་དགའ་བཞིས་བསྐྱེད་པའི་སོ་སོའི་རང་འབྲས་འོད་གསལ་ལམ་ལྷན་སྐྱེས་ལ་མཉམ་པར་འཇོག་པ་ཁོ་ནའོ། །དེ་ཡང་ཉལ་བའི་རྣལ་འབྱོར་ལ་ཞུགས་ནས་གཉིད་མ་བྱུང་བར་སྙིང་གའི་ས་བོན་ཧཱུྃ་ལ་སེམས་རྩེ་གཅིག་ཏུ་གཏད་པས་རླུང་སེམས་ཅུང་ཟད་འདུས་པས་འབྱུང་བ་རིམ་པས་ཐིམ་པའི་རྟགས་དུ་བ་དང་སྨིག་རྒྱུ་ལ་སོགས་པའི་རྟགས་སྣང་ཕྲ་མོ་འཆར། དེ་ནས་གཉིད་དུ་འགྲོ་བར་ཕྱོགས་པ་ན་རླུང་ཆེར་འདུས་ཏེ་རྣམ་པར་ཤེས་པ་སྣང་བ་ལ་ཐིམ། ཡུལ་


JLAZ003_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པའི་རྟོག་པ་འགགས་པ་ལ་སྟོང་པ་ཞེས་བྱ་སྟེ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཤར་བ་ལྟ་བུ་འབྱུང༌། དེ་ནས་གཉིད་ཅུང་ཟད་འཐུམ་པའི་དུས་སུ་རླུང་ཆེས་ཆེར་འདུས་ཏེ་ཡུལ་ཕྲ་བའི་རྟོག་པ་མཐའ་དག་འགགས། སྣང་བ་མཆེད་པར་ཐིམ་པ་ལ་ཤིན་ཏུ་སྟོང་པ་ཞེས་བྱ་སྟེ་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཀྱིས་ཕོག་པ་ལྟ་བུ་འཆར། དེ་ནས་གཉིད་ཆེར་འཐུམ་པའི་དུས་སུ་རླུང་ཐམས་ཅད་འདུས་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་རྟོག་པ་ཕྲ་བ་ཕལ་ཆེར་འགགས་པ་ལ་སྟོང་པ་ཆེན་པོ་ཞེས་བྱ་སྟེ། ནམ་མཁའ་གཡའ་དག་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུ་འཆར། དེ་ནས་རླུང་ཐམས་ཅད་ཐིམ་པས་གཉིད་དུ་འཐུམ་གྱིས་སོང༌། རྟོག་པ་ཕྲ་རགས་ཐམས་ཅད་འགགས་པའི་མོད་ལ་དབུ་མའི་ཡོན་ཏན་གྱི་རྩ་ཁ་གྱེན་བསྟན་དུ་རླུང་སེམས་འདུས་པས་ཐམས་ཅད་སྟོང་པའམ། ཉེར་ཐོབ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ་སྟོན་ཀའི་ཐོ་རངས་ནམ་མཁའ་སློང་བྱེད་གྱི་རྐྱེན་གསུམ་དང་བྲལ་ནས་གཡའ་དག་པ་ལྟ་བུའོ། །དེ་ལྟར་སྟོང་པ་བཞི་པོ་སོ་སོའི་ཐད་ཀར་འདུན་པ་དྲག་པོས་ངོས་ཟིན་པར་བྱས་པའི་མཐར། ཐམས་ཅད་སྟོང་པ་འོད་གསལ་གྱི་རང་བཞིན་དེ་ཉིད་ཀྱི་ངང་མ་ཤོར་བར་བྱ་བ་དེ་གདམས་པའི་ངོ་བོ་ཉིད་ཡིན་ནོ། །དེ་ལྟ་


JLAZ003_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་དབང་པོ་དང་སྐལ་བ་རབ་ཏུ་གྱུར་པའམ། དབེན་པ་ཡུན་རིང་བརྟེན་པའི་བསྒོམ་ཉམས་ཅན་མ་ཡིན་པའི་རྣམ་རྟོག་གི་གཞན་དབང་ཅན་ཕལ་ལ་སྟོང་པ་དང་པོ་དང་གཉིས་པའི་གནས་སྐབས་ཙམ་མམ། སྦྱངས་སྟོབས་ཀྱིས་ཕྱི་མ་གཉིས་ངོས་ཟིན་པ་ཙམ་བྱུང་ཡང༌། མོད་ཉིད་ལ་ཀུན་གཞིའི་རང་བཞིན་ལུང་མ་བསྟན་གྱིས་འོད་གསལ་གྱི་དེ་ཉིད་ལ་བསྒྲིབས་ནས་དྲན་པ་མེད་པར་བྱེད་པ་དང༌། དེའི་ངང་ལས་ཀུན་གཞིའི་རྣམ་པར་ཤེས་པས་ཡིད་ཤེས་བསླངས་ནས་རྨི་ལམ་སེམས་པའི་ཚུལ། ངེས་དོན་འདུས་པའི་རྒྱུད་ལས། ཀུན་གཞི་ལུང་མ་བསྟན་པ་ལས། །སྔ་མ་འཕྲོ་བ་ཡིད་ཡིན་ལ། །ཕྱི་མ་སྐྱེ་བ་ཉོན་མོངས་ཡིད། །སྒོ་ལྔ་སྐྱེ་བ་རྟོག་པ་སྟེ། །ཞེས་སོ། །དེའི་ཚེ་སད་མ་ཐག་ཏུ་བླ་མ་ལ་གསོལ་བ་དྲག་ཏུ་བཏབ། གཉིད་ཐུན་ཆུང་ངུར་བཅད། ལུས་ཀྱི་དབུས་ན་ཆོས་ཉིད་ཀྱི་དྷཱུ་ཏི་ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུ་ཕྱི་ནང་སྒྲིབ་པ་མེད་པ་ཟང་ཐལ་ལེ་བའི་སྙིང་གའི་ཐད་ཨ་ཡིག་དམར་པོ་མར་མེ་སྤར་བ་ལྟ་བུའི་གསལ་སྣང་གིས་ལུས་ཀྱི་ནང་ཐམས་ཅད་སྐར་ཁུང་དུ་ཟླ་ཟེར་ཞུགས་པ་ལྟར་གྱུར་པ་ལ་རིག་པ་གཏད་དེ་གཤིས་ཀྱི་བཞུགས་ཚུལ་བསྐྱངས། དེ་ཡང་གཉིད་སད་ཁ་དང་ལོག་ཁར་ཤེས་པ་གྲིམས་པའི་ཚུལ་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་


JLAZ003_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གཉིད་ནི་བསྒོམ་པར་གསལ་འདེབས་ན། །ལྡོག་ཁ་སད་ཁའི་དུས་དག་ཏུ། །ཏི་ལ་ཆོས་སྐུ་དྲན་བྱས་ན། །རིན་ཆེན་གའུར་བཅུག་པ་འདྲ། །ཞེས་སོ། །དེ་ལྟར་བརྩོན་པས་སྦྱངས་པས་གཉིད་སྟུག་གི་དྲན་མེད་ཀྱང་མ་ཡིན་ལ། རྨི་ལམ་རྨིས་པ་ཡང་མ་ཡིན་པའི་བར་སྐབས་དེར་ནམ་མཁའ་གཡའ་དང་བྲལ་བ་ལྟ་བུའི་ཤེས་པ་དངས་ཆ་དང་ལྡན་པ་ཞིག་སྐབས་འགར་བྱུང་ན་འོད་གསལ་ཟིན་པའི་འགོ་བརྩམ་པ་ཡིན་ནོ། །སྤྱིར་འོད་གསལ་ལ་གཞི་ལམ་འབྲས་གསུམ་གྱི་ངོ་ནས་དབྱེ་ན། དང་པོ་ནི། འདོད་ཁམས་པར་རགས་པ་ཚོགས་བདུན་གྱི་རྣམ་པར་ཤེས་པ་དང༌། གཟུགས་ཁམས་པར་ཕྲ་བ་ཀུན་གཞིའི་རྣམ་པར་ཤེས་པ་དང༌། གཟུགས་མེད་པར་ཤིན་ཏུ་ཕྲ་བ་ཀུན་གཞི་འབའ་ཞིག་པ་ཅན་གྱི་རྣམ་པར་ཤེས་པ་གཙོ་ལྡན་དུ་ཡོད་པས་འོད་གསལ་ལ་བསྒྲིབས་ནས་རང་ངོ་རང་གིས་མ་རིག་པས་འཁོར་བ་གྲུབ་པ་ཡིན་ཏེ། འདི་ལྟར་གནས་ལུགས་ཀྱི་འོད་གསལ་དང༌། གཉིད་ཀྱི་འོད་གསལ་དང༌། འཆི་བའི་འོད་གསལ་གསུམ་བསྒོམས་མ་བསྒོམས་ཐམས་ཅད་དུ་ཡོད་པས་གཞིའི་འོད་གསལ་ཞེས་བྱའོ། །གཉིས་པ་ནི། ལམ་དུ་བསྒོམས་པའི་སྟོབས་ཀྱིས་རྣམ་པར་ཤེས་པའི་ཚོགས་ཀྱིས་ཉེ་བར་ལེན་པ་དངས་ནས་ཆོས་ཐམས་ཅད་


JLAZ003_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མེད་དུ་རྟོགས་པ་སྤྱི་དོན་གྱི་འོད་གསལ་དང༌། སད་སྟུག་འཆི་བ་གསུམ་གྱི་གནས་སྐབས་སུ་རླུང་སེམས་དབུ་མར་འདུས་ཤིང་ཐིམ་པ་ལས་བྱུང་བའི་སྟོང་པ་བཞི་པོ་མྱོང་ཐོག་ཏུ་ངོ་འཕྲོད་པ་སྦས་དོན་ནམ་ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱིས་སད་པར་བྱས་པའི་འོད་གསལ་ནམ་མཁའ་གཡའ་དག་པའི་དཔེས་མཚོན་པའི་སྒྱུ་མ་ལྟ་བུའི་གཉིས་སྣང་ཕྲ་ཞིང་ཕྲ་བའང་དག་ནས་ཤིན་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པ་མཐར་ཐུག་གི་འོད་གསལ་རྣམས་ལམ་དུས་ཀྱི་འོད་གསལ་བསྒོམ་བྱ་མ་འཁྲུལ་བ་ཉིད་དང༌། དེ་ལས་མི་སློབ་པའི་ཟུང་འཇུག་མངོན་དུ་གྱུར་པ་ལ་འབྲས་བུའི་འོད་གསལ་ཞེས་ཐ་སྙད་ཙམ་དུ་མཚོན་པ་སྟེ། དངོས་དོན་ལ་འོད་གསལ་ནི་འཕགས་པའི་བདེན་པ་གསར་མཐོང་གི་ལམ་ཡིན་ལ། ཟུང་འཇུག་ནི་སངས་རྒྱས་ཀྱི་ས་ཁོ་ན་ཡིན་ནོ། །དེ་བས་ན་ལམ་གྱི་གནས་སྐབས་འདི་དག་ཏུ་རབ་ཀྱིས་སྣང་མཆེད་ཐོབ་པའི་རྗེས་ཀྱི་འོད་གསལ་ཡུལ་སྣང་ཕྲ་རགས་ཐམས་ཅད་འགགས་པ་ནམ་མཁའ་གཡའ་དག་པ་ལྟ་བུ་དེ་ཉིད་ངོས་ཟིན་པར་བྱེད་པ་ལམ་གྱི་དངོས་གཞི་ཡིན་ལ། དེ་ཉིད་གོམས་པ་ཤིན་ཏུ་བརྟན་པར་གྱུར་ན་འོད་གསལ་དེ་ཉིད་ཉེར་ཐོབ་ཏུ་ལྡང་བ་ལ་སོགས་པའི་སྟོང་པ་བཞི་ལུགས་ལྡོག་ཏུ་འཆར་


JLAZ003_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་ལུགས་འབྱུང་བྱང་ནས་ལུགས་ལྡོག་ངོས་འཛིན་པའི་འཕེན་པ་བྱའོ། །འབྲིང་གིས་སྟོང་བཞི་རིམ་ཅན་དུ་མ་ངེས་ཀྱང་གཉིད་འཐུག་པོ་སངས་ཤིང་རྨི་ལམ་མ་བྱུང་བའི་གནས་སྐབས་ན་འདུན་སྟོབས་དང་རླུང་སྟོབས་ཅི་རིགས་པའི་རྐྱེན་གྱིས་ཡུལ་སྣང་ཕྲ་རགས་ཀྱི་སྣང་བ་མ་འགགས་པས་གཉིད་དུ་མ་སོང་བའི་རྣམ་པ་ལྟ་བུའི་སེམས་གསལ་སྟོང་རྟོག་བྲལ་ཙམ་དུ་ངོས་ཟིན་པ་ནི་སྲབ་མོའི་འོད་གསལ་དང༌། དེའང་རེས་རྨི་ལམ་དང་འདྲེས་ནས་འབྱུང་བའོ། །ཐ་མ་གཉིད་སྟུག་གི་གནས་སྐབས་དེ་ཉིད་ལས་སྐབས་ཅི་རིགས་པར་རྨི་ལམ་རྨིས་པ་མ་ཡིན་པར་བུམ་ནང་དུ་མར་མེ་སྤར་བ་ལྟར་ཤེས་པ་གསལ་ལམ་མེ་བ་ཞིག་ངོས་ཟིན་པ་ནི་ཉམས་ཀྱི་འོད་གསལ་ཡིན་ནོ། །དེ་ལྟར་ཟིན་ལུགས་གསུམ་གང་བྱུང་ཡང་རེ་ཞིག་མྱོང་བ་སྐྱེ་བདེ་བ་ལ་བཟུང་ནས་མཐར་གོང་དུ་བསྟན་པའི་ལམ་གྱི་འོད་གསལ་སྒྲ་ཇི་བཞིན་པ་གསུམ་གྱི་གཤིས་ཐོག་ཏུ་ཕེབས་ན་གཏི་མུག་གཉིད་ཀྱི་རང་བཞིན་འོད་གསལ་དུ་དང་པའི་འབྲས་བུ་མི་སློབ་པའི་ཟུང་འཇུག་ཏུ་འགྲུབ་པ་ཡིན་ནོ། །དེ་སྐད་དུ་འཇལ་དཔལ་བཤད་རྒྱུད་ལས། གཏི་མུག་ཆོས་དབྱིངས་ཡེ་ཤེས་ཏེ། །རབ་ཏུ་ཆེ་བའི་རྣམ་གྲངས་ཀུན། །གཏི་མུག་གཉེན་པོ་ཡིན་པའི་ཕྱིར། །ཞེས་སོ། །ཕྱིས་དུས་འདིར་རྩེ་གཅིག་ཏུ་མཉམ་པར་འཇོག་ནུས་པ་ཤིན་ཏུ་དཀོན་པས་སྐྱོ་བ་འཕེལ་ལ། འོད་གསལ་ཟིན་པར་རློམ་པ་ཕལ་ཆེར་ཀྱང་འཇུར་དྲན་རྩེ་གཅིག་པའི་རྒྱུན་གཉིད་ལ་


JLAZ003_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་དང༌། ལ་ལར་སྲབ་མོ་དང༌། ཉམས་ཀྱི་འོད་གསལ་ཙམ་དུ་སྣང་བས་དེ་དག་གི་ངོ་བོ་ནི་བདེ་གསལ་མི་རྟོག་པའི་བསམ་གཏན་གཉིད་དུ་འདྲོངས་པ་ཙམ་ཡིན་པས་ཁམས་གསུམ་ལས་འདའ་བ་མ་ཡིན་ནོ། །དེ་བས་ན་འོད་གསལ་གྱི་དགོས་པ་ནི་འཆི་བའི་དུས་ན་སྟོང་པ་བཞིའི་རང་བཞིན་ངེས་ནས་སྣང་ཡུལ་མེད་པའི་འོད་གསལ་ལ་རང་དབང་ཐོབ་སྟེ་འཆི་བ་ཆོས་སྐུར་ལམ་དུ་སློང་བའི་དོན་དུ་ཡིན་པས་ན། སད་དུས་རླུང་དབུ་མར་ཐིམ་པའི་སྟོང་པ་བཞི་བསྐྱེད་ནས་འོད་གསལ་ལ་མཉམ་པར་འཇོག་པ་དང༌། གཉིད་དུས་ན་རང་བཞིན་གྱིས་འཆར་བའི་སྟོང་པ་བཞི་ངོས་བཟུང་ནས་འོད་གསལ་ལ་མཉམ་པར་འཇོག་པ་གཉིས་གཅིག་གྲོགས་གཅིག་གིས་བྱས་ནས་བོགས་འབྱིན་པར་བྱའོ། །གནས་འདིས་སྐབས་སུ་གཟུང་འཛིན་གྱི་རྣམ་རྟོག་སྦྱོང༌། ལས་ཉོན་བག་ཆགས་དང་བཅས་པ་བསྲེག མཐར་ཐུག་འོད་གསལ་མ་བུ་འདྲེས་ནས་མི་སློབ་པའི་ཟུང་འཇུག་བརྙེས་པར་འགྱུར་རོ། །ལྔ་པ་བར་དོའི་གདམས་པ་ནི། ལུས་ལོངས་སྤྱོད་ཉེ་དུའི་འབྲེལ་པ་བཅད། དམ་ཚིག་ཉམས་ཆགས་སྙིང་ཐག་པ་ནས་བཤགས། བླ་མ་ལ་གསོལ་བ་བཏབ། སེམས་རྣམ་པ་གཉིས་བསྐྱེད་ནས་གང་ལའང་ཆགས་ཞེན་མེད་པ་ནི་སྔོན་དུ་འགྲོ་བའི་ལས་སོ། །འདི་ལྟར་མིའི་ལུས་རྟེན་གནད་འཆད་


JLAZ003_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚོར་བ་མྱོང་བ་རྣམས་རང་བཞིན་སྐྱེ་གནས་ཀྱི་བར་དོ་ལས་སྲིད་པ་ཕྱི་མར་ཉིང་མཚམས་སྦྱོར་བའི་དུས་ན། ཕུང་པོ་ལྔ་དང༌། དབང་པོ་ལྔ་དང༌། ཁམས་ལྔ་དང༌། ཡེ་ཤེས་ལྔ་སྟེ་རགས་པ་ཉི་ཤུ་ཐིམ་པའི་རྗེས་ལ་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པ་དང་བསྟུན་ནས་ཕྲ་བ་ནང་གི་འབྱུང་བ་ཐིམ་ཚུལ་ནི་གང་ཟག་སོ་སོའི་ངོས་ན་ཕྱིའི་བསྐལ་པ་འཇིག་ཚུལ་དང་ཆོས་མཚུངས་པ་ཡིན་ཏེ། རྒྱུད་སྡེ་སྔ་འགྱུར་ལས། རླུང་ལ་དྲོད་ཡོད་གནས་སུ་འདུས། །དེ་དུས་རྩ་རྣམས་ཁྲག་དྲོས་པས། །ཁ་སྣ་སྐམ་ལ་སྒོ་བདུན་དུ། །མེ་བདུན་བསྐལ་པ་འབྱུང་བར་འགྱུར། །ཆུ་དང་རྡུལ་རྣམས་གཅིག་ཏུ་འདུས། །ཆུ་ཡི་བསྐལ་པ་འབྱུང་བར་འགྱུར། །སྣ་བུག་གཉིས་སུ་དབུགས་ཆད་པས། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་སོ། །དེའང་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་ཚུལ་ནི། སྣང་མཆེད་ཐོབ་གསུམ་གྱི་སྐབས་སུ་འང་འབྱུང་བར་བཤད་པས་མ་ངེས་པ་སྟེ། སྤྱིར་ཡང་འཆི་རྟགས་ཀྱི་རིམ་པ་རྣལ་འབྱོར་ལྡན་པ་རྣམས་ཀྱི་ཤེས་ངོར་ཆེས་སྔ་བ་ནས་རིམ་པས་འབྱུང་བ་དང༌། གཅིག་ཅར་དུ་འབྱུང་བ་མ་ངེས་པའང་ཡོད་དེ་ནང་གི་དུས་སྦྱོར་བཅུ་གཉིས་ཀྱི་རླུང་འགག་སྟོབས་ལས་སོ། །དེ་ནས་ཤིན་ཏུ་ཕྲ་བ་སྣང་


JLAZ003_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ཐོབ་གསུམ་གྱི་ཐིམ་ཚུལ་ནི། ཕུང་པོའི་འདུ་བྱེད་འདོར་བ་ལ་མངོན་དུ་ཕྱོགས་པས་རླུང་རྣམས་སྙིང་གར་ཐིམ་པ་དང་སྤྱི་བོའི་ཐིག་ལེ་དཀར་པོ་ཐུར་དུ་འབབ། རྣམ་ཤེས་སྣང་བ་ལ་ཐིམ་པའི་མཚན་ཉིད་སྤྲིན་མེད་ཀྱི་ནམ་མཁའ་ཟླ་འོད་ཀྱིས་སློང་བ་ལྟ་བུའི་དཀར་ལམ་པ་དང༌། ལྟེ་བའི་ཐིག་ལེ་དམར་པོ་གྱེན་དུ་ལོག སྣང་བ་མཆེད་པ་ལ་ཐིམ་པའི་མཚན་ཉིད་སྤྲིན་མེད་ཀྱི་ནམ་མཁའ་ཉི་འོད་ཀྱིས་སློང་བ་ལྟ་བུའི་དམར་ལམ་པ་དང༌། དེ་གཉིས་སྙིང་གར་ཕྲད་ཅིང་མཆེད་པ་ཉེར་ཐོབ་ལ་ཐིམ་པའི་མཚན་ཉིད་སྟོན་གནམ་གཡའ་དག་པ་མཚམས་ཀྱི་སྨག་གིས་སློངས་པ་ལྟ་བུའི་སྣང་བ་ནག་ལམ་པའི་མོད་ལ་དྲན་པ་ཉམས་ཏེ་བརྒྱལ། དེ་ནས་ཉེར་ཐོབ་འོད་གསལ་ལ་ཐིམ་པས་བརྒྱལ་བ་ལས་སངས་ཏེ་སྔ་མ་ལྟ་བུའི་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་རེངས་ཀྱི་སྟོན་གནམ་གཡའ་དག་པ་ལྟ་བུ་ཞིག་འཆར་བ་དེ་ཉིད་ལ་འཆི་བ་འོད་གསལ་ཞེས་བྱ་སྟེ། ལུས་ཅན་ཐམས་ཅད་ལ་ཐུན་མོང་དུ་གྱུར་པའི་གཞི་གནས་ཀྱི་འོད་གསལ་མངོན་དུ་གྱུར་པའི་དུས་སོ། །གོམས་པ་རྣམས་ལ་ནི་གྲོལ་བ་ལོང་ཡོད་དུ་འཆར་ལ། མ་གོམས་པ་རྣམས་ལ་ཤར་ཡང་ངོས་མི་ཟིན། ཁམས་དྲུག་ལྡན་མ་ཡིན་པའི་སེམས་ཅན་ལ་ནི་ཅུང་ཟད་རེ་ལས་མི་


JLAZ003_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ཞིང་དེ་ཡང་ངོ་འཕྲོད་པའི་སྐལ་པ་དང་མི་ལྡན་པའོ། །དེ་བས་ན་ད་ལྟ་སྐྱེ་ཤི་བར་དོ་ལ་སད་རྨིའི་གནས་སྐབས་གཉིས་ལས་སད་པའི་དུས་ན་སྟོང་པ་བཞྀས་དྲངས་པའི་འོད་གསལ་ལམ་བདེ་སྟོང་གིས་དྲངས་པའི་ལྷན་སྐྱེས་གང་ཡིན་ཡང་དེའི་འོད་གསལ་ལམ་མཉམ་པར་འཇོག་པ་ནི་སད་དུས་ཀྱི་ཆོས་སྐུའི་བསྲེ་བ་ཡིན་ལ། དེ་ལས་ལྡང་བའི་ཚེ་ལུགས་ལྡོག་གི་ཉེར་ཐོབ་ནས་སྨིག་རྒྱུའི་བར་གྱི་རྟགས་སྣང་དང་ལྷན་ཅིག་ཡིད་ངོའི་ལྷ་སྐུར་ལྡང་བ་ནི་སད་དུས་ཀྱི་ལོངས་སྐུའི་བསྲེ་བ། དེ་ལས་ལྡང་བ་དང་རྣམ་སྨིན་གྱི་ཕུང་པོ་སེམས་དཔའ་གསུམ་བརྩེགས་ཀྱི་ལྷ་སྐུར་བལྟ་བ་སད་དུས་ཀྱི་སྤྲུལ་སྐུའི་བསྲེ་བ་ཡིན་པ་ལྟར་མཚན་མོའི་གཉིད་ལའང་སྦྱངས་ནས་ཉིན་མཚན་གཉིས་ཀར་གོམས་པ་བརྟན་པ་ཞིག་དགོས་སོ། །དེ་ལྟར་གོམས་ནས་འཆི་བའི་ཚེ་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་དངོས་གཅིག་ཏུ་ཚོགས་པའི་རླུང་གི་ཆ་ཅུང་ཟད་གཡོ་བར་བརྩམ་པ་ལས་འོད་གསལ་དེ་ཉིད་ཉེར་ཐོབ་ཏུ་ལྡང་བའི་མོད་ལ་བར་དོ་གྲུབ་ཅིང༌། དེ་མ་ཐག་ཏུ་མཆེད་པ་དང་སྣང་བ་རིམ་པར་འཆར། དེ་ལས་ཀུན་རྟོག་བརྒྱད་ཅུ་སྐྱེས་ནས་བར་དོའི་ཡིད་ལུས་མིང་བཞི་འདུས་པའི་ཕུང་པོ་ཅན་གྱི་འཁྲུལ་སྣང་ཐམས་ཅད་ཉམས་སུ་མྱོང་ངོ༌། །


JLAZ003_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་གང་ཟག་རབ་ཀྱིས་འཆི་བ་ཆོས་སྐུར་བསྲེ་བ་ནི། རགས་པ་ཉི་ཤུ་དང་ནང་གི་འབྱུང་བ་སྡུད་པའི་དུས་སུ་སྣོད་བཅུད་ཀྱི་འཛིན་རྟོག་བསྐྱེད་རྫོགས་གཉིས་གང་ལ་གོམས་པའི་སྡུད་རིམ་དང་མཐུན་པར་བསྡུས་ཏེ་ཆོས་ཉིད་ཀྱི་དྲན་པ་ལས་མི་གཡོ་བར་བྱ། དེ་ནས་ཤིན་ཏུ་ཕྲ་བའི་སྣང་མཆེད་ཐོབ་གསུམ་གྱི་རྟགས་རྣམས་བྱུང་བའི་དུས་རྒྱུས་ཅན་ཤུལ་ལམ་དུ་ཞུགས་པ་ལྟར་ལས་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་སྟོང་པ་གསུམ་དུ་ཐིམ་པའི་མཐར་འཆི་བ་འོད་གསལ་གྱི་སྟོང་པ་དོན་དམ་བདེན་པའི་ཆོས་ཉིད་ལ་སྦྱར་ཏེ་མཉམ་པར་བཞག་པས་རྣམ་སྨིན་ལུས་ཀྱི་རྒྱ་དང༌། བག་ཆགས་སྣང་བའི་རྒྱ་དང༌། རྣམ་ཤེས་སེམས་ཀྱི་རྒྱ་སྟེ་རྒྱ་གསུམ་ལས་གྲོལ། སློབ་པའི་ལམ་གྱི་ཡོན་ཏན་མཐར་ཕྱིན་པས་དག་བྱ་མཐའ་དག་དག་ནས་མི་སློབ་པའི་ཟུང་འཇུག་སངས་རྒྱས་ཆོས་སྐུའི་ཡོན་ཏན་དུས་གཅིག་ཏུ་རྫོགས་པ་ལ་འཆི་བ་ཆོས་སྐུའི་བསྲེ་བ་ཞེས་བྱ་སྟེ་བདག་ཅག་གི་བླ་མ་དམ་པས། ཡུལ་ལྔའི་ཤེས་པ་རིམ་གྱིས་ཡིད་དུ་ཐིམ། །དེ་ཡང་ཀུན་གཞིར་ཐིམ་པས་མི་རྟོག་པ། །རྩེ་གཅིག་སྣང་ཡུལ་མེད་པའི་ངང་དེ་ཉིད། །ཆོས་དབྱིངས་ཐིམ་པས་རང་བཞིན་སྤྲོས་དང་བྲལ། །ཐུན་པར་ལྷག་མོས་འོད་གསལ་དུ་འཇུག་པའི། །བར་འདིར་ཆོས་སྐུའི་རྣལ་འབྱོར་ལ་


JLAZ003_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང༌། །ཞེས་བཞེད་དོ། །འོད་གསལ་དེ་ལས་སྟོང་བཞི་ལུགས་ལྡོག་ཏུ་ལྡང་བར་བརྩམ་པ་ན། གཉིད་དུས་ན་རྨི་ལམ་དང་མཚུངས་པའི་བར་དོའི་སྲིད་པ་དེའི་ཕུང་པོ་སྔ་མ་ལས་གོ་ས་ལོགས་པ་བ་ཡིན་པས་འབྱུང་ལུས་རགས་པ་ལས་འདས་པའི་མིང་བཞིའི་ཕུང་པོ་ཅན་གྱི་བག་ཆགས་དེ་ཉིད་རླུང་སེམས་ཙམ་ལས་གྲུབ་པའི་མཚན་དཔེའི་བདག་ཉིད་ཅན་གྱི་ཡིད་ངོའི་ལྷ་སྐུར་ལྡང་བས་སྦྱོང་བ་ལ་བར་དོ་ལོངས་སྐུའི་བསྲེ་བ་ཞེས་བྱ་སྟེ། གཉིད་དམ་འཆི་བའི་འོད་གསལ་ལུགས་ལྡོག་ཏུ། །སླར་ཡང་མཆེད་པས་ཀུན་གཞིའི་རྣམ་ཤེས་ལས། །ཡིད་ཉིད་གཅིག་པུར་ལངས་པས་རྨི་ལམ་སེམས། །དབང་པོ་ཀུན་ཚང་ཡིད་ཀྱི་ལུས་གྲུབ་པ། །དེ་མཚུངས་སྐད་ཅིག་མངོན་བྱང་ལྔ་ལས་ནི། །དང་པོའི་མགོན་པོ་ལེགས་པར་བསྐྱེད་པའི་ཚུལ། །བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བར་ཤོག །ཅེས་སོ། །གལ་ཏེ་ལོངས་སྐུའི་ལམ་སྦྱངས་སྒྱུ་ལུས་སུ་ལྡང་མི་ནུས་པའམ། ནུས་ཀྱང་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ལྟར་དྲན་ཤེས་གཉིས་དང་ལྡན་བཞིན་པས་དགོས་པ་ཁྱད་པར་བའི་སླད་དུ་མངལ་དུ་ཉིང་མཚམས་སྦྱོར་བ་ལྟ་བུ་ཡིན་ན། སྔགས་ལ་སྤྱོད་པའི་རྟེན་ཁྱད་པར་ཅན་དུ་རྟེན་ཅིང་འབྲེལ་


JLAZ003_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་མི་འཆོལ་བའི་ཕ་མ་ལེགས་པ་མངོན་ཤེས་ཀྱིས་བརྟགས་ལ། དེ་གཉིས་ཀྱི་ཁུ་ཁྲག་དཀར་དམར་ཚོགས་པ་ནས་ལུས་རྫོགས་པའི་བར་མངོན་བྱང་ལྔ་དང༌། ཆོ་ག་གསུམ་དང༌། སྐད་ཅིག་བརྫུས་སྐྱེས་ལ་སོགས་པས་ཉིང་མཚམས་སྦྱོར་བ་ལ་སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་རམ་བསྲེ་བ་ཞེས་བྱ་སྟེ། བར་དོའི་ལུས་དེ་མ་ཡི་མངལ་དུ་ནི། །ཞུགས་ཚུལ་དང་པོ་མགོན་པོ་མི་བསྐྱོད་པའི། །སྐུ་ལས་ཞུགས་པས་རྡོ་རྗེའི་སེམས་བསྐྱེད་ཅིང༌། །དེ་ལས་ལུས་དཀྱིལ་བཀོད་ཅིང་སྒོ་གསུམ་དག །བྱིན་གྱིས་བརླབས་ཤིང་སེམས་དཔའ་གསུམ་བརྩེགས་སུ། །བྱས་ནས་རིག་མའི་འདོད་ཡོན་རྣམ་རོལ་བའི། །ཉིན་སྣང་སྐྱེ་ཤི་བར་དོའི་གོམས་འདྲིས་ཀྱི། །སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་བྱེད་ཤོག །ཅེས་སོ། །དེ་ལྟར་བསྲེ་བ་གསུམ་དང་སྦྱར་ནས་བཤད་པ་ནི་གསོན་དུས་ན་གོམས་སྟོབས་དང་ལྡན་པ་རྣམས་ལ་ཡིན་གྱི། གོམས་པ་ཆུང་བ་དག་གིས་འཆི་བ་འོད་གསལ་དང་སྒྱུ་ལུས་དངོས་བསྟན་ལམ་དུ་སློང་མི་ནུས་ན་བར་སྲིད་གྲུབ་པའི་དོད་སྦྱངས་སྟོབས་དང་འཕེན་པ་ལ་བརྟེན་པའི་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་ཞིང༌། བར་དོའི་སྣང་བ་ཐམས་ཅད་གཞལ་ཡས་ཁང་དང་འཁོར་གྱི་ལྷར་སྦྱང་བ་དང༌། དེ་ཡང་བསམ་གཏན་གཉིས་གང་རུང་གི་འོད་གསལ་དུ་བསྡུས་ནས་མཉམ་པར་གཞག་


JLAZ003_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། གཞན་ཡང་སྨིན་བྱེད་དབང་དང་མཐུན་པར་བསྲེ་བ། གྲོལ་བྱེད་ལམ་དང་མཐུན་པར་བསྲེ་བ། བསྲུང་བྱ་དམ་ཚིག་དང་མཐུན་པར་བསྲེ་བ། ཐོབ་བྱ་འབྲས་བུ་དང་མཐུན་པར་བསྲེ་བ་རྣམས་དང༌། ཐ་མལ་གྱི་སྣང་ཞེན་དང་བཅས་པའི་ལུས་ལྷའི་སྐུར་གོ་འཕོ་བ་དང༌། དེ་བཞིན་དུ་ངག་སྔགས་སུ་གོ་འཕོ་བ་དང༌། ཡིད་ཆོས་ཉིད་དུ་གོ་འཕོ་བ་སྟེ་བསྲེ་འཕོ་ཟུང་འཇུག་གི་གནད་ལ་འདྲིས་པར་བྱའོ། །དེ་ཡང་མི་ནུས་ན་ཐོག་མར་འཆི་ལྟས་རྣམས་ངེས་པར་བྱས་ལ་འོད་གསལ་དང་བར་དོ་འདུན་པའི་སྟོབས་ཀྱིས་བཟུང་ནས་བསྒོམ་དགོས་ཏེ། དེ་ལ་ཕྲ་བའི་ཐིམ་རིམ་སྣང་མཆེད་ཐོབ་གསུམ་དང༌། འཆི་བའི་འོད་གསལ་ཟིན་ན་དེ་ལ་ཅི་ནུས་སུ་མཉམ་པར་འཇོག དེ་ལས་ལུགས་ལྡོག་ཏུ་མཆེད་པའི་བར་སྲིད་ཀྱི་ལུས་དབང་པོ་ཀུན་ཚང་ལ། དྲི་ཟོས་ནས་ལུས་བརྟས་པར་བྱེད་པ་མིང་བཞི་འདུས་པའི་ཕུང་པོ་ལ་རང་བཞིན་བརྒྱད་ཅུའི་རྟོག་པ་སྐྱེ་ཞིང༌། སྐྱེ་གནས་མ་གཏོགས་པ་གང་དུའང་ཐོགས་པ་མེད་པའི་ལས་ཀྱི་རྫུ་འཕྲུལ་དང་ལྡན་ལ། རང་དང་རིགས་མཐུན་པའི་བར་དོ་དང་ལྷའི་མིག་གིས་མཐོང་བ། རང་ཤི་བར་ཤེས་ཤིང་ཤི་བའི་རོ་ཡང་མཐོང་བ། ས་རླུང་ལས་རི་བོ་ཉིལ་བའི་སྒྲ་དང༌། ཆུ་རླུང་ལས་རྒྱ་མཚོ་འཆོལ་བའི་སྒྲ་དང༌། མེ་རླུང་ལས་ནགས་ཚལ་


JLAZ003_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་པའི་སྒྲ་དང༌། རླུང་གི་རླུང་ལས་དུས་ཀྱི་རླུང་སྒྲ་སྟེ་འཇིགས་པའི་སྒྲ་བཞི། དུག་གསུམ་གྱི་ཤེས་པའི་རང་གཟུགས་ཀྱི་གཅོང་རོང་དཀར་དམར་ནག་པོ་སྟེ་ཡ་ང་བའི་གཡང་ས་གསུམ། ལས་ཀྱི་དབང་ལས་བག་ཆགས་འཁྲུལ་པའི་གཟུགས་བརྙན་གཤེད་མའི་རྣམ་པ་མང་པོས་འཚེ་བ་དང༌། མེ་ཆུ་གཅན་གཟན་གྱི་འཇིགས་པ་ལ་སོགས་ལས་བཟང་ངན་དང་དགེ་བའི་ར་ཟླ་ཡོད་མེད་ཀྱི་ཁྱད་པར་ལས་འཁྲུལ་སྣང་ཡང་མ་ངེས་པར་འཆར་ལ། ཚེ་ཚད་ཀྱང་ངེས་པ་དང་མ་ངེས་པ་གཉིས་སུ་འཆད་དེ་ལས་སྣང་བསམ་གྱིས་མི་ཁྱབ་པས་གཉིས་ཀ་ལ་དགག་བསྒྲུབ་མི་བྱའོ། །སྐྱེ་བ་འགྲུབ་ཚུལ་ནི་བརྫུས་ཏེ་སྐྱེ་ན་གནས་ལ་སྲེད་པ། དྲོད་གཤེར་ལས་སྐྱེ་ན་དྲི་དང་རོ་ལ། མངལ་དང་སྒོ་ང་ལས་སྐྱེ་ན་ཕ་མའི་ཉལ་བོ་ལ་ཆགས་སྡང༌། དེ་ཡང་ཕོར་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་ཞེ་སྡང༌། མོར་སྐྱེ་ན་དེ་ལས་ལྡོག་པའོ། །སྤྱིར་གཟུགས་མེད་ཁམས་སུ་སྐྱེ་ན་བར་སྲིད་མི་འོང་སྟེ་དེའི་རང་བཞིན་ཀུན་གཞི་ལུང་མ་བསྟན་དུ་གཙོ་བོར་གནས་པས་སོ། །གཟུགས་མེད་ནས་འདོད་གཟུགས་སུ་སྐྱེ་ན་བར་སྲིད་འབྱུང་སྟེ་ཀུན་གཞིའི་རྣམ་ཤེས་དང༌། ཉོན་མོངས་པ་ཅན་གྱི་ཡིད་ལྡང་བའི་ཕྱིར་རོ། །རྣམ་བྱང་གི་འོད་དང་ཁ་དོག་འཆར་བའི་སྦས་དོན་ནི་འདིར་རེ་ཞིག་མ་བཤད་དེ་ལམ་བགྲོད་ཚུལ་ལ་


JLAZ003_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཆེན་པོ་ཡོད་པས་སོ། །ལུས་ཀྱི་རྣམ་པ་ནི་མདོ་སྡེ་འགའ་ཞིག་ལས་སྔོན་གྱི་ལུས་ལྟར་དང༌། འགའ་ཞིག་ནས་ཕྱི་མ་སྐྱེ་འགྱུར་གྱི་རྣམ་པ་བཤད་པ་ཇི་ཙམ་གནས་ཡུན་གྱི་སྟོད་སྨད་ཀྱི་ཕྱོགས་ལ་དགོངས་པ་ཡིན་པས་གཉིས་ཀ་ལྟར་བདེན་ནོ། །དེ་ལྟ་བུའི་བར་དོའི་རྣམ་སྨིན་རྡོས་པ་དང་བཅས་པའི་ལུས་མ་ཡིན་པས་རླུང་སེམས་ཙམ་ལས་གྲུབ་པའི་རྟེན་བཟང་བའི་སྟོབས་ཀྱིས་མཚམས་སྦྱོར་དང༌། ལམ་གྱི་ཡོན་ཏན་ཆོད་ཆེ་བས་ན་བར་དོའི་མཚན་ཉིད་དང་རྟགས་རྣམས་ཉམས་འོག་ཏུ་ཆུད་པར་བྱས་ལ། འཁྲུལ་སྣང་དང་མེ་ཆུ་གཅན་གཟན་དགྲ་གདོན་གྱི་འཇིགས་པ་སོགས་གང་ལའང་རྡོས་བཅས་ཀྱི་ལུས་མེད་པས་དེ་དག་གིས་གནོད་པའི་གནས་མེད་དོ་སྙམ་ནས་ཐོག་བརྫིས་བྱས་པས་འཁྲུལ་སྣང་དང་བག་ཚ་བ་མཐའ་དག་རང་བཞིན་མེད་པར་འགྱུར་ཏེ། ཁྱད་པར་དུ་བདེན་མེད་སྒྱུ་མར་བསྒོམ་པ་དང༌། ལྷ་དང་གཞལ་ཡས་སུ་གསལ་གདབ་པ་དང༌། རྫོགས་རིམ་དུ་བསྡུས་ཏེ་མཉམ་པར་འཇོག་པ་དང༌། ཕ་མའི་འདུ་འཕྲོད་མཐོང་བ་ལ་སོགས་པའི་ཆགས་སྡང་སྐྱེ་བའི་ཚེ། བླ་མ་ཡབ་ཡུམ་དུ་བསྒོམས་ནས་དབང་བླང་བ་དང༌། བདེ་སྟོང་གི་ཉམས་བསྐྱང་བ་དང༌། སྟོང་ཉིད་ཀྱི་ལྟ་བས་རྒྱས་འདེབས་པ་དང༌། ཞིང་ཁམས་ཁྱད་པར་ཅན་ཡིད་ལ་བྱ་


JLAZ003_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། འཕོ་བའི་མན་ངག་གིས་ས་བཅད་པ་ལ་སོགས་བྱས་པས་མངལ་སྒོ་དང་སྐྱེ་གནས་ངན་པ་ངེས་པར་ཁེགས་ལ། དགོས་པ་བྱེ་བྲག་པ་ལ་དམིགས་ནས་བདེ་འགྲོའི་རྟེན་ཁྱད་པར་ཅན་འཛིན་པར་འདོད་ན། ཉི་ཟླ་ཁ་སྦྱོར་ལས། ལྷ་དང་མི་ནི་ཁ་དོག་དཀར། །ཡི་དྭགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུའམ། །ཡང་ན་བལ་ནག་གསེད་པ་འདྲ། །བྱོལ་སོང་ཡང་ནི་ཁྲག་བཙོས་བཞིན། །ལྷ་མིན་ཁ་ཆར་འབབ་པ་འདྲ། །ཞེས་དང༌། ལྷ་དང་མི་ནི་གྱེན་ལ་བལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དྭགས་དམྱལ་བ་ཐུར་དུ་བལྟ། །ཞེས་དང༌། ལྷ་ལ་རིན་པོ་ཆེའི་གཞལ་ཡས། ལྷ་མིན་ལ་ནགས་ཚལ་ཉམས་དགའ་བར་སོ་སོའི་རིགས་ཅན་ཕོ་མོ་ཚོགས་པ། མི་ལ་ཤར་ལུས་འཕགས་པོར་རྟ་ཕོ་མོས་བརྒྱན་པའི་མཚོ། ལྷོ་འཛམ་བུ་གླིང་ཁང་བཟང་གི་ནང་དུ་མི་ཕོ་མོ། ནུབ་བ་ལང་སྤྱོད་བ་ལང་ཕོ་མོས་བརྒྱན་པའི་མཚོ། སྒྲ་མི་སྙན་ངང་པས་བརྒྱན་པའི་མཚོའམ། དེ་དག་དང་ཕྱོགས་མཐུན་པར་གསལ་བ་ཡིན་པས་ན། བར་དོའི་ལུས་རྟེན་དེ་མངོན་པར་ཤེས་པ་དང་ལྡན་པའི་ཕྱིར་འཛམ་བུའི་གླིང་གི་ཡུལ་དབུས་བསྟན་པ་དར་བའི་ས་ལས་ཆོས་ལྡན་གྱི་མི་ལུས་ཐོབ་པའི་ཕ་མའི་མངལ་སྒོ་འདམས་ནས་སྨོན་ལམ་གྱིས་


JLAZ003_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱར་ཏེ་དྲན་པ་དང་ཤེས་བཞིན་ལྡན་པས་སྐྱེ་བ་འཛིན་པར་བྱའོ། །དྲུག་པ་འཕོ་བའི་གདམས་པ་ནི། སྤྱིར་འཕོ་བ་ཞེས་པའི་སྒྲ་དོན་ནི་ཚངས་པའི་སྒོ་ནས་རྣམ་ཤེས་འཐོན་པའི་ཐབས་གཅིག་པོ་ལ་འཁྲུལ་པར་མི་བྱ་སྟེ། འཕོ་བ་རབ་ནི་སྐྱེ་བ་ཀུན་རྫོབ་ཀྱི་བདེན་པས་འཕངས་པའི་རྣམ་པར་ཤེས་པའི་རང་བཞིན་འཆི་བ་དོན་དམ་གྱི་བདེན་པ་འོད་གསལ་གྱི་ངང་དུ་འཕོ་བ་དང༌། འབྲིང་ནི་ལོག་པའི་ཀུན་རྫོབ་ད་ལྟར་བའི་བག་ཆགས་ལ་བརྟེན་པའི་རྨི་ལམ་དང་བར་དོའི་རླུང་སེམས་ཙམ་གྱི་ལུས་གང་ཡིན་པ་ཡང་དག་པའི་ཀུན་རྫོབ་སྒྱུ་ལུས་ཀྱི་ལྷ་སྐུར་འཕོ་བ་ཡིན་པས་ན་འོད་གསལ་དང་བར་དོ་ཟིན་པའི་གང་ཟག་ལ་དེ་མ་ཐག་འཆད་པར་འགྱུར་བའི་འཕོ་བ་དགོས་པ་མ་ཡིན་ནོ། །གང་ཟག་ཐ་མའི་འཕོ་བ་ལའང་གསུམ། སྦྱངས་ཏེ་འཕོ་བ། བཙན་ཐབས་སུ་འཕོ་བ། ལུས་གནད་ཀྱི་འཕོ་བའོ། །དང་པོ་ནི། རླུང་ལ་བརྟེན་པ་ཡིན་ན་བུམ་པ་ཅན་རབ་འབྲིང་ཐ་གསུམ་ཅི་རིགས་འབྱོངས་པ་དགོས་ལ། འཕོ་བ་སྦྱོང་བ་དངོས་ནི་སོ་སོའི་གཞུང་གིས་སྟོན་པ་ལྟར་ལས། སྤྱི་མཐུན་དུ་དབང་པོའི་སྒོ་ལ་སོགས་པའི་སྒོ་དགུ་ནས་རྣམ་ཤེས་འཐོན་པའི་རྟེན་འབྲེལ་གྱིས་གནས་རིགས་སོ་སོ་བ་འགྲུབ་ཚུལ་ནི། ཚངས་བུག་ལས་འཐོན་ན་རིག་


JLAZ003_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་གནས་མཁའ་སྤྱོད་ཀྵུཾ། སྨིན་མཚམས་ལས་གཟུགས་ཁམས་ཧཱུྃ། མིག་ལས་མི་ཧཱུྃ། རྣ་བ་ལས་མིའམ་ཅི་ཡུྃ། སྣ་ལས་གནོད་སྦྱིན་ཡུྃ། ཁ་ལས་ཡི་དྭགས་སུྃ། ལྟེ་བ་ལས་འདོད་ལྷ་ ཆུ་ལམ་ལས་དུད་འགྲོ་སུྃ། གཤང་ལམ་ལས་དམྱལ་བར་འཕེན་པས་ཀྵུྃ། དེ་དག་ལ་འཁོར་བའི་སྒོ་བརྒྱད་ཅེས་བཏགས་ནས་ཁ་དོག་སོ་སོ་བའམ་དཀར་པོ་ཁོ་ནའི་ཡི་གེས་དགག་པའི་ཚུལ་བཤད་ལ། དེ་ལྟར་བཀག་པ་ལས་ཚངས་བུག་ནི་དུས་མིན་དུ་ཐལ་གྱི་དོགས་པ་ཡིན་པས་ལས་ལ་སྦྱོར་བའི་ཚེ་དེའི་ཡི་གེ་བསལ་ནས་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཡི་དམ་གྱི་སྐུ་གསལ་བའི་ཐུགས་ཀར་དབུགས་ཐོག་གཅིག་ཧུ་ཧིཀ་དྲག་པོ་ཉེར་གཅིག་སྤུངས་པ་དང༌། ལུས་གནད་བསྟུན་ནས་འཕོ་བའི་ཚུལ་དང༌། སླར་རང་གནས་སུ་ལྡོག་པ་གཉིས་སྤེལ་ནས་སྦྱང་བའོ། །དེ་ལྟར་སྦྱངས་ནས་ལས་ལ་མངོན་སུམ་པར་སྦྱར་བའི་དུས་ནི་འཆི་རྟགས་ཚང་ཞིང་བསླུ་བའི་ཐབས་ཀྱིས་མ་བཟློག་པའི་དུས་ཏེ་གཞན་དུ་ན་ལུས་རྟེན་དུས་མིན་དུ་སྤངས་པས་རྩ་ལྟུང་བརྒྱད་པ་དང་ཉེ་བའོ། །དེ་ལ་འཆི་བའི་རྟགས་ནི་རྨི་ལམ་དང་སྤྱོད་ལམ་འགྱུར་བ་ལ་སོགས་པའི་བརྟག་ཐབས་གཞན་ལྟར་དུ་ཤེས་པར་བྱས་ནས། རྣལ་འབྱོར་པའི་རང་ཉམས་ལ་བཙན་པ་ནི་


JLAZ003_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་འཕོ་བ་བཅུ་གཉིས་མི་བྱེད་པར་གཅིག་ཁོ་ན་ནས་རྒྱུ་བའོ། །དེ་ཡང་མའི་དུས་སྦྱོར་གཡས་པའི་དུས་སྐྱེས་ན་འཆི་ལྟས་ཀྱང་གཡས་ནས་འབྱུང་སྟེ། དེར་ཞག་གཅིག་གི་སྲིད་དུ་འཕོ་བ་མི་བྱེད་ན་ལོ་གསུམ་ཕྱོགས་གསུམ་ནའོ། །དེ་བཞིན་དུ་ཞག་ལྔ་དང༌། བཅུ་དང༌། བཅོ་ལྔ་དང༌། ཉི་ཤུ་དང༌། ཉེར་ལྔ་རྒྱུ་ན་རིམ་པས་ལོ་གསུམ་དང༌། གཉིས་དང༌། གཅིག་དང༌། ཟླ་བ་དྲུག་དང༌། གསུམ་ནའོ། །ཞག་ཉེར་དྲུག་ནས་སོ་གཅིག་གི་བར་ལ་རིམ་བཞིན་ཟླ་བ་གཉིས་དང༌། གཅིག་དང༌། ཕྱེད་དང༌། ཞག་བཅུ་དང༌། ལྔ་དང༌། གསུམ་ནའོ། །དེ་ནས་གཡོན་ནས་ཞག་གཉིས་དང་དབུ་མར་ཞག་གཅིག་རྒྱུ་ཞིང་འཆིའོ། །མའི་དུས་སྦྱོར་གཡོན་པའི་དུས་སྐྱེས་ན་འཆི་ལྟས་ཀྱང་དེ་བཞིན་ཏེ་གཡོན་ཁོ་ན་ནས་ཞག་གཅིག་རྒྱུུ་ན་སྔ་མ་དང་འདྲ་ལ། ཞག་གསུམ་རྒྱུ་ན་ལོ་གཉིས་དང་ཟླ་བ་དྲུག་ནའོ། །དེ་བཞིན་དུ་ཞག་དྲུག་དང༌། དགུ་དང༌། བཅུ་གཉིས་དང༌། བཅོ་ལྔ་དང༌། བཅོ་བརྒྱད་དང༌། ཉེར་གཅིག་དང༌། ཉེར་བཞི་དང༌། ཉེར་བདུན་དང༌། སུམ་ཅུ་རྒྱུ་ན་རིམ་པས་ཟླ་བ་ཉེར་བདུན་དང༌། ཉེར་བཞི་དང༌། ཉེར་གཅིག་དང༌། བཅོ་བརྒྱད་དང༌། བཅོ་ལྔ་དང༌། བཅུ་གཉིས་དང༌། དགུ་དང༌། དྲུག་དང༌། གསུམ་ནའོ། །


JLAZ003_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཟླ་བ་གསུམ་ལ་གཡོན་ནས་ཞག་པོ་གསུམ་དང༌། དེ་ནས་སྣ་བུག་གཡས་ནས་ཞག་གཉིས་དང༌། དབུ་མར་ཞག་གཅིག་རྒྱུ་ནས་འཆི་བར་བཤད་པ་ཡིན་ནོ། །ཉེ་བའི་ལྟས་ནི། རྣ་བའི་སྒྲ་མེད་ན་ཞག་དྲུག ལྕེའི་རོ་མེད་ན་ལྔ། མིག་གིས་དབུས་སུ་སྔར་མེད་ཀྱི་རི་མོ་བྱུང་ན་བཞི། སྣ་ཞོམ་ཞིང་དྲི་མེད་ན་གསུམ། ལུས་ཀྱི་རེག་བྱ་མེད་ན་གཉིས། ཁུ་བ་མེད་ན་ཞག་གཅིག་གོ །ཤིན་ཏུ་ཉེ་བ་ནི་ནང་གི་འབྱུང་བ་ཐིམ་པའི་རྟགས་ཏེ་བར་དོའི་སྐབས་ལྟར་རོ། །དེ་ལྟར་བྱུང་ན་ཐབས་གང་གིས་ཀྱང་བསླུ་བའི་ཐབས་བྱ་སྟེ། སློབ་དཔོན་ངག་གི་དབང་ཕྱུག་གིས། ཆོས་སྤྱོད་དབང་པོ་ཐུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཁོར་བར་སྲོག་ལས་གཅེས་པ་ནི། །འགའ་ཡང་ཡོད་པ་མ་ཡིན་པས། །དེས་ན་རྣམ་པ་ཐམས་ཅད་དུ། །འཆི་བ་བསླུ་བ་ཀུན་ཏུ་སྤྱད། །ཅེས་སོ། །ཅིས་ཀྱང་མ་བཟློག་ན་ཡོ་བྱད་རྣམས་ལ་རྣམ་སྨིན་དཀར་པོ་བསྐྱེད། འཁོར་དང་ལོངས་སྤྱོད་ལ་ཞེན་པ་བཏང༌། དམ་ཚིག་གསོ་ཞིང་ཚོགས་གཏོར་ལ་འབད། ཆགས་སྡང་ལ་སོགས་པའི་མཚམས་སྦྱོར་ངན་པ་མཐའ་དག་སྤངས་ལ་སྨོན་ལམ་རྒྱ་ཆེན་པོ་བཏབ། འོག་མིན་ལ་སོགས་


JLAZ003_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞིང་ཁམས་གང་ལ་མོས་པ་ལ་འདུན་པ་རྩེ་གཅིག་ཏུ་གཏད་ནས་འཕོ་བ་བྱའོ། །གཉིས་པ་བཙན་ཐབས་སུ་འཕོ་བ་ནི། སེམས་བསྐྱེད་རྒྱ་ཆེན་པོ་དང༌། གསོལ་འདེབས་སྣང་བ་འགྱུར་བར་བྱས་ལ་གང་དུ་འཕོ་སར་འདུན་པ་རྩེ་གཅིག་གི་ངང་ནས། སྒོ་བརྒྱད་ཡན་ལག་བཞི་ཉིང་ལག་དང་བཅས་པས་བཀག་པའམ། རྡོ་རྗེ་རྦ་རླབས་ཀྱི་མན་ངག་ལ་བརྟེན་ནས་འཕོ་བར་བྱའོ། །གསུམ་པ་ལུས་གནད་བཅོས་ཏེ་འཕོ་བ་ནི། འདུན་པ་སོགས་སྔར་བཞིན་ལས། མགོ་བྱང་བསྟན་གྱི་གློ་གཡས་ས་ལ་ཕབ། ལག་གཡས་འགྲམ་པ་དང་གཡོན་བརླ་སྟེང་དུ་བརྐྱང༌། རྐང་པ་གཉིས་མ་བསྣོལ་བར་སྟེང་འོག་ཏུ་བཞག་ནས་བརྐྱང་པ་སེང་གེའི་ཉལ་སྟབས་ཀྱི་ངང་ནས་དག་པའི་ཞིང་ཁམས་ཡིད་ལ་བྱ་ཞིང་འཕོ་བའམ། དཀོན་མཆོག་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པས་མཚོན་དགེ་བའི་སེམས་མངོན་གྱུར་པའི་ངང་ནས་འདུ་བྱེད་བཏང་བ་དེ་ལའང་ངན་སོང་མེད་པ་ཡིན་ནོ། །འཕོ་བའི་དམ་ཚིག་ནི་སེམས་ཅན་འཆི་ཁ་མ་ལ་ཕན་གདགས་པ་དང༌། སྨོན་ལམ་གདབ་པ་ཁོ་ན་ཡིན་ནོ། །འདི་ལྟར་འཕོ་བའི་གདམས་པ་ནི་ངན་འགྲོར་འགྲོ་


JLAZ003_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྡིག་ཅན་ལའང་སེམས་བསྐྱེད་དང་རྟོགས་པར་ལྡན་པའི་གཞན་སྟོབས་ཀྱི་གནད་དུ་འཕོག་ན་མཐོ་རིས་ཀྱི་རྟེན་ལ་སྦྱོར་བ་ཡིན་ན་འཆི་ཀའི་མཚམས་སྦྱོར་བཟང་པོ་དང་ལྡན་པ་ལ་ནི་སྨོས་ཅི་དགོས་ཏེ། དེ་བས་ན་སྡིག་པའི་ལས་ལ་འགྱོད་སེམས་དྲག་པོ་དང༌། དཀོན་མཆོག་དང་སྔགས་ཀྱི་མྱུར་ལམ་ལ་ཡིད་ཆེས་པའི་དད་པས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་དང་སྨོན་ལམ་དྲག་པོ་ལས་གཞན་དུ་སེམས་མ་གཡེལ་བ་ཁོ་ན་གཅེས་སོ། །དེ་ལྟར་སྣང་བཅས་དམིགས་པའི་ལམ་གྱི་རྫོགས་རིམ་ཐ་དད་པའང་མེ་ཏོག་ཕོག་པའི་རིགས་ཀྱི་ལྷ་ལྟར་པཎ་གྲུབ་སོ་སོའི་བཞེད་གཞུང་གིས་བཀྲལ་ཞིང་དེ་དང་དེ་ལ་ཆེ་ཐང་དུ་བྱས་པས་དངོས་གྲུབ་བརྙེས་པ་དང༌། བཤད་སྲོལ་གྱི་ར་བས་ཟིན་མ་ཟིན་གྱི་གྲགས་པ་བརྟན་མི་བརྟན་ལས་རང་བཞིན་དུ་རྒྱུད་སྡེ་གསར་རྙིང་བགྲོད་ལམ་མཐུན་པར་ཡོད་པའི་ཚུལ་སོ་སོའི་ཐད་ཀར་ཡང་བཤད་ལ་ཁྱད་པར་དམིགས་བཅས་ཀྱི་རྫོགས་རིམ་སྦྱོར་དྲུག་དང༌། རིམ་ལྔ་དང༌། ལམ་འབྲས་དང༌། བསྲེ་འཕོ་དང༌། ཕྲ་ཏིག་ལ་སོགས་པ་ཧེ་རུ་ཀ་གལ་པོ་དང༌། དཔལ་ཡང་དག་དང༌། མཉམ་སྦྱོར་དང༌། ཟླ་གསང་དང༌། རྡོ་རྗེ་ཕུར་བུ་ལ་སོགས་པ་དུམ་བུའི་རྒྱུད་སྡེ་རྣམས་ལ་དངོས་བསྟན་དུ་ཡོད་དེ་གཞུང་


JLAZ003_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མངས་ཀྱི་དོགས་ནས་ལུང་མཐའ་དག་བསྡུ་བར་མ་བྱས་སོ། །འདི་ལྟར་མི་ཤེས་པ་རྣམས་བསྟན་པ་གཅིག་ལ་སྟོན་པ་གཉིས་སུ་བལྟ་ཞིང༌། འགྱུར་དང་འགྲོས་ཀྱི་ཁྱད་པར་ལ་ཡང་ཡང་བཅོས་ཤིང་ཚིག་ལ་གྲིམས་པའི་ཕྱོགས་ནི་བཀའ་ཡིན་ལ། དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་དོན་ལ་རྟོན་པ་གཙོ་བོར་བྱས་ནས་དོ་ཧ་ལྟར་བཤད་པ་ལ་ཡིད་གཉིས་དང་བཅས་པས་ཕྱི་ནང་གི་བསྟན་པའི་ཁྱད་པར་བཞིན་དུ་བལྟས་ནས་འགལ་བར་འཛིན་ཅིང་ཕྱོགས་གཅིག་ཏུ་སྡུད་མི་ཤེས་པ་ནི་མུན་སྤྲུལ་དང་བཅས་པའི་བློ་ཅན་ཡིན་ཏེ། དེས་བསྟན་པ་ལ་སེལ་ཆེན་པོ་བསྐྱེད་པས་བག་ཚ་བའི་གནས་སོ། །དེ་བས་ན་སྐབས་འདིའི་རྫོགས་རིམ་ལ་མཚོན་ན་གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། སྔགས་སེམས་སྒྱུ་ལུས་འོད་གསལ་དང༌། །ཟུང་འཇུག་རྫོགས་རིམ་འབྲས་བུའོ། །ཞེས་བཤད་པས་ཆོས་དྲུག་གི་ལམ་གྱི་ལུས་ཀྱང་དེ་ཉིད་དུ་རྫོགས་པ་ཡིན་ཏེ། རྨི་ལམ་ནི་སྒྱུ་ལུས་ཀྱི་ཡན་ལག་དང༌། འཕོ་བ་ནི་སྤྱིར་ཐམས་ཅད་དུ་དམིགས་བསལ་ཡོད་ལ། ཁྱད་པར་འོག་མའི་ལམ་ལྟར་སྣང་བ་དང༌། ཀུན་རྫོབ་པའི་ཆ་ཐམས་ཅད་གོང་མའི་རྟོགས་པ་ཇི་བཞིན་པ་དང་


JLAZ003_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་གྱི་རང་བཞིན་དུ་གོ་འཕོ་བས་ཐམས་ཅད་ཀྱི་ཡན་ལག་ཀྱང་ཡིན་ལ། བར་དོ་ནི་མཚམས་སྦྱོར་ཡིན་པས་འདི་དག་དྲུག་ཀའང་ལམ་ཐམས་ཅད་དུ་དངོས་ཤུགས་ཅི་རིགས་ལས་འབྱུང་བ་ཡིན་ཏེ་དཔེར་ན་ཚོགས་བསགས་པའི་སྒོ་ཐམས་ཅད་གཅིག་ཏུ་བསྡུས་པ་ལ་ཡན་ལག་བདུན་པར་གྲགས་པ་བཞིན་ནོ། །གཉིས་པ་ནི། རྩ་ཐིག་རླུང་ལ་གནད་དུ་སོང་ནས་སླར། །བདེ་སྟོང་ལམ་དུ་བྱེད་པ་གཞན་ལུས་ཏེ། །ཀུན་ཀྱང་ལམ་དུ་འགྲོ་བ་ཐབས་ཀྱི་ལམ། །དེ་ལ་གོང་དུ་བསྟན་མ་ཐག་པའི་རྫོགས་རིམ་རྣམས་ནི་ལས་རྒྱ་ལ་མ་བསྟེན་ཀྱང་རང་ལུས་ལ་གནད་དུ་བསྣུན་ནས་སྦྱང་དུ་རུང་བས་རང་ལུས་ཐབས་ལྡན་ཞེས་གཙོ་ཆེ་བའི་ཁོང་ནས་སྨོས་ལ། འོན་ཀྱང་དབང་པོ་རྣོན་པོ་ནི་ལམ་གྱི་བོགས་འབྱིན་དུ་རིག་མ་དང་སྙོམས་པར་འཇུགས་པའང་ཡོད་པས་བཤད་པའང་འདྲེས་མར་བྱུང་ངོ༌། །སྤྱིར་སྲོག་རྩོལ་སྒྲ་ཇི་བཞིན་པ་ཐོབ་ཅིང་འཕོ་མེད་ལ་གདེངས་སུ་གྱུར་ནས་གཞན་ལུས་ལ་འཇུག་པའི་དུས་ཡིན་པས་བདེ་སྟོང་གི་རྣལ་འབྱོར་ལམ་དུ་བྱེད་པ་ལ་དངོས་གྲུབ་སྐྱེ་བའི་རྟེན་ནི་སྒྱུ་འཕྲུལ་མེ་ལོང་ལས། རྒྱལ་རིགས་རྗེ་རིགས་བྲམ་ཟེ་དང༌། །དམངས་རིགས་ཚོས་མ་གར་མཁན་མ། །གདོལ་པ་ཉོ་ཚོང་མ་ཉིད་དང༌། །མ་དང་སྒྱུག་མོ་སྲིང་མོ་


JLAZ003_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །མཐར་སྒེག་ལུས་འཚོང་མ་ལ་སོགས། །དངོས་གྲུབ་སྐྱེ་བའི་རྟེན་དུ་བཤད། །བཅོ་བརྒྱད་བཅུད་ལྡན་རབ་ཡིན་ཏེ། །ཉི་ཤུ་ལ་སོགས་འབྲིང་དུ་བཤད། །རྩ་ལྔ་ཐ་མའི་ཚད་ཡིན་ཏེ། །གཞན་ལ་དངོས་གྲུབ་མེད་པར་གསུངས། །ཞེས་པས་རིགས་མ་ངེས་ལ་ལོ་གྲངས་ངེས་པར་བཤད་པ་ལྟར་རམ། རྒྱུད་སྡེ་གཞན་དང་གཞན་དག་ལས་བཤད་པ་ལྟར་ཡང་རུང་སྟེ། འབྱོར་ཞིང་ཚོགས་ན་རིགས་ལྔའི་རིགས་ཅན་གྱི་མི་མོ་དང༌། རང་ལུས་ལ་འཛིན་པ་ཐོབ་པའི་མཁའ་འགྲོ་མ་སྟེ། དེ་ཡང་དོན་གྱི་འོད་གསལ་ཐོབ་པའི་ལྷན་སྐྱེས། དབང་དང་བསྐྱེད་རིམ་གྱིས་རྒྱུད་སྦྱངས་པའི་སྔགས་སྐྱེས། ཡུལ་ཉེར་བཞི་ལ་སོགས་པར་སྐྱེས་པའི་ཞིང་སྐྱེས་མ་ནི་དངོས་གྲུབ་མྱུར་ལ། དེ་ལྟ་བུ་ནི་བརྟེན་པ་ཙམ་གྱིས་ཐབས་དང་ཤེས་རབ་ཏུ་འབྲེལ་བའི་རྟེན་འབྲེལ་ལས་སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ནས་འགྱུར་བ་མེད་པའི་བདེ་ཆེན་སྟེར་ཞིང༌། མཐར་གྱིས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་འགྱུ་བ་འཕོ་བ་གཅིག་ཏུ་ཐུབ་ནས་ལམ་གྱི་ཡོན་ཏན་མཐའ་དག་པ་བཙན་ཐབས་སུ་འཕེལ་བའོ། །དེའི་སླད་དུ་ཡར་མར་གྱི་ཚེས་བཅུ་དང་བཅུ་བཞི་སོགས་ལ་དབང་གསུམ་པའི་སྐབས་སུ་བསྟན་པའི་མན་ངག་དང་ལྡན་པས་


JLAZ003_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཆགས་སྤྱོད་པའི་ཚུལ་ཀུན་ཏུ་བཟང་པོ་གབ་པ་མངོན་ཕྱུང་གི་རྒྱུད་ལས། བཅུ་དྲུག་ལོ་ལོན་རིགས་ཅན་མ། །གཟུགས་དང་ལང་ཚོས་བརྒྱན་པ་ལ། །དང་པོར་བསླབ་བྱ་ལེགས་བསླབས་ནས། །དབང་བསྐུར་ནས་ནི་བསྒྲུབ་པ་བརྩམ། །སྐུ་གསུང་ཐུགས་དང་ཆགས་པ་ནི། །དཔྲལ་བ་ལ་སོགས་རྣམས་ལ་འགོད། །སྭཱ་ཧཱ་གསང་བ་གཙུག་ཏོར་ཆེར། །དེ་ནས་པདྨ་རྣམ་པར་སྦྱང༌། །ཨ་ཡིས་པདྨ་འདབ་བརྒྱད་ལ། །ཨ་ཡིག་གིས་ནི་རབ་ཏུ་བརྟག །དེ་ལྟར་རྡོ་རྗེ་པདྨ་དང༌། བཅས་པ་བྱས་ནས་པདྨར་གཞུག །དེ་ནས་རྡོ་རྗེ་འཛིན་པས་སྙེམས། །འཛིན་ཅིང་རྣལ་འབྱོར་ཧཱུྃ་ཕཊ་བྱ། །བྷ་གར་ལིང་ག་རབ་བཀོད་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །ཞེས་སོ། །སྤྱིར་གཞན་ལུས་བརྟེན་པ་ལ་བདུད་ཀྱི་སློབ་དཔོན་གྱིས་མ་བསླད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་གསལ་ཁྱབ་ཆེན་པོ་དང༌། ཕྱ་རྒྱ་ཆེན་མོ་གཉིས་ངེས་པར་དགོས་ལ། །ཡེ་རྒྱ་བརྟེན་པ་ལ་དབྱིངས་རིག་གཉིས་མེད་ཀྱི་ཕྱག་རྒྱ་ཆེན་པོ་ངེས་པར་དགོས་སོ། །དེ་ཡང་རྗེས་ཆགས་མྱོང་བའི་སྟན་ཐོག་གཅིག་ལ་སྦྱར་ན་གཞན་ལུས་ཀྱི་རྐྱེན་ལས་དགའ་བའི་ཡེ་ཤེས་ཀྱིས་སེམས་ལ་བདེ་བ་དང༌། སྟོང་པ་


JLAZ003_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གསལ་བ་གསུམ་ཉམས་སུ་མྱོང་བར་བྱེད་པས་ན་ལས་ཀྱི་ཕྱག་རྒྱ་དང༌། དེ་བཞིན་དུ་ཞུ་བདེས་དྲངས་པའི་རྐྱེན་ལས་མགྲིན་པར་མཆོག་དགའི་ཡེ་ཤེས་སྐྱེས་པ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་ཡེ་ཤེས་བཞིའི་དམ་ཚིག་དང་འདུ་འབྲལ་མེད་པས་སོ། །དེ་ནས་སྙིང་གར་མཆོག་དགའི་ཡེ་ཤེས་ཉམས་སུ་མྱོང་བ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ་ཆོས་སྤྱི་དང་རང་གི་མཚན་ཉིད་ལ་ལོངས་སྤྱོད་པར་བྱེད་པས་སོ། །དེ་ནས་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཉམས་སུ་མྱོང་བ་ནི་ཕྱག་རྒྱ་ཆེན་པོ་སྟེ། བསམ་གྱིས་མི་ཁྱབ་པའི་རིམ་པ་ལས། རང་བཞིན་རྣམ་དག་ལ་གོམས་པ། །གཉིས་མེད་དོན་ནི་དམ་པ་གང༌། །མ་སྐྱེས་པ་དང་མྀ་འཇིགས་པ། །དེ་ནི་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་སོ། །དེའི་ཕྱིར་རང་དང་རིག་མ་གཉིས་ཀའི་ལུས་ལྷར་འདུ་ཤེས་པ་དང༌། མཁའ་གསང་སྔགས་དང་ཡིག་འབྲུར་འདུ་ཤེས་པ་དང༌། བདེ་བ་ཆོས་ཉིད་དུ་འདུ་ཤེས་པའི་ངང་ནས་ཤེས་རབ་མའི་ལུས་ཀྱི་བུམ་པ་ལ་རེག་པས་དགོད་པ་དང༌། སོར་མོའི་ལྕུག་ཕྲན་བསྣུན་པས་གཙུག་ཏོར་སྐུའི་ཐིག་ལེ་མགྲིན་པར་བབ་པས་དགའ་བའི་དགའ་བ་དང་བུམ་དབང་བདེ་བ་ཆེན་པོའི་རང་བཞིན་དུ་མྱོང༌། ལུས་ཀྱི་ཐིག་ལེ་དང་སད་པའི་


JLAZ003_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་དང༌། ལུས་ཀྱི་སྒྲིབ་པ་སྦྱོང༌། དེའི་ཆུ་སྐྱེས་ལ་བལྟས་པས་མགྲིན་པ་ནས་སྙིང་གར་བབ། མཆོག་དགའི་དགའ་བ་དང་གསང་དབང་ཉམས་སུ་མྱོང༌། ངག་གི་ཐིག་ལེ་དང༌། རྨི་ལམ་གྱི་གནས་སྐབས་དང༌། ངག་གི་སྒྲིབ་པ་སྦྱོང༌། ཡུམ་ཆེན་མོའི་ཕོ་བྲང་དུ་རྡོ་རྗེ་སེམས་དཔའ་ཞུགས་པས་སྙིང་གའི་ཐིག་ལེ་ལྟེ་བར་བབ། ཁྱད་པར་གྱི་དགའ་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཉམས་སུ་མྱོང༌། སེམས་ཀྱི་ཐིག་ལེ་དང་གཉིད་སྟུག་གི་གནས་སྐབས་དང་ཡིད་ཀྱི་སྒྲིབ་པ་དག དེ་ནས་ཤེས་བར་ཀྱི་བསྒུལ་བསྐྱོད་ལས་ལྟེ་བའི་ཐིག་ལེ་རྡོ་རྗེ་ནོར་བུར་བབ། ལྷན་ཅིག་སྐྱེས་པའི་དགའ་བ་དང་དབང་བཞི་པ་ཉམས་སུ་མྱོང༌། འཕོ་བ་ཡེ་ཤེས་ཀྱི་ཐིག་ལེ་དང༌། ཆགས་རྟོག་གི་གནས་སྐབས་དང་ཡེ་ཤེས་ཀྱི་སྒྲིབ་པ་སྦྱངས། དེ་ནས་དབྱིངས་རིག་གཉིས་མེད་ཀྱི་ཕྱག་རྒྱ་ཆེན་པོས་འཛག་བདེའི་རྒྱུན་འཕོ་མེད་དུ་བརྟན་པར་བྱས་པ་གང་ཡིན་པ་ནི་ཆོས་ཀྱི་དབྱིངས་རང་བཞིན་བརྡལ་བ་ཆེན་པོའི་མཚན་ཉིད་དོ། །དེ་ནས། དགྲམ་ཆེན་རླུང་གི་ཐེམ་བུ་དང༌། རྡོ་རྗེ་རྒྱ་གྲམ་གྱི་ཐེམ་བུ་དང༌། སྟག་མོ་ཁ་ཡན་གྱི་ཐེམ་བུ་དང༌། ལྕགས་ཐག་ཁོང་འདྲེན་གྱི་ཐེམ་བུ་དང༌། འཁོར་ལོ་ཁ་སྦྱོར་གྱི་ཐེམ་བུ་དང༌། མེ་རླུང་ཁ་སྦྱོར་གྱི་ཐེམ་བུ་དང༌། སྲོག་རྩོལ་རླུང་གི་ཐེམ་བུ་སྟེ་རྣམ་པ་བདུན་


JLAZ003_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འདྲེན་ལ་བརྟེན་ནས་གཙུག་ཏོར་གྱི་རྩེ་མོར་བསྐྱལ་ཞིང༌། བྲབ་གཞིལ་ལ་སོགས་པའི་མན་ངག་གི་འཁྲུལ་འཁོར་དང༌། ཁྱད་པར་དབྱིངས་རིག་གཉིས་མེད་ཀྱི་ལྟ་བས་འགྲེམས་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའོ། །དེ་ལ་ལུས་ངག་ཡིད་གསུམ་ཆགས་པ་དང་བཅས་པའི་བདེ་བ་ཆེན་པོ་བཞི་ནི་སོ་སོའི་ཐིག་ལེ་བརྟན་པ་ལས་བྱུང་ལ། ཐིག་ལེ་བཞི་དང་དགའ་བ་བཞི་པོ་རེ་རེ་ལའང༌། བཞི་ཚན་དུ་ཕྱེ་བས་འགྱུར་མེད་མཆོག་གི་བདེ་བ་ཆེན་པོའི་དགའ་བ་བཅུ་དྲུག་ཏུ་གྱུར་པ་རང་རིག་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་གཉིས་སུ་མེད་པ་དེ་ལ་དེ་ཉིད་རྣམ་པ་བཅུ་དྲུག་ཅེས་བྱའོ། །དེའི་རྟེན་དུ་གྱུར་པའི་ཐིག་ལེ་བཅུ་དྲུག་སྟེ། ལུས་ཀྱི་ལུས་ཀྱི་ཐིག་ལེ། ངག་གི་ལུས་ཀྱི། སེམས་ཀྱི་ལུས་ཀྱི། ཡེ་ཤེས་ཀྱི་ལུས་ཀྱི་ཐིག་ལེ་བཞི་སྟེ་ལུས་ཀྱི་ཐིག་ལེ་བཞི། དེ་བཞིན་དུ་ངག་དང༌། སེམས་དང༌། ཡེ་ཤེས་ལའང་བཞི་བཞིར་ཕྱེ་བའི་བཅུ་དྲུག་ཕྱེད་ཕྱེད་ཀྱི་ཐིག་ལེ་དེ་ཉིད་དཀར་ནག་གི་ཕྱོགས་གཉིས་སུ་ཕྱེ་བས་ནང་གི་ཡུལ་ཉི་ཤུ་རྩ་བཞིའི་རྩ་ལ་འཇུག་པའི་ཆ་ནས་ཐིག་ལེ་ཉི་ཤུ་བརྩ་བཞི་པ་ཚར་བཞི་དང༌། བཅུ་དྲུག་ཕྱེད་ཕྱེད་ཀྱི་དངས་མའི་ཐིག་ལེ་དེ་ཉིད་འཁོར་ལོ་དྲུག་གི་རྩ་བརྒྱ་དང་ལྔ་བཅུ་རྩ་དྲུག་ལ་འཇུག་པའི་དབྱེ་བས་


JLAZ003_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེའི་གྲངས་ཀྱང་དེ་སྙེད་ཚར་བཞི་དང༌། བཅུ་དྲུག་ཕྱེད་ཕྱེད་ཀྱི་ཐིག་ཡེ་དེ་ཉིད་ཚིགས་སུམ་བརྒྱ་དྲུག་ཅུའི་རྩ་འཁོར་སུམ་བརྒྱ་དྲུག་ཅུའི་རྩ་བདུན་ཁྲི་ཉིས་སྟོང་ལ་འཇུག་པའི་དབྱེ་བས་དངས་མའི་ཐིག་ལེ་བདུན་ཁྲི་ཉིས་སྟོང་གི་ཚན་པ་བཞིའོ། །དེ་ལྟར་རྩ་འཁོར་དེ་རྣམས་སུ་ཏིང་ངེ་འཛིན་གྱི་སྟོབས་ཀྱི་ཀུན་ཏུ་རྟོག་པ་ཅན་མ་ཡིན་པའི་ཡེ་ཤེས་ཀྱི་རླུང་ཟིན་པས་དངས་མའི་ཐིག་ལེ་ཟིན། ཐིག་ལེ་ཟིན་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཟིན་ནས་རྩའི་འཁོར་ལོ་རྣམས་སུ་ཡེ་ཤེས་ཀྱི་རླུང་དང་དངས་མའི་ཐིག་ལེས་གང་བས་ལམ་རྟགས་ཀྱི་ཡོན་ཏན་མངོན་དུ་གྱུར། མ་རིག་པའི་རྩ་བ་འཛག་བདེ། ངོ་བོ་རྣམ་ཤེས་ཀྱི་བཞོན་པ་ལས་རླུང༌། འབྲས་བུ་འཁོར་བ་བཞིར་བསྐྱེད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགགས། བྱང་ཆུབ་ཀྱི་སེམས་གཙུག་ཏོར་ནོར་བུ་དང་རྡུལ་གྱི་རྡོ་རྗེ་ནོར་བུར་ཕྱིན་པ་དུས་མཉམ་པས་ས་བཅུ་གསུམ་པ་རྫོགས་པའི་ཚུལ་རྒྱུད་ལས། བྱེད་བཅིངས་ཉིད་མཚན་རྣལ་འབྱོར་སོ་ནམ་བྱས། །རྩ་ནི་ཡུར་བ་འདྲ་སྟེ་བྱང་བར་དགོས། །བྱང་སེམས་ཆུ་འདྲ་ཁྲིད་སར་ཡོང་བ་དགོས། །རླུང་ནི་ཁྲོན་སྐྱོགས་འདྲ་སྟེ་སྐྱོན་མེད་དགོས། །དེ་ལྟར་རྩ་རླུང་འབྱོངས་ནས་རྗེས་ཆགས་སུ། །འདོད་ཆགས་ཆེན་པོ་བདེ་ཆེན་ནམ་མཁའ་གང༌། །


JLAZ003_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་བ་ཐུར་འབབ་རྡོ་རྗེ་ནོར་བུར་བརྟེན། །རྡུལ་ནི་གྱེན་སོང་གཙུག་ཏོར་འཁོར་ལོར་བརྟེན། །དེ་ལྟར་ལོ་གསུམ་དག་ལ་འབད་པ་ན། །ཁུ་བ་རྡོ་རྗེ་ནོར་བུ་ཡར་འཕེལ་བས། །གསང་གནས་རྩ་འདབ་རྣམས་ནི་ཕྱེད་གང་ཞིང༌། །ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཅིག་དགགས་པས། །དབང་བཅུ་ལ་སོགས་པའི་སེམས་དཔར་འགྱུར། །ས་ནི་དང་པོ་རབ་ཏུ་དགའ་བ་རྫོགས། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་བཅུ་གཉིས་ཐོབ། །ཐུར་དུ་རྡུལ་འཕེལ་གཙུག་ཏོར་དཔྲལ་བ་ཡི། །རྩ་འདབ་ཕྱེད་གང་ཟླ་བ་ཧཾ་ཡིག་ཞུ། །བདུད་རྩི་ཐིག་ལེའི་རྒྱུན་ཆར་ཕྱིར་ལ་བབ། །དེ་བཞིན་ཁུ་བ་གསང་གནས་རྩ་འདབ་ཀྱི། །ཕྱེད་པོ་ལྷག་མ་མ་ལུས་གང་བ་ཡིས། །ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཉིས་འགགས་པས། །ས་ནི་གཉིས་པ་དྲི་མ་མེད་པ་རྫོགས། །ཡོན་ཏན་དེ་ཉིད་ནམ་མཁའ་གང་བ་ཐོབ། །རྡུལ་གྱིས་དཔྲལ་བའི་རྩ་འདབ་ཕྱེད་འཕྲོ་གང༌། །དེ་ནས་ཁུ་བ་ལྟེ་བར་ཡར་སླེབ་ཅིང༌། །རྡུལ་གྱིས་མགྲིན་པར་ཕྱིར་སླེབ་ཅིང་རྩ་འདབ་གང༌། །ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཉིས་འགགས་པས། །ས་ནི་གསུམ་པ་འོད་རབ་འབྱེད་པ་དང༌། །བཞི་པ་འོད་འཕྲོ་གཉིས་པོ་རྫོགས་པ་ཡིན། །ཁུ་རྡུལ་གཉིས་ཀས་སྙིང་གར་སླེབ་ནས་ནི། །སྙིང་གའི་རྩ་


JLAZ003_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་ཐམས་ཅད་གང་བ་ཡིས། །ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཉིས་འགགས་པས། །ས་ནི་ལྔ་པ་སྦྱང་བར་དཀའ་བ་དང༌། །དྲུག་པ་མངོན་དུ་གྱུར་པ་གཉིས་པོ་རྫོགས། །ཁུ་བ་ཡར་སོང་མགྲིན་པའི་འཁོར་ལོར་སླེབས། །རྡུལ་ནི་ལྟེ་བའི་འཁོར་ལོར་ཕྱིར་སླེབས་ནས། །ལས་རླུང་དུས་སྦྱོར་གཉིས་པོ་རབ་འགགས་པས། །ས་ནི་བདུན་པ་རིང་དུ་སོང་བ་དང༌། །བརྒྱད་པ་མི་གཡོ་བ་གཉིས་རྫོགས་པ་ཡིན། །ཁུ་བ་ཡར་སོང་དཔྲལ་བའི་འཁོར་ལོར་སླེབ། །རྡུལ་ནི་གསང་བའི་འཁོར་ལོར་ཕྱིར་སླེབས་ནས། །ལས་རླུང་དུས་སྦྱོར་གཉིས་པོ་རབ་རྫོགས་པས། །ས་ནི་དགུ་པ་ལེགས་པའི་བློ་གྲོས་དང༌། །བཅུ་པ་ཆོས་ཀྱི་སྤྲིན་གཉིས་རྫོགས་པ་ཡིན། །དེ་ནས་ཁུ་བ་གཙུག་ཏོར་ཡར་སླེབས་ནས། །རྡུལ་གྱིས་རྡོ་རྗེ་ནོར་བུར་ཕྱིར་སླེབས་ནས། །ལས་རླུང་དུས་སྦྱོར་གཉིས་པོ་རབ་འགགས་པས། །ས་ནི་བཅུ་གཅིག་ཀུན་ཏུ་འོད་དང་ནི། །བཅུ་གསུམ་རྡོ་རྗེ་འཛིན་པ་རྫོགས་པ་ཡིན། །ཞེས་སོ། །དེ་ལྟར་སྣང་བཅས་ཀྱི་རྫོགས་རིམ་སྤྱི་དང་ཁྱད་པར་ཕྱིའི་རྐྱེན་གཞན་ལུས་ལ་བརྟེན་པ་ལ་ཐབས་ཀྱི་ལམ་ཞེས་གྲགས་པ་ནི་དམ་པའི་ཆོས་འདུལ་བ་དང༌། མདོ་སྡེ་དང༌། མངོན་པའི་སྡེ་སྣོད་རྣམས་ཐམས་ཅད་ལས་


JLAZ003_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་མཐའ་དག་གི་འབྱུང་གནས་སུ་བསྟན་པའི་བུད་མེད་གང་ཞིག་འདིར་སྟོང་པ་ཉིད་ཀྱི་འབྱུང་གནས་རྒྱལ་བའི་ཡུམ་མམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་བཞིན་དུ་བལྟས་ནས་དེ་ཉིད་ཐབས་ལ་མཁས་པའི་ཆོ་གས་ལམ་དུ་བྱས་པ་སྟེ། དེ་ཡང་ལུས་ཀྱི་རྩའི་རང་བཞིན་ཤེས་རབ་ཀྱི་ཆར་གནས་པ་རླུང་དང་ཐིག་ལེའི་ཐབས་ཀྱིས་ལམ་དུ་བྱས་པ་ལས་རྩ་ཐམས་ཅད་ཆོས་ཉིད་ཀྱི་དབུ་མར་འགྱུར། སྲོག་དང་ཐུར་སེལ་ཀྱི་རང་བཞིན་ཤེས་རབ་ཀྱི་ཆར་གནས་པ་རྩོལ་བའི་ཐབས་ཀྱིས་ལམ་དུ་བྱས་པས་རོ་རྐྱང་གི་རྒྱུ་བ་ཡེ་ཤེས་ཀྱི་རླུང་དུ་འགྲོ། ཡུལ་དྲུག་ཤེས་རབ་ཀྱི་ཆར་གནས་པ་རྫས་སུ་མ་གོལ་བའི་དབང་པོ་དྲུག་གིས་ཐབས་ཀྱིས་ལམ་དུ་བྱས་པས་ཚོགས་དྲུག་ཡེ་ཤེས་སུ་འཆར། མཐོང་ཐོས་མྱོང་ཚོར་ལ་སོགས་པ་ཤེས་རབ་ཀྱི་ཆར་གནས་པ་རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་འབའ་ཞིག་ཏུ་གནས་གྱུར་པའི་ཐབས་ཀྱིས་ལམ་དུ་བྱས་པས་སྐྱེ་མེད་བྱང་ཆུབ་ཀྱི་སེམས་སུ་གྲོལ། སད་པའི་གནས་སྐབས་ཐམས་ཅད་དུ་དེ་ལྟར་བྱང་བས་གཉིད་དམ་འཆི་བའི་ཚེ་འབྱུང་བཞི་ཐིམ་པ་ཐབས། དབང་པོ་ཐིམ་པ་ཤེས་རབ། རགས་པ་ཐིམ་པ་ཐབས། ཕྲ་བ་ཐིམ་པ་ཤེས་རབ༌། རླུང་


JLAZ003_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་སུ་རུང་བ་དང༌། ཚོགས་གཉིས་རྫོགས་པ་དང༌། འཆི་བའི་དུས་གསུམ་པོར་རྩ་མདུད་གྲོལ་བ་ཐབས། ཐིག་ལེ་གཡོ་བ་ཤེས་རབ། རླུང་འགགས་པ་ཐབས། རྣམ་རྟོག་འགགས་པ་ཤེས་རབ། ཕྲ་བ་ཐིམ་པ་ཐབས། འོད་གསལ་ཤར་བ་ཤེས་རབ་སྟེ་ཐབས་ལ་བརྟེན་ནས་ཤེས་རབ་འགྲུབ་པས་ཐབས་ཀྱི་ལམ་ཞེས་བྱ་ལ། ཁྱད་པར་སྙོམས་འཇུག་གི་ཞུ་བདེས་དྲངས་པའི་དགའ་བཞིའི་ཡེ་ཤེས་ལ་བརྟེན་ནས་རྣམ་རྟོག་གི་བཞོན་པར་གྱུར་པའི་རླུང་གི་ཆ་འགགས་པས་རང་བཞིན་བརྒྱད་ཅུའི་རྟོག་པ་འགག་སྟོབས་དང་མཐུན་པར་སྟོང་པ་བཞི་ཉམས་སུ་མྱོང༌། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ས་མཁན་བྱས་པའི་ཆོས་ཉིད་ནམ་མཁའི་གཟུགས་ཅན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་འགྱུར་བ་མེད་པ་གང་ཞིག་གསང་སྔགས་ཆེན་པོ་ཡོངས་གྲུབ་པ་རྣམས་ཀྱི་ཐབས་ཀྱི་ཁྱད་པར་འདི་ལ་མ་བརྟེན་པར་གང་གིས་ཀྱང་རྟོགས་པར་མི་ནུས་པའི་ཚུལ་རྒྱུད་ལས། རྣམ་པ་ཀུན་གྱི་མཆོག་ལྡན་མ། །སྟོང་ཉིད་ཤེས་རབ་མཛེས་མ་ཉིད། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །འདི་ཉིད་མ་བསྟེན་འཚང་མི་རྒྱ། །ཞེས་སོ། །དེ་བས་ན་ཉེ་རྒྱུ་དེ་ལ་བརྟེན་ནས་རང་རྒྱུད་ལྡན་གྱི་གང་ཟག་


JLAZ003_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པར་སྐད་ཅིག་ལ་བཏང་ནས་བར་ཆད་མེད་ལམ་གཅིག་ཅར་དུ་སྐྱེ་བས་ན་ཐབས་ཀྱི་ལམ་ཞེས་བྱ་བ་ཡིན་ལ། དེའང་སྲོག་ཐིམ་པ་ནི། སྒྲིབ་པ་རྣམ་པར་དག་པས་སྤངས་པ་ཕུན་སུམ་ཚོགས་པ་ཡིན་ལ། སེམས་ཐིམ་པ་ནི་འོད་གསལ་དུ་འདྲེས་ནས་ཟུང་འཇུག་ཏུ་བཞེངས་པས་རྟོགས་པ་ཕུན་སུམ་ཚོགས་པ་མངོན་དུ་བྱས་པའོ། །གཉིས་པ་སྣང་བ་མེད་པའི་རྫོགས་རིམ་ནི། །རྣམ་པར་གྱུར་པའི་བསྐྱེད་རྫོགས་གང་ཡིན་ཡང༌། །དག་པའི་སྣོད་བཅུད་བརྟན་གཡོར་སྣང་བ་ཀུན། །འོད་དུ་ཞུ་ནས་སྙིང་གའི་ས་བོན་ནམ། །ཐིག་ལེར་ཐིམ་པ་དེ་ཡང་མས་རིམ་ནས། །སྟོང་པར་གྱུར་པ་ནམ་མཁའི་ངོ་བོ་ཉིད། །ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་ཉིད་ལ་བཞག །བསྐྱེད་རིམ་གྱིས་ནི་སྣང་བའི་བདེན་ཞེན་འགོག །རྫོགས་རིམ་གྱིས་ནི་སྒྱུ་མའི་ཞེན་རྟོག་སྤོང༌། །བདེ་གསལ་མི་རྟོག་ལྷན་སྐྱེས་ཡེ་ཤེས་འཆར། །ཟབ་པའི་རྫོགས་རིམ་བླ་ན་མེད་པ་རྣམས། །བླ་མེད་རྒྱུད་ལས་འོག་མར་གསུངས་པ་མེད། །དབང་རྣོན་ཚེ་གཅིག་རྡོ་རྗེ་འཆང་འགྲོ་བའི། །ཉེ་ལམ་སྦས་པ་ཤིན་ཏུ་ཟབ་མོ་ཡིན། །དེ་ལ་བཞིན་ལག་གི་རྣམ་པར་ཤར་བའི་བསྐྱེད་རྫོགས་དམིགས་པ་དང་བཅས་པ་ཇི་ལྟ་བུའང་མཐར་གྱིས་ན་བསམ་གྱིས་མི་ཁྱབ་པའི་རྫོགས་


JLAZ003_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལ་བསྡུ་དགོས་ཏེ། འདི་ལྟར་བསྐྱེད་རིམ་གྱི་གནས་སྐབས་ན་ལྷ་དང་གཞལ་ཡས་ཁང་དུ་བལྟས་པ་དག་པའི་སྣོད་བཅུད་དང་བཅས་པའང་འོད་དུ་ཞུ་བ་སྙིང་གའི་ས་བོན་ལ་བསྟིམ། ས་བོན་ཉིད་ཀྱང་ནཱ་དའི་བར་དུ་བསྡུ་བ་བཞིན་དུ་རྫོགས་རིམ་གྱི་ལྷན་སྐྱེས་བདེ་བ་ཆེན་པོའི་ལྷ་སྐུ་ཡང་དམིགས་པ་དང་བཅས་པ་ཡིན་པས་ནམ་མཁའ་ལ་གཞའ་ཚོན་དེངས་པ་བཞིན་བསམ་གྱིས་མི་ཁྱབ་པའི་ངང་ལ་བཞག་པ་ནི་རྫོགས་རིམ་གྱི་རྒྱལ་པོ་སྟེ། དེ་ལ་ནཱ་ད་ཞེས་བྱ་བ་ནི་ཤིན་ཏུ་ཕྲ་བའི་རླུང་ཁམས་གསུམ་པའི་བདག་ཉིད་ཅན་སངས་རྒྱས་མ་ཐོབ་ཀྱི་བར་དུ་གཞོམ་དུ་མེད་པ་རྣམ་བཅས་ལ་བརྟེན་ནས་དངོས་སུ་འཇུག་པའི་ཕྱི་ལོགས་པ་ཉིད་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ཀྱི་ཐུགས་ནི་སྤྲོས་པ་དང་བྲལ་བ་ཡིན་པས་དེ་ཉིད་གཤིས་ཐོག་ཏུ་གོམས་པར་བྱེད་པའི་གནས་སྐབས་ན་ཕ་རྒྱུད་པ་ཁ་ཅིག་ལྟར་རླུང་གི་ཐབས་ལས་སྐྱེས་པའི་ཤེས་པ་གསལ་བ་ཙམ་དང་མ་རྒྱུད་པ་ལ་ལ་ལྟར་ཞུ་བའི་ཐིག་ལེ་ལས་སྐྱེས་པའི་བདེ་གསལ་ཟུང་འཇུག་ཙམ་དོན་དམ་པའི་བསྒྲུབ་བྱར་འདོད་ནས་ཐབས་ལས་བྱུང་བའི་དཔེ་ཙམ་གྱི་ལྟ་བ་ཁོ་ན་ལ་མཆོག་ཏུ་འཛིན་ཅིང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་སྐུར་པ་དེ་ནི་གཤིས་ཀྱི་བཞུགས་ཚུལ་


JLAZ003_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་མ་རྟོགས་པ་ཡིན་ཏེ། ཡེ་ཤེས་གྲུབ་པ་ལས། ལུས་ཀྱི་སྦུད་པ་གང་ཡིན་དང༌། །སྦུད་པ་འབུད་པར་བྱེད་པ་དག །དེ་དག་ཁྱད་པར་མ་མཐོང་སྟེ། །དེ་ཉིད་མཐོང་བའི་རྣལ་འབྱོར་པས། །སྦུད་པ་ཡི་ནི་བྱ་བ་ནོན། །ཞེས་པས་རླུང་འབའ་ཞིག་གི་ཐབས་ལས་བྱུང་བའི་གསལ་བ་བཀག་ལ། དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡེ་ཤེས་རྐྱེན་ངན་སྨྲ། །དེ་ནི་བདེ་བ་ཆེ་ཡིན་ཞེས། །རྒྱལ་བ་མཆོག་གིས་མ་གསུངས་སོ། །བདེ་ཆེན་མི་རྟོག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟོག །མཆན་ཁུང་གཡའ་འཕྲུག་ལས་བྱུང་བ། །ཅི་ཡི་ཕྱིར་ན་བདེ་ཆེན་མིན། །ཞེས་པས་ཐིག་ལེའི་རྐྱེན་ལས་སྐྱེས་པའི་བདེ་བ་དོན་དམ་དུ་འདོད་པ་བཀག་པ་ཡིན་ནོ། །འོ་ན་རྒྱུད་སྡེ་ཐམས་ཅད་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་སྨྲོས་པ་ལ་རྒྱུ་མཚན་མེད་དོ་ཟེར་ན། སྲིད་པར་ཀུན་ཏུ་འགྲོ་བ་ཅན་གྱི་རྒྱུ་འབྲས་ལས་བྱུང་བའི་འཁོར་བའི་སྡུག་བསྔལ་ཆ་དང་བཅས་པ་སྤངས་པ་ལ་བདེ་བ་ཆེན་པོ་ཞེས་བཏགས་པར་ཟད་ཀྱིས། དཔེར་ན་ཆོས་ཀྱི་དབྱིངས་ལ་སྡིག་པའི་རྒྱུ་འབྲས་གཉིས་ཀ་མེད་པ་ལ་དགེ་བར་བཏགས་པ་བཞིན་ནོ། །འདི་ལྟར་ཐབས་ལས་བྱུང་བའི་བདེ་བ་ནི་འདུས་བྱས་ཡིན་པས་འདུས་བྱས་ཀྱི་རང་བཞིན་ནི་རྣམ་


JLAZ003_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་ཅན་ཉིད་ཀྱི་ཕྱིར་དངོས་པོ་དང་བཅས་པས་དོན་དམ་པར་མི་རུང་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས། གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་སོ། །དེ་ལྟ་ནའང་རེ་ཞིག་སྣང་བའི་བདེན་ཞེན་མ་དག་བར་དུ་བསྐྱེད་རིམ་དང༌། སྒྱུ་མར་ཞེན་པའི་རྟོག་པ་སྤོང་ཕྱིར་བདེ་གསལ་ལ་སོགས་པའི་རྫོགས་རིམ་ནི་ལམ་གྱི་ཆ་རྐྱེན་ཁྱད་པར་ཅན་ཡིན་པས་ལམ་མ་རྫོགས་བར་དུ་ནི་འདོར་བར་མི་རུང་སྟེ། བཟོ་གནས་ཀྱི་དཔྱད་མ་རྫོགས་པར་རླན་འདམ་མི་འདོར་བ་བཞིན་ནོ། །དེ་སྐད་དུ་བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱི་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བསྒོམས་ནས། །སྤྲོས་པ་ཉིད་ཀྱིས་སྤྲོས་མེད་བྱེད། །ཅེས་སོ། །དེ་བས་ན་བསྐྱེད་རྫོགས་བསྒོམས་པའི་བྱེད་ལས་ནི་བསྐྱེད་རིམ་གྱི་དུས་སྣོད་གཞལ་ཡས་ཁང་དུ་བསྒོམས་པས་ཡིད་ངོའི་སྣང་བ་ཤིན་ཏུ་རྒྱ་ཆེ་བ་སྟོང་གསུམ་གྱི་སྟོང་ཆེན་པོ་ལ་སོགས་པའམ། མིག་ཤེས་ཙམ་གྱི་སྣང་བ་ས་རྡོ་རི་བྲག་རང་མཚན་པར་བལྟ་བ་སྦྱོང་ལ་བཅུད་ལྷ་དང་ལྷ་མོར་བསྒོམས་པས་ཡིད་ངོར་སྣང་ཚོད་རྨི་ལམ་ལྟ་བུར་འཆར་བའི་དུས་གསུམ་གྱི་ལས་དང་བག་


JLAZ003_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཐམས་ཅད་དང༌། མིག་ཤེས་ཙམ་དུ་སྣང་བའི་སེམས་ལ་བདེན་ཞེན་གྱི་བག་ཆགས་ཆ་དང་བཅས་པ་སྦྱོང༌། ཁྱད་པར་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་གདོད་མ་ནས་ལྷའི་བདག་ཉིད་དུ་ཡོད་པའི་རང་བཞིན་ཤེས་ཤིང༌། དེ་དང་དེར་གསལ་ཐེབས་པས་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་སྒྲིབ་པ་སྦྱོང༌། བསོད་ནམས་ཀྱི་ཚོགས་རྫོགས། བདེ་བའི་རང་བཞིན་ཤས་ཆེ་བ་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེ། དེ་ཡང་སྔགས་ཕྱི་པ་གསུམ་དུ་ནི་བསྐྱེད་རིམ་ཙམ་པོ་སྒྱུ་མ་ལྟ་བུ་དང༌། རྒྱས་གདབ། དྲན་པ་ཉེར་གཞག་བཞི་བསྒོམ་པ་དང༌། ཐུན་རྗེས་བསྡུ་བ་ཙམ་ལས་བླ་མེད་ལྟར་འཁོར་བ་དང་རྣམ་པ་མཐུན་པར་སྦྱོང་བའི་ཐབས་ལ་མཁས་པ་སོགས་ཟབ་པའི་རིམ་པ་རྣམས་མེད་དོ། །རྫོགས་པའི་རིམ་པ་ནི་སྣང་ཆ་ལྷ་དང་གཞལ་ཡས་སུ་བལྟ་བའི་སྤྲོས་པ་ཉེ་བར་བསྡུས་ནས་ནང་དུ་ཕྲ་ཐིག་དང༌། རྩ་རླུང་ཐིག་ལེའི་རང་བཞིན་ལ་གནད་དུ་བསྣུན་པས་ཉོན་མོངས་པའི་སྒྲིབ་པ་འདག་སྟོབས་ཆེ། རླུང་སེམས་ལས་སུ་རུང་བ་ལས་ལྷག་མཐོང་གི་ངོ་བོ་མཐོང་བར་སླ་བས་ཡེ་ཤེས་ཀྱི་ཚོགས་རྫོགས། ཁྱད་པར་བསམ་གྱིས་མི་ཁྱབ་པའི་རྫོགས་རིམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱོང་ཞིང་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་རྫོགས་པ་


JLAZ003_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། འདི་ལྟར་ཆོས་རྣམས་གཞི་ལ་ཡེ་གནས་ཀྱི་མི་ཤིགས་པའི་ཐིག་ལེ་ལ་གནད་དུ་བསྣུན་པའི་གཞི་འབྲས་དབྱེར་མེད་ཀྱི་ལམ་འདི་དག་ནི་རྒྱུད་སྡེ་འོག་མར་གསུངས་པ་མེད་པས་དབང་པོ་རྣོན་པོ་སྲིད་པ་ཐ་མ་པའི་གང་ཟག་ཏུ་བྱེད་པའི་ཉེ་ལམ་བླ་ན་མ་མཆིས་པ་ཉིད་དེ་གསང་བ་གྲུབ་པ་ལས། ཤེས་རབ་ལྷ་མོ་བླ་ན་མེད། །འདི་ནི་ཕ་རོལ་ཕྱིན་ཅེས་བརྗོད། །གལ་ཏེ་བསྒོམས་ནས་ཤེས་གྱུར་པ། །སེམས་ཅན་ཀུན་ལས་རྣམ་གྲོལ་འགྱུར། །ཞེས་སོ། །ད་ནི་གསང་སྔགས་ཀྱི་དངོས་གྲུབ་འཛིན་པའི་སྲོག་ཤིང་དམ་ཚིག་གི་རང་བཞིན་དབྱེ་བའི་ཕྱིར། གསུམ་པ་མཐུན་པའི་གྲོགས་གྱུར་དམ་ཚིག་ནི། །སྔགས་ལ་ཞུགས་པའི་བརྟུལ་ཞུགས་མི་ཉམས་བསྲུང༌། །ཐབས་དང་གཉེན་པོའི་རྟེན་འབྲེལ་མ་འཆོལ་བ། །རྨ་བྱའི་མགྲིན་པར་བཙན་དུག་ཞུགས་ལྟར་སྤྱད། །དེ་ལ་དམ་ཚིག་མ་བསྲུངས་ན་སྔགས་ཀྱི་ཡོན་ཏན་གང་ཡང་མི་འགྲུབ་པས་རང་གི་ངོ་བོ་སྔགས་ལ་ཞུགས་པས་བརྟུལ་ཞུགས་བཟང་པོ་མི་ཉམས་པ་དང༌། དེའི་སྤྱོད་པའི་ཁྱད་པར་ལ་གང་ཟག་རང་སྒོ་ནས་ཤེས་རབ་དང་ཏིང་ངེ་འཛིན་ལ་སོགས་པའི་ཐབས་ཀྱིས་ཟིན་པ་དང་ཉོན་མོངས་པའི་གཉེན་པོར་འགྱུར་བའི་རྟེན་ཅིང་འབྲེལ་འབྱུང་གི་བླང་དོར་མ་ནོར་བས་ལམ་གྱི་གེགས་སུ་མི་འགྲོ་བ་ཞིག་


JLAZ003_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། དཔེར་ན་རྨ་བྱ་རང་ཉིད་ཀྱིས་བརྟུལ་ཞུགས་གང་ཡིན་པས་འཚོ་བར་བྱེད་པའི་ཚེ་དུག་གི་བཟའ་བ་བཅུད་ལེན་དུ་གྱུར་ནས་འདབ་མ་ཡང་བལྟ་ན་སྡུག་པར་འགྱུར་ཡང༌། སྐྱེས་བུ་གཞན་གྱིས་བདག་གིར་བྱས་ནས་བཟའ་བ་དེ་བྱིན་ན་སྲོག་དང་བྲལ་བ་བཞིན་ཐབས་དང་ཤེས་རབ་ཀྱིས་མ་ཟིན་ན་སྔགས་ལམ་ལ་ཞུགས་པ་ཙམ་གྱིས་སྤྱོད་པའི་བརྟུལ་ཞུགས་སྒྲ་ཇི་བཞིན་པ་སྤྱོད་དུ་མི་དབང་ངོ༌། །དབྱེ་ན། དེ་ལ་དམ་ཚིག་དང་ནི་སྡོམ་པའི་ཁྱད། །དམ་ཚིག་འདའ་བར་བྱ་བ་མ་ཡིན་ལ། །སྡོམ་པ་བྱ་དང་མི་བྱའི་ངེས་པ་སྟེ། །ངོ་བོ་གཅིག་ལ་ལྡོག་ཆས་དབྱེ་བའོ། །དེ་སྐད་དུ་སྐབས་སྦྱོར་བདུན་པའི་རྒྱུད་ལས། སངས་རྒྱས་ཀྱི་དམ་ཚིག་གང་ཡིན་པ་སེམས་ཅན་གྱི་སྡོམ་པ་ཡིན་ལ། སེམས་ཅན་གྱི་དམ་ཚིག་གང་ཡིན་པ་སངས་རྒྱས་ཀྱི་སྡོམ་པ་ཡིན་ཏེ། ཞེས་པའི་དང་པོ་ནི་སངས་རྒྱས་ཀྱི་ས་ན་མཉམ་པ་ཆེན་པོའི་དམ་ཚིག་གི་རང་བཞིན་ལས་འདའ་བ་མ་ཡིན་པ་གང་ཞིག་སེམས་ཅན་གྱི་ཁམས་ལ་སྤང་གཉེན་དང་བཅས་པས་ལམ་དུས་ཀྱི་སྡོམ་པའི་རང་བཞིན་དུ་ཡོད་དེ་རྒྱུད་ལས། ཐབས་ནི་བདེ་བའི་སྡོམ་པ་སྟེ། །ཞེས་སོ། །གཉིས་པ་ནི་སེམས་ཅན་གྱི་དུས་ན་འདའ་བར་མི་རུང་བའི་དམ་ཚིག་སངས་རྒྱས་རྣམས་ལ་ཆོས་ཐམས་ཅད་རང་སྣང་


JLAZ003_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ངོ་བོར་སྡོམ་པའི་འབྲས་རྒྱུད་ཀྱི་སྔགས་སྡོམ་དུ་གནས་ཏེ་རྒྱུད་ལས། དེ་ནས་ཆོས་ཀུན་སྡོམ་གཅིག་པའི། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །ཅེས་དང༌། རྔམ་གློག་ལས། ཆོས་ཀུན་ཡེ་ནས་དག་པའི་ཕྱིར། །ལོག་རྟོག་ཡེ་ནས་རྣམ་པར་དག །དེ་བས་སྡོམ་པ་རྣམ་པར་དག །ཅེས་དང༌། དེ་ལྟ་བུའི་སྡོམ་པ་དང་དམ་ཚིག་ནི་སློབ་པའི་ལམ་གྱི་གནས་སྐབས་ཡིན་པས་སངས་རྒྱས་ཀྱི་ས་ལ་འབྲེལ་བ་མེད་དོ་ཟེར་ན་མདོ་སྡེའི་རྒྱན་ལས་སེམས་བསྐྱེད་བཞི་ཚན་གྱིས་དབྱེ་ནས་སངས་རྒྱས་ཀྱི་ས་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་བཤད་པའང་མི་འཐད་དོ། །དེ་ལྟ་ནའང་བརྒྱ་ལྔ་བཅུ་པའི་འགྲེལ་པར་དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །སྡོམ་པ་ནི་བྱ་བ་དང་མི་བྱ་བའི་ངེས་པའོ། །ཞེས་པ་ནི་སྨོན་འཇུག་གཏོང་བ་ལ་སོགས་འདའ་བར་མི་རུང་བའི་ཆ་ཐམས་ཅད་དམ་ཚིག་དང༌། གནང་བཀག་ལ་དཔྱད་ནས་འཇུག་ལྡོག་གཉིས་སུ་བྱེད་དགོས་པ་མཐའ་དག་སྡོམ་པར་བཞག་པའི་དོན་ཡིན་ནོ། །ལ་ལ་དག་བྱ་སྤྱོད་གཉིས་སུ་རྩ་ལྟུང་མ་བཤད་པས་དམ་ཚིག་ཡིན་ལ། བླ་མེད་ནི་རྩ་ལྟུང་དང་འབྲེལ་པས་སྡོམ་པ་ཡིན་པའི་རྒྱུ་མཚན་གྱིས་སྔགས་སྡོམ་ཉམས་པའི་རྒྱུད་ལ་དམ་ཚིག་དང་ལྡན་པ་ཡང་ཡོད་


JLAZ003_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དོ་འདོད་པའང་ལྟར་སྣང་ཙམ་སྟེ། འདི་ལྟར་བྱ་སྤྱོད་གཉིས་ཀྱི་སྡོམ་པའི་ངོ་བོ་ནི་བྱང་ཆུབ་སེམས་དཔའི་འཇུག་སྡོམ་ཡང་ཡིན་ལ། རྩ་ལྟུང་དུའང་གསུངས་ཏེ་རྣམ་སྣང་མངོན་བྱང་ལས། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་བཏང་བར་མི་བྱའོ། །ཁྱོད་ཀྱིས་སེར་སྣ་དང་ནི་གང༌། །སེམས་ཅན་གནོད་པ་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱི། །བརྟུལ་ཞུགས་བཟང་པོས་ཁྱོད་ལ་བཤད། །ཅེས་སོ། །དེ་རྩ་ལྟུང་ཡིན་པར་ཅིས་འགྲུབ་ན་དེ་ཉིད་ལས། རྩ་བའི་ལྟུང་བ་བཞི་ནི་སྲོག་གི་ཕྱིར་ཡང་ཉམས་པར་མི་བྱའོ། །ཞེས་བཞི་པོ་དེ་ལ་རྩ་ལྟུང་དུ་བཤད་ལ། དེ་བཞིན་དུ་འཇམ་དཔལ་རྩ་རྒྱུད་ལས། ལྔ་པོ་འདི་དག་ནི་རྩ་བའི་ལྟུང་བ་ཡིན་པར་བསྟན་ཏེ། ཞེས་རྩ་ལྟུང་ལྔ་བཤད་དོ། །གཞན་ཡང་མངོན་བྱང་དང་ལེགས་གྲུབ་གཉིས་ཀ་ལས་སྔགས་ཀྱིས་འདུལ་བ་གསུངས་པས་ན་དབང་བསྐུར་ཡོད་ཕྱིན་ཆད་དེ་ལ་བརྟེན་ནས་སྐྱེ་བའི་སྔགས་སྡོམ་ཡང་འགྲོ་ལྡོག་མཚུངས་པའི་ཕྱིར་ན་སྡོམ་པ་དང་དམ་ཚིག་གཉིས་ནི་ལྡོག་པས་ཕྱེ་བ་ཙམ་ལས་ངོ་བོ་ཐ་དད་པ་མ་ཡིན་ཏེ་རིགས་ལྔའི་སྡོམ་གཟུང་དག་ལས། སངས་རྒྱས་རིགས་ཀྱི་དམ་ཚིག་ཏུ། །བདག་གིས་


JLAZ003_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་སྡོམ་བཟུང་ནས། དཀོན་མཆོག་གསུམ་གཟུང་མི་གཏོང་ངོ༌། །སངས་རྒྱས་རིགས་ཀྱི་སྡོམ་པ་ཡིན། །ཞེས་ལྔ་ཀ་ལ་དེ་ལྟར་གསུངས་པ་ཡང་ཡོད་དོ། །ད་ནི་སོ་སོའི་རང་བཞིན་དབྱེ་བའི་ཐོག་མར། ཀུན་གྱི་སྤྱི་དོན་སྔགས་སྡོམ་མ་ཐོབ་དང༌། །སྨྱོ་བ་ལ་སོགས་འདུ་ཤེས་རང་བཞིན་དུ། །མི་གནས་པ་ལ་ལྟུང་དང་དངོས་གྲུབ་མེད། །སྔགས་སྡོམ་ལྡན་ཞིང་མ་ཉམས་མ་བཏང་ལ། །ཤེས་པ་རང་བཞིན་རྣལ་དུ་གནས་པ་དེ། །ལྟུང་བ་དང་ནི་དངོས་གྲུབ་གཉིས་ཀའི་སྣོད། །འདི་ལྟར་རྟེན་ཀྱི་གང་ཟག་སྡོམ་པས་མ་བསྡམས་པ་རྣམས་ལ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ལས་བཅས་འགལ་གྱི་ཆ་ནས་དངོས་གྲུབ་དང་ལྟུང་ཉམས་གཉིས་ཀ་མེད་དེ་སློང་མོས་འཚོ་བ་པ་རྣམས་ལ་མངའ་དབང་དང་དཔྱ་ཁྲལ་གཉིས་ཀ་མེད་པ་བཞིན་ནོ། །དེ་བས་ན་བསྲུངས་ན་གོང་འཕེལ་དུ་སོང་ནས་དངོས་གྲུབ་ཐོབ་ལ། ཉམས་ན་ལྟུང་བའི་སྣོད་ནི་སྔགས་སྡོམ་ཐོབ་ལ་མ་ཉམས་པའི་ཤེས་པ་རང་ལུགས་སུ་གནས་པ་ཡིན་ཏེ། སྨྱོ་བ་དང་འདུ་ཤེས་འཁྲུལ་པ་ཅན་ལའང་ཆགས་འཇིག་གཉིས་ཀ་མེད་དེ་སྟོན་པ་འཚོ་ཞིང་གཞེས་པའི་ཚེ་དགེ་སློང་བྱེ་མ་སྐྱེས་སྨྱོ་ནས་སྒྲེན་མོར་བྱེད་པ་ལ་སོགས་ཀྱིས་ལྟུང་བའི་གཞི་ལ་མི་འཇུག་པའི་སྐབས་བསྒྲུབ་པར་མི་ནུས་པ་བག་ཡངས་སུ་གནང་པ་


JLAZ003_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འདིར་ཡང་མཚུངས་ཏེ། མི་དགེ་བ་གཟུགས་ཅན་མཐར་ཐུག་ཏུ་འདོད་པ་བདག་ཅག་གི་སྟོན་པའི་ལུགས་མ་ཡིན་པས་སོ། །དེ་ལ་གང་ཞིག་བཤད་བྱའི་ལྟུང་མཚམས་ངོས་ཟིན་པའི་ཕྱིར་ཀུན་དཀྲིས་དང་སྦོམ་པོའི་ཁྱད་པར་བཤད་པ་ནི། བྱང་ཆུབ་སེམས་ལས་གཞན་པའི་རྩ་ལྟུང་ལ། །ཀུན་དཀྲིས་ཞེས་བྱ་ད་དུང་བྱ་བ་དེ། །བྱེད་འདོད་མ་ལོག་དེ་ལ་འགྱོད་པ་མེད། །རང་ངོར་ལྟོས་པའི་ངོ་ཚ་ཤེས་པ་དང༌། །གཞན་ངོར་ལྟོས་པའི་ཁྲེལ་ཡོད་མེད་པ་སྟེ། །ཆོས་གསུམ་ཚང་བའི་ཀུན་སློང་བྱ་བའི་མཐར། །གཏུགས་པ་དེ་སྲིད་རྒྱུན་ཆགས་ཡོད་གྱུར་ན། །ཀུན་དཀྲིས་ཚང་བའི་ཕམ་པར་གྱུར་པ་ཡིན། །དུས་ཀྱི་བར་ཆད་རྒྱུན་ཆགས་མེད་པའམ། །ཆོས་གསུམ་གང་ལས་ཅིག་ཤོས་མ་ཚང་ན། །བྱ་བའི་ཡན་ལག་མ་ཚང་སྦོམ་པོར་འགྱུར། །དེ་ལ་སྤྱིར་ཀུན་དཀྲིས་ཞེས་བྱ་བ་ནི་བྱང་སེམས་ཀྱི་རྩ་ལྟུང་གི་ཡན་ལག་ཡིན་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་གཏན་ལ་ཕབ་ཟིན་པ་ལྟར་ལས། འདིར་སྔགས་ཀྱི་ལྟུང་བའི་ཡན་ལག་ཏུ་སྦྱོར་བའི་ཚུལ། རྩ་ལྟུང་ལྔ་པ་བྱང་ཆུབ་ཀྱི་སེམས་སྤོང་བ་ཀུན་དཀྲིས་ལ་མི་ལྟོས་ཤིང་དེ་ལས་གཞན་པའི་བཅུ་གསུམ་པོ་གང་ཡིན་ཀྱང་ཉེས་པ་དེ་དང་དེ་བྱེད་ཅིང་ད་དུང་བྱེད་འདོད་མ་ལོག་པ་དང༌།


JLAZ003_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དེ་ལ་ཉེས་དམིགས་སུ་བལྟས་པའི་འགྱོད་པ་མེད་པ་དང༌། རང་ངོ་ལ་ལྟོས་པའི་ངོ་ཚ་དང་གཞན་ངོ་ལ་ལྟོས་པའི་ཁྲེལ་ཡོད་མེད་པ་སྟེ་ཆོས་གསུམ་མམ། དེའི་སྟེང་དུ་ཉེས་པ་དེ་དག་ལ་དགའ་ཞིང་མགུ་བ་བསྣན་ནས་ཆོས་བཞིར་བྱེད་པའང་ཡོད་དེ་ནང་གསེས་པ་ཙམ་སྟེ་ཇི་ལྟར་ཡང་དེ་ལྟར་བྱེད་པའི་ཀུན་སློང་ངན་པ་སྐྱེས་པའི་སྐད་ཅིག་མ་གཉིས་པ་ནས་བྱ་བའི་དངོས་གཞི་རྫོགས་པ་ཚུན་ཚང་ན་ཀུན་དཀྲིས་ཆེན་པོའམ་ཕས་ཕམ་པ་ཞེས་བྱ་སྟེ། དེས་སྡོམ་པ་གཅོད་པས་གཉེན་པོའི་ཕྱོགས་ཕམ་པར་བྱེད་ལ། དེ་ཡང་ཕས་ཀྱི་མི་མཐུན་ཕྱོགས་ནས་ཚུ་རོལ་གྱི་མཐུན་ཕྱོགས་ཕམ་པར་བྱས་པའི་དོན་ཏོ། །དེ་སྐད་དུ་རྩེ་མོ་ལས། དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བྱའོ། །ཞེས་སོ། །གལ་ཏེ་རྩ་ལྟུང་བསྐྱེད་པའི་ཀུན་སློང་སྐྱེས་པ་ནས་དངོས་གཞི་མ་རྫོགས་པའི་བར་དེར་འདི་ལ་ཉེས་པ་འདི་ལྟ་བུ་ཡོད་དོ་སྙམ་ནས་སྤྱོད་འདོད་ལོག་པ་དང༌། ངོ་ཚ་ཁྲེལ་ཡོད་ཀྱི་བློ་སྐྱེས་པ་དང༌། དགའ་མགུ་ལོག་པའི་ཡིད་ཅུང་ཟད་སྐྱེས་ཀྱང་སྦོམ་པོར་འགྱུར་བ་ལས་ཀུན་དཀྲིས་མི་ཚང་བས་རྩ་ལྟུང་རྫོགས་པར་མི་འབྱུང་བའི་ཕྱིར་བློ་ལས་སུ་རུང་ན་བསྒྲུབ་པར་མི་ནུས་པ་ཡང་མེད་པས་


JLAZ003_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འདི་ལྟར་རྡོ་རྗེ་ཐེག་པའི་རྩ་ལྟུང་ནི་གྲངས་མང་ལ་འབྱུང་ཉེ་བར་སྣང་བས་བསྲུང་དཀའ་འོ་སྙམ་པས་སེམས་ཟིལ་གྱིས་མ་ནོན་པར་བྱས་ལ་བསླབ་ཚིགས་ངེས་པའི་སྒོ་ནས་བརྗེད་ངས་པ་དང་ལུང་མ་བསྟན་དུ་འདོར་བ་སྤངས་ནས་བཤགས་སྡོམ་དང་འགྲོགས་པ་གཅེས་སོ། །གཞན་ཡང་ཀུན་དཀྲིས་ཀྱི་ཆོས་བཞིར་དབྱེ་བའི་དབང་དུ་བྱས་ན། བཞི་ཅར་གྱི་ནང་ནས་ཉེས་དམིགས་སུ་བལྟ་བ་ཡོད་ན་ལྷག་མ་གསུམ་ཆར་ཚང་བ་དང༌། གཉིས་དང༌། གཅིག་ཚང་བ་རྣམས་ཆུང་ངུ་དང༌། ཉེས་དམིགས་སུ་མི་བལྟ་བ་ཡོད་ན་ལྷག་མ་གསུམ་ཆར་མེད་ཀྱང༌། འབྲིང་ཡིན་ལ། ཆེན་པོ་ནི་ཤུགས་ལས་ཤེས་སོ། །དེ་བས་ན་ཤྭ་འོད་མ་བྱུང་བའི་སྔ་རོལ་ནས་ཆུ་ལོན་ཉེ་བར་བསྡོག་པ་བཞིན་རྩ་བ་དང་ཡན་ལག་གི་ལྟུང་བ་མ་བྱུང་བའི་སྔ་རོལ་ནས་རྩ་ལྟུང་བསྐྱེད་པའི་ཀུན་སློང་གི་སོ་མཚམས་ངེས་པར་བྱས་ནས་གཉེན་པོ་བསྟེན་པའི་ཚུལ། དེ་ཡིས་ཤེས་བྱས་རྩ་བ་ཡན་ལག་ཀུན། །ཡིད་ཀྱིས་མི་སྤོང་ལུས་ཀྱིས་དོར་མི་བྱ། །ཉིན་དང་མཚན་མོ་ཆ་དྲུག་བགོས་པ་ལ། །ཆ་རེའི་ནང་དུ་རྩ་ལྟུང་བཅུ་བཞི་པོའི། །ཉེས་པ་བྱུང་ངམ་མ་བྱུང་བ་སྔོ་བགྲང་བྱ། །གོས་ན་འགྱོད་པ་བསྐྱེད་ཅིང་ཕྱིར་འཆོས་སེམས། །གོས་པ་མེད་ན་དགའ་བ་


JLAZ003_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་ཞིང་བསྔོ། །སྔན་ཆད་གོས་སམ་མ་གོས་གང་ཡིན་ཀྱང༌། །ཕྱིན་ཆད་སྲོག་ལ་བབས་ཀྱང་ཉེས་བྱས་ཀྱིས། །གོས་པར་མི་བྱའི་སྡོམ་སེམས་ཤིན་ཏུ་བསྟེན། །གང་ཚེ་ཆ་དྲུག་གང་ཡང་རུང་བའི་ནང༌། །སྔོ་བགྲང་བྱེད་པའི་འདུ་ཤེས་རྨོངས་གྱུར་ན། །ཁ་ན་མ་ཐོ་སྦོམ་པོ་ཞེས་པ་འབྱུང༌། །དྲུག་ག་འདས་ན་སྦོམ་པོ་དྲུག་ཏུ་འགྱུར། །ཞག་དེའི་ཁོང་དུ་ཕྱིར་བཅོས་མ་གྲུབ་ན། །ཕྱི་མའི་སྐྱ་རེངས་དང་པོ་འཆར་བ་དང༌། །སྦོམ་པོ་བཅུ་གཉིས་དག་ཏུ་འགྱུར་བར་བཤད། །ཡན་ལག་དམ་ཚིག་ལ་ཡང་དེ་ཡིས་འགྲེ། །དེ་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པའི་རང་བཞིན་འཆད་པར་འགྱུར་བ་གང་ཡིན་ཀྱང་ཡིད་ཀྱིས་སྤང་བར་མི་བྱ། ལུས་ཀྱིས་དོར་བར་མི་བྱ་སྟེ། དེ་ལྟར་མི་བྱེད་པ་ལ་མི་ཤེས་པ་ནི་ལྟུང་བའི་སྒོ་ཡིན་པས་སྔོན་དུ་ལྟུང་མཚམས་ལེགས་པར་ཤེས་པར་བྱས་ནས་དགྲ་ལ་སོ་འཛུགས་པ་བཞིན་རྣམ་པ་ཐམས་ཅད་དུ་དྲན་པ་ཉེ་བར་གཞག་པའི་སེམས་ཀྱིས་བལྟ་ཞིང༌། དེ་ཡང་ལུས་དང་འབྲེལ་བ་རྣམས་ནི་བྱ་བ་དེ་བྱས་ཟིན་པ་དང་རྩ་ལྟུང་དུ་འགྱུར་ལ། ངག་དང་འབྲེལ་བ་རྣམས་ནི་ཕ་རོལ་པོ་གང་རུང་གིས་གོ་བ་དང༌། ཡིད་ཁོ་ནས་འགྱུར་བ་རྣམས་ནི་ཐུན་མཚམས་སོ་སོའི་ནང་


JLAZ003_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཉེན་པོས་མ་སླེབས་ན་རྩ་ལྟུང་དུ་འགྱུར་བ་ཡིན་ལ། སྤྱིར་ཡང་ལུས་ངག་གི་གྲོགས་སུ་ཡིད་མི་འགྲོ་བ་ནི་མེད་པས་ན་ཞག་གཅིག་ལ་ཆ་དྲུག་ཏུ་བགོས་པའི་ཆ་སོ་སོའི་ནང་དུ་ཕས་ཕམ་པ་ཞེས་བྱ་བ་རྩ་ལྟུང་བཅུ་བཞིའི་སྡེ་ཚན་དང་སྦོམ་པོ་ལ་སོགས་པའི་ཉེས་པས་རང་རྒྱུད་ལ་གོས་སམ་མ་གོས་བརྟག་པར་མ་བྱས་ན་རྣམ་པར་ཤེས་པ་ལས་སུ་མི་རུང་བ་ནི་སེམས་ཅན་གྱི་ཆོས་ཉིད་ཡིན་པས་ལྟུང་བ་མུ་མཐའ་མེད་པར་འཕེལ་བའི་ཉེན་ཡོད་དོ། །དེ་ལྟར་བརྟག་པ་ལས་ཉེས་ལྟུང་ཆ་དང་བཅས་པས་གོས་འདུག་ན་འགྱོད་པ་དྲག་པོ་དང་ཕྱིར་འཆོས་ཀྱི་བསམ་པ་བསྐྱེད། མ་གོས་པ་འདུག་ན་བདག་གི་ལམ་ལ་བར་དུ་ཆད་པ་མེད་པས་གོ་བཅད་སྙམ་དུ་དགའ་བ་བསྒོམ་ཞིང་དགེ་བའི་རྒྱུན་སེམས་ཅན་ལ་བསྔོ། སྔན་ཆད་གོས་མ་གོས་གཉིས་ཀའི་རྗེས་ཤེས་སུ་སྲོག་ལ་བབས་ཀྱང་ཉེས་ལྟུང་དང་འགྲོགས་པར་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །གལ་ཏེ་ཆ་དྲུག་པོ་གང་རུང་གཅིག་གི་ནང་དུའང་དེ་ལྟར་རྟོག་ཅིང་དཔྱོད་པའི་བསམ་པ་བརྗེད་ན། དྲན་ཤེས་ཀྱི་སྒོ་ནས་སྔོ་བགྲང་བྱེད་པ་ལས་འདས་པའི་སྦོམ་པོ་ཞེས་བྱ་བ་འབྱུང་སྟེ། ཉིན་དང་མཚན་མོ་ལན་གསུམ་དང༌། །ཉིན་རེ་བཞིན་གྱིས་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་


JLAZ003_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སྦོམ་པོར་འགྱུར། །ཞེས་སོ། །དེ་ཡང་སྔོ་བགྲང་བྱེད་པའི་དྲན་ཤེས་ཆ་དྲུག་ཀ་ལ་མ་བྱུང་ན་སྦོམ་པོ་དྲུག་ཏུ་འཕེལ་ལོ། །དེ་ལྟར་འཕེལ་བ་དེ་ཉིད་ཞག་དེ་ཉིད་ལ་ཕྱིར་བཅོས་མ་གྲུབ་ན་ཞག་ཕྱི་མའི་སྐྱ་རེངས་དང་པོ་འཆར་བ་དང་སྦོམ་པོ་བཅུ་གཉིས་སུ་འགྱུར་བ་ཡིན་པས་གཟབ་པར་བྱའོ། །སྤྱིར་མདོ་སྔགས་ཀྱི་ལམ་ཐམས་ཅད་དུ་དྲན་དང་ཤེས་བཞིན་ཉམས་པས་བདེན་པ་གཉིས་ལ་བརྟེན་པའི་ཡོན་ཏན་ཐམས་ཅད་ཉམས་པར་འགྱུར་བའི་ཚུལ། བཤེས་སྤྲིང་ལས། དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །ཞེས་སོ། །ཚུལ་དེ་ལྟ་བུས་ཀུན་སློང་ལས་སུ་རུང་བར་བྱས་ནས་རྡོ་རྗེ་ཐེག་པའི་ལྟུང་བ་དང་དམ་ཚིག་གི་རྣམ་གྲངས་སྤྱི་དང་བྱེ་བྲག་པ་གཏན་ལ་དབབ་པའི་སྤྱི་དོན་ལ་རྩ་ལྟུང་དང་སྦོམ་པོའི་ལྟུང་བ་གཉིས་ལས། དང་པོ་ནི། ཐོག་མར་བླ་མེད་སྤྱི་ལ་གཅེས་པའི་ཆིངས། །རྩ་ལྟུང་བཅུ་བཞིའི་རབ་དབྱེ་འདི་ལྟར་བརྟག །དང་པོ་དབང་ཐོབ་སློབ་དཔོན་སྨོས་ཅི་དགོས། །སྔགས་རྒྱུད་ཚིགས་བཅད་གཅིག་པ་ཡན་ཆད་བཀྲལ། །ལམ་ཀྱི་མན་ངག་ཟབ་མོ་སྟོན་གསུམ་ལ། །ཆོས་ཀྱི་འབྲེལ་བའི་བསྙེན་བཀུར་ཁུར་བོར་བརྙས། །དེ་ལ་སྔགས་ཀྱི་དངོས་གྲུབ་ཡོད་མ་ཡིན། །འདི་ལྟར་རྩ་ལྟུང་བཅུ་བཞི་པོ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང༌།


JLAZ003_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་དང༌། གཤེད་དམར་དང༌། དགྲ་ནག་གི་རྒྱུད་སོགས་ལས་གྲངས་ངེས་པ་གསུངས་ཤིང༌། རྒྱུད་སྡེ་ཐམས་ཅད་ཀྱི་དོན་བཏུས་པ་ཉིད་ཀྱི་ཕྱིར་བླ་མེད་སྤྱི་ལ་གཅེས་པའི་ཆིངས་ཆེན་པོ་ཡིན་པས་བླ་མ་ལྔ་བཅུ་པ་ལས་ཀྱང༌། རྩ་བའི་ལྟུང་བ་བཅུ་བཞི་ནི། །བཀླག་དང་འཛིན་པ་ཉིད་དུ་བྱ། །ཞེས་སོ། །ཅིའི་ཕྱིར་རྩ་ལྟུང་དུ་བོས་སྙམ་ན་ལྗོན་ཤིང་ལ་སོགས་པའི་རྩ་བ་བཏོན་ན་སྡོང་བུ་དང་ཡལ་ག་ནས་འབྲས་བུའི་བར་མེད་པར་བྱེད་པ་བཞིན་དུ་ཡོན་ཏན་ཐམས་ཅད་བསྐྱེད་པའི་རྩ་བ་བཏོན་ན་གོང་མའི་ཆ་བསྐྱེད་པ་ལ་བསྒྲིབ་ཅིང་གནས་འོག་མར་ལྟུང་བས་ན་ལྟུང་བ་ཞེས་བྱ་བ་ཡིན་ནོ། །དེ་ལ་རྩ་ལྟུང་དང་པོ་བསྐྱེད་པའི་ཡུལ་ནི། རང་ཉིད་ལ་དབང་བསྐུར་རྒྱུད་བཤད་མན་ངག་བསྟན་པ་གསུམ་ཅར་ལྡན་པ་ལ་བཀའ་དྲིན་གསུམ་ལྡན་ཞེས་བྱ་སྟེ་རྒྱུད་ལས། རྒྱུད་བཀྲོལ་དབང་བསྐུར་དེ་ཉིད་བསྟན། །ཞེས་དང༌། རིན་ཆེན་སྒྲོན་མ་ལས། སློབ་དཔོན་གང་གིས་དབང་བསྐུར་བ་དང་རྒྱུད་བསྟན་པ་དང༌། གང་གི་ཐད་ནས་ལས་ཀྱི་མན་ངག་མནོས་པ་དེ་ཡང་སློབ་དཔོན་ཡིན་ཏེ་གསུམ་པོ་འདི་དག་ཀྱང་ཕྲག་དོག་མེད་ཅིང་ཕན་པར་འདོད་པ་ནི་སློབ་དཔོན་ཡིན་ཏེ། ཞེས་པས་བཀའ་དྲིན་


JLAZ003_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་ཡང་སློབ་མ་ལ་ཕན་པའི་སེམས་ཀྱིས་སྟེར་བའི་བྱང་ཆུབ་སེམས་ལྡན་གང་ཡིན་པ་དེ་ཉིད་ལ་རང་གི་འདོད་དོན་གྲུབ་པས་སྙིང་རང་བར་གྱུར་ཏེ་ཇི་མི་སྙམ་པའི་སེམས་སྐྱེས་ནས་བསྟི་སྟང་དང་བྲལ་བ་ནི་བླ་མར་འཛིན་པའི་ཁུར་བོར་ནས་བརྙས་པ་སྟེ། ཀོ་ས་ལའི་རྒྱན་ལས། སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་སོ། །དེ་བས་ན་རྩ་ལྟུང་བསྐྱེད་པའི་ཡུལ་དེ་ལྟ་བུ་ལ་བརྙས་ན་སྨོས་ཅི་དགོས། མདོར་ན་སྔགས་ཀྱི་རྒྱུད་ཚིགས་སུ་བཅད་པའི་དོན་མ་ནོར་བ་བསྟན་པའམ། བསྒོམས་བྱུང་གི་ཤེས་རབ་ལྟ་བུའི་ངོས་ནས་མན་ངག་གི་གནད་མ་འཁྲུལ་བ་ཕྲ་མོ་ཕན་པའི་སེམས་ཀྱིས་སྟོན་པ་གང་ཞིག་ལའང་བྱས་པ་དྲིན་དུ་གཟོ་བའི་ཁུར་བོར་ཏེ་བརྙས་པའི་ཉེས་པའང་བཟོད་པར་དཀའ་བའི་ཚུལ་སྔ་མ་ལས། ཚིགས་བཅད་གཅིག་ཙམ་མཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་སོ། །འདི་ལྟར་རྩ་ལྟུང་བཅུ་བཞི་པོ་ཐམས་ཅད་ཀྱི་ནང་ནས་ཀྱང་ཉེས་དམིགས་ཤིན་ཏུ་ཆེ་བས་དང་པོར་བཞག་པ་གང་ཞིག་ལས་བརྙས་དམོད་བྱས་པའི་ཚད་དུ་མ་སླེབས་ན་ཡན་ལག་མ་ཚང་བའི་ལྟུང་བ་ཡིན་ལ། རྩ་ལྟུང་གི་ཚད་དུ་སླེབ་ཅིང་ཀུན་དཀྲིས་ཆེན་པོ་ཚང་བ་ནི་མཚམས་མེད་ལས་ཀྱང་ཉེས་པ་ཆེ་བ་ཡིན་ཏེ། འདི་ལྟར་མཚམས་མེད་དང་


JLAZ003_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་སྤངས་པས་ཀྱང་གདོད་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་བླ་མའི་བཀའ་བཞིན་ཉེས་ལྟུང་གིས་མ་གོས་པར་བསྒྲུབས་ན་དངོས་གྲུབ་ཐོབ་པའི་ཚུལ་བདེ་བ་ཆེན་པོའི་རྒྱུད་ལས། ཤན་པ་སྨད་འཚོང་མཚམས་མེད་སྤྱད་པས་ཀྱང༌། །རང་རིག་ཤེས་པས་གང་གིས་བསྒྲིབ་མི་འགྱུར། །ཞེས་བཤད་ལ། སྙིང་ནས་སློབ་དཔོན་དམོད་ཅིང་བཤགས་སྡོམ་གྱིས་སོར་ཆུད་པ་མི་བྱེད་པ་དེ་ནི་རྡོ་རྗེའི་དམྱལ་བར་འགྲོ་བའི་ཚུལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། བླ་མ་ལ་ནི་དམོད་པ་དང༌། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །ཆུ་དེ་སྐྲ་ཡིས་གཏོར་གྱུར་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང༌། །རྡོ་རྗེའི་དམྱལ་བར་གྲགས་པ་ཡིན། །ཞེས་བཤད་པས་གཟབ་པར་བྱའོ། །གལ་ཏེ་སླར་གསོ་བའི་ཐབས་ལ་འབད་ནས་རྣམ་སྨིན་གྱི་ཆ་སྦྱོང་ནུས་ཀྱང་དངོས་གྲུབ་ཐོབ་པ་ལ་ཤིན་ཏུ་འགྱང་བར་བྱེད་པའི་ཚུལ་འཆད་འགྱུར་རྣམས་ཀྱིས་ཤེས་པར་འགྱུར་རོ། །གཉིས་པ་སྡོམ་པ་གསུམ་དང་བསླབ་པའི་གནས། །བདེ་བར་གཤེགས་པའི་གནང་བཀག་མཚམས་ལས་འདས། །དེ་བཞིན་མཚན་ཉིད་ལྡན་པའི་བླ་མ་ཡིས། །ཡུལ་དུས་ལ་དགོངས་བཀའ་ལ་ཁྱད་བསད་ཡིན། །དེ་ལ་ཡུལ་ནི་སྲིད་པའི་སྡུག་བསྔལ་དང༌། བདག་ལྟའི་ས་བོན་དང༌། སྤང་བྱ་མཐའ་དག་གི་རྒྱུ་སྤངས་ནས་ལེགས་པ་དང༌། སླར་མི་ལྡོག་པ་དང༌། མ་ལུས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ་རྣམ་འགྲེལ་ལས།


JLAZ003_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཞེས་པའི་བདག་ཅག་གི་སྟོན་པ་བླ་ན་མེད་པ་དེ་ཉིད་ཀྱིས་ཐེག་པ་གསུམ་དུ་འདོམས་པའི་བཀའི་བརྗོད་བྱ་ལས་སྡོམ་པ་གསུམ་དུ་བཅས་པའི་བསླབ་པའི་གནས་ལ་ཤེས་བཞིན་དུ་ཁྱད་དུ་གསོད་འདོད་ཀྱི་ཀུན་སློང་དང་བཅས་པས་འདས་པར་བྱས་པ་ནི་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་ཡིན་ལ། དེ་དང་རྗེས་སུ་མཐུན་པར་སྡེ་སྣོད་ལེགས་པར་ཤེས་ཤིང་རྒྱུད་སྡེ་དང་བསྟན་བཅོས་ལ་སོགས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན་པའི་བླ་མ་མཚན་ཉིད་དང་ལྡན་པས་ཡུལ་དང་དུས་དང་གནས་སྐབས་ལ་དགོངས་ནས་གསུངས་པའི་བཀའ་ལ་ཁྱད་དུ་གསད་པའང་འདྲའོ། །གསུམ་པ་དབང་གྲལ་གཅིག་ཏུ་འདྲེས་པའི་མཆེད། །སྐུར་ཞིང་བརྙས་བྱས་དམིགས་ཀྱིས་བསལ་ན་ཡང༌། །མཐའ་ཡས་སེམས་ཅན་བདེ་གཤེགས་སྙིང་པོའི་སྤུན། །ཡིན་ཕྱིར་རིང་དང་ཉེ་བའི་མཆེད་ལའང་མཚུངས། །དེ་ལ་བླ་མ་དང་དཀྱིལ་འཁོར་གཅིག་གིས་བསྡུས་ན་རིགས་གཅིག་པའི་སྤུན་དུ་འགྱུར་བས་འདྲེས་པའི་མཆེད་ཅེས་བྱ་བ་ཡུལ་གཉན་ཏེ་གསལ་བཀྲའི་དོན་འཆད་པས་ཀྱང་ཤེས་ལ། སངས་རྒྱས་ཡེ་ཤེས་ཞབས་ཀྱི་རིམ་པ་རྣམ་པར་གཞག་པ་ལས་ཀྱང༌། དཀྱིལ་འཁོར་སློབ་དཔོན་རིག་མ་གཅིག །


JLAZ003_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་དག་གི་བྱེ་བྲག་གིས། །ཉེ་དང་ཁྱད་པར་བྱེ་བྲག་གོ །ཞེས་དང༌། ཤཱནྟི་པས་ཀྱང་སྤུན་ཞེས་བྱ་བ་ནི་གང་དང་སློབ་དཔོན་གཅིག་ལ་དཀྱིལ་འཁོར་དུ་དབང་ཐོབ་པ་སྟེ། དེ་ལ་ཕྲག་དོག་ལ་སོགས་པའི་རྒྱུས་སྐྱོན་རྣམས་བརྗོད་པར་མི་བྱའོ། །ཞེས་དམིགས་ཀྱིས་བསལ་བ་དང་མཐུན་པར་སློབ་དཔོན་ཡེ་ཤེས་སྙིང་པོས་ཀྱང་བཤད་ལ། གཞན་ཡང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་རིགས་གཅིག་གིས་བསྡུས་པས་སྤྱིའི་མཆེད་དང༌། རྒྱལ་བའི་བསྟན་པ་ལ་ཞུགས་སོ་ཅོག་བསླབ་པའི་གནས་ཆེ་ཕྲ་གང་རུང་ཞིག་དང་ལྡན་པས་རིང་བའི་མཆེད་དང༌། རྡོ་རྗེ་ཐེག་པའི་སྡོམ་པ་ལ་གནས་པ་ཉེ་བའི་མཆེད་དུ་བསྡུ་ཞིང་མདོར་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཉིས་སུ་སེམས་ཅན་ཐམས་ཅད་ཕ་མ་དང་སྤུན་གྱི་རང་བཞིན་དུ་མ་གྱུར་པ་མེད་པས་བརྙས་པ་སྤང་བའི་ཚུལ་ངན་སོང་སྦྱོང་རྒྱུད་ལས། རྡོ་རྗེ་སྤུན་དང་སྲིང་མོ་དང༌། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །ཞེས་སོ། །འོ་ན་དྲི་མེད་འོད་ལས། རྡོ་རྗེའི་སྤུན་རྒན་པོའམ། གཞོན་ནུའམ། བསླབ་པ་དང་ལྡན་པ་ལ་རབ་ཏུ་ཁྲོ་བར་བྱེད་ནའོ། །ཞེས་པས་སེམས་ཅན་ཐམས་ཅད་བསླབ་པ་དང་ལྡན་པ་མ་ཡིན་པས་སོ་ཟེར་


JLAZ003_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ན། ལས་དང་པོ་པའི་སེམས་ཀྱི་ཀུན་ནས་དཀྲིས་པ་ཅན་ལ་རྩ་ལྟུང་འབྱུང་བའི་ཡུལ་དེ་ཙམ་དུ་བསྟན་གྱིས་གཞན་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་སེམས་ཅན་ལ་ཁྲོ་བ་འགོག་པའི་ཚུལ་ཇི་ལྟ་བུ་བསྟན་བསམ་དགོས་ལ། ཁྱད་པར་བསྐྱེད་རིམ་གྱི་དམ་ཚིག་ཏུའང་སྣོད་བཅུད་ལྷ་དང་ལྷ་མོར་བལྟ་དགོས་ན་མ་འོངས་པ་ན་སངས་རྒྱས་སུ་འགྱུར་བའི་སེམས་ཅན་ལའང་བརྙས་པ་སྤང་དགོས་པ་སྨོས་ཅི་དགོས་ཏེ་གསལ་བཀྲ་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་དག་བདག་ལས་གཞན་མེད་ཅིང༌། །བདེ་གཤེགས་སྙིང་པོའི་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ན། །སྤྱི་སའི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང༌། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ཞེས་དང༌། ཡེ་ཤེས་གྲུབ་པ་ལས། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །རྡོ་རྗེ་སེམས་དཔའ་རང་ཉིད་བཞུགས། །དེ་ལྟ་བས་ན་རྣལ་འབྱོར་གྱི། །དབང་པོས་གང་ལའང་བརྙས་མི་བྱ། །ཞེས་དང༌། ཡེ་ཤེས་ཞབས་ཀྱིས། བསྟན་དང་རྡོ་རྗེ་ཐེག་པ་ལ། །ཞུགས་པ་ཐམས་ཅད་སྤུན་དུ་བརྗོད། །ཀུན་ཀྱང་ཡེ་ཤེས་དང་ལྡན་པས། །རྡོ་རྗེ་སེམས་དཔའ་རྡོ་རྗེ་སྤུན། །ཞེས་སོ། །བཞི་པ་


JLAZ003_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་རྩུབ་པའི་སེམས་ཅན་ཞིག །མཐོང་བའི་ཆོས་ལ་ལས་ཀྱིས་མནར་གྱུར་པ། །དེ་ལ་དགའ་བ་བསྒོམས་ནས་བྱམས་པའི་སེམས། །གཏོང་བ་བྱང་ཆུབ་སེམས་དཔར་རབ་ལྕི་ན། །གཞན་བདེ་བྲལ་བར་འདོད་ལ་སྨོས་ཅི་དགོས། །དེ་ལ་རྩ་ལྟུང་བཞི་པའི་ངོ་བོ་ནི། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བླ་ན་མེད་པ་བུ་གཅིག་པ་བཞིན་དུ་བལྟས་ནས་བློས་ནམ་ཡང་འདོར་དུ་མི་རུང་བ་ཞིག་ཡིན་པ་ལ། དེ་ལས་ལོག་ནས་འདི་དག་ནི་བདེ་བ་དང་བྲལ་ཀྱང་རུང་ངོ་སྙམ་ནས་སེམས་ཅན་བློས་སྤངས་པ་སྟེ། རྡོ་རྗེ་སྙིང་པོ་རྒྱན་ལས། བྱམས་སེམས་མེད་པར་སེམས་ཅན་སྤངས། །ཞེས་སོ། །ད་ལྟ་བྱམས་པ་བསྒོམ་པར་རློམས་པ་རྣམས་ཀྱིས་ཀྱང་སེམས་ཅན་བསམ་སྦྱོར་ཤིན་ཏུ་མི་བསྲུན་པ་ཞིག་མཐོང་ཆོས་སུ་སྡུག་བསྔལ་གྱིས་མནར་བ་མཐོང་ན་དེ་ནི་བྱམས་པ་བསྒོམ་པའི་ཡུལ་ལས་ལོགས་སུ་བྱས་ནས་དེ་ལ་ཡི་རང་བའི་རྣམ་འགྱུར་སྟོན་པ་མང་དུ་སྣང་བ་ནི་བྱམས་པའི་མི་མཐུན་ཕྱོགས་ཆེན་པོ་ཡིན་ལ། འདི་ལྟར་ན་བྱམས་པ་བསྒོམ་པའི་ཡུལ་མི་རྙེད་དེ། སྡུག་བསྔལ་གྱིས་མནར་ཆེས་པའི་སེམས་ཅན་ལ་སྤྱི་མཐུན་དུ་བྱམས་པ་དང་སྙིང་རྗེ་སྐྱེ་སླ་བ་དེ་ཡང་དེའི་རྒྱུ་བསྒྲུབ་པ་མ་མཐོང་བས་ཡིན་གྱིས། འདི་ལྟར་བདག་ཅག་གིས་གལ་ཏེ་དམྱལ་བ་པའི་སེམས་ཅན་མཐོང་ཞིང་དེས་དང་པོར་རྒྱུ་གང་གིས་དམྱལ་བར་སྐྱེ་བའི་བསམ་སྦྱོར་མ་རུངས་


JLAZ003_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཡང་མངོན་སུམ་དུ་མཐོང་ན་རྒྱུ་དེ་ལྟ་བུ་ལ་འབྲས་བུ་འདི་ལྟ་བུ་རུང་ངོ་སྙམ་པ་འཐོབ་དགོས་པའི་ཕྱིར་རོ། །དེ་བས་ན་ཕ་རོལ་གྱི་སྤྱོད་པའི་སྒོ་ནས་བྱམས་པའི་སེམས་ལ་བཏང་བཞག་གཉིས་སུ་མི་བལྟ་བར་འདི་དག་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུངས་སྙམ་པའི་ཁུར་བླངས་ནས་རྩ་ལྟུང་བསྲུང་དགོས་ཏེ། རྒྱུད་ལས། སེམས་ཅན་ཀུན་ལ་ཕན་པའི་སེམས། །ནམ་ཡང་གཏོང་བར་མི་བྱའོ། །ཞེས་བཤད་པས་སོ། །ལྔ་པ་གཞན་དོན་གཉེར་བའི་བྱང་ཆུབ་སེམས། །སྤངས་པའི་མོད་ལ་སྨོན་སེམས་གཏོང་བའི་ཕྱིར། །ཀུན་དཀྲིས་ཚང་བའི་ཕམ་པར་གྱུར་པ་དང༌། །གནང་བའི་སྐབས་བདུན་མིན་པར་ཁུ་བ་བྱུང༌། །འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་བསྒྲུབ་པར་བྱའོ་སྙམ་དུ་དམ་འཆའ་བའི་བསམ་པ་བཟང་པོ་དེ་བཏང་ནས་བདག་ཉིད་མཐུ་ཆུང་བའི་ཁུར་བླངས་ཏེ་ཞི་བདེའི་སེམས་སྐྱེས་ནས་དེ་དང་འཛིན་སྟངས་འགལ་བ་དང༌། རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་པས་མཚུངས་ལྡན་གྱི་སེམས་ཁྱད་པར་ཅན་གྱིས་གཞན་སྡུག་བསྔལ་རྒྱུ་བཅས་དང་བྲལ་བར་འདོད་པ་སྙིང་རྗེ་དང་བཅས་པའི་སྨོན་སེམས་བཏང་བ་སྟེ། འདི་ནི་སེམས་ཅན་ཡལ་བར་འདོར་བའི་བློ་སྐྱེས་པ་ཙམ་ནས་ཡན་ལག་གཞན་མ་ཚང་ཡང་ཕས་ཞེས་བྱ་བ་བྱང་ཆུབ་སེམས་ཀྱི་མི་མཐུན་ཕྱོགས་ཀྱིས་རང་


JLAZ003_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཕམ་པར་བྱས་པས་ན་ཕས་ཕམ་པ་ཞེས་བྱ་བའི་རྩ་ལྟུང་ཡིན་ནོ། །དེ་ལྟར་སྨོན་སེམས་དེའི་རྟེན་སྤངས་པ་ནི་གནང་པའི་སྐབས་བདུན་མ་ཡིན་པར་ཁུ་བ་བྱུང་བ་སྟེ། གསང་བའི་དབང་དང་གསུམ་པ་དང༌། །རོ་མཉམ་པ་དང་ལྷ་མཆོད་དང༌། །རིགས་བརྒྱུད་སྤེལ་དང་རིལ་བུ་དང༌། །འཆི་བལྟས་བརྟག་པའི་དུས་ཡིན་ཏེ། །ཞེས་སོ། །དྲུག་པ་ཐེག་པ་གསུམ་ལྟོས་རྒྱལ་བའི་བཀའ། །དཔྱས་ཤིང་སྟོན་པས་མ་གསུངས་ཞེས་སྨྲ་དང༌། །ལས་དང་དངོས་གྲུབ་རྒྱུར་རུང་བསྟན་བཅོས་གཞན། །རྗེས་གནང་བྱིན་བརླབས་བཀའ་རུ་མ་བལྟས་བརྙས། །དེ་ལ་རང་ངམ་གཞན་གྱི་ཁྱད་པར་ནི་རང་སངས་རྒྱས་པ་དང༌། གཞན་མུ་སྟེགས་པ་ལ་འདོད་པ་དང༌། ཡང་རང་གསང་སྔགས་པ་དང༌། གཞན་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་འདོད་ཚུལ་གཉིས་ལས། དང་པོ་ལྟར་ན། མུ་སྟེགས་ཅན་ལ་སྨད་བྱས་ན། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །ཞེས་ཨཱ་ཙརྱ་ཀཧྣི་པས་འདྲེན་པ་ལྟར་ཡང་འཐད་དེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཉིས་ལས་ཕ་རོལ་ཏུ་ཕྱིན་པ་ལས་ནི་ངག་གི་ཉེས་པ་དང་གཞན་མི་དད་པའི་ཆ་ཐམས་ཅད་བསྲུང་ཞིང༌། སྔགས་སུ་ནི་སྣང་བ་དག་པ་རབ་འབྱམས་སུ་སློབ་པ་ཁོ་ན་ཡིན་པས་སོ། །དེ་སྐད་དུ་ཏིང་ངེ་


JLAZ003_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྒྱལ་པོ་ལས། གང་ཞིག་ཆོས་འདི་མཐོང་ནས་ཆགས་བྱེད་ཅིང༌། །ཆོས་མ་ཡིན་པ་ཐོས་ནས་ཁོང་ཁྲོ་བ། །ང་རྒྱལ་རྒྱགས་པས་བཅོམ་ན་ལོག་པ་ཡིས། །ང་རྒྱལ་དབང་གིས་སྡུག་བསྔལ་རྗེས་སུ་མྱོང༌། །ཞེས་པ་ལྟར་རོ། །འོ་ན་སློབ་དཔོན་ཨཱརྱ་དེ་ཝ་ལ་སོགས་པས་ཀྱང་རྩ་ལྟུང་ཉམས་སུ་བསྟར་རོ་ཟེར་ན། དེ་ནི་བསྒྲུབ་པར་བྱ་བའི་དམ་ཚིག་ཁོ་ན་ཡིན་ཏེ། མདོ་སྡེའི་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །ཞེས་པ་ལ་སོགས་པ་ལྟར་ལྷག་པའི་ཐུགས་རྗེ་ཁྱད་པར་ཅན་དང་ལྡན་པས་ཡང་དག་པའི་དོན་ལ་ཕྱོགས་པ་དང་མ་ཕྱོགས་པའི་རིགས་པའི་ཁྱད་པར་གྱི་མཚོན་ཆ་རྣོན་པོས་གྲུབ་མཐའ་ངན་པ་ཅན་ལ་ཚར་གཅོད་རྗེས་འཛིན་གྱི་སྐབས་གཉིས་བྱིན་ནས་བསྟན་པ་དང་སེམས་ཅན་གཉིས་ཀ་ལ་བྱ་བ་རླབས་པོ་ཆེ་བྱས་པའི་ཕྱིར་རོ། །དེ་ལྟར་མི་ནུས་པའི་གང་ཟག་གིས་མུ་སྟེགས་ཅན་གྱི་གྲུབ་མཐའ་ལའང་བཏང་སྙོམས་སུ་བྱ་བ་ལས་སྨད་པར་མ་གསུངས་ཏེ་ཡེ་ཤེས་ཐིག་ལེར། མུ་སྟེགས་པའམ་ཉན་ཐོས་པ། །དམན་ཀྱང་དེ་ལ་བརྙས་མི་བྱ། །ཞེས་སོ། །འདི་ལྟར་བདེ་གཤེགས་སྙིང་པོའི་ཁྱབ་བྱེད་ཅན་དུ་མ་ཟད་མི་དགེ་བའི་ཕྱོགས་ལས་ཤིན་ཏུ་བྱོལ་ནས་ངེས་འབྱུང་གི་ལམ་དཀར་ཆོས་རྣམས་ལས་མཐོ་རིས་བསྒྲུབ་


JLAZ003_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅེར་བུ་པའི་བུ་བདེན་སྨྲ་ལ་སོགས་པ་དང༌། མཐའ་བྲལ་གྱི་ལྟ་བ་གྱ་ཚོམ་ཅན་འདོད་པ་ཚངས་པ་ལ་སོགས་པའི་རྣམ་པར་རིག་པ་ཅན་དེ་དག་གིས་ཀྱང་མངོན་མཐོའི་ལམ་རྟེན་འཚོལ་བ་སོགས་ལེགས་པར་དཔྱད་པའི་གཞུང་ཡང་ཡོད་པ་གང་ཞིག་ཐལ་འགྱུར་རྣམ་པར་དག་པས་ཚར་གཅོད་ནུས་པ་བྱུང་ན་སློབ་དཔོན་ཆེན་པོ་དཔའ་བོའི་ཞབས་དང༌། སངྒྷ་ཨཱ་ཙརྱ་བཞིན་བློ་ནུས་ཁྱད་པར་ཅན་དང་ལྡན་པ་ཡིན་པས་སྐྱེ་བོ་ཕལ་པ་བ་ལང་ལྟ་བུ་ལས་ཆེས་ལྷག་པ་ཡིན་ནོ། །གཉིས་པ་ནི་རྩ་ལྟུང་གི་དཀའ་འགྲེལ་ལྟར་ཡིན་ཡང་ཕ་རོལ་ཏུ་ཕྱིན་པ་བཀའ་མ་ཡིན་ཟེར་བ་ལ་སོགས་པ་སྔོན་རྒྱ་གར་དུ་ཉན་ཐོས་ཀྱི་བསྟན་པ་དར་བའི་ཚེ་བྱུང་ཡང་ད་ལྟ་བོད་ན་དེའི་ཉེས་པ་འབྱུང་བ་ཉུང་ལ། འོན་ཀྱང་ཐེག་པ་གསུམ་གང་རུང་ཞིག་ལ་དམིགས་ནས་འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྙིང་ཐག་པ་ནས་སྐུར་བ་འདེབས་པ་རྣམས་ལ་རྩ་ལྟུང་འདི་འབྱུང་སྟེ། ནམ་མཁའི་སྙིང་པོའི་མདོ་ལས། གང་ཡང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཐེག་པ་བཤད་པའམ། རང་སངས་རྒྱས་ཀྱི་ཐེག་པ་བཤད་པའམ། ཐེག་པ་ཆེན་པོའི་ཆོས་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གཉིས་པའོ། །ཞེས་རང་ལུགས་


JLAZ003_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཉིས་པར་བསྡུ་བ་ཡིན་ནོ། །ཁྱད་པར་དུ་ཁ་ཅིག་རང་ཉིད་མོས་པའི་རྒྱུད་ལུང་ལ་སོགས་ཞེན་པའི་ཡུལ་དང་འབྲེལ་བ་གང་ཡིན་པ་རྣམས་རྒྱུད་དང་བཀའ་ཡིན་ལ། དེ་ལས་གཞན་དུ་བརྡའ་དང༌། བགྲོས་མི་མཐུན་པ་དག་ལ་བོད་ཀྱིས་བྱས་པའོ་ཟེར་བ་ནི་རྩ་ལྟུང་འདི་ལ་རིན་ཐང་ཆེན་པོ་བཙལ་ནས་ཆེ་ཐང་དུ་བྱས་པ་ཡིན་ཏེ། སྔོན་གྱི་དུས་ན་བྱོན་པའི་ལོ་པཎ་ཆེན་པོ་ཆོས་ཉིད་ཀྱི་བདེན་པ་གཟིགས་པ་དག་གིས་ལུང་འབྲེལ་གང་ཟག་གི་དཔང་པོ་དང་བཅས་དོན་ལ་རྟོན་པ་གཙོ་བོར་བྱས་ནས་ལེགས་པར་བསྒྱུར་བའི་རྒྱུད་སྡེ་ཟབ་མོ་དག་ལ་གང་ཟག་རང་རྒྱུད་པའི་ལུགས་ཀྱིས་ཚིག་ལ་གྲིམས་ཤིང་རྣམ་པར་རྟོག་པ་དང་བཅས་པས་དཔྱད་པར་མི་ནུས་ཏེ། དཔལ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ལས། གསང་སྔགས་ཀྱི་ངོ་བོ་དེ་ནི་གང་གི་བློ་ཞིབ་པ། ཆེས་ཞིབ་པ། ཤིན་ཏུ་ཟབ་པ། ཆེས་ཟབ་པས་བལྟ་བར་བྱའོ། །ཞེས་དང༌། ཆེས་ཟབ་པ་ནི་གང་ཞེ་ན། གང་ལ་ལ་དག་ཆོས་ཐམས་ཅད་ལ་མུ་དང༌། གཏིང་དང༌། མཐའ་དང༌། དབུས་འཚོལ་ཞིང་འབྱེད་པ་དག་ཡོད་དེ། དེ་ནི་བློ་ཟབ་པ་ཆེས་ཟབ་པ་ཞེས་མི་བྱའོ། །ཐུག་པ་ཉིད་དུ་ཐུག་པ་ཞེས་བྱའོ། །གང་འཁྲུལ་པ་དག་སྨིག་རྒྱུ་ལ་ཆུར་འདུ་ཤེས་


JLAZ003_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བསྙེག་པའམ། ལྡོངས་པ་དག་ནམ་མཁའ་ལ་མཐའ་འཚོལ་བ་བཞིན་ཆོས་ཐམས་ཅད་ཀྱི་མུ་དང༌། གཏིང་དང༌། མཐའ་དང༌། དབུས་བཙལ་བས་ཀྱང་མི་རྙེད་ལ་དབྱེ་བར་ཡང་མེད་དོ། །ལངྐའི་བདག་པོ་འོན་ཏང་ཆོས་ཐམས་ཅད་ལ་མུ་དང་གཏིང་མེད་ལ། མཐའ་དང་དབུས་མེད་པར་ཆུབ་པ་གང་ཡིན་པ་དེ་ནི་བློ་ཟབ་པ། ཆེས་ཟབ་པ་ཞེས་བྱའོ། །དེའི་ཕྱིར་གསང་སྔགས་ཀྱི་ངོ་བོ་ནི་རབ་ཏུ་དཔག་པར་དཀའ་བའི་ཕྱིར་བློ་ཞིབ་པ། ཆེས་ཞིབ་པ། ཆེས་ཟབ་པས་བལྟ་བར་བྱའོ། །ཞེས་སོ། །སྤྱིར་ཡང་བཀའ་ཐམས་ཅད་ཞལ་ནས་གསུངས་པར་མ་ངེས་ཏེ། རྗེས་སུ་གནང་བ་དང༌། བྱིན་གྱིས་བརླབས་པ་ལ་སོགས་པས་བསྟན་པ་བཞིན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་རླབས་ནི་གདུལ་བྱ་སྐལ་པ་དང་ལྡན་པ་རྣམས་ལ་སྣང་བ་ཡིན་པའི་ཚུལ་སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་འཆད་ཅིང༌། །ཞེས་པ་ལ་སོགས་པས་བསྟན་ཅིང༌། དེ་སྐད་དུ་སྔ་མ་ལས་ཀྱང༌། ལངྐའི་བདག་པོ་དེ་བས་ན་གསང་སྔགས་ནི་རང་བཞིན་གྱིས་སྣང་བར་ཟད་ལ། སྐྱེས་བུ་དམ་པ་རྣམས་ཀྱིས་བྱིན་རླབས་ཀྱིས་སྟོན་པར་ཟད་དོ། །ཞེས་པས་དད་པ་དང༌། ཤེས་རབ་དང༌། ཏིང་ངེ་


JLAZ003_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང༌། རྟོགས་པ་དང༌། དེའི་གྲོགས་སུ་གྱུར་པའི་སྡོམ་པ་ལ་གནས་པའི་དགེ་བའི་བཤེས་གཉེན་ཁྱད་པར་ཅན་རྣམས་ནི་སངས་རྒྱས་དང་འདྲ་བར་དེ་བཞིན་གཤེགས་པ་ཉིད་ཀྱིས་ཡང་ཡང་བཀའ་བསྩལ་ན་དེ་ལྟ་བུ་ལ་ངན་སེམས་བསྐྱེད་ནས་ཆོས་ལ་སྨོད་པ་ནི་བཟོད་པར་དཀའ་བ་ཡིན་ནོ། །དེ་བས་ན་ལས་དང་དངོས་གྲུབ་ཀྱི་རྒྱུར་རུང་ན་བསྟན་བཅོས་ཡིན་ཡང་རྒྱལ་བའི་བཀའ་དང་ཁྱད་པར་མེད་དེ་དགོས་པའི་དོན་འགྲུབ་པ་མངོན་སུམ་པའི་ཕྱིར་རོ། །གལ་ཏེ་བདག་ཅག་གིས་ཉམས་སུ་བསྟར་བ་ནི་རྒྱལ་བའི་བཀའ་དམ་པ་ཡིན་གྱིས། གཞན་གྱི་ཚུལ་ནི་རྙོག་པ་དང་བཅས་པའོ་སྙམ་པས་སེམས་ཟིལ་གྱིས་ནོན་པ་དེས་ནི་ཐོག་མ་ཉིད་ནས་རང་རྒྱུད་རྩ་ལྟུང་གིས་སྦགས་པས་བསྒྲུབ་པར་བྱ་བ་གང་ཞིག་བཀའ་མ་ནོར་བ་ཡིན་ཀྱང་དངོས་གྲུབ་ཐོབ་པ་ལ་སྒྲིབ་པའི་ཚུལ་གཏོར་རྒྱུད་ཆེན་པོ་ལས། རྒྱུད་ལུང་གཅིག་གིས་གཅིག་ལ་སྐུར། །དམ་ལས་ཉམས་པས་མཐུ་བྱིན་མེད། །ཅེས་སོ། །དེ་བས་ན་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམ་པ་གཉིས་ནི་རྣམ་གྲངས་རྒྱ་ཆེ་ཞིང་འགྲོ་བའི་རྣམ་རིག་དང་མཐུན་པའི་གདུལ་ཚུལ་བསམ་གྱིས་མི་ཁྱབ་པར་སྟོན་པ་གང་ཞིག་ལ་རང་རང་གི་འདུན་པ་


JLAZ003_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུན་པར་འཇུག་པས་དུས་མྱུར་བུལ་ཙམ་གྱིས་བྱང་ཆུབ་པར་འགྱུར་བ་ལས་སེམས་ཅན་གྱི་རྒྱུད་ཆུད་མི་གསོན་པའི་ཚུལ་ལ་མཐུན་པས་སོ་སོ་རང་ས་ན་བདེན་པ་ཡིན་ནོ། །དེའི་ཕྱིར་རང་ཡིད་གང་ཆེས་པ་ལ་དམ་པར་གཟུང་དུ་རུང་གིས་གཞན་ལ་ཀུན་སློང་ངན་པ་དང༌། སྐུར་པ་གདབ་པ་ནི་ནམ་ཡང་མི་རུང་སྟེ་རྒྱུད་ལས། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང༌། །དམོད་པ་དག་ནི་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཞེས་སོ། །བདུན་པ་དབང་གི་ཆོ་ག་མ་བྱས་དང༌། །མ་རྫོགས་ཉམས་དང་སྣོད་ངན་ཟབ་མོས་སྐྲག །འདུལ་བའི་དུས་སྐབས་གནས་ཀྱིས་བསྐལ་པ་ལ། །གསང་སྔགས་ཟབ་མོའི་དོན་དང་དགོངས་སྤྱོད་བསྒྲགས། །དམིགས་བསལ་ཡིན་གྱིས་རྗེས་གནང་བཟླས་ལུང་ཡང༌། །གསང་སྒྲོག་ངོས་འཛིན་འདིར་ནི་སྣོད་ལ་བརྟག །དེ་ལ་གསང་བ་སྒྲོག་པའི་ཡུལ་ནི། ལོག་པར་བལྟ་བ་ལ་གོམས་པར་བྱས་པས་སྣོད་རུང་མ་ཡིན་པ་དང༌། ཆོ་ག་མ་བྱས་པ་སྟེ་བུམ་དབང་མ་ཐོབ་པ་ལ་བསྐྱེད་རིམ་སྟོན་པ་དང༌། ཆོ་ག་མ་


JLAZ003_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་སྟེ། དབང་གོང་མ་རྣམས་མ་ཐོབ་པ་ལ་རྫོགས་རིམ་ཟབ་མོ་སྟོན་པ་དང༌། ཉམས་པ་སྟེ་རྩ་ལྟུང་བྱུང་ཡང་ཕྱིར་མི་འཆོས་ཤིང་ཁེ་ཉེན་ལ་ངེས་པར་ཡིད་ཆེས་པའི་ཤེས་རབ་མེད་པ་དང༌། སྣོད་ངན་པ་སྟེ་དབང་ཐོབ་ཀྱང་གསང་སྔགས་ཟབ་མོའི་ལྟ་སྤྱོད་ལ་སྐྲག་པ་སྐྱེ་བ་དང༌། དུས་ཀྱིས་བསྐལ་པ་སྟེ་ཟབ་མོ་སྟོན་མ་རན་པ་དང༌། གནས་ཀྱིས་བསྐལ་པ་སྟེ་དགག་བྱ་དམིགས་བསལ་ཡོད་པ་རྣམས་ལ་གསང་སྔགས་ཟབ་མོའི་ཐུན་མོང་མ་ཡིན་པའི་དགོངས་པ་དང་སྤྱོད་པ་བསྒྲགས་པ་སྟེ་རྡོ་རྗེ་སྙིང་པོ་རྒྱན་ལས། སྣོད་མི་རུང་ལ་གསང་བ་བསྟན། །ཞེས་སོ། །བརྒྱད་པ་གཟུགས་ཕུང་རྣམ་སྣང་ལ་སོགས་ལྔ། །དེ་བཞིན་སྐྱེ་མཆེད་ལྷ་སྐུར་མི་ཤེས་པ། །སྡུག་བསྔལ་བདེན་པར་བསྒྲུབ་པའི་རྟོག་གེའི་བློས། །བརྙས་དང་དཀའ་ཐུབ་མཐུ་ཡིས་ལྷག་པར་གདུང༌། །དེ་ལ་རྡོ་རྗེ་ཐེག་པའི་རང་ལུགས་ནི་ཕུང་པོ་ལྔ་རྒྱལ་བ་ལྔ་དང༌། འབྱུང་བ་ལྔ་ཡུམ་ལྔ། སྐྱེ་མཆེད་སེམས་དཔའ་དང་སེམས་མའི་རང་བཞིན་དུ་བཞུགས་པ་ལ་དེ་བཞིན་དུ་ཤེས་པས་ནང་གི་སྦྱིན་སྲེག་དང༌། ཚོགས་འཁོར་ལ་སོགས་པས་མཆོད་ཅིང༌། འདོད་ཡོན་གྱིས་མཉེས་པར་བྱ་རྒྱུ་ལ། ཀུན་འབྱུང་གིས་བསྐྱེད་པའི་སྡུག་བསྔལ་བདེན་པའི་རང་བཞིན་དུ་བལྟས་ནས་ཡན་ལག་གཏུབ་པ་དང༌།


JLAZ003_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དུག་འཐུང་བ་དང༌། གཡང་སར་མཆོང་བ་དང༌། ལུས་འདི་མི་གཙང་ངོ་ཞེས་སྨོད་ཅིང་རྒུད་པར་བྱ་བའི་བསམ་པས་གནས་མིན་གྱི་བཟོད་པ་དང༌། སྨྱུང་བར་གནས་པ་དང་དཀའ་ཐུབ་ལ་སོགས་པའི་སྒོ་ནས་རྒྱལ་བའི་བདག་ཉིད་ཅན་གྱི་ལུས་གདུང་བར་བྱེད་ཅིང་ཕུང་པོ་ལྔ་ལ་དེ་བཞིན་གཤེགས་པའི་འདུ་ཤེས་བསྐྱེད་པ་ལས་ལོག་སྟེ་བརྙས་པའི་སེམས་མཐར་ཐུག་པ་སྐྱེས་པའི་ཚེ་རྩ་ལྟུང་རྫོགས་པ་ཡིན་ཏེ། དཀའ་འགྲེལ་པདྨ་ཅན་ལས། གཉིས་པ་ཐམས་ཅད་རྣམ་པར་སྤངས་པ་ནི་ཕུང་པོ་ལྔ་དང་དེ་བཞིན་གཤེགས་པ་ལྔ་ལ་དབྱེ་བར་མི་བྱའོ། །ཞེས་པ་དང་འགལ་ཟླའི་ཆོས་ཉམས་སུ་མྱོང་བའི་ཕྱིར་རོ། །དགུ་པ་རང་བཞིན་དག་པའི་སྟོང་ཉིད་དོན། །སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཉིད་ལས་གཞན། །སེམས་ཅན་ཁམས་དང་འབྲེལ་བ་ལྡེམ་དགོངས་སུ། །ཐེ་ཚོམ་ཟོས་ནས་བཀྲི་བར་སྤངས་པའོ། །དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ནི་རང་གི་ངོ་བོས་མ་གྲུབ་པས་ཐོས་བསམ་གྱི་སྒོ་ནས་གཏན་ལ་དབབ་པའི་ཚུལ་རིག་ཀྱང་ཆོས་ཉིད་བསྒོམ་སྟོབས་ཀྱིས་ཐོབ་པའི་ཆ་ནས་སྐྱེ་འགག་རང་བཞིན་མེད་པས་རྟག་ཆད་སྤོང་པ་ལ་ཡིད་མ་ཆེས་ནས། བློ་དང་ཡིད་བྱེད་ཀྱི་རྐྱེན་གྱིས་མེའི་ས་བོན་ངར་ལྕགས་ལས་བྱུང་བ་ལྟར་


JLAZ003_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་ཤིང་གྲུབ་པ་ཅན་དུ་ནན་གྱིས་འཆོས་ཤིང༌། ངེས་དོན་གྱི་མདོ་སྡེ་དང་རྒྱུད་སྡེ་ཟབ་མོའི་དོན་གཤིས་ཐོག་ཏུ་ངོ་མ་འཕྲོད་པས་ཐེ་ཚོམ་ཟ་བ་དང༌། དེ་བཞིན་དུ་བདེ་གཤེགས་སྙིང་པོའི་རང་བཞིན་སེམས་ཅན་གྱི་ཁམས་ལ་བལྟར་མི་མངོན་པའི་ཚུལ་དུ་འབྲེལ་བར་བཤད་པ་མཐའ་དག་བྱིས་པ་སྐྲག་པ་སྤང་བའི་ཕྱིར་བསྟན་པ་ཙམ་ལས་གཞན་དུ་ན་ལྡེམ་པོར་དགོངས་པ་ཁོ་ན་ཡིན་ནོ་སྙམ་ནས་ཟབ་མོའི་མདོ་སྡེ་དང་རྒྱུད་སྡེ་ནས་བཤད་པ་དག་གི་དགོངས་པ་འགྲེལ་པ་རྣམས་ལ་ཡང་བཀྲི་ཚུལ་དེ་ལྟ་བུ་ནི་རྒྱལ་བའི་བསྟན་པ་ལས་གཞན་དུ་གྱུར་པའོ་ཟེར་ཞིང་ཡིད་གཉིས་ལ་དམ་འཆའ་བའོ། །དེ་སྐད་དུ་འཇིག་རྟེན་འཛིན་གྱིས་ཞུས་པ་ལས། སངས་རྒྱས་ཀྱིས་ཕུང་པོ་ལྔ་ཅི་ལ་དགོངས་ཏེ་གསུངས་པ་མི་ཤེས། སངས་རྒྱས་ཀྱིས་དོན་དམ་པ་གསུངས་པ་མི་ཤེས། ཞེས་སོ། །བཅུ་པ་དཀོན་མཆོག་གསུམ་དང་བླ་མ་དམོད། །བསྟན་པ་འཇིག་སོགས་དྲག་ཤུལ་ཆོ་ག་ཡིས། །མངོན་དུ་སྤྱོད་པའི་ཡུལ་ལ་སྲན་ཅིང་བཟོད། །འདྲིས་ཤིང་བཤེས་ནས་བྱམས་པར་བྱས་པའོ། །འདི་ལ་གཉིས། སྔགས་ལམ་ལ་ཞུགས་པའི་གང་ཟག་སྤྱིར་བཏང་ལ་དགོངས་པ་དང༌། ནུས་པ་ཐོབ་པའི་དམིགས་བསལ་ལ་དགོངས་པའོ། །དང་པོ་ནི། བླ་མ་དང་དཀོན་མཆོག་


JLAZ003_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སྨོད་པ་ལ་སོགས་པའི་གང་ཟག་བསམ་སྦྱོར་མ་རུང་པ་ཅན་གང་ཞིག་ལ་ཡི་རང་བའི་སེམས་ཀྱིས་མཛའ་བར་སྦྲེལ་ཞིང་ལུས་ངག་གི་སྒོ་ནས་དངོས་སུ་བྱམས་པར་བྱས་པ་སྟེ། སྡོམ་འབྱུང་འགྲེལ་པར། གདུག་ལ་ཐོག་མ་བར་མཐའ་བྱམས། །ཞེས་སོ། །འོན་ཀྱང་བྱམས་པ་སྤངས་པའི་སེམས་ཀྱིས་སེམས་ཅན་དེ་བློས་གཏོང་བ་ནི་རྩ་ལྟུང་བཞི་པ་དང་འགལ་བའོ། །གཉིས་པ་ནི། བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་རྟོགས་པས་བདག་བསྒྲལ་བའི་གང་ཟག་རྣམས་ལ་ནི་བསྒྲལ་བའི་ཞིང་དུ་གྱུར་པ་བཅུ་ཡོད་དེ། གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང༌། །འདུ་བར་འདུས་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང༌། །ཞེས་པས་སྐུ་དགྲ་གཉིས་དང༌། དམ་ཚིག་ཉམས་ཀྱང་ཇི་མི་སྙམ་པས་མི་གཡོ་ཞིང་ཉམས་པའི་སྤྱོད་པ་མི་གཏོང་བ་དང༌། སྔགས་ཀྱི་ཐེག་པར་ཞུགས་པ་ལས་སླར་ལོག་སྟེ་ཁྱད་གསོད་བྱེད་པ་དང༌། བླ་མ་དང་མཆེད་ལ་ཞེ་སྡང་བས་འཁུ་བ་དང༌། སྔགས་སྤྱོད་ལ་འདུ་བར་མི་དབང་བཞིན་དུ་བརྐུ་ཐབས་སམ་ཤེད་སྤྱོད་ཀྱིས་འདའ་བ་དང༌། སེམས་ཅན་ཡོངས་ལ་གནོད་པ་དང༌། དམ་


JLAZ003_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཅན་ལ་དགྲར་བྱེད་པ་དང༌། མི་དགེ་བའི་ལས་འབའ་ཞིག་ལ་འཇུག་པའི་ངང་ཚུལ་ངན་པ་ཅན་ཏེ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་དགུ་ལས། དང་པོ་གཉིས་དང༌། གཉིས་ཀའི་རྟེན་དང་བརྟེན་པ་ལྟ་བུར་གྱུར་པ་བསྟན་པ་ལ་གནོད་པ་གསུམ་པོས་ཤིན་ཏུ་བརླང་པོར་སྤྱོད་ན་དཀོན་མཆོག་དཔང་དུ་གསོལ་བའི་སེམས་བསྐྱེད་དང་ལྡན་པས་ཀྱང་ཚར་གཅད་དུ་རུང་བའི་ཚུལ། སྦྱོང་རྒྱུད་ལས། གླེན་པ་དཀོན་མཆོག་གསུམ་སྨོད་དང༌། །སངས་རྒྱས་བསྟན་ལ་གནོད་བྱེད་དང༌། །བླ་མ་སྨོད་ལ་བརྩོན་པ་རྣམས། །མཁས་པས་བསྒྲིམས་ཏེ་གསད་པར་བྱ། །ཞེས་དང༌། གདོང་དྲུག་གི་རྒྱུད་ལས། བློ་ལྡན་སྒྲུབ་པོས་སེམས་ཅན་ལ། །ཕན་པའི་སེམས་ཀྱིས་སྲོག་ནི་གཅད། །ཅེས་པས་སྦྱོར་བ་ངན་པ་བརླབས་ཆེན་ལ་ཞུགས་པ་རྣལ་མར་བཞག་ན་བསྟན་པ་དང་སེམས་ཅན་ལ་གནོད་པ་ཆེར་བསྐྱེད་ཅིང་དེའི་རྒྱུད་ལའང་མནར་མེད་དུ་ཡུན་རིང་གནས་པའི་ལས་འདུ་བྱེད་པས་དེ་ལས་བཟློག་པའི་ཆེད་དུ་དམིགས་པས་ན་དོན་གྱིས་རྗེས་སུ་བཟུང་བའི་སེམས་དང་བཅས་པས་ཚར་གཅད་དགོས་ཏེ་དེ་ལྟར་མ་བྱས་པར་སྲན་ཅིང་བཟོད་ན། དམ་ཚིག་ཉམས་པར་འགྱུར་བའི་ཚུལ་སྔ་མ་ལས། གདུག་པ་རྣམས་ལས་བཟློག་བྱ་སྟེ། །དངོས་


JLAZ003_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སུའམ་ཡང་ན་སྔགས་དང་གཞན། །འཁྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་བས་ཏེ། །དེ་ལྟར་མི་བྱེད་དེ་ཡིས་ནི། །དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་སོ། །དེ་བས་ན་སྡོམ་འགྲེལ་ལས། འོན་ཀྱང་དེ་དག་གལ་ཏེ་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་བཀག་ཀྱང་མི་ལྡོག་ན། དེའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཁྱེན་པར་གསོལ་བ་བཏབ་ལ། སྙིང་རྗེ་ཆེན་པོ་བསྐྱེད་ནས་གསུངས་པ་བཞིན་དུ་བསྒྲུབ་པར་བྱའོ། །ཞེས་སོ། །དེ་ལས་གཞན་པ་བདུན་དང་སྡུག་བསྔལ་གྱི་འབྲས་བུ་ལ་སྤྱོད་པ་ངན་སོང་གསུམ་པོ་ནི་སྤྱི་ཙམ་དུ་བསྒྲལ་བའི་ཞིང་དུ་སྨོས་ཀྱང༌། དེ་དང་དེའི་རྣམ་པར་ཤེས་པ་ཞིང་ཁམས་རྣམ་དག་ཏུ་གནས་སྤོ་ནུས་པ་དང༌། སྔོན་དང་ཕྱི་མའི་མཐའ་ཤེས་པའི་མངོན་ཤེས་དང་ལྡན་པས་ངན་འགྲོའི་རྒྱུ་ལ་སྤྱོད་པ་དག་གིས་འབྲས་བུ་ངན་པ་འགོག་ཅིང་ཡུན་ཐུང་ངུར་བྱེད་པ་དང༌། འབྲས་བུ་ལ་སྤྱོད་པ་དག་གནས་ངན་ལས་ངེས་པར་སྒྲོལ་ནུས་པ་རྣམས་ལ་དགོངས་ཀྱིས། སྔ་མ་ལས། ལས་དེ་དག་ནི་རྣལ་འབྱོར་པས་ལུས་ལས་འཕོ་བར་བྱས་ནས་མཐོ་རིས་སམ་རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་ལ་སྐྱེ་བར་ནུས་སམ། རྣམ་པར་ཤེས་པ་ཀུན་


JLAZ003_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཞུག་པ་དང་ལྡན་པ་ཁོ་ནའོ། །ཞེས་སོ། །དེ་བས་ན་དེ་ལྟར་མི་ནུས་པ་རྣམས་ལ་མངོན་སྤྱོད་མ་བྱས་པ་རྩ་ལྟུང་དུ་གསུངས་པ་མེད་དེ་འཇམ་དཔལ་རྩ་རྒྱུད་ལས། དེ་བས་སྔགས་ཀྱིས་བསྒྲུབ་པ་ནི། །མངོན་སྤྱོད་དག་ནི་ཡོངས་མི་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས། །མངོན་སྤྱོད་རབ་ཏུ་བཀག་པ་ཡིན། །སྙིང་རྗེ་མཆོག་ལྡན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །སྔགས་རྣམས་མཐུ་བསྟན་དོན་དུ་ན། །ལས་རྣམས་ཐམས་ཅད་བསྟན་པ་ཡིན། །ཞེས་པས་བྱང་ཆུབ་ཀྱི་སེམས་དང་རྟག་པར་མི་ལྡན་པ་དེ་ཁྲོ་བས་ཟིལ་གྱིས་ནོན་པ་ཆོས་ཉིད་ཡིན་པས་མངོན་དུ་སྤྱོད་པའི་ལས་ཀྱིས་དམྱལ་བར་འཕེན་པའི་ཚུལ་དེ་ཉིད་ལས། བྲམ་ཟེའི་ཁྱེའུས་ཁྲོ་བོ་གྲུབ། །གཤིན་རྗེའི་གཤེད་ཅེས་བྱ་བ་ནི། །བློ་ངན་དེ་ཡིས་དེ་ཡང་གྲུབ། །དེ་ནི་ཁྲོ་བས་ཟིལ་གྱིས་ནོན། །སྲོག་ཆགས་དག་གི་འཚོ་བ་བཅད། །ཅེས་དང༌། དེ་ཡི་སྔགས་ཀྱིས་མཐུ་ཡིས་ནི། །ལུས་དེས་ལྷ་མིན་བསྟེན་པར་བྱེད། །ལྷ་མིན་ལུས་ལ་ཞུགས་ནས་ནི། །དེ་ནི་ཡུན་རིང་འཚོ་བར་བྱེད། །དེ་ནས་ལུས་དེ་ཞིག་ནས་ཀྱང༌། །མནར་མེད་དམྱལ་བར་ཡང་དག་འགྲོ། །ཞེས་ཙ་ནག་ཀྱ་ཞེས་བྱ་བས་གཤིན་རྗེའི་གཤེད་གྲུབ་ནས་ལྷ་མིན་གྱི་འཇུག་པ་བྱས་པས་རིང་པོར་


JLAZ003_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བའི་རྒྱུན་ལ་མངོན་སྤྱོད་བྱས་པས་དམྱལ་བར་སྐྱེས་པའི་ཚུལ་གསུངས་པ་བཞིན་ནོ། །བཅུ་གཅིག་མིང་བྲལ་ཆོས་ལ་ཚད་མས་གཞལ། །ཆོས་ཀྱི་བདག་མེད་བློ་དང་རྫས་འགལ་བཞིན། །ཕུང་སོགས་སྟོང་པར་བལྟ་བ་མཆོག་འཛིན་བློས། །སྐྱེ་མེད་གྲུབ་མཐའ་རྟོག་པས་འཇལ་བའོ། །དེ་ལ་སྟོང་པ་ཉིད་ཀྱི་རང་བཞིན་ཆོས་ཀྱི་བདག་མེད་རྟོགས་པའི་དེ་ཁོ་ན་ཉིད་དང་མ་བྲལ་བས་རྒྱལ་བའི་ཐུགས་ཀྱི་རང་བཞིན་བསྒྲུབ་དགོས་ན་དེ་ནི་མིང་དང་ཚིག་དང་ཡི་གེའི་ལམ་དུ་མི་གནས་པ་གང་ཞིག་ལ་བློ་དང་སྙམ་བྱེད་ཀྱི་རྟོག་པས་ཕུང་པོ་ལྔའི་མཚན་ཉིད་ལ་གཞལ་བའི་ཐལ་བྱུང་གི་སྟོང་པར་བལྟ་བ་ལ་མཆོག་ཏུ་འཛིན་པ་ནི། ཕུང་པོ་ལྔ་པོ་རང་བཞིན་གྱིས་སྟོང་པར་བལྟ་བའི་དགོངས་པ་ལས་ཕྱིར་ཕྱོགས་པ་སྟེ། འཇིག་རྟེན་འཛིན་གྱིས་ཞུས་པ་ལས། ཕུང་པོ་ལྔའི་རང་བཞིན་མི་ཤེས། ཕུང་པོ་ལྔའི་མཚན་ཉིད་སྟོང་པ་ཉིད་དུ་མི་ཤེས་ཏེ་ང་དང་རྩོད་དོ། །ཞེས་སོ། །མདོར་བསྡུ་ན། སྐྱེ་མེད་ཀྱི་གྲུབ་པའི་མཐའ་ནི་སྟོང་པ་དཔེར་བྱ་བ་ལ་སོགས་པའི་རྟོག་པས་གཞལ་བའི་ཡུལ་ལའང་མི་གནས་པའི་ཚུལ་སྤྱི་མདོ་ལས། ལང་ཀའི་བདག་པོ་གསང་བའི་དབྱིངས་དེར་དཔེར་བྱ་བ་ནི་འཇིག་རྟེན་ན་མེད་དོ། །དཔེར་རེ་ཞིག་ཉེ་བ་མངོན་སུམ་པར་བྱས་ནས་ནམ་མཁའ་ལ་གཟུང་


JLAZ003_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་སྟེ། ནམ་མཁས་ཀྱང་བསྒྲུན་དུ་ཡོད་པ་མ་ཡིན་ནོ། །འཇིག་རྟེན་ན་མངོན་སུམ་པའི་དཔེར་དེ་ལས་མེད་པའི་ཕྱིར་དཔེར་ན་ནམ་མཁའ་ལ་ལྟོས་ཏེ་དེ་ལས་ཤེས་པར་བྱའོ། །ཞེས་སོ། །དེ་བས་ན་སྒྱུ་མ་ཙམ་དུ་བལྟས་ཀྱང་སྒྱུ་མའི་མིང་དང་དཔེ་དང་མཚན་ཉིད་ལ་ཞེན་པའི་རྟོག་པ་དང་བཅས་པ་ཁོ་ན་ཡིན་པས་འཁོར་གསུམ་ལ་བདེན་ཞེན་དང་མ་བྲལ་བ་ལྟ་བ་རྣམ་དག་ཏུ་འདོད་པའི་གྲུབ་མཐའ་འཆའ་ནའང་ཡིད་ཀྱིས་དེ་ལྟར་རྟོག་ན་འདིའི་རྩ་ལྟུང་ཡིན་ཏེ་གུར་ལས། ཆོས་ཉིད་ཚད་ནི་བཟུང་མི་བྱ། །ཞེས་སོ། །གལ་ཏེ་དེ་ལྟ་ན་ལམ་ལ་ཞུགས་པའི་གང་ཟག་ལ་ཆོས་ཀྱི་བདག་འཛིན་མི་སྐྱེ་བ་ནི་ཕར་ཕྱིན་དུ་ས་བརྒྱད་པ་མ་ཐོབ་བར་དང༌། སྔགས་སུ་དོན་གྱི་ལྷན་སྐྱེས་མ་ཐོབ་པར་མི་ལྡོག་པས་བསྒྲུབ་མི་ནུས་སོ་ཟེར་ན། བདེན་ཏེ་བསྒྲུབ་མ་ནུས་པའི་ཆ་ནས་རྩ་ལྟུང་དུ་བཞག་པར་མ་མཐོང་སྟེ། ཤཱནྟི་པས། ཆོས་ལ་ཚད་མས་གཞལ་མི་བྱ། །ཞེས་པ་ལྟར་ཆོས་བདག་མེད་པ་ལ་བདག་ཏུ་བལྟ་བའི་སེམས་ཀྱིས་རྣམ་པར་བརྟགས་ཤིང༌། ལས་དང་པོ་པའི་གནས་སྐབས་ན་ཐོས་བསམ་གྱིས་དམིགས་པའི་ལྟ་བའི་ཞེན་པ་གང་ཡིན་པ་དེ་ཡིད་ལ་བཞག་ནས། རྟོག་དཔྱོད་ཀྱི་རིགས་པ་རྣོན་པོས་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ལ་གཞལ་ཞིང་བློའི་བསྣོན་མ་བཏབ་ནས་མཉམ་པར་འཇོག་པའི་དུས་ཉིད་


JLAZ003_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་སྤྲོས་བྲལ་གྱི་མཚན་ཉིད་ལ་དམིགས་པའི་ལུགས་ཀྱིས་རང་བཞིན་པའི་ཆོས་ཉིད་ལས་སླར་ལ་ལྡང་བ་དང༌། ལྟ་བའི་ངོ་བོ་ཉིད་ནི་འདི་དང་འདི་ལྟ་བུ་ཉིད་དོ་སྙམ་དུ་ཚོགས་བརྒྱད་ཀྱི་ཤེས་པ་དང་མ་བྲལ་བའི་འཛིན་སྟངས་ཀྱིས་དེ་དང་དེར་རྟོག་པ་ལ་རྩ་ལྟུང་དུ་བཤད་པ་ཡིན་ཏེ། སྟོང་ཉིད་དེ་དང་དེར་རྟོག་པ། །ཞེས་སོ། །བཅུ་གཉིས་སྔགས་ཀྱི་སྣོད་རུང་གདུལ་བྱའམ། །དད་གསུམ་ལྡན་ལ་དོན་གཉེར་ཆོས་མི་སྟོན། །ཀུན་སློང་ངན་པས་གཞན་སེམས་སུན་ཕྱུང་ནས། །འདུན་པ་ཕྱིན་ཅི་ལོག་ཏུ་ཕྱོགས་པའོ། །དེ་ལ་སྔགས་ཀྱི་སྣོད་དུ་རུང་བའི་གདུལ་བྱ་སྟེ་བླ་མའི་མན་ངག་འཛིན་པ་ལ་དབང་བའམ། མིན་ཀྱང་རང་བཞིན་དུ་དང་བ་དང༌། འདུན་པ་དང༌། ཡིད་ཆེས་པའི་དད་པ་གསུམ་དང་ལྡན་པ་ལ་སོ་སོའི་རྒྱུད་ཚོད་དང་བློ་མཐུན་གྱི་ཆོས་གདོང་བཟློག་ནས་མི་སྟེར་ཞིང༌། དེ་དག་གི་དོན་བྱེད་པར་ནུས་བཞིན་དུ་ཀུན་སློང་ངན་པས་མི་བྱེད་པ་དང༌། དེ་གང་ལ་དད་པའི་ལམ་ལས་འདུན་པ་ལྡོག་འདོད་ཀྱི་བསམ་པས་དེའི་སེམས་སུན་འབྱིན་པ་དང༌། གཡོ་སྒྱུ་དང་ཆོས་མ་ཡིན་པའི་བསམ་སྦྱོར་གྱི་སྒོ་ནས་དེ་ཆོས་བཞིན་དུ་བྱེད་པའི་འདུན་པ་ལས་གཞན་དུ་དཀྱོགས་ནས་ལམ་མིན་པ་ལ་སྦྱར་བ་སྟེ། ཤཱནྟི་པས། དད་ལྡན་སེམས་ཅན་བཟློག་པ་ཡིན། །


JLAZ003_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །བཅུ་གསུམ་སྤྱད་བྱའི་དམ་རྫས་རང་རྒྱུད་དུ། །བལྟས་ནས་ལ་ལ་སྤོང་ཞིང་ལ་ལ་སྲེད། །སྔགས་ཀྱི་བརྟུལ་ཞུགས་ཇི་བཞིན་ཉམས་འོག་ཏུ། །མ་ཆུད་མཐའ་གཉིས་མལ་དུ་འཁྱམས་པའོ། །དེ་ལ་གཉིས། བླ་མེད་ཀྱི་རྩ་ལྟུང་དང༌། རྣལ་འབྱོར་དང་ཐུན་མོང་གི་རྩ་ལྟུང་དུ་འགྲོ་ཚུལ་ལོ། །དང་པོ་ནི་སྤྱོད་པ་དུས་ཚོད་དང་འབྲེལ་བས་སྤྱད་བྱའི་དམ་རྫས་ཤ་ལྔ་བདུད་རྩི་ལྔ་དང༌། ཤ་ཆང་ལ་སོགས་པ་བཟའ་བཏུང་གི་ཚོགས་དང༌། བྲོ་གར་གླུ་ཚིག་རིག་མ་ལ་སོགས་འདོད་པའི་ཡོན་ཏན་གྱི་རང་བཞིན་ཚོགས་ཀྱི་འཁོར་ལོའམ། དཔའ་བོ་དང་དཔའ་མོའི་སྟོན་མོ་ལ་སོགས་པའི་དུས་ཀྱིས་མཚོན་དང་དུ་བླང་བའི་གནས་སྐབས་སུ་དགག་བྱ་དམིགས་བསལ་མེད་ཅིང་ནུས་པ་ཐོབ་བཞིན་དུའང་དེ་དག་རང་རྒྱུད་པར་བལྟས་ནས་དང་དུ་བླང་མི་ནུས་པའམ། ཡང་ཤ་ལྔ་བདུད་རྩི་ལྔ་ལྟ་བུ་ལ་རང་རྒྱུད་པའི་རྟོག་པས་གཟིར་ཏེ་དང་དུ་བླང་མི་ནུས་བཞིན་དུ་ཤ་ཆང་ལ་སོགས་ཆགས་སྲེད་རང་རྒྱུད་པས་བག་ཡངས་སུ་སྤྱོད་པ་དང༌། ཉན་ཐོས་ཀྱི་བརྟུལ་ཞུགས་ཀྱིས་སེམས་ཟིལ་གྱིས་ནོན་ནས་ཐེ་ཚོམ་དང་བཅས་པ་སྟེ། མདོར་ན་ཀླུ་དང་བྲམ་ཟེ་ལྟ་བུར་གཙང་རྨེའི་གཉིས་རྟོག་གིས་བཅིངས་པའམ། ཁྱི་དང་ཕག་པ་བཞིན་དུ་


JLAZ003_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོ་ཐབས་ཀྱིས་སྤྱོད་པའི་ཕྱོགས་གཉིས་ཀའི་མཐར་མ་ལྟུང་བར་ཆོས་ཉིད་མཉམ་པའི་རྟོགས་པས་དང་དུ་བླང་བའི་ཚུལ་བདུད་རྩི་འབྱུང་བ་ལས། གཙང་དང་མི་གཙང་རྣམ་རྟོག་ཡིན། །མཁས་པས་དབུས་ལའང་གནས་མི་བྱ། །ཞེས་པ་ལྟར་རོ། །གཉིས་པ་ནི་རྡོ་རྗེ་དྲིལ་བུ་དང་བཅས་པའི་ཕྱག་རྒྱ་ལ་སོགས་པ་སྟེ། དེ་དག་གི་དེ་ཉིད་མི་ཤེས་པས་བཀུར་སྟི་དང་ངེས་ཤེས་གང་ཡང་མེད་བཞིན་བཞད་གད་བྱེད་པ་ལ་སོགས་པའོ། །འདི་ལྟར་དྲིལ་བུ་ལ་མཚོན་ན་དེ་རིགས་ལྔའི་རང་བཞིན་ཐབས་ཤེས་སུ་འབྲེལ་བའི་དམ་ཚིག་གི་རྟེན་དུ་མི་བསྟེན་པར་བརྙས་ཐབས་ཀྱིས་འདོར་བ་དང༌། དངོས་གྲུབ་ལ་སྒྲིབ་པ་དེ་ཉིད་མེད་པའི་སེམས་ཀྱིས་འཁྲོལ་བ་སྟེ། དེ་ཉིད་སེམས་མེད་རྣལ་འབྱོར་པ། །གླང་པོ་དྲིལ་བུ་འཁྲོལ་དང་མཚུངས། །ཞེས་པས་ཉེས་བྱས་སུའང་འགྱུར་རོ། །དེ་བཞིན་དུ་ཕྱག་རྒྱ་ལ་སོགས་པར་ལག་པའི་རྣམ་འགྱུར་གྱི་ན་བར་བལྟས་ནས་སྐྱེ་བོའི་ཁྲོད་དུ་སྨོད་ཅིང་བཞག་གད་བྱེད་པ་སྟེ་དཔལ་མཆོག་འགྲེལ་ཆེན་ལས། དད་པ་མེད་པས་བཞད་གད་བྱེད། །ཅེས་དམ་ཚིག་ལས་འདས་པའི་གནས་སུ་གསུངས་པའོ། །བཅུ་བཞི་རྣལ་འབྱོར་མ་སོགས་འཇིག་རྟེན་འདས། །མ་མོ་མཁའ་འགྲོ་ལ་


JLAZ003_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སོ་མཚམས་འཛིན། །འབྱུང་བ་ལྔ་ཡི་ཁམས་ལ་རང་རྒྱུད་བལྟས། །དབང་གི་རྟེན་གྱུར་བུད་མེད་སྨོད་པའོ། །འདི་ལ་སྒྲ་ཡངས་པར་བྱས་ན་སྐུལ་བྱེད་མ་དང༌། རལ་གཅིག་མ་དང་རྡོ་རྗེ་ཕག་མོ་ལ་སོགས་པའི་ཡེ་ཤེས་ཀྱི་མཁའ་འགྲོ་བུད་མེད་ཀྱི་ཚུལ་སྟོན་པ་དག་ལ་སྨད་ན་ཡོ་ག་དང་བླ་མེད་གཉིས་ཀའི་རྩ་ལྟུང་ཡིན་ལ། སྤྱིར་མ་མོ་དང་མཁའ་འགྲོའི་སྒྲ་ཞུགས་ཚད་འདས་མ་འདས་ཀྱི་ས་མཚམས་ན་བཞུགས་པ་མ་ཡིན་ཀྱང་རྡོ་རྗེ་ཕག་མོ་དང་རྣལ་འབྱོར་མའི་སྒྲས་འཇིག་རྟེན་ལས་འདས་པ་སྡཻ་ཚན་གཅིག་ཏུ་སྨོས་ནས་དངོས་བསྟན་ལ་འཇིག་རྟེན་ལས་འདས་པ་འཕགས་པའི་ས་ལ་བཞུགས་སུ་ཟིན་ཀྱང་འཇིག་རྟེན་ཆོས་མཆོག་ལ་སོགས་པ་འཁོར་བའི་ཆ་ལུགས་པ་རྣམས་ཏེ། དཔེར་ན་མེ་ལྕེ་འབར་མའི་ཉི་ཤུ་རྩ་གཉིས་པ་ལས། མཁའ་འགྲོ་ལྷ་མོ་ནག་མོ་འདི། །བསྐལ་པ་མང་པོའི་སྔོན་རོལ་ནས། །དུས་གསུམ་རྒྱལ་བའི་ཞལ་མཐོང་སྟེ། །དམན་པའི་ཞིང་འདིར་སྤྲུལ་སྐུ་ཡིས། །ལྷ་མོའི་ཚུལ་དུ་སྐུ་བསྟན་ནས། །འགྲོ་བའི་དོན་ལ་རབ་ཏུ་བརྩོན། །ཉོན་མོངས་སྒྲིབ་པ་རབ་ཏུ་སྤངས། །ད་ལྟར་ཤེས་བྱའི་སྒྲིབ་པ་སྦྱོང༌། །ཞེས་ཨེ་ཀ་ཙ་ཏིའི་སྤྲུལ་པར་བསྟན་པ་བཞིན་ནོ། །དེ་བཞིན་དུ་སྔགས་སྡོམ་དང་ལྡན་པའི་མ་མོ་


JLAZ003_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་ཚོགས་ལ་སྐུར་པ་འདེབས་པ་དང༌། དེའི་ཟླས་དྲངས་ནས་འབྱུང་བ་ལྔའི་རང་བཞིན་སྤྱན་མ་ལ་སོགས་པའི་ཡུམ་ལྔར་མ་ཤེས་པར་རང་རྒྱུད་དུ་བལྟས་པ་དང༌། བུད་མེད་ཀྱི་རིགས་སོ་ཅོག་ལ་དམིགས་པའི་བུད་མེད་ཐ་མལ་པ་གཅིག་ཤོས་ལའང་རིགས་བདས་པའི་སྒོ་ནས་སྐུར་བ་བྱས་ཀྱང་རྩ་ལྟུང་དུ་འགྱུར་བར་དུས་འཁོར་འགྲེལ་ཆེན་ལས། བུད་མེད་ཐམས་ཅད་ལ་སྨོད་པ་གང་ཡིན་པ་དེ་ནི་ངེས་པར་ཏེ་གདོན་མི་ཟ་བར་མ་ནུ་ཞེས་པ་བཅུ་བཞི་པར་འགྱུར་རོ་ཞེས་དང༌། ཤཱནྟི་པས་ཀྱང༌། རྩོད་པའི་དུས་འདིར་འགྲོ་བ་རྣམས་བུད་མེད་ལ་རབ་ཏུ་ཞེན་པས་དེ་རྣམས་གདུལ་བའི་ཕྱིར་བུད་མེད་དུ་སྤྲུལ་པའི་ལྷ་རྣམས་འདི་ན་གནས་པས་མི་སྨོད། ཅེས་དང༌། བུད་མེད་ཀྱི་ཁྲོད་ན་རྡོ་རྗེ་ཕག་མོ་ལ་སོགས་པ་གནས་པས་དེས་ན་གང་ཡིན་མི་ཤེས་པས་བུད་མེད་ལ་མི་སྨོད་པར་བཤད་པ་ཡིན་ནོ། །ཁྱད་པར་ཤེས་རབ་རང་བཞིན་བུད་མེད་ལ། །ཞེས་པས་ཤེས་རབ་ནི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། རང་བཞིན་ནི་རྟེན་འདི་ལས་ཡེ་ཤེས་དེ་འབྱུང་བས་ན་དབང་གི་རྟེན་དུ་གྱུར་པ་ནི་བླ་མའང་ཡིན་ལ། སྤྱོད་པ་ལ་ཞུགས་པའི་དུས་ན་བསྟེན་བྱར་གྱུར་པའང་ཡེ་ཤེས་བསྐྱེད་པའི་རྟེན་ཡིན་པས་དེ་ལ་སྙིང་ཐག་


JLAZ003_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་སྨོད་ཅིང་དེས་ཀྱང་དོན་གོ་བ་ན་རྩ་ལྟུང་དུ་འགྱུར་བ་ཡིན་པས་གཟབ་པར་བྱའོ། །དེ་ལྟར་རྩ་བའི་ལྟུང་བ་བཅུ་བཞི་པོ་ནི་བསྲུངས་ན་ཕན་ཡོན་ཆེ་ཞིང་ཉམས་ན་ཉེས་དམིགས་གཞན་ལས་ཆེ་བའོ། །གཉིས་པ་ཡན་ལག་གི་ལྟུང་བ་སྦོམ་པོ་བརྒྱད་ནི། བཅུ་བཞི་ཡན་ལག་སྡོམ་པ་གཏོང་བྱེད་ཀྱི། །ཕམ་པ་མིན་ཡང་དངོས་གྲུབ་ཐོབ་པ་ལ། །གེགས་སུ་ཆེ་བའི་སྦོམ་པོ་བརྒྱད་ཡོད་དེ། །དབང་དང་དམ་ཚིག་སྡོམ་པས་མ་སྦྱངས་པའི། །ཐ་མལ་བུད་མེད་རིག་མར་བསྟེན་པ་དང༌། །མཚན་ཉིད་འགལ་བའི་དྲན་པའི་ཁྲོན་པ་ནས། །ཆོ་ག་མ་ཡིན་བཞིན་པས་བདུད་རྩི་ལེན། །དབང་མ་ཐོབ་དང་ལྷག་པར་དད་མེད་ལ། །སྐུ་གཟུགས་གླེགས་བམ་ཕྱག་མཚན་ཕྱག་རྒྱ་སྟོན། །ཚོགས་ཀྱི་འཁོར་ལོའི་དུས་ན་འཐབ་རྩོད་དང༌། །བབ་ཅོལ་ཀྱལ་ཀས་བརྟུལ་ཞུགས་ཐ་མལ་སྦྱར། །སྣོད་ལྡན་དམ་ཆོས་འདྲི་ལ་ཤེས་བཞིན་དུ། །དེ་ལས་འགལ་བའི་བསྙོན་དོར་ལན་དུ་ལྡོན། །སྔགས་ཀྱི་ལྟ་སྤྱོད་སྐུར་ཞིང་ཉམས་སད་པའི། །ཉན་ཐོས་ནང་དུ་ཞག་བདུན་ལོངས་པར་བསྡད། །སྔགས་རྒྱུད་དེ་ཉིད་ཆོ་ག་མི་ཤེས་བཞིན། །རྡོ་རྗེ་འཛིན་པར་ང་རྒྱལ་རྫུན་དང་འགྲོགས། །དབང་བསྐུར་ཐོབ་ཀྱང་སྔགས་ལ་མི་དད་པའི། །ཐེ་ཚོམ་ཅན་ལ་སླར་ཡང་གསང་བ་


previousཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།next